Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་ལས་ཉེ་བར་བསྡུས་པ་ཐོས་པ་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   


 
previousབར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་ལས་ཉེ་བར་བསྡུས་པ་ཐོས་པ་རང་གྲོལ།next

བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་ལས་ཉེ་བར་བསྡུས་པ་ཐོས་པ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་ལས་ཉེ་བར་བསྡུས་པ་ཐོས་པ་རང་གྲོལ་བཞུགས།

རང་རིག་རྒྱལ་པོ་ཡེ་ཤེས་སྒྱུ་མའི་སྐུ། །རང་སྣང་རོལ་པ་ཞི་ཁྲོ་རབ་འབྱམས་ལྷ། །རང་རྩལ་འགག་མེད་དམ་ཅན་རྒྱ་མཚོ་ལ། །རང་བབས་ལྷུག་པའི་ངང་ནས་ཕྱག་བགྱིའོ། །གང་ཞིག་བར་དོར་གྲོལ་བའི་གདམས་པ་དྲུག །སྐྱེ་གནས་བར་དོ་ཐོས་བསམ་སྒྲོ་འདོག་བཅད། །རྨི་ལམ་བར་དོ་གཉིད་དང་འོད་གསལ་བསྲེ། །བསམ་གཏན་བར་དོ་རང་ངོ་རང་ཐོབ་སྤྲད། །འཆི་ཁ་བར་དོ་འཕོ་བའི་གནད་ལ་བསྣུན། །ཆོས་ཉིད་བར་དོ་རང་སྣང་ཡིད་ཆེས་བྱ། །སྲིད་པ་བར་དོ་རུ་ལོག་དྲན་པར་བྱ། །དེ་ལྟར་དྲུག་ལས་གོང་མ་བཞི་པོ་ལ། །ཐེ་ཚོམ་མ་ཆོད་བརྩོན་འགྲུས་ཞན་པ་དང་། །རང་ངོ་མ་འཕྲོད་གོམས་འདྲིས་ཆུང་བ་དང་། །མཚམས་སྦྱོར་མ་ལེགས་བར་དོར་འཁྱམས་རྣམས་ལ། །ངོ་སྤྲོད་གདམ་ངག་ཐོས་གྲོལ་ཆེན་མོ་ལས། །ཉེ་བར་བསྡུས་པ་ཐོས་པ་རང་གྲོལ་བསྟན། །འདི་ལ་གསུམ་སྟེ་གཞི་ལམ་འོད་གསལ་དང་། །ཆོས་ཉིད་ལྷུན་གྲུབ་ཞི་ཁྲོའི་འཆར་ཚུལ་དང་། །སྲིད་པ་བར་དོའི་གདམས་ངག་རྣམ་གསུམ་ལས། །དང་པོ་ཕྱི་དབུགས་ཆད་པའི་མཚམས་སུ་ནི། །འབྱོར་ན་དཀོན་མཆོག་མཆོད་ཅིང་ལན་ཆགས་སྦྱངས། །སངས་རྒྱས་མཚན་བསྒྲགས་གསོལ་འདེབས་སྐབས་དང་བསྟུན། །འདི་ནས་ངོ་སྤྲོད་འདི་ལྟར་གསལ་བར་

གདབ། ཀྱཻ། རིག་ཀྱི་བུ་ཆེ་གེ་མོ་ད་ནི་འཆི་བ་ཞེས་བྱ་བ་དེ་སླེབ་པ་ཡིན་ནོ། །ཁྱོད་གཅིག་པུ་ནི་མ་ཡིན་ནོ། །ཀུན་ལ་འབྱུང་བས་ཚེ་འདི་ལ་ཆགས་ཞེན་མ་བྱེད། །བྱས་ཀྱང་བསྡད་དབང་ནི་མེད། ཁྱོད་རང་འཁོར་བར་འཁྱམས་པ་ལས་མི་འོང་བས་བླ་མ་དཀོན་མཆོག་དྲན་པར་གྱིས་ལ་གསོལ་བ་ཐོབ། འདི་དུས་ཆོས་མ་གཏོགས་སུ་གང་གིས་ཀྱང་ཕན་པ་མེད་དེ། མདོ་ལས། འཆི་བའི་དུས་ལ་བབ་པ་ན། བུ་རྣམས་སྐྱབས་སུ་མི་འགྱུར་ཏེ། །ཕས་ཀྱང་མ་ཡིན་གཉེན་འདུན་མིན། །སུས་ཀྱང་སྐྱོབས་པའི་ནུས་པ་མེད། །ཅེས་གསུངས་པས། །ཆོས་ནི་རྒྱལ་བས་གདུལ་བྱའི་དོན་དུ་ཆོས་སྒོ་མཐའ་ཡས་པ་གསུངས་པའི་དོན་བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ་ནས་བསྟན་ཏེ། གང་ཞེ་ན། རང་བཞིན་སྐྱེས་གནས་ཀྱི་བར་དོ་དང་། རྨི་ལམ་བར་དོ་དང་། བསམ་གཏན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་བར་དོ་དང་། སྲིད་པའི་བར་དོ་དང་དྲུག་ལས། ཁྱོད་ལ་བར་དོ་གསུམ་འཆར་ཏེ། འཆི་ཁའི་བར་དོ་ལ་འབྱུང་བའི་ཐིམ་རིམ་རྫོགས་ནས། ཕྱི་དབུགས་ཆད་དེ་ཁམ་དཀར་དམར་དང་སྲོག་རླུང་གསུམ་སྙིང་གར་ལྷན་ཅིག་འཛོམ་སྟེ། །ཕལ་པས་རྣམ་ཤེས་བརྒྱལ་ཟེར་ལ། དེ་དུས་རླུང་ཕྱིར་གྱེས། རིག་པ་ནང་དུ་གནས་པས་གཞིའི་འོད་གསལ་ཞེས་བྱ་བ་གསལ་སྟོང་མཐའ་དབུས་མེད་པའི་རང་གསལ་རྗེན་པ་རང་གནས་ཀྱི་བསམ་གཏན་འཆར་བ་དེ་ངོས་ཟིན་ན་ཀ་དག་གི་ས་ལ་གྲོལ་བས་བར་དོ་མེད་དོ། །ངོས་མ་ཟིན་ན་ནང་དབུགས་ཆད་དུས་ཆོས་ཉིད་བར་དོ་འཆར་ཏེ། རྣམ་ཤེས་དབང་བོའི་སྒོ་གང་རུང་ཞིག་ནས་ཐོན་ཏེ། གདོས་བཅས་ཀྱི་ལུས་དང་བྲལ་བས་འོད་ལུས་སུ་གནས་པའི་མདངས་ཕྱིར་འཆར་བས། མ་དག་པའི་འཁྲུལ་སྣང་འགགས་ནས་དག་པ་ཡེ་ཤེས་ཀྱི་སྣང་བ་

སྟེང་འོག་ཕྱོགས་མཚམས་ཐམས་ཅད་འཇའ་ཚོན་གྱི་རང་བཞིན་བཀྲ་ལམ་མེར་འཆར་ཞིང་ཆོས་ཉིད་རང་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་གྲགས་པ་འབྱུང་བས། དེ་ཐམས་ཅད་རང་སྣང་དང་རང་སྒྲར་ཤེས་པར་བྱ་སྟེ། ཨོ་རྒྱན་ཆེན་པོས། ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤང་བྱས་ནས༔གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག༔བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔དོན་ཆེན་འགགས་ལ་ཐུག་པའི་དུས་ཚོད་འདིར༔རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔དེ་སྐད་ངག་ནས་བརྗོད་ལ་དོན་ཡིད་ལ་དྲན་པར་གྱིས་ཤིག་དང་། འཇིགས་སྐྲགས་ཀྱི་སྣང་བ་ཅིར་ཤར་ཡང་། རང་སྣང་དུ་ངོ་ཤེས་ནས་གྲོལ་བའི་གནད་ཡོད་པས་མ་བརྗེད་ཅིག །ཡང་དེ་ཉིད་ལ་ངོ་མ་ཟིན་ན། སྔར་གྱི་སྣང་བ་དེ་ལས་ཁ་དོག་ལྔ་ལྡན་གྱི་ཐིག་ལེ་དང་ཚོམ་བུར་སྣང་ཞིང་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་ཞིག་འཆར་དུ་འོང་ངོ་། །དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་གདལ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་དང་། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡབ་ཡུམ་དང་། བྱང་ཕྱོགས་ལས་རབ་གྲུབ་པའི་ཞིང་ཁམས་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་སྟེ། རིགས་ལྔ་ཡབ་ཡུམ་དེ་དག་རང་རང་གིས་འཁོར་ཡབ་ཀྱི་ཆ་འཛིན་པའི་རིགས་ཀྱི་སེམས་དཔའ་གཉིས་གཉིས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་ཀྱི་སེམས་མ་གཉིས་གཉིས་ཏེ།

འཇའ་འོད་ཟེར་གསུམ་གྱི་ཀློང་ནས་གཙོ་འཁོར་ཐམས་ཅད་ཚོམ་བུའི་ཚུལ་དུ་དྲུག་དྲུག་འཆར་ནས་འོང་ངོ་། །དེའི་ཕྱི་རོལ་དུ་སྒོ་བ་ཡབ་ཡུམ་བརྒྱད་དང་། བཅོམ་ལྡན་འདས་ཐུབ་པ་དྲུག་དང་ཀུན་བཟང་ཡབ་ཡུམ་སྟེ་ཞི་བའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ནས་ཐོན་ཏེ་མངོན་སུམ་དུ་འཆར་དུ་འོང་བས་ངོ་ཤེས་པར་གྱིས་ཤིག །རིག་ལྔ་ཡབ་ཡུམ་དེ་དག་གི་ཐུགས་ཀ་ནས་ཡེ་ལྔའི་རང་མདངས་འོད་ཁ་དོག་ལྔ་ལྡན་བཀྲག་ལ་འཚེར་བ་གསལ་ལ་དངས་བ་ཐིག་ཕྲན་གྱིས་སྤྲས་པ་མིག་གིས་བལྟ་མི་བཟོད་པ་རེ་རེ་རང་གི་སྙིང་ཁར་འབྲེལ་ནས་འོང་ངོ་། །དེ་དག་དང་མཉམ་དུ་མ་དག་པ་རིགས་དྲུག་གི་འོད་བཀྲག་མེད་དྲུག་ཀྱང་དག་པ་ཡེ་ཤེས་ཀྱི་འོད་དང་ཟུང་འབྲེལ་དུ་འཆར་ནས་འོང་བས། དེའི་དུས་ཉོན་མོངས་དུག་ལྔའི་ལས་ངན་གྱི་དབང་གིས། ཡེ་ཤེས་ཀྱི་འོད་བཀྲག་མདངས་ཅན་དེ་ལ་འཇིགས་ཤིང་སྐྲག་ནས། །རིགས་དྲུག་གི་འོད་བཀྲག་མེད་དེ་ལ་དགའ་བའི་འདུ་ཤེས་སྐྱེས་ནས་འོང་གི། དེ་ཁྱོད་ཀྱི་དུག་ལྔ་དྲག་པོས་ཀུན་ནས་བསླང་པའི་སྡིག་སྒྲིབ་བག་ཆགས་ཀྱི་སུན་མའི་ལམ་ཡིན་པས། དེ་ལ་ཆགས་ན་རིགས་དྲུག་གི་གནས་སུ་ུལྷུང་ནས་སྡུག་བསྔལ་བཟོད་བརླག་མེད་པར་མྱོང་དགོས་པས། དེ་ལ་མ་ཆགས་པར་ཡེ་ཤེས་ཀྱི་འོད་བཀྲག་མདངས་ཅན་དེ་རྣམས་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པའི་ཐུགས་རྗེའི་འོད་ཟེར་ཡིན་པས་སྐྱབས་སུ་མཆིའོ་སྙམ་པའི་མོས་གུས་དྲག་པོ་གྱིས་ལ་གསོལ་བ་འདི་སྐད་ཐོབ་ཅིག །ཀྱཻ་མ་དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །ཡེ་ཤེས་ལྔ་ལྡན་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་དྲོངས། །དབྱིངས་ཀྱི་

ཡུམ་ཆེན་ལྔ་ཡིས་རྒྱབ་ནས་སྐྱོར། །སེམས་དཔའ་སེམས་མ་རྣམས་ཀྱིས་ཤུལ་མཚོན་ཅིག །སྒོ་བ་ཡབ་ཡུམ་རྣམས་ཀྱིས་མཐའ་ནས་བསྟེན། །སྤྲུལ་སྐུ་ཐུབ་པ་དྲུག་གིས་སྐྱེ་སྒོ་ཆོད། །བར་དོ་འཇིག་པའི༴། ཡང་དག་རྫོགས་པའི༴། དེ་སྐད་གསོལ་བ་གདབ་པས་རིགས་ལྔ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་ནས་ལོངས་སྐུར་གྲོལ་ལོ། ཡང་དེ་ལས་ངོས་མ་ཟིན་ན། དེའི་ཚེ་བགས་ཆགས་དབྱིངས་སུ་དག་པའི་འོད་ཁྲ་བོར་ཤར་བ་ལས། དག་པ་མཁའ་སྤྱོད་ཀྱི་ཞིང་འདི་དག་ནི་བསམ་གཏན་གྱི་ཞག་རེ་རེ་ནས་འཆར་བར་གསུངས་སོ། །ཁམས་ནས་རིག་འཛིན་གྱི་ལྷ་ཚོགས་བསུ་བ་ལ་འོང་སྟེ། དབུས་སུ་རྣམ་པར་སྨིན་པའི་རིག་འཛིན་པདྨ་གར་གྱི་དབང་ཕྱུག །ཤར་ནས་ས་ལ་གནས་པའི་རིག་འཛིན། ལྷོ་ནས་ཚེ་ལ་དབང་བའི་རིག་འཛིན། ནུབ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན། བྱང་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན། དེ་དག་སྐུ་མདོག་དཀར་སེར་དམར་ལྗང་འོད་ལྔའི་མདོག་ཅན། ཁྲོ་འཛུམ་དང་བཅས་པ་རང་རང་གི་ཡུམ་དང་འཁྲིལ་ཞིང་ཕྱག་གཉིས་གྲི་གུག་ཐོད་ཁྲག་གིས་གར་མཛད་ཅིང་ལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་བསྒྱུར་བ། དེའི་ཕྱི་རོལ་དུ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། གིང་དང་དམ་ཅན་ཆོས་སྐྱོང་གི་ཚོགས་རྣམས་ཀྱིས་ཞིང་གི་རྒྱལ་མཚན་བླ་རེ་འཕན་སོགས་དང་། མི་གསུར་དང་རྐང་གླིང་ཐོད་རྔ་སོགས་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་དང་བཅས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག་ཡམ་ཡམ་འགུལ་བར་སྣང་ངོ་། དམ་ཚིག་ཅན་གྱི་བསུ་ུམ་དང་། དམ་ཉམས་རྣམས་ལ་ཆད་པ་གཅོད་དུ་འོང་ངོ་། །དེའི་ཚེ་རིག་འཛིན་གཙོ་བོ་ལྔའི་ཐུགས་ཀ་ནས། ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ཁ་དོག་ལྔ་ལྡན་ཚོན་སྐུད་བསྒྲིལ་བ་ལྟ་བུ་ཁྲ་ཤིག་

ཤིག་བཀྲག་མདངས་དང་ལྡན་པ་ཞིག་རང་གི་མགྲིན་པར་འབྲེལ་ནས་འཆར་རོ། །འོད་ཀྱི་ནང་ན་ཧཱུྃ་སྒྲ་བསྭོ་སྔགས་སྣ་ཚོགས་རྣ་བ་གས་པ་ཙམ་དུ་འོང་ངོ་། དེ་དང་མཉམ་དུ་དུད་འགྲོའི་འོད་བཀྲག་མེད་གཅིག་ཀྱང་འཆར་བ་ལས། བག་ཆགས་འཁྲུལ་པའི་དབང་གིས་འོད་ཁ་དོག་ལྔ་དེ་ལ་སྐྲགས་ཤིང་། འོད་བཀྲག་མེད་དེ་ལ་ཆགས་སུ་འོང་བས་དེ་བག་ཆགས་ཀྱི་བསུ་མའི་ལམ་ཡིན་པས་མ་ཆགས་ཤིག །དེ་ལ་ཆགས་ན་དུད་འགྲོའི་གནས་སུ་ལྟུང་ནས་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་བཟོད་དཀའ་བས་མ་ཆགས་ཤིག །འོད་བཀྲག་མདངས་ཅན་དེ་ལ་མ་འཇིགས་པར་རིག་འཛིན་གྱི་ལྷ་ཚོགས་རྣམས་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག །ཀྱཻ་མ་རིག་འཛིན་ལྷ་ཚོགས་རྣམས་ཀྱང་དགོངས་སུ་གསོལ། །བརྩེ་བ་ཆེན་པོས་ལམ་སྣ་དྲོངས་དུ་གསོལ། །བག་ཆགས་དྲག་པོས་འཁོར་བར་འཁྱམ་པའི་ཚེ། །ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ། །དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར། །བར་དོ་འཇིགས་པའི༴དག་པ་མཁའ་སྤྱོད་ཞིང་ཁམས༴ཞེས་མོས་གུས་དང་བཅས་ཏེ་སྨོན་ལམ་བཏབས་པས་དག་པ་མཁའ་སྤྱོད་དུ་སྐྱེ་བར་འགྱུར་རོ། །དེ་ཡན་ཆད་ཀ་དག་འོད་གསལ་ངོ་སྤྲོད་དང་ལྷུན་གྲུབ་སྣང་བའི་ཆ་ལ་ཞི་བའི་འཆར་ལུགས་ངོ་སྤྲོད་ཐལ་ལོ། །ཡང་དེ་ལས་ངོས་མ་ཟིན་ན། ཁྲོ་བོའི་ལྷ་ཚོག་འཆར་དུ་འོང་ངོ་ཤེས་པར་གྱིས་ཤིག །ཀྱཻ་རིགས་ཀྱི་བུ། དབུས་ནས་དཔལ་ཆེན་བྷུདྡྷ་ཧེ་རུ་ཀ་མདོག་སྨུག་ནག །ཤར་ནས་བཛྲ་ཧེ་རུ་ཀ་མཐིང་ནག །ལྷོ་ནས་རཏྣ་ཧེ་རུ་ཀ་སེར་ནག །ནུབ་ནས་པདྨ་ཧེ་རུ་ཀ་

དམར་ནག །བྱང་ནས་ཀརྨ་ཧེ་རུ་ཀ་ལྗང་ནག་སྟེ། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བསྒྲད་པ། ཕྱག་དྲུག་ན་མཚོན་ཆ་སྣ་ཚོགས་འཛིན་པས་རང་རང་གི་ཡུམ་དང་འཁྲིལ་བ། སྐུ་དཔའ་གཏུམ་གྱི་ཉམ་ཅན་དུར་ཁྲོད་ཀྱི་ཆས་བརྒྱད། འབར་བའི་གར་དགུ། དཔལ་གྱི་ཆས་བཅུས་སྤྲས་པ། འཇའ་འོད་མེ་དཔུང་འཁྲིགས་པའི་་དབུས་སུ་བྱོལ་སོང་རཱུ་ཏྲ་པད་ཉིའི་གདན་ལ་འགྱིངས་བག་དང་བཅས་ནས་བཞུགས་པ། ཨ་ལ་ལ་དང་ཧ་ཧའི་གད་རྒྱངས་སྒྲོགས་པ། དེའི་ཕྱི་རོལ་དུ་ཀོའུ་རི་མ་ལ་སོགས་གནས་ཀྱི་མ་མོ་བརྒྱད་དང་། སིངྷ་མ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད་དང་། རྟ་གདོང་མ་ལ་སོགས་སྒོ་མ་བཞི་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་མགོ་བརྙན་འཇིགས་གཟུགས་སྣ་ཚོགས་དང་ཕྱག་མཚན་སྣ་ཚོག་རྣམ་འགྱུར་དུ་མ་སྟོན་ཅིང་མི་སྡུག་པའི་ཆ་ལུགས་ཅན་བཤུད་པའི་སྒྲ་དང་བཅས་ནས་རང་གི་དུང་ཁང་ནས་ཐོན་ཏེ། དེ་གར་འཆར་ནས་འོང་བས་མ་འཇིགས་ཤིག །རང་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག་ཁྱེད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཀྱེ་རིག་ཀྱི་བུ་ཆོས་སྐུ་སྟོང་པའི་ཆ་ནས་ཞི་བའི་ལྷ་རུ་ཤར་བ་ཡིན་ནོ། །ཆོས་སྐུ་གསལ་བའི་ཆ་ལས་ཁྲོ་བོའི་ལྷ་རུ་ཤར་བ་ཡིན་ནོ། །སྐུ་དེ་རྣམས་ཀྱང་ཆེ་བ་ནམ་མཁའི་ཁམས་དང་མཉམ་པ། འབྲིང་བ་རི་རབ་ཙམ་པ། ཆུང་བ་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་འབྱུང་ཞིང་། སྣང་སྲིད་ཐམས་ཅད་ཆོས་སྐུར་འཆར་བའི་མཐོང་སྣང་འཇིགས་སྐྲགས་ཀྱིས་སྣང་བ་གང་བྱུང་ཡང་། རང་སྣང་དུ་ངོ་ཤེས་པར་གྱིས་དང་དེ་མ་ཐག་ཏུ་ལྷ་དང་གཉིས་སུ་མེད་པར་ད་ལྟ་འཚང་རྒྱ་བར་ཐེ་ཚོམ་མེད་དོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་བྱ་བ་དེ་ད་རེས་འབྱུང་བ་ཡིན་ནོ། །ངོ་མ་ཤེས་

པར་སྐྲགས་ན་ཞི་བའི་སྐུ་ཐམས་ཅད་མགོན་པོ་ནག་པོའི་སྐུར་འཆར་ཞིང་ཁྲོ་བོའི་སྐུ་ཐམས་ཅད་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་ཤར་ནས་རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམས་སོ། །དེ་ལྟ་བུའི་སྣང་བ་ཤར་བའི་ཚེ་འཇིག་ཤིང་སྐྲགས་མི་དགོས་སོ། །ཁྱོད་ཤ་ཁྲག་གི་ལུས་མེད་ཅིང་ཡིད་ལུས་ཡིན་པས་བསད་གཏུབ་བྱས་ཀྱང་འཆི་རྒྱུ་མེད་པས་ཞེད་མི་དགོས་སོ། །གཤིན་རྗེ་རྣམས་ཀྱང་རང་སྣང་འཁྲུལ་བའི་རང་གཟུགས་མ་གཏོགས་གདོས་བཅས་སུ་གྲུབ་པ་མེད་པས་སྟོང་པས་སྟོང་པ་ལ་གླག་མི་རྙེད་དོ། །རང་སྣང་མ་གཏོགས་ཕྱི་རོལ་ནས་གཞན་གང་ཡང་དངོས་སུ་གྲུབ་པ་མེད་པར་ཐག་ཅོད་ཅིག །རང་སྣང་དུ་ངོ་ཤེས་པས་གཉིས་མེད་དུ་ཐིམ་ནས་འཚང་རྒྱའོ། །དེ་ལྟར་མ་ཤེས་ན་ཡི་དམ་གྱི་ལྷ་རྣམས་བར་དོའི་འཕྲང་ལ་བསུ་བ་འབྱོན་པར་འདུག་པས་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་དུང་དུང་མཛོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག །ཀྱེ་མ་འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །སྔངས་སྐྲགས་འཇིགས་སྣང་སྤང་བའི་འོད་ལམ་ལ། །ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས་ལམ་སྣ་དྲོངས། །དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར། །ཀོའུ་སིང་སྒོ་མའི་ཚོགས་ཀྱིས་མཐའ་ནས་བརྟེན། །སྤོར་བྱེད་ཆེན་མོ་བརྒྱད་ཀྱིས་གནས་ནས་སྤོར། །དབང་ཕྱུག་མགོ་བརྙན་ཚོགས་ཀྱིས་བར་ཆད་སོལ། །སྒོ་མ་ཆེན་མོ་བཞི་ཡིས་སྐྱེ་སྒོ་ཁོག །བར་དོ་འཇིག་པའི༴། ཡང་དག་རྫོགས་པའི༴དགའ་བའི་གྲོགས་དང་སོགས། ཞེས་སྨོན་ལམ་ཐོབ་དང་འཇིགས་སྐྲགས་ཐམས་ཅད་ཡལ་ནས་ལོངས་སྐུར་གྲོལ་བས་གལ་ཆེའོ། །གལ་ཆེའོ། མ་ཡེངས་ཤིག །དེ་ལྟར་ངོ་སྤྲོད་ཀྱང་སྐྱེ་བོ་ཐ་མལ་པ་སྡིག་ཆེན་རྣམས་ལ་ངོ་འཕྲོད་དཀའ་བས་སྲིད་

པའི་བར་དོར་ངོ་སྤྲད་པ་འདི་ཁོ་ན་གལ་ཆེ་བས། ཚེ་འདས་ཀྱིས་མིང་ནས་འབོད་ལ། ཀྱེ་རིག་ཀྱིས་བུ། ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག །དེ་ཡང་ཁྱོད་ཆོས་ཉིད་བར་དོར་རང་སྣང་ངོ་མ་ཤེས་པས་སྲིད་པ་བར་དོར་འཁྱམས་ཏེ་དེའི་རྟགས་ནི། རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པའི་དོན་ནི། བར་དོར་ཡུན་ཇི་ཙམ་གནས་ཀྱི་ཕྱེད་ཡན་ཆད་སྔོན་གྱི་སྣང་བ་གཙོ་ཆེར་འཆར་ལ། ཕྱེད་མན་ཆད་ཕྱི་མ་གང་དུ་སྐྱེ་བའི་སྣང་བ་འཆར་བས་ན་སྔོན་འབྱུང་ཞེས་སོ། །འདི་དུས་གདོས་བཅས་ཀྱི་ལུས་མེད་ཀྱང་ཡོད་བའི་སྣང་བ་འབྱུང་བ་སྲིད་བའི་ཤ་གཟུགས་ཅན་ཞེས་བྱ། སྔར་དབང་པོ་མ་ཚང་བ་ཞིག་ཡིན་ནའང་འདི་དུས་དབང་པོ་ཚང་བར་སྣང་བས་དབང་པོ་ཀུན་ཚང་ཞེས་བྱའོ། །དངོས་པོ་ཆེ་བ་རི་རབ་ཙམ། ཆུང་བ་ཁམ་མིག་དང་། རྩ་འཇག་ཙམ་གྱི་ནང་དུའང་ཚུད་ཅིང་ཐོག་པ་མེད་པ་ཟངས་ཐལ་དུ་འགྲོ་ནུས་པ་ཞིག་ཡོད་པས། ཐོག་མེད་རྒྱུ་ཞེས་བྱ་ལ། གང་དུ་བསམ་པའི་ཡུལ་དེར་སྐད་ཅིག་གི་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་ནུས་པ་ཡོད་པས། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་ཞེས་བྱའོ། །རིགས་མཐུན་ལྷ་མིག་དག་པས་མཐོང་ཞེས་བྱ་བ་ནི། བར་དོར་སྐྱེ་བ་མཐུན་པའི་ནང་ཚན་རྣམས་གཅིག་གིས་གཅིག་མཐོང་བ་ཡིན་ནོ། །དེ་འདྲ་བའི་ལུས་ཅན་དེ་ནི་སྲིད་པ་བར་དོར་འཁྱམས་པའི་རྟགས་ཡིན་ཏེ། འདིའི་དུས་ཉེ་འབྲེལ་རྣམས་དང་རྨི་ལམ་དུ་འཕྲད་པ་ལྟ་བུ་འབྱུང་སྟེ། ཁྱོད་ཀྱི་གཏམ་སྨྲས་ཀྱང་ལེན་མི་འོང་ཞིང་། ཁོང་ཚོ་ངུ་བ་མཐོང་ནས་ད་ནི་ང་ཤི་བར་འདུག་སྙམ་ནས་

སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་འདྲེས་པ་ལྟ་བུ་ཞིག་འབྱུང་བས། སྡུག་བསྔལ་བྱས་ཀྱང་ཕན་པ་མེད་པས་བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་ཅིག །ཁྱོད་ཉེ་འབྲེལ་ལ་ཆགས་ཀྱང་ཕན་པ་མེད་པས་མ་ཆགས་པར་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག །སྡུག་བསྔལ་དང་སྔངས་སྐྲགས་མི་འབྱུང་ངོ་། །ཁྱོད་ལ་ལས་ཀྱི་རླུང་གིས་རང་དབང་མེད་པར་རིག་པ་རྟེན་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུ་ཕྱ་ཕྱོད་ལིང་ལིང་དུ་འཆར་ཞིང་། ཉིན་མཚན་མེད་པར་སྟོན་ནམ་ལྟ་བུ་སྐྱ་ཐོམ་མེ་བ་ཞིག་རྒྱུན་དུ་ུའོང་ཞིང་། དུས་དེ་ཙམ་ལས་སྡིག་ཆེན་རྣམས་ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་ཕུལ་ཞིང་འཇིགས་པའི་མུན་ནག་གིས་མདུན་ནས་བསུ་ཞིང་ཤ་ཟ་སྲིན་པོ་མཚོན་ཆ་ཐོགས་པ་མང་པོས་རྒྱོབ་སོད་ལ་སོགས་པའི་ཀུ་སྒྲ་ཏིར་ཏིར་ཧབ་ཤ་བྱེད་དུ་འོང་ངོ་། །གཅན་གཟན་འཇིགས་སུ་རུང་བ་སྣ་ཚོགས་དང་། མི་མང་པོས་དེད་པའི་སྣང་བ་འབྱུང་ངོ་། །ཁ་ཆར་བུ་ཡུག་མུན་ནག་དང་། རི་ཉིར་བ། མཚོ་ལུད་པ། མེ་འབར་བ། རླུང་ལང་བའི་འུར་ཆེམ་གྱི་སྒྲ་ཆེན་པོ་འབྱུང་སྟེ། དེ་རྣམས་ལ་ཞེད་ཅིང་སྐྲག་ནས་གར་བྱུང་བྱུང་དུ་བྲོས་པས་གཡང་ས་ཉམ་ང་བ་གསུམ་གྱིས་ཆོད་ནས་བྲུལ་ལ་ཁད་པ་འབྱུང་ངོ་། །ཀྱེ་རིགས་ཀྱི་བུ། དེ་དག་ཁྱོད་རང་གི་འཁྲུལ་སྣང་མ་གཏོགས་པ་གཞན་མ་ཡིན་པས་སྲིད་པ་བར་དོ་ངོ་ཤེས་པར་གྱིས་ལ། བླ་མ་དཀོན་མཆོག་དང་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག །བདག་ངན་སོང་དུ་མ་བཏང་ཅིག་འཁྲུལ་སྣང་རང་སར་དག་ནས་ཞིང་ཁམས་འཆར་བར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་བོས་ཤིག །གཞན་ཆོས་བྱས་པ་རྣམས་ལ་ལོངས་སྤྱོད་དང་བདེ་སྐྱིད་ཕུན་སུམ་ཚོགས་པར་སྣང་བར་འགྱུར་ལ་དགེ་མེད་སྡིག་མེད་རྣམས་ལ་བདེ་སྡུག་གང་ཡང་མེད་པས་གཏི་མུག་བཏང་

སྙོམས་སུ་འབྱུང་བས། བདེ་སྐྱིད་དང་ལོངས་སྤྱོད་ལ་མ་ཆགས་པར་བླ་མ་དཀོན་མཆོག་མཆོད་སྙམ་དུ་གྱིས་ཤིག །བཏང་སྙོམས་ལུང་མ་བསྟན་དུ་མ་སོང་བར་རིག་པ་རྩེ་གཅིག་ཏུ་བསྒྲིམ་ལ་མ་ཡེངས་ཤིག །ཀྱེ་རིགས་ཀྱི་བུ། དུས་དེ་ཙམ་ན་གནས་མ་ངེས་ཏེ་རི་རྩེ་ཐང་སྟོང་སོགས་དང་། རྟེན་མ་ངེས་ཏེ་ཟམ་རྔུར་དང་ལྷ་ཁང་མཆོད་རྟེན་སོགས་ལ་ཡུད་ཙམ་རེ་དེར་བརྟེན་ཀྱང་ལུས་མེད་པའི་དབང་གིས་ཡུན་རིང་མི་ཆགས་པར་བག་གྲང་ཞིང་ཚིག་པ་ཟ། ཤེས་པ་ཡང་ཡད་ཡུད་ཕྱད་ཕྱོད་བན་བུན་བྱེད་ཅིང་། དེ་དུས་ཤི་བར་ཤེས་ནས་སྡུག་བསྔལ་དྲག་པོ་འོང་བས། ཡིད་ཀྱིས་བསམ་མནོ་མང་པོ་མ་བྱེད་པར་ཤེས་པ་རང་མལ་དུ་ཞོག་དང་སྡུག་བསྔལ་མི་འོང་ངོ་། །ཟས་མ་ངེས་ཏེ་ཟས་ཀྱང་བསྔོས་པ་དང་། དྲི་ཟ་བ་མ་གཏོགས་བཟར་མེད་པ། གྲོགས་ལ་ངེས་པ་མེད་དེ། རེས་གསོན་པོ་ཕལ་ཆེར་གཤིན་པོའི་གྲོགས་དང་ལྡེབས་ཏེ། སྔར་གྱི་ཡུལ་འཁོར་ཉེ་དུ་རང་གི་རོ་ལ་སོགས་པ་མཐོང་ནས་ཤི་བར་ཤེས་ནས་ཅི་དྲག་སྙམ་ཏེ། ཡིད་ལུས་དེ་ལ་སྐྱོ་ནས་ལུས་ཚོལ་དུ་འགྲོ་ཞིང་རང་གི་རོ་དེ་ལ་ཡང་ལན་དགུའི་བར་དུ་འཇུག་པར་བྱེད་ཀྱང་ཞུགས་ས་མ་རྙེད་པས་མི་དགའ་ནས། བྲག་བར་ས་རྡོ་གང་བྱུང་གི་གསེབ་ཏུ་ུབརྫོང་བའི་སྣང་བ་འབྱུང་བས་། ལུས་ཚོལ་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པས་ལུས་ཀྱིི་ཞེན་པ་ཆོད་ལ་བྱར་མེད་ཀྱི་ངང་དུ་ཞོག་ཅིག །ཀྱེ་རིགས་ཀྱི་བུ། དེ་ལྟར་བྱུང་ཡང་ཁྱོད་རང་གི་ལས་ཡིན་པས། བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་དང་སྐྱོབ་པར་འགྱུར་རོ། །གསོལ་བ་མ་བཏབ་ཅིང་ཕྱག་རྒྱ་ཆེན་པོ་བསྒོམ་མ་ཤེས་ཡི་དམ་ཡང་མ་བསྒོམ་ན། ད་ནི་ལྷན་ཅིག་སྐྱེས་པའི་ལྷ་འདྲེས་དགེ་སྡིག་གང་བྱས་ཀྱི་ལྡེའུ་བསགས་ནས་འདྲེན་དུ་འོང་ངོ་། །དེ་དུས་ཁྱོད་ཤིན་ཏུ་བྲེད་ནས་ངས་སྡིག་མ་བྱས་

ཟེར་ནས་རྫུན་སྨྲས་ཀྱང་། གཤིན་རྗེའི་ལས་ཀྱི་མེ་ལོང་བསྟན་པས་དགེ་སྡིག་ཐམས་ཅད་མེ་ལོང་དུ་གསལ་ལམ་གྱི་འཆར་བས་རྫུན་གྱིས་མི་ཕན་པས་གཤིན་རྗེེ་རྣམས་ཀྱི་རྐེ་ནས་ཐག་པ་བཏགས་ནས་དྲུད་དོ། །སྐེ་བྲེག །དོན་སྙིང་ཕྱུང་། ཀླད་པ་ལྡག །ཤ་ཟོས། ཁྲག་འཐུང་། རུས་པ་མུར། ལུས་དུམ་བུར་གཏུབ་ཀྱང་འཆི་མི་བཏུབ་སྟེ་ཡང་སོས་ནས་འོང་ངོ་། །དེ་ལྟར་ཡང་ཡང་བྱས་པས་སྡུག་བསྔལ་ཆེན་པོ་འོང་བས། རྫུན་མ་ཟེར་གཤིན་རྗེ་ལ་མ་འཇིགས་ཤིག །ཁྱོད་ཡིད་ལུས་སྟོང་གཟུགས་ཡིན་ཞིང་གཤིན་རྗེ་རྣམས་སྟོང་གཟུགས་འཁྲུལ་སྣང་ཡིན་པས་ཞེད་མི་དགོས། ཁྱོད་རང་འཇིགས་སྐྲགས་སྐྱེ་མཁན་གྱི་ངོ་བོ་ལ་ལྟོས་དང་ཅིར་ཡང་གྲུབ་པ་མེད་པ་སྟོང་པ་དེ་ཆོས་སྐུ། སྟོང་པའི་རང་མདངས་འཇིགས་སོ་སྙམ་པ་ཧྲིག་གེ་གསལ་ལེ་བ་དེ་ལོངས་སྐུ། དེ་གཉིས་དབྱེར་མེད་པའི་ཟང་ཐལ་རྗེན་པར་བཟོ་མེད་རང་ལུགས་དེ་ངོ་བོ་ཉིད་ཀྱི་སྐུ། རང་རྩལ་མ་འགགས་ཅིར་ཡང་འཆར་བ་ཞིག་ཡོད་པ་སྤྲུལ་སྐུ་སྟེེ། མ་ཡེངས་ལྟོས་དང་རང་ངོ་ཤེས་པ་ཙམ་གྱིས་སྐུ་བཞི་ཡོངས་སུ་རྫོགས་པར་འཚང་རྒྱའོ། །མ་ཡེངས་ཤིག །འཁོར་འདས་གཉིས་ཀྱི་ས་མཚམས་འདི་ནས་ཕྱེད་པ་ཡིན་ནོ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ཅེས་པས་དུས་འདིར་ཡེངས་ཤོར་ན་སྡུག་བསྔལ་ལས་ཐོན་པའི་དུས་མི་འབྱུང་། དེ་སྔ་ཕན་ཆད་བར་དོ་དེ་ཙམ་ཤར་ཡང་ཡེངས་ཤོར་ནས་སྡུག་བསྔལ་འབྱུང་བ་ཡིན་ནོ། །ད་ནི་ཡེངས་ཤོར་ན་ཐུགས་རྗེའི་དཔྱང་ཐག་ཆད་ནས་ཐར་མེད་དུ་འགྲོ་བས་གཟོབ་ཅིིག །རིགས་ཀྱི་བུ། དེ་ལྟར་བསྒོམ་མ་ཤེས་ན། དཀོན་མཆོག་གསུམ་དང་བླ་མ་ཐུགས་རྗེ་ཆེན་པོ་རྣམས་དྲན་པར་གྱིས་ལ་གསོལ་བ་ཐོབ་ཅིག །མི་ཡུལ་དུ་དབང་ཞུས་པའི་གསང་མཚན་དྲན་པར་གྱིས་ལ་ཆོས་ཀྱི་རྒྱལ་པོ་ལ་ཤོད་ཅིག །

འཇིགས་སྐྲག་མི་འབྱུང་ངོ་། །རིགས་ཀྱི་བུ། ད་ལྟའི་སྣང་བ་ཡུད་ཙམ་པ་རེས་བདེ་སྡུག་གི་གནས་རྔམ་པོ་ཆེར་འཕེན་པའི་ཆགས་སྡང་གི་སྣང་བ་སྤོངས་ཤིག །ད་ཡང་ཁྱོད་མཐོ་རིས་སུ་སྐྱེ་བའི་ལས་ཅན་ཞིག་ནའང་། ཤུལ་གྱི་ཉེ་འབྲེལ་རྣམས་ཀྱིས་ཁྱོད་ཀྱི་དོན་དུ་སྲོག་གཅོད་ཀྱི་མཆོད་སྦྱིན་བྱས་པས་དེ་ལ་ཁྱོད་མ་དག་པའི་སྣང་བ་ཤར་ནས་སྡང་སེམས་སྐྱེས་པས་དམྱལ་བར་ལྟུང་ཞིང་། ཡང་ཁྱོད་ནོར་རྫས་ལ་ཆགས་ཤིང་ཟས་ནོར་གཞན་གྱི་དབང་བྱས་ཏེ་སྤྱོད་པར་མཐོང་ནས་སེར་སྣ་སྐྱེ་ཞིང་ཆགས་པས། དེས་མཚམས་སྦྱར་ནས་ཡི་དྭགས་སུ་སྐྱེ་ངེས་པས། །དེ་ནས་ཤུལ་དུ་ཇི་ལྟར་བྱས་ཀྱང་སྡང་སེམས་དང་ཆགས་ཞེན་མ་བྱེད་པར་བཏང་སྙོམས་སུ་ཞོག་ཅིག །ནོར་རྫས་ལ་ཆགས་ཀྱང་ཁྱེར་དབང་ནི་མེད། སུས་སྤྱོད་པར་འདུག་ཀྱང་བློས་ཐོངས་བར་གྱིས་ལ་ཁོ་ཐག་ཆོད། བླ་མ་དཀོན་མཆོག་མཆོད་སྙམ་པར་གྱིས་ལ་ལིང་གིས་སྐྱུར། ཆགས་མེད་ཞེན་མེད་དུ་གནས་པར་གྱིས། ཡང་ཁྱོད་ཀྱི་དོན་དུ་བླ་མ་བཤེས་གཉེན་རྣམས་ཀྱི་ཆོ་ག་བྱེད་པ་མ་དག་པ་དང་། གཉིད་ཡེངས་སོགས་བག་མེད་ཀྱི་སྤྱོད་པ་དེ་མངོན་ཤེས་ཕྲ་མོས་མཐོང་བས་མ་དད་ཅིང་འདི་རྣམས་ཀྱིས་བདག་བསླུས་སོ་སྙམ་ནས་དག་སྣང་མ་སྐྱེས་པའི་སྟེང་དུ་ལོག་ལྟ་སྐྱེས་པས་ངན་སོང་དུ་འགྲོ་བས། དེ་ལ་དག་སྣང་མོས་གུས་གྱིས་ཤིག །བདག་རང་སྣང་མ་དག་པ་ཡིན། འདི་རྣམས་ནི་སངས་རྒྱས་ཀྱི་རྗེས་འཇུག་བསྟན་འཛིན་དམ་པ་ཡིན། ཆོ་ག་ནི་སངས་རྒྱས་ཀྱི་གསུང་ཡིན་པས་མ་དག་པ་ག་ལ་སྲིད་སྙམ་པ་ཀྱིས་ལ་ཞེ་ཐག་པ་ནས་དག་སྣང་གྱིས་དང་ཁྱོད་ལ་ཕན་ངེས་པས་མ་བརྗེད་ཅིག །ཡང་ཁྱོད་ངན་སོང་དུ་སྐྱེ་བའི་ལས་ངན་ཞིག་ཡིན་ནའང་ཤུལ་གྱི་ཉེ་འབྲེལ་རྣམས་ཀྱིས་སྡིག་དང་མ་འདྲེས་པའི་དགེ་བ་བསྒྲུབ་ཅིང་། བླ་མ་བཤེས་

གཉེན་དམ་པ་རྣམས་ཀྱི་ལྷག་བསམ་རྣམ་དག་གི་ཆོ་ག་བྱས་པས་དེ་ལ་སྤྲོ་དགའ་སྐྱེས་པ་དེས་མཚམས་སྦྱར་ནས་མཐོ་རིས་སུ་སྐྱེ་བར་འགྱུར་བས། དེ་ལྟ་བུའི་དག་སྣང་སྤྲོ་དགའ་བྱེད་པ་གལ་ཆེ་བས་ཡུད་ལ་ཟུངས་ཤིག །བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་ལ་འདུན་པ་དྲག་པོ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག །ཀྱེ་མ་དགའ་བའི་གྲོགས༴ཞེས་སོགས། དེ་སྐད་སྨོན་ལམ་ཐོབ་དང་ལམ་སྣ་འདྲེན་ཞིང་མི་བསླུ་ངེས་པར་ཐག་ཆོད་པ་ཤིན་ཏུ་ུགལ་ཆེའོ། །རིགས་ཀྱི་བུ། དེ་རྣམས་དྲན་པས་མ་ཟིན་ན། ད་ནི་སྔ་མའི་ལུས་དེ་མི་གསལ་ཞིང་ཕྱི་མའི་ལུས་གསལ། རིགས་དྲུག་གང་དུ་སྐྱེ་བའི་འོད་ཀྱང་འཆར་ཏེ། གང་ཞེ་ན། ལྷའི་འོད་དཀར་པོ་བཀྲག་མེད། ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད། མིའིའོད་སྔོན་པོ་བཀྲག་་མེད། དུད་འགྲོའི་འོད་ལྗང་གུ་བཀྲག་མེད། །ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད། དམྱལ་བའི་འོད་དུད་ཁ་བཀྲག་མེད། ལུས་ཀྱང་དེའི་མདོག་ཏུ་འཆར་ཞིང་མགོ་གྱེན་དུ་བསྟན་ན་ལྷ་མི། འཕྲེད་དུ་བསྟན་ན་ལྷ་མིན་དང་དུད་འགྲོ། མཐུར་དུ་བསྟན་ནས་འགྲོ་སྙམ་བྱེད་ན་ཡི་དྭགས་དང་དམྱལ་བར་སྐྱེ་བའི་ལྟས་སོ། །འདི་དུས་མངལ་སྒོ་དགགས་པའི་གདམས་ངག་ཟབ་མོ་ཡོད་དེ། འཇུག་བྱེད་ཀྱི་གང་ཟག་དགགས་པ་ནི། ཁྱོད་རང་ཡི་དམ་གྱི་ལྷ་དང་ཐུགས་རྗེ་ཆེན་པོ་གང་རུང་གི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུར་བསྒོམས་ཤིག །དེ་ཡང་མཐའ་ནས་ཡལ་ཏེ་མི་དམིགས་པའི་ངང་ལ་ཞོག་དང་། མངལ་སྒོ་ཁོག་པའི་གནད་ཟབ་མོ་ཡིན་ནོ། །དེས་ཀྱང་མ་ཁོག་ན་འཇུག་བྱའི་མངལ་སྒོ་དགགས་པ་ནི། ཨོ་རྒྱན་ཆེན་པོས་འདི་སྐད་གསུངས་པས་ཁྱོད་རང་གི་དེའི་ལེན་མོ་གྱིས་ཤིག །ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་

བཟུང་བྱས་ནས༔བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱི་མཐུད༔ མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱོས༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤོངས་ལ་བླ་མ་ཡབ་ཡུམ་སྒོམས༔ཞེས་གསུངས་པས་ཚིག་ངག་ནས་བརྗོད་ལ་དོན་མ་བརྗེད་པར་ཟུངས་ཤིག །དེའི་དོན་ནི། ཀྱེ་མ། བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ཞེས་པ་ནི། ད་ལྟ་ལས་དང་སྐྱེ་གནས་བདེ་སྡུག་མི་སྲིད་པས་སྲིད་པ། སྐྱེ་བ་སྔ་མ་ནུབ་ནས་ཕྱི་མ་མ་བླང་བའི་བར་ཡིན་པས་བར་དོ། ཅེས་བྱ་བ་དེ་ཡང་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་མངོན་ཤེས་ཕྲ་མོ་ཡོད། དམྱལ་བ་དང་ཆོས་མཐུན་པས་སྡུག་བསྔལ་བ་དང་། ཞག་བདུན་ཕྲག་རེ་ལ་སྐྱེ་འཆིའི་སྣང་བ་ཡོད་ལ་གཉིས་ཀ་དང་ཆོས་མཐུན་པས་རྫུས་ཏེ་སྐྱེ་ཞིང་ཡིད་ལུས་ཡིན་པས། ལུས་ཀྱི་གྲིབ་མ་མེད་པས་ཆུ་ནང་དུ་བྱད་མི་མཐོང་ཞིང་རྗེས་མི་འབྱུང་ལ། སྣང་བ་ངེས་མེད་སྣ་ཚོགས་སུ་ཤར་བའི་དུས་འདིར་འདུན་པ་ཁོ་ན་གལ་ཆེ་བས། རྩེ་གཅིག་ཏུ་ཟུངས་ལ་མི་དགེ་བའི་བསམ་པ་ཡིད་ལ་མ་བྱེད་པར་ཡིད་ལ་མི་ཡུལ་དུ་དབང་ཆོས་གདམས་ངག་དགེ་བའི་ལས་གང་ལ་འབྲེལ་ཆེ་བ་དེ་དྲན་པར་གྱིས་ལ་བཟང་པོའི་ལས་ཀྱི་འཕྲོ་དེ་ལ་དག་སྣང་དང་མོས་གུས་མཐུད་པ་གལ་ཆེའོ། །ཡར་འགྲོ་མར་འགྲོའི་ས་མཚམས་འདིར། ལེ་ལོ་དར་གཅིག་ཤོར་ན་གཏན་དུ་སྡུག་བསྔལ་ཞིང་། འདུན་པ་སྐད་ཅིག་བཟུང་བས་གཏན་གྱི་བདེ་བ་རྙེད་པ་དུས་ད་རེས་ཡིན་པས་ཡིད་ལ་ཟུངས་ཤིག །མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱ༔ཞེས་པ་དེའི་དུས་ལ་བབ་པས་མངལ་སྒོ་དགགས་པའི་གདམས་ངག་འདི་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །དེ་ཡང་སྐྱེ་གནས་བཞི་ལ་སྒོང་སྐྱེས་དང་མངལ་སྐྱེས་མཐུན་ཏེ། འདི་དུས་ཕོ་མོ་ཆགས་པ་

སྤྱོད་པ་མཐོང་བས། རང་ཉིད་ཕོར་སྐྱེས་ན་ཕ་ལ་སྡང་ཞིང་མ་ལ་ཆགས། མོར་སྐྱེས་ན་མ་ལ་སྡང་ཞིང་ཕ་ལ་ཆགས་ཏེ་མངལ་དུ་ཞུགས་པས་ལུས་སྨིན་ནས་ཕྱིར་ཐོན་པའི་ཚེ། དུད་འགྲོ་ཁྱི་ཕག་སྦྲུལ་བྱ་སོགས་ཀྱི་ལུས་བླངས་པས། སྡུག་བསྔལ་ཞིང་བརྫུས་སྐྱེས་དང་དྲོད་གཤེར་གཉིས་ཆ་མཐུན་ཏེ། མི་གཙང་བའི་རྫས་ཞིག་ལ་བརྟེན་ཏེ་སྐྱེ་བ་ཡིན་ནོ། །དེ་ལ་དྲི་ཞིམ་པོའི་འདུ་ཤེས་སྐྱེས་ཏེ་ཆགས་པས་འབུ་སྲིན་སོགས་གང་ཡིན་པའི་ལུས་སུ་གྱུར་ནས། སྡུག་བསྔལ་ཞིང་འཁོར་བ་མཐའ་མེད་དུ་འགྲོ་བ་འདི་འདྲའི་ལས་ལ་རེ་འཇིགས་ཨ་ཙ་མ། དེ་བས་ངའི་ཁ་ལ་ཉན་ནས་གདམས་ངག་འདི་ཡིད་ལ་ཟུངས་ཤིག །སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན། །མིག་སེར་སྤོངས་ལ་བླ་མ་ཡབ་ཡུམ་སྒོམས། །ཞེས་གསུངས་པས། དེ་ལྟར་ཕ་མར་ཆགས་སྡང་སྐྱེ་དུས། ཀྱེ་མ་བདག་ལྟ་བུའི་ལས་ངན་པ་དེ་སྔ་ཡང་ཆགས་སྡང་གཉིས་ཀྱིས་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་། ད་ནི་ཆགས་སྡང་བྱེད་རེ་ཀན་སྙམ་པར་གྱིས་ལ་སྙིང་རུས་སྐྱེད་ཅིག་དེས་ཁོག་པར་འགྱུར་རོ། །དེས་མ་ཁོག་ན། ཕོ་མོ་གཉིས་བླ་མ་ཡབ་ཡུམ་དུ་བསྒོམ་ལ་ཕྱག་འཚོལ་ལ་ཆོས་ཞུས་པའི་འདུན་པ་གྱིས་དང་ཁོག་པར་འགྱུར་རོ། །དེས་མ་ཁོག་ན། བླ་མ་ཡབ་ཡུམ་ཡི་དམ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་བསྒོམ་ལ་ཡིད་སྤྲུལ་གྱི་མཆོད་ལ་དངོས་གྲུབ་ཞུ་བའི་མོས་པ་གྱིས་དང་ཁོག་པར་འགྱུར་རོ། །དེས་ཀྱང་མ་ཁོག་ན། བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་སྟེ། ཀྱེ་མ་ཕ་མ་སོགས་སྣང་སྲིད་ཀྱི་དངོས་པོ་འདི་རྣམས་ནི་མི་བདེན་སྒྱུ་མ་ཡིན་པ་ལ་བདེན་པར་བཟུང་ནས་འཁྲུལ་བར་སྣང་བས། ད་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་གསུངས་པས་དེ་ངེས་པར་བྱའོ་སྙམ་ནས་ཡིད་ལ་བཟུང་ན་མངལ་སྒོ་ཁོག་

པར་འགྱུར་རོ། །དེའི་ཀྱང་མ་ཁོག་ན། ཀྱཻ་མ་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ནི་རང་གི་སེམས་ལ་སྣང་བ་ཡིན་སེམས་འདི་ནི་སྐྱེ་འགགས་གནས་གསུམ་དང་བྲལ་བས། རང་བཞིན་སྟོང་པ་ཉིད་ཡིན་སྙམ་པའི་ངང་དུ་མ་བཅོས་པར་ཞོག་དང་སྐྱེ་བ་རྣམས་བཞིའི་སྒོ་ཁོག་པར་འགྱུར་རོ། །དེས་ཀྱང་མ་ཁོག་ན། ད་ནི་ལུས་བླངས་རན་པའི་དུས་ཡིན་པས་མངལ་སྒོ་བདམས་པའི་གདམ་ངག་ཟབ་མོ་འགའ་ཡོད་པས་ཡིད་ལ་ཟུངས་ཤིག །ད་ནི་གླིང་གང་དུ་སྐྱེ་བ་དང་རིགས་དྲུག་ཏུ་སྐྱེ་བའི་རྟགས་རྣམས་མཐོང་ནས་འོང་བས་གང་ཡིན་དུ་མ་འཇུག་པར་བདམས་པར་བྱའོ། །ཤར་ལུས་འཕགས་པོར་སྐྱེ་ན་ངང་པས་བརྒྱན་པའི་མཚོ་དང་། ནུབ་བ་ལང་སྤྱོད་དུ་སྐྱེ་ན་རྟ་ཕོ་མོས་བརྒྱན་པའི་མཚོ་དང་། བྱང་སྒྲ་མི་སྙན་དུ་སྐྱེ་ན་བ་གླང་དང་ལྗོན་ཤིང་གིས་བརྒྱན་པའི་མཚོ་འདུག་པ་མཐོང་ངོ་། །གླིང་དེ་དག་ཏུ་བདེ་སྐྱིད་ལོངས་སྤྱོད་ཚེ་ཚད་བསོད་ནམས་ཡོད་ཀྱང་། ཆོས་མི་དར་བས་མ་འཇུག་ཅིག །ལྷོ་འཛམ་བུ་གླིང་དུ་སྐྱེས་ན་ཁང་བཟང་ཉམས་དགའ་བ་མཐོང་ངོ་། །ལྷར་སྐྱེས་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷ་ཁང་བརྩེགས་པ་ཉམ་དགའ་བ་མཐོང་ངོ་། །དེ་གཉིས་ལ་འཇུག་ཀྱང་རུང་བས་འཇུག་པར་གྱིས་ཤིག །ལྷ་མ་ཡིན་དུ་སྐྱེ་ན་མགལ་མའི་འཁོར་ལོ་དང་། དུད་འགྲོར་སྐྱེས་ན་བྲག་ཕུག་དང་གྲོགས་ཕུག་སྐྱིལ་པོ་ན་བུན་གྱི་ཚུལ་དང་། ཡི་དྭགས་སུ་སྐྱེ་ན་སྡོང་དུམ་དང་གྲོགས་པོ་ཕུག་རྡུག་ནག་ལིང་ངེ་བ་དང་། དམྱལ་བར་སྐྱེ་ན་མུན་ནག་གི་གླིང་དང་། ཁང་པ་ནག་པོ། དམར་པོ། ས་དོང་ནག་པོ་ལ་སོགས་ལ་ཕྱིན་པའི་སྣང་བ་འབྱུང་བས་དེ་དག་ཏུ་ཅི་ནས་ཀྱང་མི་འཇུག་པར་གཟབ་པར་བྱའོ། །ཁྱོད་མི་འགྲོ་བའི་དབང་མེད་པར་གཤེད་མས་དེད་ཅིང་ཁྲིད་པའམ། ཁ་ཆར་བུ་ཡུག་ཐོག་སེར་

ཀུ་སྒྲ་ལ་སོགས་པས་སྐྲག་ནས་བྲོས་དགོས་པ་བྱུང་ན་འདྲེ་སྲིན་གྱི་བར་ཆད་ཡིན་པས་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་དང་རྟ་མགྲིན་ནམ། ཕྱག་རྡོར་གང་རུང་སྐུ་ཆེ་ལ་ཡན་ལག་རགས་པ་འཇིགས་སུ་རུང་བ་བགེགས་རིགས་ཐམས་ཅད་ཐལ་བར་བརླག་པར་བྱེད་པ་ཞིག་ཏུ་བསྒོམ་དང་། དེའི་བྱིན་རླབས་ཀྱིས་གཤེད་མ་དང་བྲལ་ཏེ་རང་དབང་ཐོབ་པ་ཡིན་ནོ། །ད་ནི་མངལ་སྒོ་བདམས་པར་བྱ་སྟེ། རབ་དག་པ་མཁའ་སྤྱོད་དུ་འཕོ་བར་བྱ་བ་ནི། ཀྱེ་མ་བདག་བསྐལ་པ་གྲངས་མེད་པ་ནས་ད་དུང་འཁོར་བར་འཁྱམས་ནས་སྡུག་བསྔལ་བ་ལ་རེ་སྐྱོ། སྐྱུགས་རེ་ལོག །ཞེ་རེ་ལོག །གཉུག་རེ་བུད། ད་ནི་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་དྲུང་དུ་འགྲོ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་གཏོད་དང་ངེས་པར་དེར་སྐྱེ་བར་འགྱུར་རོ། །གཞན་ཡང་རང་གང་མོས་པའི་ཞིང་ཁམས་མངོན་པར་དགའ་བའམ། དཔལ་ལྡན་ནམ། སྟུག་པོ་བཀོད་པའམ། རི་པོ་ཏ་ལའམ། ལྕང་ལོ་ཅན་ནམ། པདྨ་འོད། དགའ་ལྡན་ལ་སོགས་པ་གང་མོས་སུ་འདུན་པ་རྩེ་གཅིག་ཏུ་གཏད་པས་ཞིང་ཁམས་དེ་དག་ཏུ་སྐྱེ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མ་ཐུབ་པར་མངལ་དུ་འཇུག་པར་སྤྲོ་བའམ། གླིང་ཡང་བདམས་ཏེ་ཆོས་དར་བའི་སར་འཇུག་གོ །ཀྱཻ་མ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོའམ། གྲུབ་པ་ཐོབ་པའི་སྲས་སམ། ཆོས་རྒྱུད་དྲི་མ་མེད་པའི་རིགས་སམ། ཕ་མ་འབྱོར་ལྡན་དད་པ་ཅན་གྱི་རིགས་སུ་བསོད་ནམས་ཅན་གྱི་ལུས་བླངས་ནས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འདུན་པ་གཏད་དེ་མངལ་དེ་ཡང་གཞལ་ཡས་ཁང་དུ་བསམ་ལ། བླ་མ་དཀོན་མཆོག་རྒྱལ་བ་སྲས་བཅས་ཡི་དམ་ཐུགས་རྗེ་ཆེན་པོ་ལ་

གསོལ་བ་བཏབ་ཅིང་དབང་ཞུ་བའི་འདུན་པས་འཇུག་པར་བྱའོ། །དེ་ཡང་ལས་ངན་གྱི་དབང་གིས་མངལ་སྒོ་བཟང་པོ་ལ་ངན་པར་མཐོང་བ་དང་། ངན་པ་ལ་བཟང་པོར་མཐོང་ནས་ནོར་ཉེན་ཡོད་པས། བཟང་ངན་གང་མཐོང་ཡང་ཆགས་སྡང་གང་ཡང་མ་བྱེད་བཟང་ངན་བླངས་དོར་མེད་པར་བཏང་སྙོམས་ངང་ལ་འཇུག་པར་གལ་ཆེའོ། །དེ་ལྟར་ཆགས་སྡང་གཉིས་དང་བྲལ་མ་ཐུབ་ན། གོང་གི་སྣང་བ་དེ་རྣམས་གང་ཤར་ཡང་དཀོན་མཆོག་གསུམ་གྱི་མཚན་ནས་བརྗོད་ཅིང་སྐྱབས་སུ་འགྲོ་བར་གྱིས་ཤིག །ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག །མགོན་གྱེན་དུ་བསྟན་ནས་འགྲོ་བར་གྱིས་ཤིག །བར་དོ་ངོ་ཤེས་པར་གྱིས་ལ་ཤུལ་གྱི་ཉེ་འབྲེལ་ལ་ཆགས་ཞེན་སྤོངས་ཤིག །འདི་རྣམས་ཀྱིས་ཐར་བའི་གེགས་བྱེད་དོ། །མིའི་འོད་སྔོན་པོ་དང་ལྷའི་འོད་དཀར་པོ་ལ་ཞུགས་ཤིག །རིན་པོ་ཆེའི་ཁང་བཟང་སྐྱེད་མོའི་ཚལ་དུ་ཞུགས་པར་གྱིས་ཤིག །དེ་ལྟར་ལན་བདུན་ལ་སོགས་ཡང་ཡང་བཤད། ར་མདའ་སྦྲན་དང་འཇིགས་སྐྱོབས་འཕྲང་སྒྲོལ་དང་། །བར་དོ་རྩ་ཚིག་བག་ཆགས་རང་གྲོལ་སོགས། །ལྷག་བསམ་དག་པས་སྒྲ་དག་གསལ་བར་བཀླག །དེ་ཡི་ཕན་ཡོན་རབ་རྣམས་འཆི་ཁར་གྲོལ། །འབྲིང་རྣམས་ཆོས་ཉིད་བར་དོར་གྲོལ་གྱུར་ཞིང་། །ཐ་མ་སྲིད་པ་བར་དོར་དབུགས་དབྱུང་ལ། །ཡང་མཐའ་མངལ་སྒོ་བདམས་ཤེས་མི་ལུས་ཐོབ། །ཆོས་དང་འཕྲད་ནས་ཐར་པའི་ལམ་སྣ་ཟིན། །སྡིག་ཆེན་རྣམས་ཀྱང་སྐྱབས་འགྲོའི་ཕན་ཡོན་གྱིས། །ངན་སོང་མི་ལྟུང་མཐོ་རིས་ཐོབ་འགྱུར་ཞིང་། །ཐར་པའི་ས་བོན་འཁོར་བ་མཐའ་ཅན་འགྱུར། །དེ་ཕྱིར་འདི་ལ་འབད་པས་བརྩོན་པར་གཅེས། །འདི་ཡི་དམ་ཚིག་སྲོག་གཅོད་མཆོད་སྦྱིན་དང་། །རོ་རྩར་ངུ་འབོད་མྱ་ངན་སྨྲེ་སྔགས་སྤངས། །དགེ་བ་གང་འགྲུབ་སྡིག་དང་

མ་འདྲེས་གཅེས། །ད་ལྟའི་ཚེ་ནའང་འདི་ཡི་ཚིག་དོན་རྣམས། །ཡིད་ལ་གོམ་ཞིང་བློ་ལ་བྱང་བ་གཅེས། །འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཆོས་རྣམས་ཀུན་གྱི་སྙིང་པོའི་བཅུད་ཕྱུངས་བ། །འགྲོ་བའི་དོན་དུ་བསྟན་པའི་ཟབ་ཆོས་ལས། །ཉེ་བར་བསྡུས་པ་འདི་ནི་ཚིགས་ཉུང་བས། །དེང་སེང་དུས་ན་བྲེལ་ཕོངས་ཐོས་པ་དབེན། །མང་པོ་བློ་ལ་མ་ཚུད་དཔེ་ཀླག་ཀྱང་། །བློ་ལ་མ་བྱང་དོན་ལ་མ་འདྲིས་པས། །བརྗོད་པ་མ་དག་ཚིག་དོན་བརྡ་མ་འཕྲོད། །ནོར་འཁྲུལ་སྐྱོན་གྱིས་ཕན་མེད་གནོད་རྒྱུར་སོང་། །དེ་བས་ཚིགས་འདི་བློ་ལ་ཆུད་གྱིས་ལ། །དོན་མ་རྟོགས་ཤིང་འདྲེན་ཆོག་མཁན་རྣམས་ཀྱང་། །ཟ་འདོད་འགུལ་འཚེར་ང་འདྲ་མ་བྱེད་པར། །རོ་ཟས་གསོལ་འདོད་རོ་ཆོག་བྱང་བར་སློབ། །གཞན་དོན་བྱེད་ལ་རང་དོན་ཁྲལ་མ་ཞུགས། །ལྷག་བསམ་བཟང་པོས་འགྲོ་དོན་ཡིན་ན་ཡང་། །འོན་ཀྱང་དེང་སེང་དུས་ཀྱིས་མ་ཐེག་པས། །སྦྱིན་བདག་རྣམས་ཀྱང་འདིར་སྣང་ཁས་ལེན་རེ། །འདྲེན་སྟོན་མཁན་ཀྱང་ནང་རྟགས་ཕྱི་ལ་སྟོན། །གཞན་དོན་སེམས་བསྐྱེད་འདོད་པ་ཁོ་ནས་བསླུས། །ཟས་ལ་འཁུ་ཞིང་ཡོན་ལ་མཁོང་བསྐྱེད་འདོད། །ཚེ་འདས་མི་འདྲེན་ཟ་ཡོན་བཟང་ངན་འདྲེན། །བསྐྱེད་རིམ་མི་བསྒོམ་ཟ་འབུལ་ཅི་འོང་བསྒོམ། །རྫོགས་རིམ་མི་བསྒོམ་རྟ་ནོར་གང་བཟང་བསྒོམ། །ཆོ་ག་མི་བརྗོད་ཡོན་འབུལ་གླེང་མོ་བརྗོད། །རང་དཔེ་མི་ལེན་གཞན་ལ་ཕོད་ཁམ་ཆེ། །ཚེ་འདས་བརྗེད་ཀྱང་ཅི་བྱུང་རྒྱུན་དུ་དྲན། །བསྐྱེད་རིམ་བརྗེད་ཀྱང་ཟ་ཡོན་སེམས་ལ་གསལ། །རྫོགས་རིམ་བརྗེད་ཀྱང་རྟ་ནོར་སེམས་ལ་གནས། །ཚེ་འདས་ལུས་ཀྱང་གཞི་ནས་ལུས་མ་ཤོར། །ཕྱི་མ་བརྗེད་ཀྱང་ཤ་ཐུད་མ་བརྗེད་ཁྱེར། །རོ་མ་ཁྱག་ཀྱང་རོ་དོམ་ཁུར་གྱིས་ཐེག །རོ་ལ་རྩོག་ལྟ་རོ་ཟས་སྐན་སྒྲ་རྡེབས། །རོ་སྔས་

འཇབ་འགྲོས་རོ་ནོར་ཧབ་ཤ་བྱེད། །རོ་ཐོས་དགའ་ཚོར་རོ་མཐོང་བཟུར་འགྲོས་བྱེད། །རོ་ལ་སྣ་བསུམ་རོ་གོས་འཕྲག་ལ་གཟར། །བྱིས་པ་མེ་འདག་འགྲམ་དུ་བཞག་པ་ལྟར། །ཐར་པའི་ས་བོན་ཚིག་པར་འཇིགས་པར་བྱེད། །རོ་ཟས་ཆོ་གས་མི་སྦྱངས་ཆོ་ངེས་སྦྱངས། །གཤིན་ནོར་ཆོས་ཕྱོགས་མི་བཏང་ཆང་ཕྱོགས་བཏང་། །ཧེ་ཧེ་དེ་འདྲའི་སྤྱོད་ཚུལ་མཐོང་བ་ན། །ཤིན་ཏུ་སྐྱོ་བས་འདི་སྐད་ཚིག་ཏུ་ཤོར། །འོན་ཀྱང་བདག་རང་སྣང་བ་མ་དག་གམ། །གཞན་རྒྱུད་མི་ཤེས་མངོན་ཤེས་མི་ལྡན་པས། །ཉེས་སྐྱོན་གྱུར་ན་བཟོད་བཞེས་ཕན་སེམས་ཀྱིས། །སྨྲས་པས་རང་འདོད་ཞེན་པ་དང་བྲལ་ནས། །བདེན་འཛིན་ཞིག་ནས་སྒྱུ་མའིི་རང་བཞིན་དུ། །རྟོགས་ནས་འགྲོ་དོན་འབད་མེད་འགྲུབ་གྱུར་ཅིག །ཞེས་པ་འདི་ནི་བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོའི་ཚིག་རྣམས་རྒྱས་པས་བློར་ཆུད་དཀའ་ཞིང་ཕལ་ཆེར་ཡིི་གེས་འཇིགས་པས། བལྟ་བ་ཡང་དཀོན་པར་མཐོང་བས། དེ་ལས་བསྡུས་ཏེ་དོན་མི་འཆུག་པར་གསལ་བར་བཀོད་པ་འདི་ནི་མཐའ་འཁོབ་ཀྱི་བཙུན་པ་ཀ་མ་ལ་མ་ཏིའི་དབེན་གནས་སྐུ་ལྷ་དཀར་པོའི་མགུལ་དུ་སྦྱར་བ་དགེའོ། །དགེའོ།། །།


previousབར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་ལས་ཉེ་བར་བསྡུས་པ་ཐོས་པ་རང་གྲོལ།next