Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ།
   
   
   
   
   
   
   
   


 
previousབར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ།next

བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ།

བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ་བཞུགས་སོ། །

གསང་ཆེན་རིགས་གཅིག་བླ་མ་རྡོ་རྗེ་སེམས། །ཞི་ཁྲོ་རིགས་བརྒྱའི་ངོ་བོར་གུས་ཕྱག་འཚལ། །བདག་སོགས་འགྲོ་བའི་འཁྲུལ་སྣང་དབྱིངས་སུ་དག །བར་མེད་ཕྱལ་བ་ཆེན་པོ་མངོན་གྱུར་ཤོག །དེ་ལ་འདིར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྫོགས་རིམ་བར་དོ་དྲུག་གི་ཁྲིད་བསྡུས་ལ། དང་པོ་སྔོན་འགྲོ་རང་རྒྱུད་འདུལ་བ་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཐར་མེད་སྲིད་པའི་བཙོན་རྭ་འདི་ལས་ཐར་བའི་རྟེན། དལ་འབྱོར་གྱི་མི་ལུས་རྙེད་དཀའ་དོན་ཆེ་བ་འདི་ད་རེས་ལན་གཅིག་རྙེད་དུས་བླ་མའི་གསུངས་བཞིན་ཉམས་ལེན་ལ་མ་འབད་ན་ཚེ་ནམ་འཆི་ངེས་མེད་ཡིན་པས་ད་ལྟ་ནས་འགྲུབ་པར་དམ་བཅའ་བྱེད་དགོས་སོ། །རང་རྒྱུད་སྦྱོང་བ་ལ། ཆོས་སྒོ་དད་པས་ཕྱེས་ཏེ་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་ཐེག་ཆེན་ལམ་གྱིས་གཞུང་ཤིང་བྱང་ཆུབ་སེམས་བསྐྱེད་གཉིས་ལ་ཁ་ཙམ་མ་ཡིན་པར་བློ་སྦྱོངས་ཏེ། གཤིས་ཡེ་སྟོང་དང་རྩལ་སྙིང་རྗེ་ཆེན་པོ་ཟུང་འཇུག་དབྱེར་མེད་དུ་རྟོགས་ཐབས་སུ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་ཚོགས་བསགས་སྐུ་གསུམ་མཎྜལ་གཉིས་ལ་བརྩོན། ཁྱད་པར་ལམ་ཟབ་མོའི་རྟོགས་པ་འོད་གསལ་རིག་པའི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བྱེད་བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་དྲག་པོས་གསོལ་འདེབས་དང་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་ནི་གནད་གལ་བོ་ཆེ་ཡིན་ནོ། །དངོས་གཞི་བར་དོ་དྲུག་གི་དང་པོ་སྐྱེ་གནས་བར་དོ་ལ། འདི་སྣང་འཁོར་བའི་ཞེན་ཆགས་བཅད་དེ་དབེན་པའི་གནས་སུ་འདུ་འཛི་

གཡེང་བ་མེད་པར་ལུས་རྣམ་སྣང་ཆོས་བདུན། ངག་སྨྲ་བཅད། རླུང་རང་བབས་སུ་སེམས་དུས་གསུམ་གྱི་རྟོག་ཚོགས་བྲལ་བའི་རིག་སྟོང་གསལ་བའི་ངང་ལ་མ་བཅོས་པར་བཞག །བྱིང་རྨུག་འཕྲོ་རྒོད་མེད་པའི་བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་འཛིན་མི་བྱེད་པར་བཞག་པས་སེམས་བཏང་འགྲོ་བཞག་སྟོད་རང་དབང་ཐོབ་པ་ཞི་གནས། དེའི་གཤིས་ལ་ཡོད་མེད་སྣང་སྟོང་སོགས་དམིགས་གཏད་མཚན་འཛིན་གྱི་བློ་དང་བྲལ་བ་བསམ་བརྗོད་ལས་འདས་པའི་གནས་ལུགས་མངོན་པ་ནི་ལྷག་མཐོང་ཡིན། དེ་ཡང་བླ་མ་ལ་མོས་གུས་དང་མྱོང་ཁྲིད་ཀྱི་མན་ངག་དང་བསགས་སྦྱང་གི་མཐུ་རྣམས་མེད་པས་ཁ་བཤད་ཚིག་ལ་བློས་དམིགས་པས་ནི་གནས་ལུགས་ཀྱི་ཕྱོགས་སུ་མི་ཉེའོ། །གཉིས་པ་རྨི་ལམ་བར་དོ་ལ་ཉིན་སྣང་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་དང་རྨི་ལམ་གྱི་རང་བཞིན་དུ་འདུན་པ་སྦྱངས་ཤིང་། དེ་ཡང་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་ཡིན་པའི་ངེས་ཤེས་བསྐྱེད་དོ། །མཚན་མོ་མགྲིན་པའི་དབུས་སུ་སྐུ་དང་ཡིག་འབྲུ་ཐིག་ལེ་ཕྲ་མོ་གང་རུང་ལ་སེམས་གཏད་དེ་སེང་གེའི་ཉལ་སྟབས་ཀྱིས་གཉིད་པས་རྨི་ལམ་ཡིན་པར་ངོས་ཟིན་ལ། དེ་ཡང་སྐུ་དང་ཞིང་ཁམས་སོགས་སུ་སྤྲུལ་བསྒྱུར་ལ་སྦྱང་ངོ་། །དེ་ནས་ཡང་སྙིང་དབུས་སུ་བསྒོམ་པས་རྨི་ལམ་ཆད་དེ་རིག་སྟོང་འོད་གསལ་ངང་ལ་གནས་པར་སྦྱང་བ་གནད་དོ། །དེས་བསྒོམ་ཉིན་མཚན་འདྲེས་པ་བྱེད་དོ། །གསུམ་པ་བསམ་གཏན་བར་དོ་ལ། སྔར་ལྟར་ཞི་ལྷག་ཟུང་འཇུག་གི་རིག་སྟོང་སེམས་ཡིད་ཀྱི་ཤུན་པ་དང་བྲལ་བའི་རྗེན་ནེ་ལྷང་ངེ་བ་དེ་མཉམ་པར་བཞག་ལ་བརྟན་པ་ཐོབ་ནས། རྗེས་ཐོབ་ཟ་ཉལ་འགྲོ་འདུག་སོགས་ལ་ཡེངས་མེད་དྲན་པས་

རྩལ་སྦྱངས་པས་རྟོག་ཚོགས་རང་གྲོལ་མཉམ་རྗེས་ལ་ཁྱད་མེད་དུ་རྩལ་རྫོགས་ནས་གཤིས་དེ་ལས་འདའ་མ་མྱོང་བའི་བརྟན་པ་ཐོབ་པ་ལ་འབད་པའོ། །བཞི་པ་འཆི་ཁ་བར་དོ་ལ། རྒྱུན་དུ་ནམ་འཆི་ཆ་མེད་ལ་བརྟགས་ཤིང་བཟློག་པ་དང་། ངེས་པར་འཆི་ཚེ་འབྱུང་ལྔའི་ཐིམ་རིམ་གྱི་ཡུལ་ལྔ་འགག་དུས་དང་། སྣང་མཆེད་ཐོབ་གསུམ་གྱིས་རླུང་སེམས་འགག་སྟེ་བརྒྱལ་སངས་བ་ན་གཞིའི་འོད་གསལ་རིག་སྟོང་རང་བབས་སུ་འཆར་ནས་ད་ལྟ་ལམ་གྱི་འོད་གསལ་དང་གཞི་སྣང་ཆོས་ཉིད་བར་དོའི་ལྷ་འཆར་དུས་ད་ལྟ་ཐོད་རྒལ་དང་རང་སྣང་དུ་ཤེས་པས་གྲོལ་བའོ། །དེ་ལ་ད་ལྟ་འཕོ་བ་རང་གྲོལ་ལ་སྦྱངས་ཏེ་འཆི་ཁའམ་བེམ་རིག་བྲལ་དུས་རྣམ་ཤེས་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་བསྲེས་ཏེ་ཞིང་ཁམས་སུ་འཕོ་བར་བྱའོ། །ལྔ་པ་ཆོས་ཉིད་བར་དོ་ལ། ཤི་ནས་བརྒྱལ་སངས་པ་དང་གཞིའི་འོད་གསལ་རང་བབས་སུ་འཆར་ཞིང་། གཞི་སྣང་སྐུ་དང་ཐིག་ལེའི་འོད་ཀྱི་རྣམ་པར་འཆར་བའི་ཀློང་དུ་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཐུགས་ཀའི་ཡེ་ཤེས་ལྔའི་འོད་དང་། རིགས་དྲུག་གི་འོད་འཆར་བ་རྣམས་རང་གི་རིག་པའི་རྩལ་དུ་ཤར་བ་ལས་གཞན་ན་མེད་པར་ངོ་ཤེས་ན་ལོངས་སྐུ་རིགས་ལྔའི་ཞིང་དུ་གྲོལ་བས་ན་ད་ལྟ་ལམ་ཐོད་རྒལ་གྱི་སྣང་ཆ་ཐམས་ཅད་རང་གི་རིག་གདངས་སུ་ཤེས་པའི་ངང་ལ་མ་བཅོས་འཛིན་མེད་དུ་བཞག་སྟེ་སྦྱང་པ་གལ་ཆེ། དེ་དུས་ངོ་ཤེས་ནས་གྲོལ་ཐུབ་པ་ཞིག་བྱ་དགོས་སོ། །དྲུག་པ་སྲིད་པ་བར་དོ་ལ། ཆོས་ཉིད་བར་དོ་ཡལ་བ་དང་ཁང་བ་རྡིབ་པ་ལྟ་བུའི་བེམ་པོ་ལས་རིག་པ་སྒོ་གང་རུང་ནས་བྲལ་ལ་སྲིད་པ་བར་དོ་འཆར་ཏེ། འབྱུང་བཞི་ལོག་པའི་སྒྲ་བཞི་དང་། དུག་གསུམ་ལས་ཡ་ང་བའི་གཡང་ས་གསུམ་དང་། ཉི་ཟླ་རྐང་རྗེས་གྲིབ་མ་མེད་པ་སོགས་མ་ངེས་པའི་རྟགས་དྲུག་དང་། གནས་

གྲོགས་ཟས་གོས་སོགས་ངེས་པ་མེད་པའི་རྟགས་སྣ་ཚོགས་པ་འབྱུང་ལ། གདོས་བཅས་ལུས་མེད་པའི་མིང་བཞིའི་ཕུང་པོ་རི་བྲག་སོགས་ལ་མི་ཐོགས་པ་སྐྱིད་སྡུག་སྣ་ཚོགས་ངེས་མེད་ཡད་ཡུད་འཕྱ་འཕྱོའི་རྣམ་པ་འཇིགས་སྐྲག་སོགས་ཤར་བ་ན་བར་དོའི་འཁྲུལ་སྣང་བདེན་མེད་རྨི་ལམ་ལྟ་བུར་ངོ་ཤེས་པར་བྱས་ནས་འཁོར་བའི་མངལ་སྒོར་མི་འཇུག་པར་བཀག་པ་དང་། བླ་མ་ལྷ་དང་ལྟ་བ་དྲན་པའི་ངང་ནས་བདེ་བ་ཅན་སོགས་ཞིང་ཁམས་སུ་འཕེན་པ་གཏད་དེ་འཕོ་བར་བྱ་དགོས་ཚུལ་ད་ལྟ་སེམས་ལ་བཞག་སྟེ་སྦྱངས། གལ་ཏེ་འཕོ་མ་ཐུབ་ན་མངལ་སྒོ་བཟང་ངན་བསྡམ་པ་ལ་འོད་དཀར་པོ་ལྷ་དང་། སྔོན་པོ་མི་ལྟ་བུ་དང་། མགོ་གྱེན་དུ་བསྟན་པ་ལྷ་མིའི་སྣང་བ་ཁང་བཟང་རྡོར་དྲིལ་སོགས་མཐོང་བ་ལ་འཇུག །ཕ་མ་ཆོས་རྒྱུད་ཅན་དང་ཡུལ་ཆོས་དར་བ་སོགས་ལ་རང་དོན་ཆོས་ཀྱིས་འཕྲོ་མཐུད་ཅིང་། གཞན་དོན་སེམས་ཅན་ལ་ཕན་བདེ་བསྒྲུབ་ཆེད་དུ་རང་ཉིད་སྐུ་དང་ཡིག་འབྲུའི་རྣམ་པར་ཕའི་ཞལ་རྒྱུད། མའི་མངལ་གཞལ་ཡས་ཁང་དུ་མོས་ལ་སྐྱེ་བ་འཛིན་པར་བྱའོ། །སྨྲས་པ། དེ་དག་གོ་ལོ་ཙམ་དུ་མི་བཞག་པར། །གནད་ལས་བསྡུས་ནས་མན་ངག་སྙིང་དབུས་བརྟེན། །ཉམས་རྟོགས་ཡོན་ཏན་དབྱར་གྱི་ལྗོན་བཟང་རྩེར། །དོན་གཉིས་མཐར་ཕྱིན་འབྲས་བུའི་སྐུར་སྨིན་ཤོག །ཅེས་པ་བླ་མ་དམ་པ་ངག་བརྩོན་དང་གྲོགས་མཆེད་ཡེ་དར་སོགས་ཀྱིས་ངོར་ཝ་བླས་བྲིས་པ་སླར་ཡང་ཅུང་ཟད་བཅོས་ཏེ་ཕུལ་བ་དགེའོ། །བཀྲ་ཤིས། སརྦ་མངྒ་ལཾ།། །།


previousབར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ།next