Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་ཉུང་ངུ་།
   
   
   
   
   
   
   


 
previousའཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་ཉུང་ངུ་།next

འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་ཉུང་ངུ་།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་ཉུང་ངུར་བསྡུས་པའོ༔

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔འཆི་ཁ་བར་དོའི་ཁྲིད་འཕོ་བ་དྲན་པ་རང་གྲོལ། རྒྱལ་པོའི་བཀའ་ཐམ་བསྐུར་བ་ལྟ་བུའི་གདམས་ངག་འདི་ལ་ལོ་རྒྱུས་དང་གདམས་པ་དངོས་སོ། །སྤྱིར་གསང་སྔགས་གསར་རྙིང་གི་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ནས་འཕོ་བ་འདི་གསུངས་ཏེ། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་དུས་སུ་ཡིད་ཀྱིས་བསམ་པ་གང་ཞིག་དྲན་པར་གྱུར་པ་དེ་ནི་སྐྱེ་བོ་ཡང་དག་སྐྱེ། ཞེས་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས། ཐམས་ཅད་ལུས་ལ་གནས་པ་ཡི། །ཡེ་ཤེས་ཀྱི་ནི་ཡེ་ཤེས་མཆོག །སྟེང་དུ་ཚངས་པའི་སྒོ་འདི་ནི། །མདོ་ལས་འཕོ་བའི་མིང་དུ་བཤད། །ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །རྐུ་འཕྲོག་འདོད་ལོག་སྤྱད་པ་ཡང་། །ལམ་འདི་ཡིས་ནི་དག་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། ཅི་ལྟར་འདམ་སྐྱེས་པདྨ་ནི། །འདམ་གྱིས་གོས་པར་མ་ནུས་ལྟར། །ཞེས་དང་། འཕོ་བ་དྲན་པ་རང་གྲོལ་གཞུང་ལས། དུས་ལ་བབ་པའི་འཕོ་བ་ནི༔མཚམས་མེད་ལྔ་བྱེད་པའི་གང་ཟག་ཡིན་ཡང་མཐོ་རིས་སམ་ཐར་པ་ཐོབ་པར་གསུངས་པས་ཕན་ཡོན་ཤིན་ཏུ་ཆེའོ༔ཞེས་གསུངས་སོ། །དེ་ལ་གསར་མའི་ལུགས་ཀྱི་ན་རོ་ཆོས་དྲུག་ལས་འཕོ་བ་ལམ་གྱི་སྐྱེལ་མ་ཡིན། ཞེས་དང་།

དེ་བཞིན་ནི་གུ་ཆོས་དྲུག་ལས། འཕོ་བ་མཁའ་སྤྱོད་མ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་འཕོ་བ་སྐར་ཁུང་མ་སོགས་གསར་མའི་ལུགས་ཀྱང་མང་དུ་ཐོབ་ལ། རྙིང་མའི་ལུགས་བཀའ་བརྒྱད་དགོངས་འདུས་པདྨ་འོད་འབར་གྱི་འཕོ་བ་ཡང་ཐོབ་མོད་ཀྱི། ད་ལམ་ཡང་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་མ་འཕོ་བ་འཇག་བཙུགས་མ་དང་། སྲས་ཀརྨ་གླིང་པའི་གཏེར་མ་ཞི་ཁྲོའི་འཕོ་བ་དྲན་པ་རང་གྲོལ་དང་འཇག་བཙུགས་མ་དེ་ཉིད་ལ་རྗེ་ཞྭ་དམར་བ་ཉིད་ཀྱིས་བརྩམས་པའི་འཕོ་བ་གསུང་མཆོག་མ་གསུམ་འབྲེལ་ཆེ་བས་སྦྲགས་ཏེ་བཤད་པ་ལ་ལོ་རྒྱུས་ཟུར་ཙམ་ཞུ་ན། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཉི་མ་ཞེས་བྱ་བས་མེ་མཆེད་ཤོར་བའི་ཚེ་མཆོད་པའི་བླ་མ་གཅིག་ཕ་མ་གཉིས་སོགས་མི་བཅུ་གསུམ་རྟ་ཁྱི་ར་ཕག་ཡན་ཆད་དུད་འགྲོ་སུམ་བརྒྱ་ཙམ་ཚིག་ནས་ཤི། ཤི་བ་ཚོ་དམྱལ་བར་སོང་། བློན་པོ་ཉི་མས་མཚམས་མེད་ཀྱི་སྡིག་རང་ཤོར་བས་མྱ་ངན་གྱི་མུན་ཁུང་དུ་ཞུགས། ཟས་ཡང་མ་ཟོས་པས་འཆི་ལ་ཁད་དུ་ཡོད་པ་ན། རྒྱལ་པོས་ཨོ་རྒྱན་ལ་མཎྜལ་ཕུལ་ནས་བློན་པོ་ཉི་མའི་སྡིག་གི་མུན་པ་སེལ་བ་དང་། ཚེ་འདས་རྣམས་སངས་རྒྱས་ཐོབ་པའི་མན་ངག་ཞུས་པས་ཨོ་རྒྱན་གྱིས་ཅི་ཡང་མ་གསུངས་པས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། ཨོ་རྒྱན་རིན་པོ་ཆེ་ལགས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སངས་རྒྱས་འོད་དཔག་མེད་ཀྱི་མདུན་དུ་ཐུགས་དགོངས་གཏོད་དང་། དེར་གདམས་ངག་དེ་ཡོད་ལགས་ཞུས་པ་དང་། ཨོ་རྒྱན་རིན་པོ་ཆེས་ཤེལ་བེར་གྱི་ནང་དུ་དབུ་གཏུམ་ནས་བཞུགས་ཏེ། རྫུ་འཕྲུལ་གྱིས་བདེ་བ་ཅན་དུ་སྐད་ཅིག་ལ་བྱོན་པས། རིན་པོ་ཆེའི་གཞལ་ཡས་ཁང་གི་སྒོ་དྲུང་ན་རྡོ་རྗེ་ཕག་མོའི་སྤྲུལ་པ་རྒན་མོའི་གཟུགས་ཅན་ཞིག་གིས་མཇལ་ཁ་བྱས། སངས་རྒྱས་ལ་ཕྱག་མཛད། ཕྱག་ལན་ཡང་མཛད། རིན་པོ་ཆེའི་ཁྲི་སྟེང་དུ་

བཞུགས། ཨོ་རྒྱན་(རིན་པོ་ཆེས་){གཞག་པས་}བློན་པོ་ཉི་མའི་ལོ་རྒྱུས་ཞུས་ནས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་ཨོ་རྒྱན་གྱི་ཐུགས་ཀར་བསྟིམ་ནས་བཀའ་བསྒོ་མཛད། འཕོ་བའི་གདམས་པ་གནང་ནས་བཀའ་རྒྱ་མཛད། དེ་ནས་ཨོ་རྒྱན་སྐད་ཅིག་ལ་ཚུར་བྱོན་ནས་བློན་པོ་མུན་ཁང་ནས་བཏོན་ཏེ། གསེར་ཉི་མ་ཙམ་དངུལ་ཟླ་བ་ཙམ་རིན་པོ་ཆེ་སྣ་ལྔ་ཕུལ་ནས་ཚོགས་འཁོར་བཤམས་ཏེ་བློན་པོ་ལ་གཅིག་བརྒྱུད་དུ་གནང་བློན་པོས་བསྒོམ་པས་ཞག་གསུམ་ནས་བློན་པོའི་མུན་པ་སང་ནས། ཞག་ལྔ་ནས་ཚེ་འདས་རྣམས་ཀྱང་སངས་རྒྱས་ཐོབ་པ་ཀུན་གྱི་མཐོང་། བློན་པོ་འཇའ་གུར་ལ་འདུག་ནས་འཕོ་བ་སྦྱང་བ་དང་། ལྷའི་བུ་དང་བུ་མོ་རྣམས་ཀྱིས་ཞལ་གཟིགས། དེར་ཐམས་ཅད་ངོ་མཚར་སྐྱེས་ནས་གདམས་ངག་རྣམས་རྒྱལ་པོས་ཞུས་ཀྱང་མ་གནང་། སངས་རྒྱས་ཀྱིས་བཀའ་རྒྱ་ཡོད་གསུངས། མཚོ་རྒྱལ་གྱི་ཤངས་མཚལ་གྱིས་ཏཱ་ལའི་ལོ་མ་ལ་བྲིས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུག་ནས་དྲག་པོའི་མཚོ་ལ་སྦས། གཏེར་བདག་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་གཏད། ཕྱིས་བློན་པོ་དེ་ཡི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་མཚོ་ནང་དུ་བྱོན་ནས་བཏོན། ཀླུ་རྣམས་ཀྱིས་ནོར་བུ་བཅུ་གསུམ་ཕུལ་ནས་ཞུས་པས་ཀླུ་དང་ཉ་སྲམ་ཡན་ཆད་གྲོལ། མི་རྣམས་ལ་བསྟན་པས་ལུས་སེམས་བྲལ་མ་ཐག་སངས་རྒྱས། གཏེར་སྟོན་ཉི་ཟླ་སངས་རྒྱས་དགུང་ལོ་བརྒྱ་དང་ཉི་ཤུ་ཐོབ། དེའི་སྲས་ཀརྨ་གླིང་པ་འཁྲུངས་པས་དྭགས་ལ་སྒམ་པོའི་རྒྱབ་རི་ནས་ཞི་ཁྲོའི་ཆོས་སྐོར་གཏེར་ནས་བཏོན། དེའི་ནང་ནས་འཕོ་བ་དྲན་པ་རང་གྲོལ་བྱ་བ་ཡོད་པ་དང་། འདི་གཉིས་མ་བུ་ལྟ་བུ་ཡིན། བརྒྱུད་པ་ནི་ཉི་ཟླ་སངས་རྒྱས་མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སངྒ་བྷ་དྲ། ཕ་རྒོད་དྲི་མེད་བློ་

གྲོས། ཆོས་རྗེ་སངས་རྒྱས་རྒྱལ་མཚན། མཚུངས་མེད་མ་ཏིའི་མཚན་ཅན། ཡོང་འཛིན་ཕུན་ཚོགས་རྣམ་རྒྱལ། ཡབ་ཆོས་རྒྱལ་ཕུན་ཚོགས། སྲས་ཞྭ་དམར་བ་ཆོས་ཀྱི་དབང་ཕྱུག་དེས་གསོལ་འདེབས་གསང་མཆོག་མ་སོགས་མཛད་པས་ཀཾ་ཚང་ལ་རྒྱ་ཆེར་དར། བླ་མ་ཝོལ་པ་པས་རྗེ་ཞྭ་དམར་བ་དང་འབྲི་ཁུང་ཞབ་དྲུང་སྐུ་མཆེད་སྟག་ལུང་ངག་དབང་རྣམ་རྒྱལ་སོགས་མང་པོ་ལས་ཞུས་ནས་འཕོ་བའི་གྲུབ་ཐོབ་ཏུ་གྲགས་ཏེ། ཕུག་རོན་སྒྲོག་རུས་ཆག་ནས་འཆི་མ་ནུས་པ་ལ་འཕོ་བ་བཏབ་པས་སྤྱི་བོ་ནས་སྤུ་གཅིག་ནམ་མཁའ་ལ་ཡར་ཏེ་དེ་མ་ཐག་གཤོག་ལྡེབ་ཀྱི་ཤི་བ་དང་། མཛོ་མོ་ཞིག་ཁྱི་སྨྱོན་གྱིས་ཕུག་ནས་ཤི་མ་ནུས་གཟེར་ཆེ་སྐབས་འཕོ་བ་མཛད་པས་དེ་མ་ཐག་ཏུ་ཤི་བ་བྱུང་བས་འཕོ་བའི་མངའ་བདག་ཏུ་གྱུར་པ་ལ། བདག་རཱ་ག་ཨ་སྱས་ཞག་བཅུ་བཞི་ཙམ་ཁྲིད་ཞུས་ནས་སྦྱངས། གཞན་ཡང་བླ་མ་འཕོ་བ་ལུགས་བ་ཀུན་དགའ་གཉེན་ནས་བརྒྱུད་པ་ཡང་ཐོབ། གཞན་ཡང་ཞི་ཁྲོའི་འཕོ་ལུང་ནི་ཞི་ཁྲོ་དང་བརྒྱུད་པ་གཅིག་ཡིན་ནོ། །དེ་ཡང་འཕོ་བ་དྲན་པ་རང་གྲོལ་གྱི་གཞུང་ལས། དེ་ཡང་གང་ཟག་ཁྲེག་ཆོད་ཀྱི་སྐོར་དང་༔སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་མ་འགྱང་གྲོལ་ལུགས་བཞིའི་དོན་མ་རྟོགས་པ་དང་༔ཁྱད་པར་དེ་རྣམས་ཐོབ་ཀྱང་བསྒོམ་ལུང་མེད་པའི་གང་ཟག་སྡེ་དཔོན་དང་ཁྱིམ་པ་རྣམ་གཡེང་ཅན་རྣམས༔གདམས་པ་ཟབ་མོ་ཐོབ་ཀྱང་ཉམས་སུ་མ་ལོན་པར་གདམས་ངག་ཡིག་ཐོག་ཏུ་ལུས༔ཆོས་གོ་ཐོག་ཏུ་ལུས༔རང་སེམས་ཐ་མལ་དུ་ལུས་པ་རྣམས་འཆི་ཁར་སངས་རྒྱས་པའི་གདམས་ངག༔བསྒོམ་མི་དགོས་པའི་བཙན་ཐབས་སུ་སངས་རྒྱས་པའི་གདམ་ངག་འཕོ་བ་དྲན་པ་རང་གྲོལ་འདི་གལ་ཆེ་སྟེ༔དེ་ཡང་སྐྱེས་ཕྱིན་ཆད་ངེས་པར་འཆི༔ འཆི་བའི་སྟེང་དུ་ནམ་འཆི་ཆ་མེད༔ དེ་བས་མྱུར་དུ་འཆི་

བས་འཕོ་བ་ལ་གཉིས་ཏེ་སྦྱངས་པ་དང་ལས་ལ་སྦྱོར་བ་གཉིས། དང་པོ་སྦྱང་བ་ནི། དཔེར་ན་སྐྱེས་པས་ཕྱི་དགྲ་འོང་དོགས་ནས། དགྲ་མེད་པའི་གོང་ནས་གོ་མཚོན་དང་མདའ་གཞུ་རྩལ་སྦྱངས་ཏེ་དགྲ་ནམ་བྱུང་བ་དང་། འདེབ་མ་རག་བྱེད་པ་ལྟར་འདིར་ཡང་འཆི་ལྟས་མ་བྱུང་གོང་ནས་སྦྱངས་དགོས་ཏེ། ནམ་འཆི་མི་ཤེས་པས་ད་ལྟ་ནས་བྱང་བར་བྱ་སྟེ། ནམ་ཞིག་འཆི་བར་ངེས་པར་ལས་ལ་སྦྱོར་མ་རན་པར་སྦྱངས་པ་བྱེད་པ་ནི་ཤིན་ཏུ་གཅེས་སོ། །དེ་ཡང་འཕོ་བ་སྦྱོང་བ་ནི། ཁྲིད་ཀྱི་དུས་འཕོ་བའི་དགོས་ཁྲིད་བྱས་ཀྱང་རུང་སྟེ། ཁྲིད་ཀྱི་སྔོན་འགྲོ་ལྟར་དལ་འབྱོར་རྙེད་པར་དཀའ་བ། འཁོར་བའི་ཉེས་དམིག་བསམ་པ་འཁོར་བ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་བའི་བསམ་པ་བསྐྱེད། དེའི་སྟེང་དུ་མི་ལུས་རིན་པོ་ཆེ་ཡང་རྙེད་པར་དཀའ་བས་རྙེད་ཀྱང་རིང་དུ་མི་གནས་པའི་འཆི་བ་ཞེ་ཐག་པ་ནས་དྲན་པར་བྱ་ཞེས་གསུངས་པས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་བསྐལ་པ་རྒྱ་སྟོང་ནང་ནས་ལན་རེ་ཙམ་ཡིན། ད་རེས་ཐོབ་ཀྱང་སྐྱེ་བ་གཏན་གྱི་སོ་ནམ་དམ་པའི་ཆོས་ནི་མ་འགྲུབ། དུས་ལན་གཅིག་འཆི་ནད་ཀྱིས་ཐེབ་ཆོས་ནི་མེད། རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་ཚོ་སྙིང་རེ་རྗེ་བསམ་པ་གྱིས་ལ་འདི་རྗེས་ཟློས་མཛོད། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀྱཻ་མ་ཀྱཻ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་ཐུགས་རྗེའི་མཐུ་མངའ་བས། །བདག་སོགས་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་བརྗོད་བཅུག །དེ་ནས་འཁོར་བའི་

ཉེས་དམིགས་ནི། འཁོར་བའི་རྒྱ་མཚོ་རྒྱ་ཆེ་གཏིང་ཟབ་པས་མཐའ་ཡི་རྫོགས་སོ་མེད། ངན་སོང་གསུམ་གྱི་སྡུག་བསྔལ་རྣ་བས་ཐོས་ཀྱང་ཡ་ང་ན། ཐོག་ཏུ་བབ་ན་ཅི་ཟུག་བསྲན་ཐུབ། མཐོ་རིས་མི་འདི་རིགས་དྲུག་གི་ནང་ནས་སྐྱིད་ཤོས་ཡིན་ནའང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལན་དུང་ཕྱུར་དུ་ཡང་ཡང་མྱོང་བས་སུས་བཟོད། འདི་ལས་ཐར་ཐབས་དམ་པའི་ཆོས་ཤིག་ད་རེས་མི་བྱེད་ན་ནམ་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱཻ་མ་ཀྱཻ་མ་མི་རྟག་འཁོར་བའི་ཆོས། །ཐར་མེད་ལས་ཀྱི་རྒྱ་མཚོ་དོང་རིང་དུ། །ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས། །མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས། །བདེ་བར་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །བདག་འདོད་གཟུང་འཛིན་བཅིང་པའི་བཙོན་ར་འདིར། །རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར། །མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུན་འཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཞེས་བརྗོད་བཅུག །ད་རེས་ཡང་མི་ཚེ་སྟོང་ཟད་དུ་སོང་། ཨེ་སྐྱིད་ངང་ལ་སྡིག་སྡུག་སྣ་ཚོགས་བྱས། མི་ཚེ་སྟོང་ཟད་སྡུག་བསྔལ་དཀའ་ལས་ཁོ་ན་ལ་ཟད། མི་འདི་ཙམ་ཤི་བ་ཐོས་ཀྱང་ཡ་ང་མེད་པ། རེས་མོ་དེ་རང་ལ་ནམ་བབ་བསམ་པ་གྱིས་ལ་རྗེས་ཟློས་མཛོད། སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་

འཆི་བ་དྲན་པར་བྱིན་གྱིས་རློབས། །མི་རྟག་བློ་གཏད་མེད་པར་མ་ཤེས་ནས། །ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་ཟད། །འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླའི་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་བསམས་ན་རང་ཉིད་འཆི་བས་གཏུགས། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །དེས་སྔོན་འགྲོ་ས་བཅད་མ་སྟོང་ཙམ་ཡིན། སྐྱབས་འགྲོ་སེམས་བསྐྱེད་བྱ་གསུངས་པས། དཀོན་མཆོག་རིན་ཆེན་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་ཞུ། འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་དོན་དུ་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཀྱི་དོན་དུ་ཟབ་ལམ་འཕོ་བའི་གདམས་ངག་གི་སྒོ་ནས་སངས་རྒྱས་ཐོབ་པར་བྱ་སྙམ་སྟེ། སེམས་གཞན་དུ་མ་འཕྲོ་བར་འདིའི་རྗེས་ཟློས་གྱིས་ཤིག །ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ལན་གསུམ། ད་དངོས་གཞི་འདི་ལ་དམིགས་པ་རྒྱས་བསྡུས་གསུམ་ཡོད་པ་ལས། དང་པོ་བླ་མ་བརྒྱུད་པའི་གསུང་རྒྱུན་ནི། ཁྱེད་རང་རྣམས་ཀྱི་ལུས་འདི་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བས་མ་མཆུ་མནན་པ་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་ཡེ་

ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ། ཡབ་ཧེ་རུ་ཀ་སྦས་པའི་ཚུལ་ཁ་ཊྲཱཾ་མཆན་ཁུང་གཡོན་ནས་ཡར་སྒྲེང་བ། ཞབས་གཡས་བསྐུམ་པས་བྷ་གར་གཏད་ཅིང་། གཡོན་བསྐྱང་བས་པདྨ་དང་ཉི་མ་རོའི་སྙིང་ཀར་མནན་པ། ཐོད་པ་སྐམ་པོ་ལྔའི་དབུ་བརྒྱན་དང་། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་ཅན། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པ། སྐུའི་གནས་མཐོ་བ་རྣམས་རྒྱ་སྐྱེགས་ཀྱི་ཁ་བཀུས་པ་ལྟར་སྨུག་པ་སྒེག་ཅིང་གཞོན་ཤ་ཆགས་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། བདེ་བའི་ཉམས་དུ་མ་དང་ལྡན་ཞིང་འོད་ཕུང་གི་ཀློང་ན་གར་ཐབས་ཁྱུག་ཁྱུག་བྱེད་པ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ། དེ་ཡང་མཚན་ཉིད་བཞི་དང་ལྡན་པ། བདེ་བ་མཚོན་པའི་ཕྱིར་ཕྱིི་དཀར་བ། གསལ་བ་མཚོན་པའི་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་ཤིན་ཏུ་དྲང་བ་སྦོམ་ཕྲ་མདའ་སྙུག་འབྲིང་པོ་ཙམ། ངན་སོང་གི་སྒོ་བཀག་པའི་ཕྱིར་མར་སྣེ་ལྟེ་འོག་སུམ་མདོར་ཕུག་སྡུགས་སུ་ཡོད་པ། ཐར་པའི་སྒོ་འབྱེད་པའི་ཕྱིར་ཡར་སྣེ་སྤྱི་བོར་ཚངས་པའི་བུ་གར་ཧད་པོར་ཡོད་པ། སྤྱི་གཙུག་ཏུ་རིན་པོ་ཆེ་ཡི་ཁྲིའི་སྟེང་དུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཅིང་ཆོས་གོས་གསུམ་གྱིས་ཀླུབས་པ། ཕྱག་མཉམ་བཞག་གི་སྟེང་ན་འཆི་མེད་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། ཞབས་བྱམས་བཞུགས་མཛད་པའི་ཞབས་ཀྱིས་མཐེ་བོང་གཉིས་ཀྱིས་ཚངས་བུག་བཀག་སྟེ་བཞུགས་པ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་རྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ནས་འོད་དཔག་མེད་ལ་ཐིམ་

པས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་གྱུར། གཞུང་ནས་སྙིང་གར་གསུངས་ཀྱང་སྲིད་པ་ཆགས་འཇིག་གི་གནས་ལྟེ་བ་ཡིན་པས་ལྟེ་བའི་ཐད་དབུ་མའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ་སྙུག་མའི་ཚིགས་འགག་པ་ལྟ་བུ། དེའི་སྟེང་དུ་ཟླ་བའི་གདན་ཆུང་ངུ་གཅིག །དེའི་སྟེང་དུ་རང་གི་རླུང་སེམས་རྣམ་པར་ཤེས་པ་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་བཀྲག་མདངས་དང་ལྡན་པ། འཕར་ལ་ཁད་པ། འཕུར་ལ་ཁད་པ། ཡར་ལ་ཁད་པ། དབུགས་འདྲེན་དུས་ཡང་འཕུར་ལྷེབ་ལྷེབ་བྱེད་པ་གཅིག་བསྒོམ། དེ་ནས་སངས་རྒྱས་འོད་དཔག་མེད་ལ་དམིགས་པ་རྩེ་གཅིག་གཏོད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔གྲུབ་ཐོབ་ཀརྨ་གླིང་པ་ལ་གསོལ་བ་འདེབས༔དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས༔བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔རྒྱས་པར་འདོན་པ་ལོབ་ན་ནི་འདྲེས་བྱང་ལ་འདོན། ད་རེས་རྗེས་ཟློས་དེས་ཆོག །རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོ་ལས། སེམས་ཀྱི་རྩ་ནས་དེ་བཞིན་ཧིག །སྟེང་དང་འོག་དང་དེ་བཞིན་ཏེ། །ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱངས། །བཟློག་པར་བྱ་བའི་ས་བོན་གྱིས། །ལྷན་གཅིག་བློ་

དང་ལྡན་པས་སྦྱོངས། །ཞེས་གསུངས་པ་ལྟར་ལུས་བསྲང་ལག་པ་གཉིས་རྡོ་རྗེ་ཁུ་ཚུར། མཐེ་བོང་གིས་སྲིན་རྩ་མནན་ཏེ་དཔྱི་སྟེང་དུ་བཟུང་། ལུས་ཤེད་སྟོད་དུ་སྤུངས། རིག་པ་རྩེེ་གཅིག་ཏུ་ལྟེ་འོག་གི་ཐིག་ལེ་ལ་གཏད། འདི་གསང་སྔགས་ཡིན་པས་སྐད་ཆེ་མི་རུང་གྲེ་ཁུང་ནས་ཧིཀ་བརྗོད་པས་ཐིག་ལེ་དེ་ཡར་འཕར་ནས་སྤྱི་བོའི་སངས་རྒྱས་ཀྱི་མཐེ་བོང་ལ་ཐུག །ཀ་ཞེས་བརྗོད་པས་མར་བབ་ནས་ལྟེ་འོག་གནས་པར་བསྒོམ། དེ་འདྲ་ཡར་སྤར་བ་དང་། མར་ཕབ་པ་གཉིས་གཅིག་ཏུ་བརྩི་བའི་ཐུན་རེ་ལ་བརྒྱ་རེ་ཙམ་བྱ། ཐུན་མཇུག་ཏུ་སྤྱི་བོ་ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པའི་སྟེང་དུ་འོད་དཔག་མེད་དེ་ཚེ་དཔག་མེད་ཀྱི་སྐུར་གྱུར་ནས་བཞུགས་ཡོད་པར་བསྒོམ་ལ། ཤེས་ན་ཚེ་གཟུངས་ཚར་གསུམ་ཙམ་འདོན། མི་ཤེས་ན་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། མང་དུ་བརྗོད། དེ་ལྟར་ཞག་རེ་ལ་ཐུན་དྲུག་གམ། ཐ་ནའང་ཐུན་བཞི་རྩེ་གཅིག་ཏུ་ཉམས་སུ་ལོངས་ཤིག །ཆོས་ཐུན་དང་པོའོ། །༈ འོ་ན་འཕོ་ལུང་འདིའི་དོན་རྩ་སྤྱི་བོ་ནས་འཕོས་པ་དང་། བུ་ག་གཞན་ནས་རྣམ་ཤེས་ཐོན་པ་ལ་ཁྱད་ཅི་ཡོད་སྙམ་ན། རྡོ་རྗེ་གདན་བཞི་རྩ་རྒྱུད་ཆེན་པོ་ལས། ལམ་བཟང་པ་ཡི་མཛེས་པའི་གནས། །ལམ་ངན་སྲིད་པའི་སྐྱོན་གྱིས་གོས། །ཐིག་ལེ་ལྟེ་བ་སྤྱི་གཙུག་དང་། །མིག་དང་སྣ་དང་རྣ་བ་དག །ཆུ་དང་ཆུ་མིག་སྒོ་ཡིན་ཏེ། །སྒོ་དགུ་ཡི་ནི་མཚན་ཉིད་ཡིན། །ལྟེ་བ་འདོད་ཅན་མཐོ་རིས་ཏེ། །ཐིག་ལེ་གཟུགས་ཀྱི་ལུས་ཅན་ནོ། །སྟེང་ནས་སྟེང་གི་གནས་ཡིན་ཏེ། །མི་གདུག་ལ་སོགས་དེ་རུ་འགྲོ། སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་ནི་གྲུམ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ནས་ཡི་དྭགས་ཏེ། །དེ་ནི་ལྕི་བས་དུད་འགྲོའོ། །ཆུ་མིག་རྣམ་ཤེས་མྱུར་བ་རུ། །དམྱལ་བ་བརྒྱད་དུ་ཤེས་

པར་བྱ། །སྒོ་རྣམས་ཀྱི་ནི་བྱེ་བྲག་གི། འཁོར་བའི་བྱེ་བྲག་འབྱུང་བ་ཡིན། །དེ་བས་སྒོ་ཡི་བྱེ་བྲག་ལས། །སྒྲུབ་པ་པོས་ནི་ལམ་བཟང་བརྟེན། །ཞེས་དང་། ནྭ་རོ་པཎ་ཆེན་གྱི་ཞལ་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་དབྱེ། །ཞེས་དང་། རང་བྱུང་རྡོ་རྗེས། དེ་ནས་རྣམ་ཤེས་ཀུན་གཞི་ནི། །ཚངས་བུག་ནས་ནི་གཟུགས་མེད་དེ། །ཐིག་ལེ་ནས་ནི་ལྷ་མོ་ཆེ། །མིག་ལས་འདོད་པའི་མི་དབང་པོ། །རྣ་བ་ལས་ནི་གྲུབ་པའི་ལྷ། །སྲིད་པའི་སྒོ་ལས་ཡི་དྭགས་བཤད། །ཆུ་ཡི་ལམ་ནས་དུད་འགྲོ་སྟེ། །འོག་སྒོ་ནས་ནི་དམྱལ་བ་བརྒྱད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་འཕོ་བ་དྲན་པ་རང་གྲོལ་ལས། དེ་ཡང་རྣམ་ཤེས་འཕོ་བའི་ལམ་ལ་ཁྱད་པར་ཆེ་སྟེ༔དེ་ལ་རབ་འབྲིང་ཐ་གསུམ་སྟེ་དགུའོ༔སྤྱི་བོ་ཚངས་པའི་བུ་ག་ནི༔དག་པ་མཁའ་སྤྱོད་དུ་ུའགྲོ་བའི་ལམ་ཡིན༔དེར་རིག་པ་ཐོན་ན་ཐར་པ་ཐོབ་པར་འགྱུར་བས༔ལམ་མཆོག་ཏུ་གྱུར་པ་ཡིན་པས་དེར་འདུན་པ་གཏད་པ་ལ་བྱང་བ་གལ་ཆེའོ༔མིག་ལས་རྣམ་ཤེས་ཐོན་ན་འཁོར་ལོའི་བསྒྱུར་བའི་རྒྱལ་པོར་སྐྱེ༔སྣ་བུག་གཡོན་ནས་མི་ལུས་གཙང་མ་སྟེ་སྒོ་རབ་གསུམ་མོ༔སྣ་བུག་གཡས་ནས་གནོད་སྦྱིན༔རྣ་བ་གཉིས་ནས་གཟུགས་ཁམས་གྱི་ལྷ༔ལྟེ་བ་ནས་འདོད་པའི་ལྷར་སྐྱེས་སྟེ་སྒོ་འབྲིང་གསུམ་མོ༔ཆུ་ལམ་དུད་འགྲོ༔སྲིད་པའི་སྒོ་ཞེས་བྱ་བ་ཁམས་དང་ཐིག་ལེ་དཀར་དམར་འབྱུང་བའི་ལམ་ཡི་དྭགས༔གཤང་ལམ་དམྱལ་བར་སྐྱེ་བས་སྒོ་ཐ་མ་གསུམ་མོ༔ཞེས་གསུངས་ལ། གསར་མ་ལས་ནི། སྲིད་པའི་སྒོ་ཁ་ཡིན་པར་བཞེད་ལ། འབྲུག་ལུགས་ཀྱི་ཁྱད་ཆོས་ཚོགས་མ་ནི། ཚངས་སྨེའི་ལམ་སྟེ་གཟུགས་མེད་དུ་སྐྱེ་བའི་སྒོ་ཡིན་ལ། ཚངས་བུག་ནི་སྤྱི་བོའི་གཙུག་སྟེ་དག་པའི་ལམ་དུ་བཞེད། གྲུབ་མཐའ་གཞན་ཐམས་ཅད་ཀྱི་ཚངས་བུག་

དང་ཚོགས་མ་གཅིག་སྟེ། འཕོ་བའི་གདམས་ངག་གིས་འཕོས་ན་མཁའ་སྤྱོད་དུ་འགྲོ། རང་ག་ལས་དབང་གིས་འཕོས་ན་གཟུགས་མེད་ཁམས་སུ་སྐྱེ། སྒོ་གཅིག་ཀྱང་གདམས་ངག་ཡོད་མེད་ཀྱི་ཚད་དུ་བཞེད། གསོ་རིག་པ་ལ་ལས་ཚོགས་མ་ནི་ལྟག་ཁུང་སོ་སོའི་སྣ་ཡིན་ཞེས་ཟེར་རོ། །རང་ལུགས་ལ་སྒོ་དགུ་བས་མང་པོ་རྒྱུད་གཞུང་ནས་མ་བཤད་པས་ཚོགས་མ་ཚངས་བུག་གཅིག་པར་འདོད་དོ། །དེ་ལ་སྐྲ་མཚམས་ན་ཁུ་ཚུར་(སོར་)བརྒྱད་ཀྱི་ས་སྤྱི་བོ་དྲངས་པོ་ན་དམིགས་པ་གཏོད་ཅིག །དེ་ནས་དམིགས་པ་དངོས་ནི་སྔོན་མ་དང་དོན་གཅིག་ཀྱང་། རྗེ་ཞྭ་དམར་དྲུག་པའི་གསུངས་ལྷད་མེད་བྱིན་བརླབས་ཆེ་བས་བཤད་དོ། །རང་ཉིད་རྡོ་རྗེ་ཕག་མོར་བསྐྱེད། དེའི་སྐུའི་དབུ་མའི་མར་སྣེ་ཕཊ་ཀྱིས་བཀག །ཡར་སྣེ་སྤྱི་གཙུག་ནས་ཧད་པོར་འདུག་པ། སྤྱི་བོ་ནས་མར་བུག་པ་ཐལ་ལེར་ཡོད་པ་ཞིག་བསྒོམ། རང་གི་སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་བྱམས་བཞུགས་མཛད་པའི་ཞབས་ཀྱིས་སྤྱི་བོའི་ཚངས་བུག་བཀག་པ་ཞིག་བསམ། རང་གི་ཐུགས་ཀའི་ཐད་ཀྱི་དབུ་མའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པའི་སྟེང་དུ་ཟླ་བ། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་མདངས་དང་ལྡན་པ་འཕར་ལ་ཁད་པ་ཞིག་བསྐྱེད་དེ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གྱི་གསོལ་འདེབས་བརྗོད་ནས་ཞེས་གསུངས་པས་རྗེས་ཟློས་མཛོད། གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ནས། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །བྱིན་རླབས་འོད་དུ་འཁྲིགས་པའི་བར་མཚམས་ནས། རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས་དྲག་པོས་

གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ནས། །སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ནས། མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་བ། ་་་་་་་་གདོང་ལྔ་བ་ནི་ཞྭ་དམར་གི་གསང་མཚན་་་་་། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན། བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གི། །ལུས་གནས་བརྗོད་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པའི། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ད་ལྟ་རྗེས་ཟློས་དེས་འཐུས་འདི་བློ་ལ་ཟིན་པ་བྱུང་ན་འདྲེས་བཤང་ཤེས་པར་བྱའོ། །ད་ཧིག་ཅེས་བརྗོད་པས་ཐིག་ལེ་འཕར་ནས་འོད་དཔག་མེད་ཀྱི་ཞབས་ལ་རེག་ཅིང་གནས། ཀ་ཞེས་པས་མར་བབ་པར་བསམ་མོ། །ཞེས་གསུངས་པ་ལྟར་སྦྱོང་མཛོད། དེ་ཡང་རྡོ་རྗེ་གདན་བཞིའི་རྒྱུད་ལ། རིམས་ལ་སོགས་པ་མ་ཕོག་པར། །གོང་དུ་འཕོ་བའི་སྦྱོར་བ་མཆོག །སྔོན་དུ་བུམ་པ་བརྩམས་པ་ཡིན། །སྒོ་རྣམས་ཐམས་ཅད་

བཅིངས་བར་བྱ། །རྒྱལ་བ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ཡི་བགགས་པར་བསྒོམ་བྱ་སྟེ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡི་ས་བོན་དཀར་པོ་བསམ། །ཆུ་དང་ཆུ་མིག་སྒོ་ལ་ནི། །མེ་ཡི་ས་བོན་འབར་བ་སྟེ། །དེ་ལ་ཤིན་ཏུ་མཉམ་བཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ། །ཞེས་རླུང་སྦྱོར་དང་བཅས་པ་བསྒོམ་པར་གསུངས་ནའང་། འཕོ་བ་དྲན་པ་རང་གྲོལ་དུ་གསུངས་པ་ལྟར་ད་ལྟ་ཡུད་ཙམ་རྟེན་འབྲེལ་གྱི་དམིགས་པ་རེ་བསྒོམས་ཤིག །བདེ་བའི་གནས་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ལ་འཁོར་བའི་སྒོ་བགགས་པ་ནི། ལུས་དྲངས་པོར་བསྲང་། ལག་པ་གཉིས་ས་གནོན་གྱི་ཕྱག་རྒྱས་པུས་མོ་གཉིས་བཀབ། དཔུང་པ་གཉིས་བརྒྱང་། དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུྃ་མཐིང་ནག་འོད་དུ་འབར་བ་གཅིག་བསྒོམ། དེ་ལས་ཧཱུྃ་གཅིག་ཆད་པས་གཤང་ལམ་དུ་སོངས། དམྱལ་བའི་སྒོ་ཁྲིག་གེ་བཀག །དེ་ནས་ཧཱུྃ་གཅིག་ཆད་སྲིད་པའི་སྒོར་སོང་ཡི་དྭགས་ཀྱི་སྒོ་བཀག །དེ་བཞིན་དུ་ཧཱུྃ་གཅིག་གིས་ཆུ་ལམ་དུད་འགྲོའི་སྒོ་བཀག །དེ་ནས་ཁ། དེ་ནས་སྣ་བུག་གཉིས། དེ་ནས་རྣ་བའི་བུ་ག་གཉིས་ཧཱུྃ་འོད་དང་ལྡན་པ་རེ་རེས་བཀག་པར་བསམ། སྤྱི་བོ་ཚངས་བུག་ན་ཧཾ་མགོ་ཐུར་དུ་བསྟན་པས་བཀག་པར་བསམ། ལུས་ཀྱི་དབུས་རྩ་དབུ་མ་ལུག་རྒྱུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར། མར་སྣེ་ལྟེ་འོག་ཏུ་ཟུག་པ། ཡར་སྣེ་ཚངས་བུག་ཏུ་ཟུག་པ་དཀར་ལ་འཚེར་བའི་མདངས་དང་ལྡན་པ། ལུས་ཀྱི་དབུས་སུ་དྲང་པོར་ཁྲང་ངེ་ཡོད་པའི་མར་སྣེ་ལྟེ་འོག་རྩ་གསུམ་འདུས་མདོར་རིག་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ་གསལ་ལ་དྭངས་བ། དབུགས་ཀྱི་སྐྱིབ་སྐྱིབ་འཕར་ལྷབ་ལྷབ་ཡར་ལ་ཁད་པ་ཡོད་པར་བསམ། སྤྱི་བོའི་སྟེང་གི་ནམ་མཁར་བླ་མ་འོད་དཔག་མེད་ཀྱི་ཆ་ལུགས་འཛུམ་མོལ་ལེར་བཞུགས་པར་བསམ། ལུས་ཤེད་སྟོད་དུ་སྤུང་ལ་སྒྲིམ་གཤང་ལམ་དྲག་ཏུ་བསྡམ། མིག་གྱེན་

ལ་ལྡོག །ལྕེ་ཡ་རྐན་ལ་སྦྱར། ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་རྩ་མནན་པའི་ཁུ་ཚུར་དྲག་ཏུ་བཅང་ཞིང་ལྟེ་འོག་ནས་ཡར་འཐེན་ཅིང་། ངག་ཏུ་ཧིག་ཧིག་ཅེས་ཁོང་ཤེད་དང་ལྡན་པས་ཡར་དྲངས། འོག་རླུང་གི་ཤུགས་ཀྱིས་ཐིག་ལེ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཡར་ངང་ཧྲིལ་ལེར་དྲངས་པ། ཧིག་བདུན་གྱིས་ལྟེ་བར་དྲངས། དེ་ནས་བདུན་གྱིས་སྙིང་གར་དེ་ནས་བདུན་གྱིས་མགྲིན་པར། དེ་ནས་བདུན་གྱིས་སྨིན་མཚམས་སུ། དེ་ནས་ཧིག་ཅེས་ཚངས་བུག་གི་ཧཾ་དེ་ལ་གཏུགས། ཐུག་པ་དང་ཀ་ཞེས་ཡང་ཐིག་ལེ་དེ་མར་བབ་སྟེ། ལྟེ་འོག་ཏུ་ངང་ཀྱི་ལེར་གནས་པར་བསམ། དེའི་བར་ལ་ཅུང་ཟད་ངལ་གསོ། ཡང་སྔོན་ལྟར་སྦྱངས། ཐིག་ལེ་རིམ་པར་སྤར་བ་འདི་ཞི་ཁྲོའི་འཕོ་བ་དྲན་པ་རང་གྲོལ་གྱི་ལུགས་ཡིན། སྔོན་ལྟར་དུས་གཅིག་ལ་རྒྱང་གིས་སྤར་བ་ཡང་རུང་སྟེ་གང་བདེ་བར་གྱིས་ཤིག །ཡང་འཇག་བཙུགས་མའི་གཏེར་གཞུང་རང་གི་དམིགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་འཕོ་བ་སྦྱངས་བར་བྱའོ་སྙམ་དུ་སེམས་བསྐྱེད་ནས། རང་ཉིད་ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཁོག་པ་སྟོང་སང་ངེ་བར་བསམ་པའི་སྤྱི་གཙུག་ཏུ་བླ་མའི་ངོ་བོ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསམ། རང་གི་ལུས་ཀྱི་དབུས་ནས་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྤྱི་གཙུག་ནས་ལྟེ་འོག་སོར་བཞིའི་བར་སླེབ་པ། ཕྲ་སྦོམ་སྦ་ལྕགས་འབྲིང་པོ་ཙམ་བསམ་ཚངས་བུག་ཏུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། དེ་ནས་རང་གི་དབུ་མའི་ནང་གི་སྙིང་གི་ཐད་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འགྲིལ་

བ། སྲན་མའི་རྡོག་པོ་ཙམ། འཕར་འདར་ལིང་ལིང་བ་གཅིག་བསམ་ལ། ལུས་ཐ་མལ་པའི་སྐྱིལ་ཀྲུང་། སོར་མོ་རྣམས་བསྐུམ། ཉྭ་བཞི་བསྒྲིམ། ལག་པ་རྡོ་རྗེ་ཁུ་ཚུར་བསྡམ། བྲང་གི་སྒྲོག་རུས་གཡས་གཡོན་ནོན་ཙམ་བྱ། མགྲིན་པ་འགུགས་ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་ལ་ལྡོག །གསུས་པ་སྟོད་དུ་ཡར་སྤུངས་ནས། ངག་ཏུ་ཧིག་ཅེས་པས་ཐིག་ལེ་སེན་རྡིལ་འཕང་བ་ལྟར་སྤྱི་བོའི་ཧཾ་ལ་ཕོག་པར་བསམ། ཀ་ཞེས་པས་སྐར་མདའ་ལྟུང་བ་ལྟར་ཧྲིལ་གྱིས་ལྷུང་བར་བསམ། དེ་ལྟ་བུ་ཡར་འཕང་མར་ཕབ། རྟགས་མ་ཐོན་གྱི་བར་དུ་འབད་པར་བྱའོ། །དེ་ལྟར་རྒྱུན་དུ་སྦྱངས་ན་ཞག་འགའ་ཟུང་ནས་རྟགས་འབྱུང་། ཐུན་དྲུག་ཏུ་བསྒོམ་ན་ཞག་བདུན། ཐུན་གསུམ་རེ་ལས་མ་བྱས་ན་བདུན་གཉིས་ཙམ། ཉིན་རེ་ལ་ཐུན་རེ་ལས་མ་བྱས་ན་ཞག་ཉེར་གཅིག་ཙམ་འགོར་བས་མ་གཡེལ་བར་སྦྱོངས་ཤིག །ཡང་འགོ་འཐོམ་ནས་ན་ན་ཚངས་བུག་མེད་པའི་རིགས་ཡིན་པས། འོད་དཔག་མེད་ནམ་མཁའ་ལ་ཡར་བཏེགས། ཚངས་བུག་གི་ཡི་གེ་ཧཾ་མི་བསྒོམ་པར་ཧད་པོར་བསྒོམ། ཐིག་ལེ་ནམ་མཁའ་ལ་སྤར་ལ་མར་ཞུགས། ལྟེ་འོག་ཏུ་གནས་པར་བསྒོམ་ཏེ། འཕོ་བ་དྲན་པ་རང་གྲོལ་གྱི་གཞུང་ལས། སྤྱི་བོ་སྐྲང་ཀྱང་ཚངས་བུག་མ་རྙེད་ན༔མགོ་ན་བ་ལ་སོགས་འབྱུང་བས༔ཚངས་བུག་གི་ཧཾ་ཕྱེ་ནས༔ཐིག་ལེ་ཚངས་བུག་ཏུ་ཡར་རྒྱང་སེ་ཐོན་ནས༔བླ་མའི་ཞབས་ལ་གཏུགས་པར་བྱས་ནས༔ཚངས་བུག་ཏུ་མར་བྱུང་། ལྟེ་འོག་ཏུ་གནས་པར་བསམ༔དེ་ལྟ་བུ་ལན་འགའ་ཙམ་གྱིས་ཚང་བུག་ཕྱེས་ཏེ་ཁྲག་གམ་ཆུ་སེར་ཐོན་ནས་འཇག་མ་ཚུགས་པར་འགྱུར་རོ༔ཞེས་གསུངས་པས། རྟགས་ནི་འཇག་བཙུགས་མའི་གཞུང་ལས། རྟགས་ནི་སྤྱི་བོ་ཟ་བ་དང་༔ཚ་ཚག་དང་༔འབུར་བ་དང་༔ འབུགས་པ་ཡིན༔ ལུས་ཡང་ཟོ་མདོག་བདེ༔ དྲོད་སྐྱེ༔ ཟས་འཇུ་བ་

ལ་སོགས་འོང་༔ཞེས་པ་དང་༔འཕོ་བ་དྲན་པ་རང་གྲོལ་ལས། འཕོ་བ་ཐེབ་རྟགས་སུ༔ཚངས་བུག་ཏུ་དྲོད་ཚ་ཆིལ་གྱིས་འོང་བ་དང་༔གཡལ་བ་དང་༔ཟ་བ་དང་༔སྦྲིད་པ་དང་༔སྐྲང་བ་དང་༔སྤྱི་གཙུག་ཉོ་ལེར་སོང་བ་དང་༔བེམ་པ་དང་༔ཚངས་བུག་ཏུ་ཆུ་སེར་ཐོན་པ་དང་༔ཁྲག་ཐོན་པ་ལ་སོགས་འབྱུང་ངོ་༔དེའི་ཚེ་བླ་མས་ཚངས་བུག་ལེགས་པར་བཙལ་ལ་རྨ་བྱའི་མདོངས་སམ༔འཇག་མ་བཙུགས་པས་ལྟེམས་སེ་ནུབ་པར་འགྱུར་རོ༔དེ་ནི་འཕོ་བ་བྱང་བ་ཡིན་ཏེ༔དེ་ཙམ་ལ་ཚོད་མ་ཟིན་ན་ཚེ་སྲོག་གི་བསྐུར་མར་འགྲོ་བས་དམིགས་པ་དང་འཁྲུལ་འཁོར་གྱི་འཕྲོ་བཅད༔དེ་ནས་ཚངས་བུག་ཧཾ་གིས་མ་བཀག་ཚེ༔ཚེ་སྲོག་གི་བསྐུལ་མར་འགྲོ་བས་བཀག་པ་གལ་ཆེའོ༔དེ་ཕྱིན་ཆད་ཧིག་དང་འཁྲུལ་འཁོར་མི་བྱ་བར་དབུ་མའི་ཐིག་ལེའི་འགྲིམ་འགྲུལ་བྱ་ཞིང་༔ཚངས་བུག་ཧཾ་གིས་བཀག་པ་གལ་ཆེའོ༔དེ་ནས་འཕོ་བ་བྱང་བར་འགྱུར་རོ༔ཧིག་ཀ་ནི་ཚེ་ཐུང་བའི་སྔགས་ཡིན་པས༔འཕོ་བ་མ་ཐེབ་བར་དུ་འདྲེན་པ་ལས་ཐེབ་ན་ཧིག་ཀ་བདུན་བས་འདྲེན་པར་མི་བྱའོ༔གལ་ཏེ་རྩོལ་བ་དྲག་པོས་འཕོ་ཐལ་ན༔རྟག་ཏུ་ཤེས་པ་དྲན་མེད་འགྲོ་ལ་ཁད་པ་དང་༔རྣམ་ཤེས་སྟོད་དུ་རྫོང་བ་དང་༔མགོ་ཡུ་འཁོར་བ་སོགས་བྱུང་ན་རྐང་མཐིལ་གཉིས་སུ་འཁྲུལ་འཁོར་ཟློག༔སྤྱི་བོར་སྐུ་མཉེ་བྱ༔དམིགས་པ་རྐང་མཐིལ་གཉིས་སུ་གསེར་གྱི་མཆོད་རྟེན་ཤིན་ཏུ་ལྗི་བར་དམིགས་པ་དྲག་ཏུ་གཏད་ཅིང་འབེབས་མང་དུ་བྱས་པས་ཞི་བར་འགྱུར་རོ༔ཞེས་གསུངས་ལ༔འཇག་བཙུགས་མའི་གཞུང་ལས༔ལྔ་པ་གེགས་སེལ་ནི༔སྦྱང་བའི་སྟོབས་ཀྱིས་རླུང་སེམས་སྤྱི་བོར་འདུས་ནས་དྲན་པ་རང་སར་མི་གནས་ན༔གསང་གནས་སུ་སེམས་གཏད༔དེས་མ་ཕེབ་ན་རྐང་ཞབས་སུ་བྲེད་པས་ཕེབ་པ་ཡིན༔ དེ་ཡང་རྒྱུད་གཞན་ཕལ་ཆེར་ནས་རླུང་བུམ་པ་ཅན་

རྟགས་ཐོན་པར་མ་བྱས་ན་འཕོ་བ་སྦྱངས་རྒྱུ་མེད་པ་ལྟ་བུ་ཡིན། འོན་ཀྱང་འཇག་བཙུགས་མ་འདི་ལ་རླུང་བཟུང་ཞིང་སྦྱོངས་ན་རང་འཕོ་ནམ་འདོད་ཆོག་པ་འབྱུང་། རླུང་བཟུང་མི་ཤེས་ན་ཡང་སྦྱངས་ཐུབ་ཅིང་རྟགས་ཐོན་པར་སྦྱོང་ན་འཆི་ཁ་རང་གིས་རང་འཕོ་ཐུབ་རྟགས་ཐོན་པར་མ་སྦྱོང་ཡང་འདིའི་འཕོ་ལུང་ཐོབ་ནས་བླ་མ་སོགས་སྔས་སུ་ཕེབ་ནས་འཕོ་བ་བྱས་པས་ངེས་པར་མྱུར་དུ་ཐེབ་པའི་གནད་ཡོད་པ་ཡིན། གལ་ཏེ་རང་གིས་རང་ནམ་འདོད་འཕོ་ནུས་ན་ཡང་། འཆི་རྟགས་མ་ཚང་བར་འཕོ་མི་རུང་། འཆི་རྟགས་ཚང་ནའང་འཆི་བསླུ་ལན་གསུམ་མ་བྱས་ན་འཕོ་མི་རུང་། འཆི་བསླུ་ལན་གསུམ་བྱས་ཀྱང་འཆི་རྟགས་མ་འགྱུར་ན་དུས་ཀྱི་འཆི་བ་ཡིན་པས། ནད་མ་ཕོག་གོང་ནས་འཕོས་ཀྱང་རུང་། འཆི་བསླུ་ལ་རིགས་མང་ན་ཡང་། དོན་ལ་སྨན་དང་རིམ་གྲོ་རང་གི་ཅི་འབྱོར་གཟབ་ནས་ལན་གསུམ་བྱེད་པས་འཐུས། དེ་ཡང་འཆི་བའི་རྟགས། ཞི་ཁྲོ་ནས་འཆི་ལྟས་མཚན་མ་རང་གྲོལ་སོགས་ནས་རྒྱ་ཆེར་བཤད་པས་འདིར་མི་ལོངས། འཇག་བཙུག་མ་ནས་ཅུང་ཟད་བཤད་པ་ནི། གཉིས་པ་འཆི་བ་བརྟགས་པ་ནི། རྨི་ལམ་དུ་སྤྲེའུ་དམར་པོས་སྣ་ཁྲིད་ནས་ཤར་དུ་སོང་བ་རྨིས་ན་འཆི་རྟགས། བུད་མེད་དམར་མོ་མང་པོས་རྒྱན་བཏགས་གོས་དམར་པོ་གྱོན་ནས་ལུང་པ་དམར་པོའི་ནང་དུ་སོང་པ་རྨིས་པ་དང་། ཡུལ་དུ་འདུག་སྙིང་མི་འདོད་པ་དང་དགེ་སྦྱོར་གྱི་འཕྲོ་མི་ཟིན་པ་བྱུང་ན་ངེས་པར་འཆི་རྟགས་ཡིན། མིག་གི་འོད་སྐོར་མེད་ན་ཐིག་ལེ་ཉམས་པའི་རྟགས་ཡིན་ཞག་ལྔ་ནས་འཆི། རྣ་བའི་སྒྲ་ཆད་ན་རླུང་ཉམས་པའི་རྟགས་ཡིན་པས་ཞག་བཞི་ནས་འཆི། ལུས་ཀྱི་སྤྱི་བོའི་རླངས་པ་མེད་ན་རྩ་ཉམས་པའི་རྟགས་ཡིན་པས་ཞག་གསུམ་ནས་འཆི། ཞེས་གསུངས་ཏེ། ཕྱི་རྟགས་ནམ་མཁའི་གཟུགས་བརྙན་བལྟ་ཤེས་ན་མགོ་དང་ཡན་ལག་མ་ཚང་བ་དང་། ནང་

རྟགས་རྨི་ལམ་དུ་མི་ནག་པོས་དབང་མེད་དུ་ཁྲིད་པ་དང་། མགོ་བཅད་ནས་དོན་སྙིང་བཏོན་པ་སོགས་རྨི་ལམ་ལན་གཅིག་མི་གཟུ་ལན་མང་དུ་རྨིས་ན་ངན་པ་དང་། ཉིན་ཕྱེད་ལྷོར་ཁ་གྱུ་ནས་ལག་ངར་གདོང་དུ་གཟར་བས་ཆད་ལ་ཁད་འོང་སྟེ། དེ་ཆད་པ་དང་། རྣ་བ་མཛུབ་མོས་མནན་པར་འུར་སྒྲ་མེད་པ་དང་། མིག་མཛུབ་མོས་མནན་པས་འོད་སྐོར་མེད་པ་དང་། ཟླ་བ་གང་ཡང་རུང་བའི་ཚེས་གཅིག་ནས་བཟུང་སྟེ་གནམ་གང་བར་དུ་ནམ་སེང་ནས་ཉི་དྲོས་བར་ཞག་གསུམ་རེ་ལ་སྣ་བུག་གཡོན་ནས། དེ་ནས་གསུམ་གཡས་ནས་ཏེ་རེས་མོས་ཡིན་དེ་གོ་ལོག་པ་དང་མིའི་གཤིས་དང་སྤྱོད་པ་སྔར་ལས་གོ་ལོག་པ་རྣམས་འཆི་ལྟས་ཏེ། དེ་དག་ལ་འཆི་བསླུའི་རིམ་གྲོ་བྱས་ན་སྔར་ལྟར་སོར་ཆུད་ན་འཆི་བ་བཟློག་རྟགས་ཡིན་ལ། འཆི་བསླུ་སྐུ་རིམ་ལན་གསུམ་བྱས་ཀྱང་མ་འགྱུར་ན་ངེས་པར་འཆི་བས་འཕོ་བའི་གདམས་ངག་བྱའོ། །དུས་ལ་མ་བབ་པར་འཕོས་ན་ལུས་ལྷ་དམ་པ་རིགས་བརྒྱ་བསད་པའི་ཉེས་པ་བྱུང་བས་ངན་སོང་དུ་ལྟུང་། དུས་ལ་བབ་དུས་འཕོས་ན་དག་པའི་ཞིང་ཁམས་ཐོབ་བོ། །དེས་ན་ཆད་པ་གཅོད་པ་དང་། རྔན་གསོད་བྱེད་ཤོམ་ལ་ཡང་གསོད་ངེས་ཡིན་ན་འཕོ་རུང་། བརྡེག་བརྡེག་ཡིན་ན་ངན་སོང་དུ་འགྲོ་བས་འཕོ་མི་རུང་། ཚེ་མ་ཟད་པར་སྡུག་བསྔལ་ཆེན་པོ་འབྱུང་ཡང་འཕོ་མི་རུང་སྟེ། ནད་ཀྱི་གཟེར་ཆེན་པོ་བྱུང་ཡང་འཆི་མ་ངེས་པར་འཕོ་མི་རུང་སྟེ། རྡོ་རྗེ་གདན་བཞིའི་རྒྱུད་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་དེ་གསོད་པར་གྱུར་ན་ནི། །དེ་ནི་དམྱལ་བར་སྐྱེ་བར་ངེས། །ཞེས་གསུངས་སོ། །འཕོ་བ་དྲན་པ་རང་གྲོལ་ལས་ཀྱང་དུས་རྟག་ཏུ་འཆི་བ་བརྟགས་པ་ནི༔རིང་བའི་འཆི་ལྟས༔ཉེ་བའི་འཆི་ལྟས༔མ་ངེས་པའི་འཆི་ལྟས༔ངེས་པའི་འཆི་ལྟས་རྣམས་མཚན་མ་རང་གྲོལ་ལྟར་བརྟགས་པར་བྱའོ༔ དེ་

ཡང་འཆི་ལྟས་དང་མཐུན་པའི་འཆི་བསླུ་ལ་ནན་ཏན་བྱ་ཞིང་༔འཆི་ལྟས་མཚན་མ་ཚང་ཡང་འཆི་བསླུ་མ་བྱས་པར་འཕོ་བ་ནི༔ལྷ་བསད་པའི་ཉེས་པ་འབྱུང་བ་དང་༔རང་གི་རང་ལྕེབས་པའི་ཉེས་པ་སོགས་འབྱུང་བས་མཚམས་མེད་པ་ལས་ཀྱང་ཉེས་པ་ཆེར་འབྱུང་བའི་ཕྱིར༔ཅི་ནས་ཀྱང་འཆི་བསླུ་སྤྱི་དང་བྱེ་བྲག་གང་འོས་འཆི་བསླུ་འཇིགས་པ་རང་གྲོལ་ལྟར་ལན་གསུམ་མམ་ཅི་རིག་པ་བྱ༔ཞེས་གསུངས། དེས་རྟགས་ཐོན་པ་རྣམས་དམིགས་པ་ད་རུང་སྦྱོང་། ཧིག་མི་བརྗོད། རྟགས་མ་ཐོན་པ་རྣམས་ད་རུང་རྩེ་གཅིག་ཏུ་སྦྱོངས་ཤིག །ཆོས་ཐུན་གཉིས་སོ། །ཡང་འཕོ་བ་འཇག་བཙུགས་མའི་དམིགས་རིམ་གཞུང་གཅིག་ནི། རང་ཉིད་རྗེ་བཙུན་མར་གསལ་བཏབ། རྗེ་བཙུན་མ་དེ་ཡང་དར་དམར་གྱི་གུར་ཕུབ་པ་ལྟ་བུའི་ནང་རོལ་སོགས་གང་ཡང་མེད་པ། ཕྲུ་མ་ཕུས་བཏབ་པ་ལྟ་བུ་ས་ལེ་སེང་ངེར་གསལ་པའི་སྙིང་གར་རྩ་འདབ་མ་བརྒྱད་པ་ཁ་ཡར་ཟེད་པ་མར་སྣེ་ཟོ་ཞབས་འདན་པ་ལྟ་བུ་དེའི་ཟེའུ་འབྲུའི་སྟེང་ནས་སྤྱི་གཙུག་ཏུ་རྩ་དབུ་མ་ཁང་སྟོང་གི་ཀ་བ་བཙུགས་པ་བཞིན་དུ་ཟངས་ཐལ་དུ་ཡོད་པའི་ནང་དུ། དབུ་མའི་ནང་ཟེའུ་འབྲུའི་འབྲས་བུར་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་དཀར་པོ་གཅིག་བསྒོམ། སེམས་ཅན་ཐ་མལ་པ་རྣམས་ནི་ཐིག་ལེ་སྲན་མ་ཙམ་ཞིག་བསྐྱེད། དབུ་མའི་ཡར་སྣེ་སྤྱི་གཙུག་གི་བར་དུ་ཁྲིག་གེར་མཉམ་པར་བསྐྱེད། སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་བྱི་རུའི་མདོག་འདྲ་བ་བསྒོམ། ཆེ་ཆུང་རང་གི་གང་བསྐྱེད་ཡིན། དེ་ནས་འཇག་བཙུགས་མ་དང་། ཞི་ཁྲོ་འཕོ་བ་དྲན་པ་རང་གྲོལ་གཉིས་ཀའི་གསོལ་འདེབས་ཐུན་མོང་བ་བླ་མ་བརྒྱུད་པའི་གསུངས་ལས་བྱུང་བ་འདིའི་རྗེས་ཟློས་མཛོད། ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས། །རྒྱལ་བ་འོད་དཔག་མེད་པ་དེ་ཡིས། །ཟབ་

ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས། ལོངས་སྐུའི་ཐུགས་རྗེའི་བདག་ཉིད་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཟངས་མདོག་དཔལ་རིའི་མཁའ་འགྲོའི་གླིང་ནས། སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། སྟོང་ཉིད་སྙིང་རྗེའི་ཆོས་ཀྱི་དབྱིངས་ནས། གཏེར་སྟོན་ཉི་ཟླ་ཡབ་སྲས་དེ་ཡིས། སྲས་ཀརྨ་གླིང་པའོ། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས། དྲིན་ཅན་རྩ་བའི་བླ་མ་དེ་ཡིས། ཟམ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཙིཏྟ་རིན་ཆེན་སྙིང་གི་གནས་ནས། ཞི་བ་བཞི་བཅུ་རྩ་གཉིས་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ནས། རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། གླད་པ་དུང་ཁང་འབར་བའི་གནས་ནས། ཁྲག་འཐུང་འབར་བ་ལྔ་བཅུ་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། བཀའ་དང་དམ་ཚིག་གཉེན་པོའི་གནས་ནས། བཀའ་སྲུང་དམ་

ཅན་རྒྱ་མཚོ་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཅེས་བརྗོད་ཧིག་བརྗོད་པས་ཧཱུྃ་དེ་སངས་རྒྱས་ཀྱི་ཐུགས་ཀར་མདའ་འཕང་བ་བཞིན་དུ་སོང་། ཀ་བརྗོད་པས་ཧཱུྃ་མར་བྱུང་ནས་སྙིང་དབུས་སུ་ཡོད་པར་བསམ། སྙིང་དབུས་སུ་ཡོད་པའི་དུས་སུ་ཕར་ཚུར་ཡར་མར་གང་ཡང་མ་རེག་པའོ། །རྟགས་མ་བྱུང་གི་བར་དུ་སྦྱོང་བའོ། །རྟགས་ཐོན་ངེས་བྱུང་ན་འཇག་མ་མ་བཙུགས་ཀྱང་ཆོག །འོན་ཀྱང་གཞུང་ནས་བཤད་པ་དང་། ཕྱག་ལེན་ལ་ཡོད་པས་བཙུགས་ཏེ། དང་པོ་རླུང་སྟོད་དུ་བརྫང་བ་འདྲ་བ་དང་། རྐེ་རྒྱུད་མི་བདེ་ཞད་དང་། མགོ་ན་བ་དང་། སྤྱི་བོ་ཟ་བ་དང་། ཚ་ཚག་དང་། དེ་ནས་སྤྱི་བོ་སྐྲང་བ་དང་། བེམ་པོ་ཉོལ་ལེར་སོང་བ་སོགས་བྱུང་ན། འཇིམ་པ་ལ་རྩ་བཙུགས་པ་ལྟར། ནུབ་མལ་ནས་ཁྲག་དང་ཆུ་སེར་ཐོན་པ་སོགས་རྟགས་ངེས་པ་ཅན་ཡིན་གྱི། དེ་མིན་པར་ངེས་པ་མེད། སྤྱིར་མི་ཡི་མགོ་ཤུན་ལ་ཤ་གཤིས་སྲ་སྙི་ཡོད་ཅིང་། བྱིས་པ་སོགས་སྙི་བའི་རིགས་ལ་རྩེད་མོ་བྱས་ནས་བཙུགས་ཀྱང་ཟུག་པ་སྟེ་འཕོ་བའི་དོན་མིན། མགོ་ཤུན་སྲ་བའི་རིགས་ལ་དམིགས་པ་གསལ་ཡང་ཟུག་དཀའ་བར་འོང་བ་ཡིན་ཏེ་སྐྱོན་མེད། འདི་ཡང་དམིགས་པ་ཟིན་མ་ཟིན་མགོ་སྲ་སྙི་ལེགས་པར་བརྟགས་དགོས་སོ། །འཕོ་བ་དྲན་པ་རང་གྲོལ་གཞུང་ལས། གནད་ཕལ་ཆེར་ལག་ལེན་བལྟའོ་གསུངས་པའི་དོན་ཡིན། རྩ་ནི་ན་བའམ་སྤང་མཁྲང་བ་ལ་སྐྱེ་བའི་མགོ་འཇམ་པ་འབེལ་འབེལ་ཡོད་པ་སྡོང་པོ་ཕྲ་བ་རྒྱ་ཁབ་ལས་སྦོམ་ཙམ་ལ་མཁྲེགས་ཤིང་། ནང་ཁོག་སྟོང་མིན་པ་ཞིག་ཡོད་པ་དེ་ཡིན། རྩ་གང་རུང་བ་རྩ་རྒོད་ཀུ་ཤ་མི་རུང་ངོ་། །རྨ་བྱའི་སྒྲོ་གསུངས་པ་རྨ་བྱའི་ཐིལ་ཕྲན་ཡིན་ཏེ་མི་རྙེད་དོ། །མཇུག་སྒྲོ་འདི་མིན་ནོ། །འདིར་

ཞིབ་པར་ཕྱག་ལེན་ལ་ལྟོས། དེ་ནས་ཐམས་ཅད་ལ་དུས་གཅིག་གམ་དུ་ཟུག་ལ་བཙུགས། ཁོམ་ན་གསོལ་འདེབས་འདོན་པ་ཕྱག་སྲོལ་ཡོད། དེ་ཡང་འཕོ་བ་དྲན་པ་རང་གྲོལ་ལས། དེ་ཡན་འཕོ་བ་སྦྱང་བ་ཞེས་བྱ། ནད་མེད་འཆི་ལྟས་མ་བྱུང་གོང་ནས་ལེགས་པར་སྦྱངས་བར་བྱའོ། །ས་མཱ་ཡཿཞེས་གསུངས་པའི་དོན་ཡིན། གཉིས་པ་ལས་ལ་སྦྱར་བའི་འཕོ་བ་ནི། འཆི་ལྟས་ཚང་ཞིང་འཆི་བསླུ་བྱས་ཀྱང་མ་ཐུབ་ན། དེ་ནས་རྣམ་ཤེས་འཕོ་བྱ་སྟེ། འདི་ལ་བཞི་སྟེ། ཆོས་སྐུའི་འཕོ་བ། ལོངས་སྐུའི་འཕོ་བ། སྤྲུལ་སྐུའི་འཕོ་བ་དང་གསུམ། ཐ་མལ་པའི་འཕོ་བ་དང་བཞི། དེ་ལ་འཆི་ཁ་བར་དོ་ཡིན་པའི་རྟགས་སུ་འཆི་ནད་ཀྱིས་ཐེབ། འཆི་ལྟས་ཚང་བའི་དུས་སུ། འཆི་ཁ་བར་དོ་མི་གསལ་བ་གསལ་གདབ་པ། སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་ངག་ལ་གཉིས། གཞན་གྱིས་གདབ་པ་དང་རང་གིས་གདབ་པའོ། །དང་པོ་ནི། འཆི་ལྟས་ཚང་བ་རང་གིས་རིག་གམ། མ་རིག་ཀྱང་སྨན་པ་དང་ནད་གཡོག་པའི་རྣམ་འགྱུར་གྱིས་ཤེས་ལ། རང་གིས་ཀྱང་དྲན་པས་གསལ་ན། ཉེ་བའི་འཆི་ལྟས་རྣམས་བརྟགས་ལ་འཆི་བར་འདུག་ན། ཉེ་འཁོར་ན་རྩ་བའི་བླ་མ་བཞུགས་ན་སྤྱན་འདྲེན་དུ་བཏང་ལ། རང་ལ་དངོས་པོ་ཅི་ཡོད་ཐམས་ཅད་བླ་མ་ལ་ཕུལ་ལ། ཆགས་སེམས་སྐད་གཅིག་ཀྱང་མེད་པར་བྱ། ཅུང་ཟད་ཅིག་ཆགས་པས་ངན་སོང་དུ་བསྐྱུར་བས། དགེ་སློང་འབར་གསུམ་པའི་གཏམ་རྒྱུད་ལྟ་བུའོ། །ཞེས་གསུངས་པས། དགེ་སློང་གཅིག་གི་ལྷུང་བཟེད་ལེགས་པོ་ཞིག་བསྐུང་ནས་ཡོད་པ་ལ་ཆགས་ནས་སྦྲུལ་དུ་སྐྱེས་ཏེ་ལྷུང་བཟེད་ནང་ན་སྦྲུལ་ཚང་བཅས་པ་དང་། མི་གཅིག་གིས་གསེར་བསྐུང་ནས་ཡོད་པ་བསྔོ་ལོང་མ་བྱུང་བར་ཤི་ནས། དེར་སྦྲུལ་དུ་སྐྱེས་པ་ཤི་ནས་ཀྱང་སྐྱེ་བ་མང་པོར་དེ་ཉིད་སྦྲུལ་དུ་སྐྱེས་པ་དང་། མ་བུ་ལ་ཆགས་པས་བུ་ཡི་སྒོ་ཁྱི་ལ་སྐྱེས་པ་

དང་། ཕ་བུ་ལ་ཆགས་པས་བུའི་རྨོས་གླང་གི་བཤུལ་འབུ་ལ་སྐྱེས་པ་ཁྭ་ཏས་བཏོན་ཅིང་ཟོས་པས་ཀྱང་སྐྱེ་བ་དུ་མར་དེར་སྐྱེས་པ་དང་། ཉ་པ་གཅིག་བུ་ལ་ཆགས་པས། བུའི་ཉེ་ལོགས་སུ་མཚོའི་ཉ་རུ་སྐྱེས་པ་བུས་བསད་ཅིང་ཟོས་ཀྱང་སྐྱེ་བ་མང་པོར་སྐྱེས་པ་བུས་ཟོས་པ་ལྟ་བུའོ། །དངོས་པོ་རྣམས་ཕུལ། དངོས་སུ་མ་མཇལ་ཀྱང་ཡིད་ཀྱིས་ཕུལ། བློས་ཐོངས་བར་བྱ། ཁྱད་པར་ཆགས་སྡང་སྐྱེ་བའི་དངོས་པོ་གཅིག་ཀྱང་མཐོང་སར་མི་བཞག་གོ །དེ་ནི་ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། ཞེས་པའི་དོན་ནོ། །དེའི་དུས་སུ་ཅི་ཡོད་སྤང་དག་བྱས་ཏེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། རང་གི་བླ་མ་དགེ་འདུན་དང་། །ཚོགས་བསགས་ཞིང་ནི་ཁྱད་པར་ལས། །ཡོན་དང་སྟོན་མོས་མཉེས་བྱས་ལ། །ཞེས་གསུངས་པས། དེ་ནས་བླ་མ་བྱོན་ནས་སྔགས་ཀྱི་དམ་ཚིག་ཉམས་ཆགས་ཡོད་པ་རྣམས་བཤགས། ཉེས་ལྟུང་ཅི་ཡོད་ན་ཕྱིར་བཅོས་བྱ། སྡོམ་ལྡན་ཡིན་ན་སྡོམ་པ་གསོ། སྡོམ་ལྡན་མིན་ན་སྐྱབས་འགྲོ་ནས་གཞི་བླངས་ལ་ཕོག །གལ་ཏེ་བླ་མ་མི་བཞུགས་ན། ཆོས་རྒྱུད་གཅིག་པའམ། རང་གི་རྡོ་རྗེ་སྤུན་ནམ་སྲིང་དང་དམ་ཚིག་གི་སེལ་མེད་པ། ལྟ་སྤྱོད་མཐུན་པ་ཞིག་གིས་གསལ་གདབ་བོ། །རྒྱུད་ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིལ་བར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེ་སྤུན། །ཤེས་པས་གསལ་ཡང་གདབ་པར་བྱ། །ཞེས་པའོ། །དེ་ནི་གཞན་གྱིས་གསལ་བཏབ་པའོ། །གཉིས་པ་རང་གིས་གསལ་བཏབ་པ་ནི། གསལ་འདེབས་བྱེད་པོ་མ་རྙེད་ན། རང་གི་རང་ལ་སྔར་གྱི་ཉམས་ལེན་རྣམས་གསལ་བཏབ་པར་བྱ་སྟེ། དེ་ཡང་འོད་གསལ་ཟིན་འཕྲོ་ཡོད་པ་དང་། སྟོང་ཉིད་ཀྱི་ལྟ་བ་གོམ་འདྲིས་ཡོད་ན། ལུས་ཀྱི་ཐུབ་ན་ཆོས་བདུན་ནམ། ཙོག་སྤུར་

འདུག་མ་ཐུབ་ན་གཡས་པ་ས་ལ་ཕབ། མགོ་བྱང་དུ་བསྟན་ཏེ། ད་ནི་བདག་འཆི་བར་འདུག་པས། སྤྱིར་ཁམས་གསུམ་འཁོར་བ། ཁྱད་པར་སྙིགས་མའི་དུས་འདིར་བདག་གདམས་པ་ཟབ་མོ་འདི་ལྟ་བུ་ུདང་འགྲོགས་ནས་འཕོ་བ་རེ་དགའ། ད་རིས་འཆི་བ་འོད་གསལ་ཆོས་སྐུ་ངོ་ཤེས་པར་བྱས་ལ། གང་ལ་གང་འདུལ་གྱི་སྤྲུལ་པ་དཔག་ཏུ་མེད་པ་བཀྱེས་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱ་དགོས་སྙམས་པའི་སེམས་བསྐྱེད་ཏུང་ཏུང་བ་ལན་འགའ་བྱེད། དེ་ནས་བདག་གིས་བླ་མ་བརྟེན་ཅིང་གདམས་ངག་ཟབ་མོ་ཞུས་པའི་དོན་དེ། ད་ལྟ་དགོས་པ་ཡིན་སྙམ་དུ་མ་ཡེངས་པར་བྱ་སྟེ། གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག །ཅེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་རང་རེ་འཆི་དུས་དེ་ལྟར་བྱ་བསམ་པ་གྱིས་ལ་རྗེས་བཟློས་མཛོད། ཀྱཻ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་དེར༔ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔གདམ་ངག་གསལ་བའི་ངང་དུ་མ་ཡེངས་འཇུག༔རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ཞེས་བརྗོད་དེ་ནས་སྐབས་འདིར་དྭགས་པོ་རིན་པོ་ཆེའི་གདམས་ངག་སྟེ། དང་པོ་འཕོ་བའི་དམིགས་པ་ལན་བདུན་ནམ་ཉེར་གཅིག་ཙམ་བྱས་ལ་དེ་ནས་ཉམས་ལེན་ངང་དུ་བཞག་པས་ཐུགས་དམ་མ་ཟིན་པའམ། ཟིན་ཀྱང་འགྲོགས་པ་དང་བར་ཆད་བྱུང་བ་ན་ཡང་རྣམ་ཤེས་ཚངས་བུག་ནས་འཕོ་བས་ཐུགས་དམ་ཟུང་འཇུག་ཡིན་པས། དེ་ནས་སེམས་མ་བཅོས་པའི་འཕོ་བྱ་འཕོ་བྱེད་རྟེན་དང་བྲལ་ཏེ། རང་གི་རིག་པ་བཟོ་མེད་དུ་ཡེ་རེ། ཡེངས་མེད་དུ་ཧྲིག་གེ་གསལ་སྟོང་རྗེན་ནེ་འཆར་བ་ལ་ཡུན་རིང་དུ་བཞག་གོ །དེའི་འོད་གསལ་ངང་དུ་དབུགས་

སོང་ན། གཞི་ཡི་འོད་གསལ་དང་། ད་ལྟ་བསྒོམ་པའི་འོད་གསལ་གཉིས་ཆུ་སྣ་འཕྲད་པ་ལྟ་བུ་འོད་གསལ་མ་བུ་འཕྲད་དེ། ཡར་གྱི་ཟངས་ཐལ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་སྟེ་སྐད་ཅིག་ལ་གྲོལ་བར་འགྱུར་རོ། །ཉམས་རྟོགས་བཟང་བ་རྣམས་ནི་འདི་ཁོ་ན་ལ་ཡང་ཡང་བརྐྱར་བས། རྣམ་དག་ཆོས་སྐུའི་འཕོ་བ་ཞེས་བྱ་སྟེ། འཕོ་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་ཨོ་རྒྱན་རིན་པོ་ཆེའི་གསུངས་པའི་དོན་ཞྭ་དམར་དྲུག་པས་མཛད་པ་འདིའི་རྗེས་ཟློས་མཛོད། འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་བརྗོད་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ཅེས་བརྗོད་དོ། །དེ་ལྟར་ཆོས་སྐུའི་འཕོ་བ་ཐེབ་ན། ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་། ནང་རྟགས་སུ་ཕུང་པོ་ཡུན་རིང་བཀྲག་མི་ཡལ་ཞིང་མདངས་གསལ་བ། གསང་རྟགས་སུ་ཨ་དཀར་པོ་དང་ཧཱུྃ་མཐིང་ག་ལ་སོགས་འབྱོན་པར་འགྱུར་རོ། །ཆོས་སྐུའི་འཕོ་བ་ས་མཱ་ཡ། དེ་ཡང་སེམས་ངོ་མ་འཕྲོད་པ་དང་ཉམས་རྟོགས་མེད་པ་རྣམས་ལ་ཆོས་སྐུའི་འཕོ་བ་བཏབ་རུང་། དམུས་ལོང་ལ་རྫས་བསྟན་པའམ། ཁྱི་ལ་སྐར་མ་བསྟན་པ་དང་འདྲ་བས། གང་ཟག་བློ་ཚོད་དང་སྦྱར་བའི་འཕོ་བ་གསལ་གདབ་པ་གལ་ཆེའོ། །གཉིས་པ་ལོང་སྐུའི་འཕོ་བ་ནི། བསྐྱེད་རིམ་ལ་བརྩོན་པར་བྱེད་པ་དང་། སྙིང་པོ་ལ་ངེས་ཤེས་ཆེ་ན་ལོངས་སྐུའི་འཕོ་བ་ཙམ་བྱ་སྟེ། ལུས་གནད་གོང་ལྟར་ཙོག་པུར་ཐུབ་ན་ལེགས་ལ། གོང་གི་སྦྱངས་དུས་ཀྱི་དམིགས་པ་གསལ་གདབ་ཁྱད་པར་སྤྱིའི་བོའི་གཙུག་ཏུ་པདྨ་ཉི་མའི་སྟེང་དུ་བླ་མ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་རྡོ་རྗེ་འཆང་ཆེན་པོའམ་སྤྱན་རས་གཟིགས་ལ་སོགས་པ་ཁྱེད་རང་གི་ཡི་དམ་གྱི་བསྐྱེད་རིམ་གང་ལ་མོས་པ། དེ་ཉིད་

གསལ་གདབ། ཅེས་གསུངས་ནའང་། བདེ་བ་ཅན་དུ་སྐྱེ་བའི་རྟེན་འབྲེལ་གྱིས་འོད་དཔག་མེད་བསྒོམ་པ་ཟབ། སྒོ་དགུ་བཀག་པ་སོགས་བསྒོམ་ལོང་བྱུང་ན་ལེགས། མ་གསལ་ན་བུ་ག་ཐམས་ཅད་ཡིད་ལ་མི་བྱེད་པར་དབུ་མའི་ནང་དུ་སེམས་གཏད་ལ་ཚངས་བུག་ཧཾ་གིས་བཀག་པ་དེ་ཕྱེས་ནས་དཀར་སེང་ངེ་ཡོད་པའི་ནང་ནས་ཐིག་ལེ་མདའ་འཕང་བ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ་ལ། ཀ་གཅིག་བརྗོད་ཅིང་དབུགས་མ་སོང་བར་དུ་དམིགས་པ་[ཝིག །]མར་མི་ཕབ། དམིགས་པ་སྤྱི་བོའི་འོད་དཔག་མེད་ལ་ཡེ་རེ་གཏད། དེའི་ངང་ལ་དབུགས་སོང་ན་ཡི་དམ་ལྷ་དང་དབྱེར་མེད་པར་རིག་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་སྟེ། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། །དེ་ལྟར་ལོངས་སྐུའི་འཕོ་བ་ཐེབ་ན། ཕྱི་རྟགས་ལ་ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་དང་། ནང་རྟགས་སུ་སྤྱ ི་བོའི་ཚངས་བུག་ཏུ་ཁྲག་དང་ཆུ་སེར་ཐོན་པ་དང་། ཟིལ་པ་ཕྲོམ་པའམ། སྐྲང་བ་ལ་སོགས་འབྱུང་། གསང་བའི་རྟགས་སུ་གདུང་རྣམ་པ་ལྔའམ་གང་རུང་རེ་འབྱོན་པ་དང་། ལྷའི་སྐུ་གཟུགས་དང་ཕྱག་མཚན་ལ་སོགས་པ་འབྱོན་པར་འགྱུར་རོ། །ལོངས་སྐུའི་འཕོ་བ་ས་མཱ་ཡ། ཞེས་གསུངས་པ་ལྟར་འཆི་ཁར་སྔས་སུ་ཡོད་པའི་བླ་མས་འཆི་ལ་ཁད་ནས་སྒོ་དགུ་བཀག་པའི་དམིགས་པ་སོགས་ཀྱིས་བསྒོམ་ཞིང་། ཤི་མ་ཐག་འཕོ་བ་བཏབ་པས་རྟགས་གསུམ་ཁ་ཚང་བ་འགའ་རེ་མྱོང་བས་འགྲུབ་བོ། །འཕོ་བ་འཇག་བཙུགས་མའི་གཞུང་ལས། རང་ཉིད་འཆི་རྟགས་ཚང་ནས། ཧིག་གིས་ཡར་འཕེན་ནས་དམིགས་མེད་ལ་བཏང་བཞག་གོ །ཀའི་མར་མི་ཕབ། དྲུག་པ་དགོས་པ་ནི། སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །ཞེས་གསུངས་པས། འདོམས་སུ་འཕོས་ན་དམྱལ་བར་སྐྱེ། ཆུ་སོར་དུད་འགྲོ། ལྟེ་བ་

ཡི་དྭགས། ཁ་ནས་ཤ་ཟ་དང་སྲིན་པོ། སྣ་བུག་གཡས་ནས་ལྷ་མ་ཡིན། གཡོན་ནས་མི། མིག་ནས་གཟུགས་ཁམས། རྣ་བ་ནས་འདོད་ཁམས། སྨིན་མཚམས་ནས་གཟུགས་མེད་ཁམས། སྤྱི་བོ་ནས་བདེ་བ་ཅན་དུ་སྐྱེའོ། །ཞེས་འཇག་བཙུག་མའི་ཡིག་རྙིང་ལས་འབྱུང་སྟེ། རྒྱུད་དང་ཅུང་མི་མཐུན་ཀྱང་དོན་ལ་མི་འགལ་ཏེ། སྒོ་དགུ་གསུངས་པ་གདམ་ངག་གིས་མ་ཟིན་པའི་སྤྱི་བོར་སེམས་སོ། །མཁའ་འགྲོ་མ་ཀུ་རུ་ཀུལླིའི་རྒྱུད་ནས། རྣམ་ཤེས་རླུང་ལ་ཞོན་ནས་ནི། །འོག་གི་གནས་སུ་འཕོས་གྱུར་ན། །ཆོས་ལ་གོམ་པའི་གང་ཟག་ཀྱང་། །ངན་སོང་རྒྱུད་དུ་སྐྱེ་འགྱུར་ཏེ། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཅི་བཞིན་ནོ། །ཞེས་གསུངས་སོ། །དེ་རྣམས་ལོངས་སྐུའི་འཕོ་བའོ། །གསུམ་པ་སྤྲུལ་སྐུའི་འཕོ་བ་ནི། སེང་གེའི་ཉལ་སྟབས་བྱས་ལ། མདུན་དུ་ཐུབ་པའི་སྐུ་སོགས་བཤམས་པའམ་བསྒོམ་སྟེ། ཕྱི་མ་སེམས་ཅན་གྱི་དོན་དུ་སྤྲུལ་སྐུ་འབྱོན་པའི་སེམས་བསྐྱེད་སྨོན་ལམ་བྱས་ནས། རྣམ་ཤེས་སྣ་བུག་གཡོན་ནས་འཕོས་ནས་ཐུབ་པའི་ཐུགས་ཀར་བསྟིམ་པ་ཡང་ཡང་བསྒོམ་ཞིང་དབུགས་ཆད་ནས་སྤྲུལ་སྐུའི་འཕོ་བ་ཐེབ་རྟགས་སུ། ཕྱི་རྟགས་སུ་སྤྲིན་འཇའ་དཔག་བསམ་གྱི་ལྗོན་ཤིང་ལྟ་བུ་དང་མེ་ཏོག་གི་ཆར་འབབ་པ་སོགས་འབྱུང་། ནང་རྟགས་སུ་སྣ་བུག་གཡོན་དུ་ཁྲག་གམ་ཆུ་སེར་རམ་བྱང་སེམས་ཐོན་པའམ། ཟིལ་པ་ཕྲོམ་པ་ལ་སོགས་འབྱུང་ངོ་། །གསང་བའི་རྟགས་སུ་རིང་བསྲེལ་ཕྲ་མོ་མང་པོ་དང་དབུ་ཡི་ཐོད་པ་མ་ཞིག་པ་བུམ་ཧྲིལ་དང་། ལྷའི་ཕྱག་མཚན་ལ་སོགས་པ་འབྱུང་། སྤྲུལ་སྐུའི་འཕོ་བའི་དོན་བསྡུས་སོ། །དེ་རྣམས་རིམ་གྱིས་འཆི་བའི་དབང་དུ་བྱས་པ་ཡིན་ལ། གཅིག་ཆར་དུ་འཆི་བ་ནི། དེ་ལྟ་བུ་བསྒོམ་པ་ལོངས་མེད་པ་ལ་སྐད་ཅིག་མའི་འཕོ་བ་འདི་གལ་ཆེའོ། །དེ་

ཡང་འདིར་འཆི་རྐྱེན་གང་གིས་བྱེད་མི་ཤེས་པས། ད་ལྟ་རང་ནས་སྦྱངས་བའི་འཕོ་བ་ལ་བསླབ། ད་རེས་སྐད་ཅིག་མའི་འཕོ་བ་ལ་བསླབ་བོ། །དེ་ཡང་འདི་ལྟར་བྱ་སྟེ། བདག་གལ་ཏེ་གློོ་བུར་དུ་འཆི་བར་གྱུར་ན། འདུན་པ་སྤྱི་བོར་གཏད་དགོས་སྙམས་པའི་འདུན་པ་ཡེ་རེ་བྱ། ད་ལྟ་སྐྲག་སྔངས་དྲག་པོ་ནམ་བྱུང་དུས་འདུན་པ་སྤྱི་བོར་རྒྱང་རྒྱང་དུ་གཏད་པ་ལ་བསླབ། དེ་ཡང་མཐའ་ལ་འདྲུལ་བ་སོགས་བྱུང་དུས་འདུན་པ་སྤྱི་བོའི་འོད་དཔག་མེད་ལ་གཏད་རྒྱུ་བྱུང་ན་རབ་ཡིན་ནོ། །འདུན་པ་འདི་གནད་ཆེ་བ་ཡིན་ཏེ། དཔེར་ན་ཉི་ཤུ་གཉིས་ཀྱི་ཟླ་བ་ཤར་བ་དང་ལངས་ནས་འགྲོ་དགོས་སྙམས་པའི་འདུན་པ་དེའི་ནུབ་མོ་ནས་དུང་ངེ་བ་ཡོད་པ་ནམ་ཕྱེད་ནས་ཟླ་བ་ཤར་བ་དང་གཉིད་སད་པ་ལྟ་བུའོ། །དེ་ཡང་ད་ལྟ་ནས་བྲེད་སྔངས་དྲག་པོ་ནམ་བྱུང་དུས་འདུན་པ་རྒྱང་རྒྱང་གཏད་པ་ལ་བསླབ་བོ། །དེ་ནས་གཅིག་ཆར་དུ་འཆི་བ་ཞེས་བྱ་བ་བྲག་མཐོན་པོ་ལས་ཕྱོད་ཀྱིས་ལྟུང་བའི་ཚེ། བདག་ནམ་འཆི་བ་ཞིག་འོང་བས། དེ་མ་ཐག་སྤྱི་བོར་བླ་མ་དུང་གིས་དྲན་པའམ། ཡི་དམ་དུང་གིས་དྲན་པ་ཡིན་ནོ། །དེ་དྲན་ལོངས་མ་བྱུང་ན། སྤྱི་བོར་རྒྱང་གིས་གཏད་པ་གནད་ཡིན་ནོ། །དེ་ཡི་ཚེ་འདུན་པ་གཏད་རྒྱུ་ཡོད་པའི་རྒྱུ་མཚན་ནི། ད་ལྟ་རང་རེ་ཚོ་བྲེད་སྔངས་དྲག་པོ་རེ་བྱུང་བ་དང་ཁ་ནས་ཕ་བླ་མ་ཞེས་རྒྱང་གིས་བཏོན་རྒྱུ་ཡོད་ནས་འདུག་པའི་ཕྱིར། དེ་དུས་ཀྱང་བླ་མ་དྲན་པའམ། རིག་པ་སྤྱི་བོར་གཏད་རྒྱུ་ངེས་པར་ཡོད་པས། གནད་འདི་ཤིན་ཏུ་ཟབ་བོ། །དེ་བཞིན་དུ་མེ་ཆེན་པོའི་ནང་དུ་ཧྲིལ་འཐུམ་པའམ། ཆུ་ཆེན་པོའི་ནང་དུ་ཡེར་གྱིས་ཁྱེར་བའམ་མགོ་ལ་ཐོག་ཕོག་པའམ། སྙིང་ལ་མདའམ་གྲི་ཕོག་པ། གཟའ་ནད་གདོང་ཐུག་ལྟ་བུ་བྱུང་དུས། དེ་མ་ཐག་སྤྱི་བོར་བླ་མ་འོད་དཔག་མེད་ཏུང་གིས་དྲན་པའམ། རིག་པ་སྤྱི་བོར་བླ་མ་འོད་དཔག་མེད་ལ་གཏད་པ་ནི་སྐད་ཅིག་

མའི་འཕོ་བ་ཡང་ཟེར། བཙན་ཐབས་ཀྱིས་འཕོ་བ་ཞེས་བྱ་བ་སྟེ། ཤིན་ཏུ་ཟབ་པས་བློ་ལ་ལེགས་པར་བྱང་བར་བྱའོ། །དེ་ཡང་ཐ་མལ་པ་བྲེད་སྔངས་དྲག་པོ་བྱུང་དུས་སུ། ཕ་བླ་མ་ཞེས་པའམ། ཨོ་རྒྱན་པདྨ་འམ། སངས་རྒྱས་ཀྱི་མཚན་ནས་བོས་པས་ཡོན་ཏན་དུ་མ་ཡོད་པར་གསུངས་ན། འདུན་པ་སྤྱི་བོར་བླ་མ་འོད་དཔག་མེད་ལ་གཏད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཞེས་འཕོ་བ་དྲན་པ་རང་གྲོལ་ལས་གསུངས་སོ། །བཞི་པ་ཐ་མལ་པའི་འཕོ་བ་ནི། རང་གིས་བསྒོམ་མ་ཤེས། གཞན་གྱིས་གསལ་འདེབས་དང་འཕོ་བ་འདེབས་པ་པོ་མ་སྙེད་ན། བྱང་དོན་ཡོད་གྲུབ་པ་བཞུགས་ངོས་ལ་མགོ་བསྟན། ནུབ་བདེ་བ་ཅན་ངོས་ན་ཁ་བསྟན། ལྷན་ཅིག་སྐྱེས་པའི་བདུད་དཔུང་པ་གཡས་ན་གནས་པ་ཞབས་སུ་མནན། རང་སེམས་རྩེ་གཅིག་མགོ་ངོས་ན་གཏད་ནས། སྐྱབས་འགྲོ་དང་ཡིག་དྲུག་དང་བླ་མའི་གསོལ་འདེབས་གང་ཤེས་བྱ། ཕྱི་དབུགས་ཆད་པ་དང་མིང་ནས་དལ་བུས་བོས་ལ་ཁྱོད་ཀྱི་སྤྱི་བོ་ན་ཇོ་བོ་ཐུགས་རྗེ་ཆེན་པོ་བཞུགས་ནས་ཡོད་དོ། །མོས་གུས་གྱིས་ཤིག་བརྗོད་ལ་སྤྱི་བོར་རེག་རེག་བྱ། ཚངས་བུག་གི་སྐྲ་ནས་རེག་ཙམ་འཐེན་ནོ། །དེས་རྣམ་ཤེས་ཚངས་བུག་ཏུ་ཐོན་ནོ། །ཞེས་ཨོ་རྒྱན་གྱིས་གསུངས་སོ། །ད་ཁྱོད་རང་རྣམས་འཕོ་ལུང་ཟབ་རྒྱས་སུ་ཐོབ་པས་ནམ་ཞིག་འཆི་ནད་ཀྱིས་ཐེབ་ནས། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་ཤེས་ལ་ཐིམ་པའི་སྐབས་སུ་འཕོ་བར་གྱིས་ཤིག །བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱས་ནས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་པས་བདེ་བ་ཅན་དུ་སྐྱེ་བ་དང་སངས་རྒྱས་པ་དུས་གཅིག་ཆར་ལ་འོང་བ་ཡིན་ཏེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་

རྒྱས། །ཅེས་དང་། ནཱ་རོ་པས། རླུང་གི་གཞུ་ལ་སེམས་ཀྱི་མདའ། །ཧིག་གི་སྒྲ་ཡིས་རབ་བསྐུལ་ནས། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཅེས་དང་། སྒྲོལ་མ་རིག་བྱེད་མའི་རྒྱུད་ལས། རྣམ་ཤེས་རླུང་ལ་ཞོན་པ་ནི། །སྟེང་གི་ལམ་ནས་འཕོས་ན་ནི། །སྡིག་ལ་གོམ་པའི་གང་ཟག་ཀྱང་། །མཐོ་རིས་དག་ཏུ་སྐྱེ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པ་ལ། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །ཞེས་དང་། སྤྱི་བོ་ནས་འཕོ་བ་བདེ་བ་ཅན་དུ་སྐྱེའོ། །ཞེས་འཇག་བཙུག་གི་གཞུང་ནས་གསུངས་པས། ཁྱེད་རང་རྣམས་ནམ་འཆི་བའི་ཚེ་ནས་སངས་རྒྱས་འོད་དཔག་མེད་ཡིད་ལ་དྲན་བཞིན་དུ་སྤྱི་བོ་ཚངས་པའི་བུ་གར་སྐར་ཁུང་དུ་མདའ་འཕང་བ་ལྟར་འཕོས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་བྱ་རྒོད་ཀྱིས་གནམ་འཕང་བཅད་པ་ལྟར་ཏ་ལེར་འགྲོ་བསམ་པ་གྱིས་ལ་རྗེས་ཟློས་མཛོད། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔བདེ་བ་ཅན་གྱི་ཞིང་ཁམས་ཡོད༔དེ་ན་སངས་རྒྱས་འོད་དཔག་མེད༔སུ་ཞིག་དེ་ཡི་མཚན་འཛིན་པ༔ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔བདག་ཅག་ནམ་ཞིག་འཕོས་མ་ཐག༔འོད་དཔག་མེད་མགོན་ཞབས་དྲུང་དུ༔ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔པདྨ་འདམ་གྱིས་མ་གོས་ལྟར༔སྲིད་གསུམ་དྲི་མས་མ་གོས་ཤིང༔སྲིད་པའི་པདྨོ་ལས་གྲོལ་བར༔བདེ་བ་ཅན་དུ་སྐྱེ་བར་ཤོག༔ཅེས་སྨོན་ལམ་བཏབ་བོ། །གཞུང་ལས་མཐར་བཞག་དུས་འོད་དཔག་མེད་རང་ལ་བསྟིམ། སྤྱི་གཙུག་གི་བུ་ག་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བས་བཅད། སྦྱངས་དུས་དེ་བར་སྣང་ནམ་མཁར་བཏེགས་སོ། །ཞེས་གསུངས་པས་དེང་ཕྱིན་ཆད་དམིགས་པ་མ་བརྗེད་ཙམ་གྱིས་ལ། ཧིག་མ་འདོན། བྱང་ཡག་མ་བྱུང་བ་རྣམས་ད་རུང་སྦྱོངས་ཤིག །ཐུན་

མཚམས་སུ་སྤྱི་བོའི་ཚང་བུག་ནང་གི་ཡི་གེ་ཧཾ་མགོ་མཐུར་དུ་བསྟན་པ་དང་ཚངས་བུག་སྟེང་གསེར་གྱིས་རྡོ་རྗེ་རྒྱ་གྲམ་གྱི་གདན། དེའི་སྟེང་དུ་འོད་དཔག་མེད་དེ་ཚེ་དཔག་མེད་དུ་གནས་གྱུར་ནས་བཞུགས་པར་བསྒོམ་ལ་རྗེས་ཟློས་གྱིས། ༀ་ཨ་མཱ་ར་ཎི་ཛཱི་ཝནྟ་ཡེ་སྭཱ་ཧཱ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། ལོ་བརྒྱ་ཐུབ་ཅིང་སོགས། བསོད་ནམ་རི་བོ༴སོགས་བཀྲ་ཤིས་བྱ། མཎྜལ་ཕུལ་ནས་གྲོལ་བར་བྱ། དེ་ལྟར་ཆོས་ཐུན་གསུམ་ལ་དོན་འཐུས་པར་བྱས་པ་ཡིན་ན་འང་། གསུམ་དེ་ཞག་གཉིས་སམ། གསུམ་རེའམ། བཞི་རེའམ། ལྔ་རེའམ། དྲུག་རེའམ། བདུན་རེ་ཙམ་ཞིག་(ལ་བཤད་ཅིང་ཞག་ཏུ་འདུག་ཆོག་ལ)ཅིང་བཤད་ལ་ཞག་དུ་འདོད་ཆོག་ལ། ཡང་ཐོབ་འདོད་ཀྱང་འདུག་ལོངས་མེད་པ་དང་ངོ་ཆེན་གལ་ཆེན་གྱི་རིགས་ལ་ནི། གསུམ་ཁ་དུས་གཅིག་ལུང་ཐོབ་ལྟ་བུར་བྱས་ལ་དམིགས་པ་རྗེས་ནས་སྦྱངས་ན་ཡང་ཆོག་གོ །ཞེས་པ་འཕོ་ལུང་ཉུང་འདུས་གོ་བདེ་བར་དབོན་པོ་བླ་མ་རྒྱལ་མཚན་ལ་ཕན་ཕྱིར། དགེ་སློང་ཆོས་འདི་ལ་ཡུན་རིང་གོམས་འདྲིས་དང་ལྡན་པ་རཱ་ག་ཨ་གསེས་ཤིང་སྦྲུལ་སྣྲོན་ཟླ་བའི་ཡར་ཚེས་གཉིས་དང་གསུམ་ལ་རྫོགས་པར་བྲིས་པ་བཀའ་སྲུང་ཀླུ་རྒྱལ་གཙུག་ན་རིན་ཆེན་དང་དམ་ཅན་སྡེ་བདུན་ལ་བཤགས་སོ། །དགེ་བས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ཅན་དུ་སྐྱེ་བའི་འདྲེན་པ་དམ་པར་གྱུར་ཅིག །ཆོས་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །

༈ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀྱཻ་མ་ཀྱཻ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་ཐུགས་རྗེའི་མཐུ་མངའ་བས། །བདག་སོགས་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་བརྗོད་བཅུག །ཀྱཻ་མ་ཀྱཻ་མ་མི་རྟག་འཁོར་བའི་ཆོས། །ཐར་མེད་ལས་ཀྱི་རྒྱ་མཚོ་དོང་རིང་དུ། །ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱི་རློབས། །མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །བདག་འདོད་གཟུང་འཛིན་བཅིང་པའི་བཙོན་ར་འདིར། །རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར། །མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུན་འཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཅེས་བརྗོད་བཅུག །སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མི་རྟག་བློ་གཏད་མེད་པར་མ་ཤེས་ནས། །ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་ཟད། །འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །སྣོད་ཀྱི་འཇིག་རྟེན་

མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླའི་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་སེམས་དང་རང་ཉིད་འཆི་བས་གཏུག །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཅེས་བརྗོད་བཅུག །ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ལན་གསུམ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔གྲུབ་ཐོབ་ཀརྨ་གླིང་པ་ལ་གསོལ་བ་འདེབས༔དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས༔བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གིས་རློབས༔མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱི་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱི་རློབས༔གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ནས༔བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔བྱིན་རླབས་འོད་དུ་འཁྲིགས་པའི་བར་མཚམས་ནས༔རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས༔བཟོད་མེད་གདུང་ཤུགས་

དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ནས༔སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ནས༔མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་བ༔་་་་་་་་གདོང་ལྔ་བ་ནི་ཞྭ་དམར་གི་གསང་མཚན་་་་་བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན༔བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས༔བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན༔ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས༔རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག༔འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གི༔ལུས་གནས་བརྗོད་མེད་ཡེ་ཤེས་ཕྱག་རྒྱ་ཆེ༔དེ་ལས་གུད་ན་སངས་རྒྱས་གཞན་མེད་པའི༔རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག༔ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས༔རྒྱལ་བ་འོད་དཔག་མེད་པ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔ལོངས་སྐུ་ཐུགས་རྗེའི་བདག་ཉིད་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ཟངས་མདོག་དཔལ་རི་མཁའ་འགྲོའི་གླིང་ནས༔སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔

བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔གཏེར་སྟོན་ཉི་ཟླ་ཡབ་སྲས་དེ་ཡིས༔སྲས་ཀརྨ་གླིང་པའོ༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས༔དྲིན་ཅན་རྩ་བའི་བླ་མ་དེ་ཡིས༔ཟམ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ཙིཏྟ་རིན་ཆེན་སྙིང་གི་གནས་ནས༔ཞི་བ་བཞི་བཅུ་རྩ་གཉིས་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ནས༔རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔གླད་པ་དུང་ཁང་འབར་བའི་གནས་ནས༔ཁྲག་འཐུང་འབར་བ་ལྔ་བཅུ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔བཀའ་དང་དམ་ཚིག་གཉན་པོའི་གནས་ནས༔བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ཧིག་ཅེས་བརྗོད། ཞི་ཁྲོ་དགོངས་པ་རང་གྲོལ་གྱིས་འཕོ་བ་འཇག་བཙུག་མ་དང་གབ་སྤྲད་པ་ཨ་རཱ་གས་

གསུངས་ལྟར་གཞན་ལ་འདེབས་རྒྱུ་ཁོལ་དུ་ཕྱུང་བའོ། །


previousའཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་ཉུང་ངུ་།next