Nitartha Digital Library
Tibetan
 
previousགསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་གནད་དོན་ཀུན་གསལ།next

གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་གནད་དོན་ཀུན་གསལ།

གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་གནད་དོན་ཀུན་གསལ་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། མཁའ་ལྟར་དངོས་པོ་ཀུན་ལ་ཁྱབ་པའི་ཆོས་སྐུ་དོན་དམ་སྤྲོས་བྲལ་ལས། །རིམ་གཉིས་རླུང་གི་ཤིང་རྟ་ཆེས་དྲངས་ཟུང་འཇུག་ལོངས་སྐུ་ཉིན་མོའི་མགོན། །གྲངས་མེད་གདུལ་བྱའི་ཁམས་ཀྱི་རྒྱ་མཚོར་སྤྲུལ་སྐུའི་གཟུགས་བརྙན་སྟོང་འཆར་བ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དང་དེ་སྤྲུལ་ཙོང་ཁ་པ་དེར་འདུད། །ལེགས་བཤད་མཐར་ཐུག་དཔལ་ལྡན་འདུས་པའི་རྒྱུད། །རྒྱུད་དེར་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་ཚུལ། །ཚུལ་བཞིན་གསལ་མཛད་ཀླུ་སྒྲུབ་སྨྲ་བའི་ཟླ། །ཟླ་བའི་ཞབས་སོགས་བརྒྱུད་པར་བཅས་ལ་འདུད། །ཁྱད་པར་བདག་བློ་རིན་ཆེན་ཀཱ་ལ་ཤར། །ལེགས་བཤད་བདུད་རྩིའི་ཆར་འབེབས་དགེ་བའི་བཤེས། །ཐོག་མཐའ་བར་གྱི་ཡོངས་འཛིན་རྣམ་ལྔ་ཡི། །བཀའ་དྲིན་ལན་བརྒྱར་དྲན་པས་རྟག་ཏུ་བསྔགས། །སྐྱེ་ཤི་བར་དོ་རྒྱལ་བའི་སྐུ་གསུམ་དུ། །སྒྱུར་བྱེད་འདུས་པའི་རིམ་པ་དང་པོའི་གནད། །དམ་པས་བསྐུལ་ལས་རང་ཉིད་འདྲིས་ཕྱིར་དང་། །སྐལ་མཉམ་གཞན་ལའང་ཕན་སྲིད་སྙམ་ནས་བྲི། །དེ་ཡང་འདིར་དཔལ་གསང་བ་འདུས་པའི་རིམ་པ་དང་པོའི་རྣམ་གཞག་ཇི་ལྟར་འཚམ་པ་ཞིག་བཤད་པར་བྱ་སྟེ། འདི་ལ་གསུམ། འདུས་པའི་རྒྱུད་ཀྱི་ཆེ་བ་བསྟན་པ་དང་། རྩ་བཤད་ཀྱི་རྒྱུད་དང་དགོངས་འགྲེལ་གྱི་རིམ་པ་བྱོན་ཚུལ། བསྐྱེད་པའི་རིམ་པ་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ནི། རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ཞེས་གསུངས་ཤིང་། རྒྱུད་ཕྱི་མ་ལས། ཨེ་མ་ཧོ་ཤིན་ཏུ་རྙེད་པར་དཀའ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་དང་། གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང་། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང་། །མཆོད་པར་བྱེད་པ་དང་ནི་འདྲིའམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས་ཀྱང་། སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་བ་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །ཞེས་དང་། དམར་ནག་གི་རྒྱུད་ལས་ཀྱང་། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་དང་། གསང་བ་གྲུབ་པ་ལས་ཀྱང་། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་གྱུར། །ཞེས་དང་། སྒྲོན་གསལ་ལས་ཀྱང་། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྤྱིར་འདུས་པའི་རྩ་རྒྱུད་ལ་ཤླཽ་ཀ་ཉིས་ཁྲི་ལྔ་སྟོང་ཡོད་པ་གཅིག་དང་། དེ་ལས་བཏུས་པའི་ད་ལྟའི་བསྡུས་རྒྱུད་ཕྱི་མ་དང་བཅས་པ་གཉིས་སོ། །དེའི་བཤད་རྒྱུད་ལ། རྒྱུད་ཕྱི་མ། རྡོ་རྗེ་འཕྲེང་བ། དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷའི་དབང་པོས་ཞུས་པ་སྟེ་དྲུག་གོ །རྒྱུད་ཕྱི་མ་ནི། འདུས་པའི་བཤད་རྒྱུད་ཡིན་པར་མ་ཟད་དེའི་རྒྱུད་ཀྱང་ཡིན་ལ། གཞན་ལྔ་ནི་འདུས་པའི་བཤད་རྒྱུད་ཡིན་ཀྱང་དེའི་རྒྱུད་མིན་ནོ། །དགོངས་འགྲེལ་ལ་ནི་འཕགས་པས་མདོར་བྱས། མདོ་བསྲེ་གཉིས་དང་། རིམ་ལྔ། བྱང་ཆུབ་སེམས་འགྲེལ་དང་བཅས་པ་མཛད། འཕགས་པ་ལྷས་ནི་སྤྱོད་བསྡུས་སྒྲོན་མེ་དང་བདག་བྱིན་རླབས་གཉིས་མཛད། ཀླུ་བྱང་གིས་དཀྱིལ་ཆོག་ཉི་ཤུ་པ་དང་ལས་མཐའ་རྣམ་འབྱེད། ཤཱཀྱ་བཤེས་གཉེན་གྱིས་རིམ་པ་གཉིས་པའི་མཇུག ཟླ་བས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་དང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གཉིས་མཛད་ཅིང་། དེ་རྣམས་ཀྱི་རྗེས་འབྲང་རྒྱ་བོད་ཀྱི་མཁས་པ་གཞན་གྱིས་མཛད་པ་མང་ཡང་། རྗེ་ཡབ་སྲས་ཀྱིས་བཀྲལ་བའི་དབང་དུ་བྱས་ན། རྗེ་ཉིད་ཀྱིས་རྒྱུད་འགྲེལ་གྱི་མཆན་བུ་མཐའ་དཔྱོད་བསྡུས་དོན་གསུམ་དང་། སྔགས་རིམ། རིམ་ལྔ་སོགས་མང་དུ་མཛད་ལ། མཁས་གྲུབ་རྗེས་ནི། འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་ཆེན་མོ་སོགས་འགའ་རེ་དང་། དེའི་རྗེས་སུ་མཁས་གྲུབ་ནོར་བཟང་བ་དང་། པཎ་ཆེན་བསོད་ནམས་གྲགས་པ། པཎ་ཆེན་གོང་མ་སོགས་དུ་མས་ཀྱང་འདུས་པའི་རིམ་གཉིས་ཀྱི་དོན་གཏན་ལ་འབེབས་པའི་སྒོ་ནས་དར་རྒྱས་སུ་མཛད། འདིར་ཡང་དེ་རྣམས་ཀྱིས་བཤད་པའི་རྗེས་སུ་འབྲང་སྟེ་དེ་དག་གི་དགོངས་པ་དང་མཐུན་པར་རང་སྐལ་གྱི་དབང་དུ་བྱས་ནས་འཆད་པར་བྱའོ།། གསུམ་པ་ལ་ལྔ། གང་གིས་སྒྲུབ་པའི་རྟེན། གང་དུ་བསྒྲུབ་པའི་གནས། རིམ་གཉིས་ཀྱི་གོ་རིམ་ངེས་ཚུལ། ཇི་ལྟར་སྒྲུབ་པའི་མངོན་རྟོགས་ཀྱི་རྣམ་བཞག བསྐྱེད་རིམ་མཐར་ཕྱིན་པའི་ཚད་འཕྲོས་དང་བཅས་པ་བཤད་པའོ། །དང་པོ་ནི། སྤྱིར་ལམ་འདིའི་སྒྲུབ་པ་པོ་ཁྱད་པར་ཅན་གྱི་དབང་དུ་བྱས་ན་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱངས་པ་ཞིག་དགོས་ལ། དེ་ཡང་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བྱང་སྡོམ་བཟུང་སྟེ་སྤྱོད་པ་ཕྱིན་དྲུག་ལ་སློབ་འདོད་ཡོད་པ་ཞིག་དགོས་ཏེ། དེ་དག་སྔ་མ་སྔ་མ་ཡོད་ན་ཕྱི་མ་ཕྱི་མ་རྣམས་ཇི་ལྟ་བ་བཞིན་འབྱུང་ཞིང་མེད་ན་མི་འབྱུང་བའི་ཕྱིར། དེ་ནས་བླ་མེད་ལྟར་ན་དབང་བཞི་རྣམ་པར་དག་པ་ཐོབ་པ་ཞིག་དགོས་ཏེ། སྤྱིར་དབང་རྣམ་པར་དག་པ་ནི་སྔགས་ལམ་གྱི་འཇུག་སྒོ་ཡིན་ལ། བླ་མེད་ཀྱི་རིམ་གཉིས་རྫོགས་པར་བསྒོམ་པའི་སྣོད་དུ་གྱུར་པ་ལ་དེའི་དབང་བཞི་ངེས་པར་ཐོབ་དགོས་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རྩ་རྒྱུད་ལེའུ་བཅུ་གཉིས་པར། དགོན་པ་ཆེན་པོའི་ས་ཕྱོགས་སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །ཞེས་གསུངས་པ་ལྟ་བུའི་གནས་སུ་བསྒོམ་པར་བྱ་སྟེ། དེས་ཡིད་དུ་འོང་བའི་གནས་གཞན་ཡང་མཚོན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུའི་རྟེན་གྱི་གང་ཟག་དེས་རིམ་གཉིས་ཀྱི་ནང་ནས་ཐོག་མར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་ལ་སློབ་དགོས་པ་ཡིན་ཏེ། རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའི་ཕྱིར། རིམ་གཉིས་གང་སྒོམ་ཡང་དམ་ཚིག་ལ་གནས་པ་ཞིག་དགོས་ཏེ། དམ་ཚིག་སྤྱི་དང་ཁྱད་པར་བླ་མའི་དམ་ཚིག་གི་གཙོ་བོ་རྣམས་དང་འགལ་བ་ཕྱིར་བཅོས་ཚུལ་བཞིན་མ་བྱས་ན། དངོས་གྲུབ་ཁྱད་པར་ཅན་མི་འཐོབ་ཅིང་ངན་འགྲོར་སྐྱེ་བར་འགྱུར་བའི་ཕྱིར་ཏེ། སྡོམ་འབྱུང་ལས། ཇི་ལྟར་ཉེ་བར་བསྟན་པ་བཞིན། །ཕྱི་ནས་དམ་ཚིག་སྤྱོད་ལ་བརྩོན། །ཞེས་པ་ནས། ཡང་དག་མན་ངག་ཕུན་ཚོགས་ཀྱིས། །འགྲུབ་པར་འགྱུར་རོ་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར། བཞི་པ་ལ་བཞི། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག །བསྐྱེད་རིམ་གྱི་དམིགས་པ་ཡིད་ལ་བྱེད་ཚུལ་ལོ། །དང་པོ་ལ་གཉིས། མངོན་རྟོགས་ཀྱི་སྦྱོར་བའི་རྣམ་གཞག་དང་། མངོན་རྟོགས་དངོས་ཀྱི་རྣམ་བཞག་གོ །དང་པོ་ལ་གསུམ། སྔོན་དུ་ཇི་ལྟར་བྱ་བ་དང་། མཐུན་རྐྱེན་བསྒྲུབ་པའི་ཕྱིར་ཚོགས་ཞིང་མཆོད་ཅིང་སྡོམ་པ་བཟུང་བ་སོགས་དང་། འགལ་རྐྱེན་འགོག་པའི་ཕྱིར་སྲུང་འཁོར་བསྒོམ་པའོ། །དང་པོ་ལ་ལྔ་རྡོར་དྲིལ་བྱིན་གྱིས་བརླབ་པ། ནང་མཆོད་བྱིན་གྱིས་བརླབ་པ། སྔོན་འགྲོའི་གཏོར་མ་བྱ་ཚུལ། བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་པ། རྡོར་སེམས་སྒོམ་བཟླས་བྱ་ཚུལ་ལོ། །དང་པོ་ལ་གཉིས། རང་ལྷར་བསྐྱེད་པ་དང་། བྱིན་བརླབ་བྱ་ཚུལ་དངོས་སོ། །དང་པོ་ལ་གཉིས། དགོས་པ་དང་། ཚིག་དོན་ནོ། །དང་པོ་ནི། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞེས་སོགས་ཀྱིས་རང་ཞེ་སྡང་རྡོ་རྗེར་བསྐྱེད་ནས་རྡོར་དྲིལ་བྱིན་གྱིས་བརླབས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཐབས་བསྒོམ་པའི་ཚེ་དམ་ཚིག་གསུམ་དང་ལྡན་པ་ཞིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། རང་ལྷ་ཡབ་ཡུམ་དུ་བསྐྱེད་པ་ནི་ཕྱག་རྒྱའི་དམ་ཚིག །རྡོར་དྲིལ་འཛིན་པ་ནི་རྡོར་དྲིལ་གྱི་དམ་ཚིག་དྲན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེ་ཞེས་སོགས་བརྗོད་པ་དང་མཉམ་དུ། རང་གི་ཕུང་པོ་ཕྲ་རགས་མ་ཕྱེ་བར་བཏགས་ཆོས་དང་བཅས་པ་བརྟེན་ནས་བཏགས་པ་ཙམ་མ་གཏོགས། རང་ངོས་ནས་གྲུབ་པ་མེད་དོ་སྙམ་དུ་བསམས་ཏེ། རང་ཉིད་ཕུང་པོ་དེ་ཉིད་འོད་དུ་མེར་ཀྱིས་ཞུ་བའི་གོ་ས་དེར་སྟོང་པའི་ངང་ལས། རང་སེམས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་འོད་སྔོན་པོ་ཁྲུ་གང་བ་ཞིག་གམ། ཡང་ན་སྐད་ཅིག་གིས་ཉི་གདན་གྱི་སྟེང་དུ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཅེས་པ་ནས་ཤམ་ཐབས་འཕྱར་བར་འགྱུར་ཞེས་པའི་བར་གྱིས་བསྐྱེད། དེ་ཡང་སྐུ་མདོག་དང་རྩ་ཞལ་མཐིང་ནག གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམ་ཅན་སོགས་འོག་ནས་སྲུང་འཁོར་གྱི་སྐབས་སུ་འབྱུང་བ་ལྟར་བསམ། དེ་དག་ཀྱང་འདིར་མན་ངག་དང་སྦྱར་ཏེ་བཤད་ན། སྒྱུ་ལུས་འོད་གསལ་ཟུང་འཇུག་མཚོན་པའི་ཞལ་གསུམ། ཞལ་གསུམ་ཀའི་དབུའི་རྫ་མ་དང་མགྲིན་པ་གཅིག་ཡིན་པ་ལ་ཞལ་གསུམ་འབུར་དོད་ཀྱི་རྣམ་པ་ཅན། དབུ་སྐྲ་སྤྱི་བོར་ཐོར་ཅོག་བྱས་པའི་རྩེ་མོར་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཐོར་ཅོག་གི་མདུན་ནམ། དབུ་སྐྲ་བཅིངས་ཐག་གི་དབུས་སུ་སྤྱི་བོའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྩེ་མོ་སོ་གཉིས་པ་གྱེན་དུ་ལངས་པའི་གཡས་གཡོན་དུ་རྡོ་རྗེ་རྩེ་ལྔ་པས་རྒྱབ་ཀྱི་བར་དུ་འཁོར་བ་ལ། ཡང་མར་གྱི་སྣེ་རྣམས་སུ་མུ་ཏིག་གི་འཕྲེང་བས་སྦྲེལ་ཞིང་། བར་བར་དུ་མུ་ཏིག་གི་འཕྲེང་བ་ཉིས་གཤིབ་ཀྱི་ཀུ་རུ་ཁར་སྦྲེལ་བ། དབུ་རེ་རེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་རེ། མདུན་ངོས་ཀྱི་རྩིབས་དབུས་མའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་མི་བསྐྱོད་པ། དེའི་གཡས་གཡོན་དུ་རྣམ་སྣང་དང་རིན་འབྱུང་། དེའི་གཡས་གཡོན་དུ་འོད་དཔག་མེད་དང་དོན་གྲུབ་རྣམས་འབུར་དུ་དོད་པའི་རྣམ་པ་ཅན། རྩིབས་རྣམས་ལ་མུ་ཏིག་གི་དྲ་བ་ཉིས་གཤིབ་དང་དབུས་མ་ལ་སུམ་གཤིབ་ཅུང་ཟད་རིང་བ། སྙན་རྒྱན་ནི་རྒྱུ་གསེར་ལས་བྱས་ཤིང་ཟླུམ་པོ་མར་སྣར་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་མཚན་པ་ལ་མུ་ཏིག་གི་ཛར་ཛར་ཡོད་པ། སྙན་གོང་ཨུཏྤ ལའི་གདེངས་ཀ་ནི། ཡུ་བ་སྙན་གྱི་རྒྱབ་དང་འདབ་མ་སྙན་གྱི་གོང་དུ་གདེངས་ཀར་ཡོད་པའི་ཡུ་བའི་ཐད་དང་གསེར་གྱི་འཁོར་ལོའི་འོག་ནས་ཚོན་སྣ་ལྔའི་དར་དཔྱངས་སྙན་རྒྱབ་ནས་མར་འཕྱང་བ། ཨོལ་མདུད་ཀྱི་ཐད་སོར་མགྲིན་པའི་རྩ་འཁོར་མཚོན་བྱེད་རྡོ་རྗེ་རྩེ་བཅུ་དྲུག་པའི་གཡས་གཡོན་དུ་རྡོ་རྗེ་རྩེ་ལྔ་པས་མགྲིན་པ་འཁོར་བ་ལ་ཡར་མར་གྱི་སྣེ་རྣམས་སུ་མུ་ཏིག་གི་འཕྲེང་བ་ཉིས་གཤིབ་ཀྱིས་སྦྲེལ་བ་དང་། བར་རྣམས་སུ་མུ་ཏིག་གི་འཕྲེང་བས་ཀུ་རུ་ཁར་སྦྲེལ་བའི་མགུལ་རྒྱན། སེ་མོ་དོ་ནི། ཐུགས་མཚོན་བྱེད་དུ་མགུལ་རྒྱན་གྱི་ཕྱི་ནས་མུ་ཏིག་གི་དྲ་བ་དྲ་ཕྱེད་ནུ་མ་གཉིས་ཀྱི་བར་དུ་སླེབ་པ་སྟེ། ཁ་ཅིག་ཏུ་གཡས་གཡོན་དུ་སེ་རལ་ཁར་བྱ་བར་བཤད་དེ་བརྟག ག་ཤའམ་སེ་རལ་ཁ་ནི་ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་ཀ་དང་རྒྱབ་ཏུ་སྙིང་ཀའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྩེ་བརྒྱད་པའི་ཡར་མར་གྱི་རྭ་རྣམས་ལ་མུ་ཏིག་གི་འཕྲེང་བ་སུམ་གཤིབ་ཕྲག་གོང་གཡས་གཡོན་ནས་མཆན་ཁུང་གཡས་གཡོན་དུ་ཀུ་རུ་ཁར་སྦྲེལ་བ། དོ་ཤལ་ནི། རིན་པོ་ཆེ་དཀར་དམར་སྔོ་བ་ལྔ་བཅུ་སྤེལ་མའི་ཕྲེང་བ་བརླ་ཕྲ་སྦོམ་གྱི་མཚམས་སུ་སླེབ་པ། སྐ་རགས་སམ་འོག་པག་ནི་ལྟེ་བའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྩེ་དྲུག་ཅུ་རེ་བཞི་པ་དང་། དེའི་གཡས་གཡོན་ནས་བརྩམས་ཏེ་རྡོ་རྗེ་རྩེ་ལྔ་པས་རྒྱབ་ཀྱི་བར་འཁོར་བ་ལ། ཡར་མར་གྱི་རྭ་རྣམས་སུ་མུ་ཏིག་གི་ཕྲེང་བ་ཉིས་གཤིབ་ཀྱི་སྦྲེལ་བའི་བར་མཚམས་སུ་མུ་ཏིག་གི་ཕྲེང་བ་ཉིས་གཤིབ་ཀྱི་ཀུ་རུ་ཁར་བྱས་པས་སྦྲེལ་བ། འོག་རྭ་རྣམས་ལ་མུ་ཏིག་གི་དྲ་བ་དྲ་ཕྱེད་སུམ་གཤིབ་ཀྱི་སྣེ་མོར་དྲིལ་ཆུང་གཡེར་ཁ་དང་ཟླ་ཕྱེད་རྔ་ཡབ་སོགས་ཀྱིས་སྤྲས་པ། དཔུང་རྒྱན་ནི། ཕྱག་དྲུ ག་གི་དཔུང་བའམ་སོག་པའི་དཀར་ཡོལ་ཁ་རེ་རེ་ནས་སྟེང་འོག་ཏུ་འཐོན་པའི་དཔུང་མགོའི་འོག་དང་གྲུ་ཚིགས་ཀྱི་ནང་དུ་གསེར་གྱི་པ་ཊས་རིས་སྒོར་མོ་ལ་ནོར་བུས་བརྒྱན་པ་དང་། ཕྱག་གི་མཁྲིག་མ་དང་ཞབས་ཀྱི་ལོང་བུ་རྣམས་སུའང་དེ་འདྲ་བའི་རྒྱན་རྣམས་ལ་མུ་ཏིག་གི་དྲ་བ་དྲ་ཕྱེད་དང་བཅས་པའི་ཕྱག་ཞབས་ཀྱི་གདུ་བུ་སྟེ། རིགས་དྲུག་རྒྱན་གྱི་རྣམ་པར་ཤར་བའོ། །ཕྱག་གཡས་ཀྱི་དང་པོས་མི་བསྐྱོད་པའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། གཡོན་གྱི་དང་པོས་རྡོ་རྗེ་འཆང་གི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་ཡུ་བ་བྱས་པའི་དྲིལ་བུ་བཟུང་ནས་ཡུམ་གྱི་མཆན་ཁུང་ནས་འཁྱུད་པ། གཡས་ཀྱི་གཉིས་པས་རྣམ་སྣང་གི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་ཡུ་བ་བྱས་པའི་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ། གསུམ་པས་འོད་དཔག་མེད་ཀྱི་ངོ་བོ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། གཡོན་གྱི་གཉིས་པས་རིན་འབྱུང་གི་ངོ་བོ་རྡོ་རྗེ་ཕྱེད་པས་ཡུ་བ་བྱས་པའི་རིན་པོ་ཆེ་སེར་པོ་ཆ་དགུ་པ། གསུམ་པས་དོན་གྲུབ་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་སྟེང་དུ་པདྨ་དེའི་སྟེང་དུ་ཉི་མ་ལ་རལ་གྲི་སོ་གཉིས་པ་རྩེ་མོར་ཡེ་ཤེས་ཀྱི་མེ་འབར་བ་འཛིན་པ། དེའི་པང་ན་ཡུམ་རེག་བྱ་རྡོ་རྗེ་མ་སྐུ་མདོག་སྔོན་པོ་རྒྱན་ཆ་ལུགས་། མས་ཅད་ཡབ་དང་འདྲ་བ་ལ་སྐུ་བོང་ཡབ་ལས་ཅུང་ཟད་ཆུང་བ། དབུ་སྐྲ་ཕྱེད་ཐོར་ཅོག་དང་ལྷག་མ་ལན་བུར་འཕྱང་བས་སྐུ་སྟོད་ཁེབས་པ་ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ། གཟུགས་མཛེས་པ། ངག་སྙན་པ། དྲི་ཞིམ་པ། ལྗགས་དང་མ་མཆུའི་རོ་མངར་བ། ལུས་ཀྱི་རེག་བྱ་འཇམ་པ་སོགས་འདོད་ཡོན་ལྔའི་དགའ་བས་རོལ་བ། ཞབས་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའི་གོས་ཀྱི་ག་ཤལ་ནི་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ལྷ་རྫས་ཀྱི་གོས་སྟོད་ཅུང་ཟད་ལེབ་ཆགས་པ་མཆན་ཁུང་གཡས་གཡོན་དུ་ག་ཤལ་བྱས་ཤིང་། མདུན་རྒྱབ་ལེབ་ཆགས་པ་ལ་སྟ་ཟུར་རྣམས་སུལ་མང་པོ་ཡོད་པའི་ཤམ་ཐབས་ཕན་ཚུན་རྒྱབ་ཏུ་འཕྱར་བ་སྟེ་བཞུགས་པའོ། །རྒྱན་དང་ཕྱག་མཚན་འདི་རྣམས་ཀྱི་མཚོན་དོན་དང་ངོ་བོ་ནི་ལྷ་ལྷག་མ་འཆད་འགྱུར་རྣམས་ལའང་ཅི་རིགས་ཤེས་པར་བྱའོ། །གཉིས་པ་ནི་རྡོ་རྗེ་ནི་ཐབས་དང་ཞེས་སོགས་བརྗོད་པའི་ཚེ་རྡོར་དྲིལ་བྱིན་གྱིས་བརླབ་པ་དང་མཚོན་དོན་དྲན་པར་བྱ་སྟེ། དེ་ཡང་སྤྱིར་བྱིན་གྱིས་བརླབ་པ་ལ་བསངས་སྦྱངས་བསྐྱེད་ནས་བྱིན་གྱིས་བརླབ་པ་དང་། མཚོན་དོན་དྲན་པ་ཙམ་གྱིས་བྱིན་གྱིས་བརླབ་པའི་ཚུལ་གཉིས་ལས་འདིར་ཕྱི་མ་ལྟར་ཡིན་ནོ། །རྡོར་དྲིལ་དེ་ལ་སྒྲས་བརྗོད་ཀྱིས་དབྱེ་ན་གཉིས་ཏེ། མཚོན་བྱ་དོན་གྱི་རྡོར་དྲིལ་དང་། མཚོན་བྱེད་དཔེའི་རྡོར་དྲིལ་ལོ། །མཚོན་བྱེད་ཀྱི་རྡོ་རྗེ་དེ་ལ་རྩེ་གཅིག་པ་གསུམ་པ་ལྔ་པ་དགུ་པ་སྣ་ཚོགས་རྡོ་རྗེ་རྒྱན་གྱི་རྡོ་རྗེ་རྣམས་སུ་ཡོད་ཅིང་། རྩེ་གཅིག་པ་ནས་སྟོང་གི་བར་ཡོད་པར་བཤད་དེ། དྲིལ་བུ་ལའང་དེ་ལྟར་རོ། །རྡོ་རྗེས་ཐབས་སྒྲུབ་པ་པོ་དང་། དེའི་གསང་གནས་ཀྱི་རྡོ་རྗེ། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སོགས་ཐབས་ཀྱི་རིགས་རྣམས་མཚོན། དྲིལ་བུས་ཤེས་རབ་ཕྱག་རྒྱ་མ་དང་། དེའི་གསང་གནས། ཤེས་རབ་སྟོང་པ་ཉིད་དང་དེ་རྟོགས་པའི་ཤེས་རབ་སོགས་ཤེས་རབ་ཀྱི་ཆ་རྣམས་མཚོན། ཡང་རྡོ་རྗེའི་ལྟེ་བས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་སེམས་དཔའ། སྟེང་རྭ་ལྔས་ཡེ་ཤེས་ལྔ་རིགས་ལྔ། སྟེང་གི་པད་འདབ་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད། འོག་རྭ་ལྔས་མཁའ་འགྲོ་ལྔ། འོག་གི་པད་འདབ་ཀྱིས་སྐུལ་བྱེད་མ་སོགས་བཞི་དང་སྒོམ་བཞི། དྲིལ་བུའི་ཞལ་གྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་རྡོ་རྗེ་དབྱིངས་ཕྱུག་མ། སྟེང་རྭས་གཤེགས་པ་ལྔ། བུམ་པས་ཡེ་ཤེས་ཀྱི་བདུད་རྩི་དབྱུག་གུས་ལྷན་སྐྱེས། ཆ་གསུམ་གྱིས་ཁམས་གསུམ། ཁོག་པས་སྟོང་ཉིད། ས་བོན་བརྒྱད་ཀྱིས་སྤྱན་སོགས་ཡུམ་བཞི་དང་ནོར་རྒྱུན་མ་སོགས་བཞི། ཡང་རྡོ་རྗེས་ལོངས་སྐུ། དྲིལ་བུས་སྤྲུལ་སྐུ། རྡོར་དྲིལ་མཉམ་པར་སྦྱོར་བས་ཟུང་འཇུག དྲིལ་བུའི་སྒྲས་ཆོས་ཕུང་སྒྲོགས་པ། ཡང་རྡོ་རྗེའི་ལྟེ་བས་ཡབ་ཀྱི་དྷཱུ་ཏཱིའི་མར་སྣ། དྲིལ་བུའི་ལྕེས་ཡུམ་གྱི་དྷཱུ་ཏཱིའི་མར་སྣ་མ ཚོན་པ་སོགས་རྫོགས་རིམ་དང་སྦྱར་ནས་འཆད་ཚུལ་ཡང་ཤེས་པར་བྱའོ། །མདོར་ན་རྡོ་རྗེས་ཟུང་འཇུག་གི་བར་གྱི་ཐབས་ཀྱི་ཆ་ཐམས་ཅད་དང་། དྲིལ་བུས་དེའི་བར་གྱི་ཤེས་རབ་ཀྱི་ཆ་ཐམས་ཅད་མཚོན་པའི་ཚུལ་དྲན་པར་བྱའོ། །རྡོར་དྲིལ་གཉིས་ཀའང་བདེ་སྟོང་དབྱེར་མེད་ཀྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་ནོ་སྙམ་པ་དང་། རང་གི་ལུས་ལྷ་ཡབ་ཡུམ་དང་སེམས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང་། ངག་གིས་བདེ་སྟོང་དབྱེར་མེད་ཀྱི་སྒྲ་སྒྲོགས་པར་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཞེས་སོགས་ཀྱི་དོན་ཡོད་དེ། ༀ་ནི་རྒྱུད་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་དང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པ་ལྟར་དོན་བདུན་ལ་འཇུག་པའི་མཚོན་དོན་དྲན་པའི་སྒོ་ནས་བརྗོད་ན་ཕན་ཡོན་ཆེན་པོར་འགྱུར་བའི་ཕྱིར་རོ། །ༀ་ལ་ཨ་དང་ཨུ་དང་མ་གསུམ་ཡོད་དེ། ཨ་ལ་ཨུ་བྱིན་པས་ཨོར་སོང་། མ་ཡིག་ཀླད་ཀོར་དུ་བྱིན་པས་ༀ་གཅིག་ཏུ་གྱུར་པའི་ཡི་གེ་སོ་སོ་བས་སྐུ་གསུང་ཐུགས་སོ་སོར་མཚོན་ཞིང་། ༀ་གཅིག་གིས་ནི་དེ་གསུམ་དབྱེར་མེད་པ་དེ་མཚོན་པའི་ཕྱིར་རོ། །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། སིདྡྷི་ནི་གྲུབ་པ། བཛྲ་ནི་རྡོ་རྗེ། ས་མ་ཡ་ནི་དམ་ཚིག ཏིཥྛ་ནི་མནོས་པའམ་བརྟན་པ། ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ནི་འདི་བདག་གིས་བཟུང་བར་བགྱིའོ། །བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ཧི་ལྔས་ཡེ་ཤེས་ལྔ་དང་། ཧཱུཾ་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན། ཕཊ་ནི་དོན་དེ་གསལ་བར་བྱེད་པ་དང་། སྭཱཧཱས་ནི་སྡིག་པ་འཇོམས་ཤིང་དགེ་བ་འཕེལ་བ་སོགས་དང་དབུགས་འབྱིན་པ་སྟེ། རྩེ་མོ་ལས། སྭཱཧཱ་ཞེས་ནི་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་རྣམ་པར་འཕེལ། །ཉེས་པ་ཐམས་ཅད་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཞེས་གསུངས་པ་ལྟར་དོན་དྲན་པའི་སྒོ་ནས་རྡོ་རྗེ་འཛིན་ནོ། །དེ་ནས་བཛྲ་གྷཎྜ་ཧཱུཾ་ཞེས་བརྗོད་ཅིང་། དོན་ནི་རྡོ་རྗེ་དྲིལ་བུ་ཞེས་པ་སྟེ། ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་དྲིལ་ནས་རྟོགས་པའི་ཤེས་རབ་ནི་ངེས་དོན་གྱི་དྲིལ་བུ་ཡིན་ལ། མཚོན་དོན་དེ་དྲན་པའི་སྒོ་ནས་དྲིལ་བུ་འཛིན་ཅིང་། དེའི་སྒྲས་ཀྱང་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པར་སེམས་པའོ། །ཧཱུཾ་གིས་ནི་ཡེ་ཤེས་ལྔ་མཚོན་ཞིང་། འདི་ལའང་ཧ་ཨཱུ་མ་གསུམ་ཡོད་ཅིང་། གསུམ་སོ་སོས་རྡོ་རྗེ་གསུམ་སོ་སོ་དང་། ཧཱུཾ་གཅིག་ཏུ་གྱུར་པས་དེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན་ནོ། །ངེས་དོན་གྱི་རྡོར་དྲིལ་རང་རྒྱུད་ལ་བསྐྱེད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་ཐམས་ཅད་མཉེས་པར་བྱའོ་སྙམ་དུ་སེམས་ཤིང་བརྗོད་ནས་ཧཱུཾ་གླུར་བླང་བར་བྱའོ། །དྲང་དོན་གྱི་རྡོ་རྗེ་ལག་གིས་གསོར་ཞིང་། ངེས་དོན་གྱི་རྡོ་རྗེ་རང་རྒྱུད་ལ་བསྐྱེད་པའི་ཚུལ་གྱིས་གསོར་བ་ཡིན་ལ། དེའི་དགེས་པ་ནི། སེམས་ཅན་རྨོངས་དང་འགྲེལ་བ་ཡི། །ཞེས་སོགས་ཀྱིས་སྟོན་ཅིང་། འདིའི་དོན་ནི། ངེས་དོན་གྱི་རྡོ་རྗེ་རང་རྒྱུད་ལ་བསྐྱེད་པ་ནི་མཛེས་པའམ་ལེགས་པ་ཡིན་ཏེ། དེས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་མ་རིག་པ་སྤོང་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་རྨོངས་པ་མ་རིག་པ་དང་འགྲེལ་བ་སྟེ་བྲལ་བར་བྱས་པའི་སྒོ་ནས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་པའི་བྱ་བ་བྱེད་པའི་ཕྱིར། དེ་ལྟར་བྱེད་ནུས་པའང་ཡིན་ཏེ། དེས་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །དེས་ན་དྲང་ངེས་ཀྱི་རྡོ་རྗེ་སྤྲོ་བ་དང་བཅས་ཏེ་བཟུང་བར་བྱའོ། །ཧཱུཾ་གསུམ་གྱིས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དང་། ཧོ་གསུམ་གྱིས་ཆུང་འབྲིང་ཆེ་གསུམ་གྱི་སེམས་ཅན་འཁོར་བ་ལས་གྲོལ་བར་བྱེད་པ་དེ་མཚོན་ནོ། །ཡང་དྲིལ་བུ་དཀྲོལ་ཚུལ་དགོས་པ་དང་བཅས་པ་ནི། ༀ་བཛྲ་དྷརྨྨཱཿར་ཎི་ཏ་ཞེས་སོགས་ཀྱིས་བསྟན་ཅིང་། དོན་ནི། ༀ་ནི་སྔར་བཞིན། བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད་པ། དྷརྨྨཱཿནི་ཆོས། ར་ཎི་ཏ་ནི་སྒྲོགས་པ། པྲ་ར་ཎི་ཏ་རབ་ཏུ་སྒྲོག་པ། སཾ་པྲ་ར་ཎི་ཏ་ནི་ཀུན་ཏུ་རབ་ཏུ་སྒྲོག་པ། སརྦ་བུདྡྷ་ནི་སངས་རྒྱས་ཐམས་ཅད། ཀྵེ་ཊ་ནི་ཞིང་། པྲ་ཙ་ལི་ནི་གཡོ་བ། པྲཛྙཱ་པ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ནཱ་ད་ནི་སྒྲ། སྭ་བྷཱ་ཝ་ནི་རང་བཞིན། བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ཧྲི་ད་ཡ་ནི་ཐུགས། སནྟོ་ཥ་ནི་ཀུན་ཏུ་དགྱེས་པ། ཧཱུཾ་གསུམ་དང་ཧོ་གསུམ་དང་སྭཱཧཱ་ནི་སྔར་བཞིན་ཏེ། དགོས་དོན་དེ་ལྟར་དྲན་པར་བྱའོ། །གཉིས་པ་ནང་མཆོད་བྱིན་གྱིས་བརླབ་པ་ལ་བཞི། བསང་བ། སྦྱང་བ། བསྐྱེད་ཅིང་། བྱིན་གྱིས་བརླབ་པ། དེའི་དགོས་པ་བཤད་པའོ། །དང་པོ་ནི། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་བརྗོད་པ་དང་མཉམ་དུ་རང་གི་ཐུགས་གནས་བགེགས་མཐར་བྱེད་ཀྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ནང་མཆོད་ཀྱི་སྒྲུབ་གཞི་རྫས་ལ་གནས་པའི་བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །ༀ་ཨཱཿཧཱུཾ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་དང་། བིགྷྣཱནྟ་ཀྲྀཏ་ཞེས་པ་ནི་བགེགས་མཐར་བྱེད་ཅེས་པའི་དོན་ནོ། །གཉིས་པ་ནི། ཤཱུནྱ་ཏཱའི་སྔགས་བརྗོད་ཅིང་དོན་དྲན་པའི་སྒོ་ནས་སྦྱོང་བ་ཡིན་ལ། ཤཱུནྱ་ཏཱ་ནི་སྟོང་པ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད་པ། སྭ་བྷཱ་ཝ་ནི་རང་བཞིན། ཨཱཏྨ་ཀོ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་སྟེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མི་ཕྱེད་པའི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་འཇོག་པ་ཡིན་ཞིང་། དེའི་ཚེ་སྒྲུབ་གཞི་སོགས་རང་བཞིན་གྱིས་སྟོང་པར་བསམས་ཏེ་ཐ་མལ་གྱི་སྣང་ཞེན་དགག་པར་བྱའོ། །གསུམ་པ་ནི། དེ་ལྟར་སྟོང་པར་སྦྱངས་པའི་བདེ་སྟོང་དབྱེར་མེད་ཀྱི་ངང་ལས། ཧཱུཾ་ཡཾ་ཧཱུཾ་ཞེས་སོགས་ཀྱི་དོན་བསམས་པའི་སྒོ་ནས་བསྐྱེད་པར་བྱ་སྟེ། དེ་ཡང་སྟེང་འོག་ཏུ་ཉལ་སྟབས་ཀྱི་ཧཱུཾ་རེ་རེ་དང་བར་དུ་ས་བོན་རེ་རེ་གྱེན་འགྲེང་དུ་རིམ་པར་བསྐྱེད་ཅིང་། འདིར་ཧཱུཾ་གཉིས་པོའི་ཞབས་ཀྱུ་ཕར་བསྟན་པ་སྟེ། དེ་དག་རིམ་པར་ཡོངས་སུ་གྱུར་པ་ལས། རླུང་དཀྱིལ་བཅད་ཁ་དང་མེ་དཀྱིལ་ཟུར་གཅིག་ཚུར་བསྟན་པའི་སྟེང་འོག་གི་རྡོ་རྗེ་རྩེ་ལྔ་པ་ཉལ་སྟབས་སུ་བསམ། མེའི་ཟུར་གསུམ་གྱི་སྟེང་དུ་མདུན་ནས་གཡས་སྐོར་དུ་ཡི་གེ་གསུམ་དཀར་དམར་སྔོ་བ་ལས། ལྟག་པ་དབུས་སུ་བསྟན་པའི་མི་མགོའི་སྒྱེད་བུ་གསུམ། དེ་གསུམ་གྱི་དབུས་སུ་ཨཱཿདཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། དེའི་དབུས་དང་ཤར་ནས་གཡས་སྐོར་དུ་ཧཱུཾ་བྷྲུཾ་ཨཱཾ་ཛཱི་ཁཾ་རྣམས་ལས་རིམ་པ་བཞིན་དུ་མིའི་ཤ་གླང་པོ་ཆེ་རྟ་བ་ལང་ཁྱིའི་ཤ་སྟེ་ཤ་ལྔ་བསྐྱེད་པའི་སྟེང་དུ་ཡི་གེ་སོ་སོས་མཚན་པ། སླར་ཡང་དབུས་དང་ཤར་ནས་ཕྱོགས་བཞིར་ཧཱུཾ་སོགས་ལྔ་ལས་རིམ་བཞིན་དྲི་ཆུ་དྲི་ཆེན་རཀྟ་བྱང་སེམས་ཤ་ཆེན་ཏེ་བདུད་རྩི་ལྔ་བསྐྱེད་པ་ཝ་ཡིག་སོ་སོས་མཚན་པ། ཡི་གེ་རྣམས་རིམ་པ་བཞིན་སྔོ་དཀར་སེར་དམར་ལྗང་ཁུ་གྱེན་བསྒྲེང་། ཤ་ལྔ་པོ་ཤ་པགས་རུས་གསུམ་དུམ་བུར་བཏུབས་པའམ་ཚང་མ། བདུད་རྩི་ལྔ་མར་ཁུ་ལྟ་བུ་ལ་ཕན་ཚུན་གོ་ས་མི་བསྒྲིབས་པའམ། ཡང་ན་མར་ཁུར་ཤ་བཅུག་པ་བཞིན་བསམ། བདུད་རྩི་ལྔ་ལ་ཐུན་མོང་དུ་ཧཱུཾ་ཡིག་གི་ནཱ་ད་ལ་མ་རེག་ཙམ་དུ་ༀ་དཀར་པོ། དེའི་འོག་ཟུར་ནས་འོད་ཟེར་ཁ་དོག་ལྔ་འཕྲོ་བ། སྟེང་གི་བར་སྣང་ལ་ཉི་མའི་དཀྱིལ་འཁོར་དམར་འཁྱིལ་ལེ་བ། དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་འགྲེང་བ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ཧཱུཾ་ཡིག་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས། འོག་གི་རླུང་གཡོས། དེའི་སྟེང་གི་མེ་སྦར་བས་ཐོད་པའི་ནང་གི་རྫས་རྣམས་མར་ཁུ་ལྟར་ཞུ་ཞིང་ཁོལ་བའི་ནང་དུ། སྟེང་གི་རྡོ་རྗེ་ཉི་གདན་དང་བཅས་པ་ལྷུང་ནས་གཡས་བསྐོར་དུ་ལན་གསུམ་དཀྲུགས་པས་རྡོ་རྗེ་དང་རྫས་རྣམས་རོ་མཉམ་དུ་གྱུར་བས་རྫས་ཀྱི་ཁ་དོག་དྲི་རོ་ནུས་པའི་སྐྱོན་ཐམས་ཅད་སྤངས་ནས་ཤེལ་ལྟར་དག་པར་གྱུར་པར་བསམས་ཤིང་། རྫས་ཀྱི་འོག་གི་པདྨ་ཨཱཿདང་བཅས་པ་ཞུ་བ་བདུད་རྩི་དང་འདྲེས་པ་ཉི་མ་འཆར་ཁའི་མདོག་ལྟར་དམར་སེར་གྱི་རྣམ་པ་ཅན་གྱི་ཟག་མེད་ཀྱི་བདུད་རྩིར་བྱས། ཡབ་ཡུམ་གྱི་སྦྱོར་མཚམས་དང་ༀ་ཡིག་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། ཐོད་པའི་བདུད་རྩི་ལ་བསྟིམས་པས་བདུད་རྩི་མིང་པོར་སྦར་ཞིང་སྤེལ་པར་བསམ་མོ། །དེ་ནས་ཡི་གེ་གསུམ་ལན་བདུན་ནམ་གསུམ་བརྗོད་ཅིང་བྱིན་གྱིས་བརླབ། དེའི་ཚེ་རང་གཞན་གྱི་སྒོ་གསུམ་གྱི་ལས་སྒྲིབ་རྣམས་བྲལ་ནས་བདུད་རྩི་ལ་བསྟིམ་པར་མཁས་པ་དུ་མས་བཤད་ཀྱང་། ད་ལྟའི་ཁ་ཅིག་དེ་ལྟ་བུ་ལ་སྐྱོན་འཚོལ་བར་སྣང་ངོ་། །མཚོན་ཚུལ་ནི། ༀ་ཤཱུནྱ་ཏ་སོགས་སྔགས་ཚན་དྲུག་གིས་ཁྱབ་བྱེད་ལ་སོགས་པའི་རླུང་དྲུག་དང་། སྔགས་ཚན་ཟུང་རེས་ལྡང་འཇུག་ནས་གསུམ་གྱི་རྡོར་བཟླས། པདྨས་ནང་གི་རྩ་བརྒྱད། ཟེ་འབྲུའི་ཨཱཿས་ཡུམ་གྱི་དྷཱུ་ཏཱིའི་མར་སྣ། རྡོ་རྗེ་པདྨར་ལྷུང་བས་རྡོ་རྗེ་དང་པདྨ་སྦྱོར་བ། རླུང་གིས་ཕྱག་རྒྱ། མེས་གཏུམ་མོ། སྒྱེད་བུའི་ས་བོན་གྱིས་སྣང་མཆེད་ཐོབ་གསུམ་སྒྱེད་བུས་སྐུ་གསུང་ཐུགས་གསུམ་ལྡན་གྱི་སྒྱུ་ལུས། ཐོད་པ་ཕྱི་དཀར་བས་བདེ་བ། ནང་དམར་བས་སྟོང་པ། ཁ་ཅིག་དེ་ལས་ལྡོག་སྟེ་མཚོན་པར་ཡང་བཤད། དཀར་དམར་གྱི་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ཤས་ཟུང་འཇུག ཤ་ལྔར་ཕྱེ་བས་ཟུང་འཇུག་རིགས་ལྔ། བཤང་བས་ཟུང་འཇུག་པས་ཡུལ་དྲུག་འོད་གསལ་དུ་སྡུད་པ། དྲི་ཆུས་མིག་ཤེས་སོགས་དང་མིག་དབང་སོགས་འོད་གསལ་སྡུད་པ། ཁྲག་གིས་ཇི་ལྟ་བ་ཐམས་ཅད་མཁྱེན་པའི་འོད་གསལ། ཁུ་བས་ཆོས་ཉིད་རྟོགས་པའི་འོད་གསལ། རྡོ་རྗེ་ཧཱུཾ་དང་བཅས་པས་འབྲས་དུས་ཀྱི་ཐུགས་རྡོ་རྗེ། པདྨ་ཨཱཿདང་བཅས་པས་གསུང་། ༀ་ཡིག་གིས་སྐུ་རྡོ་རྗེ་མ ཚོན། གཞན་ཡང་ཧཱུཾ་གཉིས་དང་རྡོ་རྗེ་གཉིས་ཀྱིས་ཡེ་ཤེས་ལྔ། མི་མགོས་ལུས་ངག་ཡིད་གསུམ། ཐོད་པའི་ས་བོན་ཨཱཿས་སྟོང་ཉིད། ཐོད་པས་བདེ་སྟོང་དབྱེར་མེད་མཚོན་པ་སོགས་མང་ངོ་། །སྤྱིར་ཤ་ལྔ་གཤེགས་པ་ལྔ་དང་བདུད་རྩི་ལྔ་གཤེགས་མ་ལྔའི་ངོ་བོར་མོས་པ་ཡོད་ཀྱང་། འདིར་གཉིས་ཀ་ཕྱོགས་སུ་འགོད་པ་དང་གཤེགས་པ་ལྔའི་ངོ་བོར་བསྐྱེད་པའོ། །བསྟན་ཚུལ་གྱི་དབང་དུ་བྱས་ན། ལས་སྔགས་བརྗོད་པའི་ཚེ་བསངས། ཤཱུནྱ་ཏས་སྟོང་པར་སྦྱངས། ཧཱུཾ་ཡཾ་ཧཱུཾ་ཡཾ་ཞེས་པ་ནས། ༀ་ཡིག་གིས་མཚོན་པའི་བར་གྱིས་བསྐྱེད། དེ་དག་གི་སྟེང་གི་ཞེས་པ་ནས་ཤེལ་ལྟར་དག་པར་གྱུར་པའི་བར་གྱིས་སྦྱང་བ། པདྨ་ཨཱ་དང་ནས་རྟོགས་པར་བྱས་ཞེས་པའི་བར་གྱིས་རྟོགས་པ། ༀ་ཡིག་གི་ནས། སྦྲེལ་བར་གྱུར་པའི་བར་གྱིས་སྤེལ་བར་བྱ་སྟེ། སྦྱངས་རྟོགས་སྦར་གསུམ་གྱི་སྒོ་ནས་བྱིན་གྱིས་བརླབ་པའོ། །དམ་ཚིག་པའི་རྫས་ལ་ཡེ་ཤེས་ཀྱི་བདུད་རྩི་འཇུག་པ་ནི་བྱིན་གྱིས་བརླབ་པ་དང་མང་པོར་སྦྱར་བའི་ཆེད་ཡིན་ཞིང་། ཡི་གེ་གསུམ་བརྗོད་པ་ནི་བྱིན་གྱིས་བརླབས་པའི་ཚེ། གཙོ་བོ་ཡིན་ནོ། །ཤ་ལྔ་ལ་ལྕགས་ཀྱུ་དང་སྒྲོན་མ་ལྔ་ཞེས་བཤད་པ་ནི། དེ་ལྔ་ལྷ་ལ་ཕུལ་ཞིང་རང་གིས་ཚུལ་བཞིན་ལོངས་སྤྱད་པས་དངོས་གྲུབ་མྱུར་དུ་འགུག་པ་དང་གསལ་བར་བྱེད་པས་དེ་ལྟར་བརྗོད་དོ། །བཞི་པ་ནི། དེ་ལྟར་ནང་མཆོད་བྱིན་གྱིས་བརླབས་པ་ལ་དགོས་པ་ཡོད་དེ། བླ་མ་དང་ལྷག་པའི་ལྷ་མཉེས་པ་དང་། བཟའ་བའི་དམ་ཚིག་བསྟེན་པ། མཆོད་གཏོར་བྱིན་གྱིས་བརླབ་པའི་ཚེ་གསང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་གཏོར་མ་ལ་སྤྱིར་འདས་མ་འདས་ཀྱི་གཏོར་མ་གཉིས་ཡོད་ཀྱང་འདིར་སྔོན་འགྲོ་འཇིག་རྟེན་པའི་གཏོར་མ་བྱ་བ་ཡིན་ལ། དེ་ཡང་འཕགས་སྐོར་ནས་དངོས་སུ་མ་བཤད་ཀྱང་མཁའ་འགྲོ་རྒྱ་མཚོ་སོགས་ནས་བཤད་པ་ལྟར་མཛད་པ་ཡིན་ཞིང་། འདི་ལ་གཉིས། མཆོད་གཏོར་བྱིན་བརླབ་བྱ་བ་དང་། མགྲོན་སྤྱན་དྲངས་ནས་འབུལ་བའི་ཚུལ་ལོ། །དང་པོ་ནི། འོག་ནས་འབྱུང་བ་ལྟར་བྱ་ལ། གཏོར་མ་ནི་གོང་དུ་བཤད་པ་ལྟར་བྱིན་གྱིས་བརླབ་པོ། གཉིས་པ་ལ་གཉིས། མགྲོན་སྤྱན་འདྲེན་པ་དང་། མཆོད་གཏོར་འབུལ་བའོ། །དང་པོ་ནི། སྤྱིར་ཕྱོགས་སྐྱོང་ས་བོན་ལས་བསྐྱེད་པའི་ལུགས་ཡོད་ཀྱང་། འདིར་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་རྣམས་བཀུག་ནས་རང་གི་ཕྱོགས་མཚམས་སུ་འཁོད་པར་བསམ་པ་ཡིན་ལ། དེ་ཡང་དཀར་ཕྱོགས་ནག་ཕྱོགས་པ་གཉིས་ལས་དཀར་ཕྱོགས་པའོ། །དེ་རྣམས་ཀྱི་ཕྱག་མཚན་སོགས་མངོན་རྟོགས་ལྟར་ཡིན་ལ། རྡོ་རྗེ་མཚོན་ཆ་ནི་བརྒྱ་བྱིན། སྒྱུ་མ་རྡོ་རྗེ་ནི་ཁྱབ་འཇུག །རྡོ་རྗེ་མེ་ནི་མེ་ལྷ། རྡོ་རྗེ་དུས་ནི་གཤིན་རྗེ། རྡོ་རྗེ་གཏུན་ཤིང་ནི་སྲིན་པོ། རྡོ་རྗེ་ཀླུ་ནི་རང་མིང་ལྟར། རྡོ་རྗེ་རླུང་ནི་རླུང་ལྷ། རྡོ་རྗེ་འཇིགས་བྱེད་ནི་གནོད་སྦྱིན། རྡོ་རྗེ་སྣ་རིང་ནི་ཚོགས་བདག །རྡོ་རྗེ་ཁྲོ་བོ་ནི་དབང་ཕྱུག་ཆེན་པོ། རྡོ་རྗེ་འཁྱིལ་པ་ནི་ཉི་མ། རྡོ་རྗེ་འོད་ནི་ཟླ་བ། མི་སྨྲ་རྡོ་རྗེ་ནི་ཚངས་པ། ཐག་བཟང་རིས་དད་སའི་ལྷ་མོ་ནི་རང་མིང་གིས་བསྟན་པ་ལྟར་རོ། །དེ་རྣམས་སྐད་ཅིག་གིས་སྟོང་པར་བསམས་ཏེ་ཐ་མལ་གྱི་སྣང་ཞེན་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གི་འདུས་པའི་ལྷ་རྡོ་རྗེ་ཡབ་ཡུམ་བཅས་སུ་བསྐྱེད་དོ། །གཉིས་པ་ལ། དང་པོ་ཆུ་བཞི་འབུལ་བ་ནི། ཐོག་མཐའི་ༀ་ཨཱཿཧཱུཾ་རྣམས་ནི་རྡོ་རྗེ་གསུམ་གྱི་ས་བོན་དང་། ཧྲཱིཿས་ནི་ཤེར་ཕྱིན་མཚོན། པྲ་ནི་རབ། ཝ་ར་ནི་མཆོག་ཏུ། སད་ཀཱ་རཾ་ནི་བསྙེན་བཀུར་བ། ཨརྒྷཾ་ནི་མཆོད་ཡོན། པྲ་ཏཱིཙྪ་ནི་སོ་སོར་བཞེས། སྭཱཧཱ་ནི་དབུགས་འབྱིན་པའོ། །གཞན་སྔར་ལྟར་ལ་པཱཏྱཾ་ནི་ཞབས་བསིལ། ཨཱཉྩ་མ་ཎཾ་ནི་ཞལ་བསིལ། པྲོཀྵ་ཎཾ་ནི་བསང་གཏོར་རོ། །དེ་ནས་ༀ་ཨཱཿདུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། ཞེས་སོགས་ཀྱི་གཏོར་མ་འབུལ་བར་བྱ་སྟེ། དོན་བསྡུ་ན། དུས་གསུམ་སྐྱེས་པ་སྟེ་དངོས་པོ་ཀུན་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐར་ཐུག་པ་རྒྱ་མཚོ་སྤྲིན་གྱི་བཀོད་པའི་རབ་འབྱམས་མ་ལུས་པའི་འཇིག་རྟེན་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་ལྟོས་པའི་རྟེན་འབྲེལ་སྣང་སྟོང་ཟུང་དུ་འཇུག་པ་དང་ཐམས་ཅད་ཀྱང་ཐ་སྙད་དུ་སོ་སོར་སྣང་ཡང་དོན་དམ་པར་མེད་པའི་ཆོས་ཀྱི་དབྱིངས་སུ་གཏོགས་ཤིང་འདུའོ། །ཡང་ནམ་མཁའི་མཐར་ཐུག་པའི་དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་འཇིག་རྟེན་སྐྱོང་བ་དང་དེར་མ་ཟད་སེམས་ཅན་ཀུན་ཀྱང་ཕྱོགས་སྐྱོང་གི་རྣམ་པར་བལྟ་བ་ནི། རྡོ་རྗེ་མཚོན་ཆ་ཞེས་སོགས་ཀྱིས་གཏོར་མ་འབུལ་བའི་ཡུལ་ངོས་བཟུང་བ་སྟེ་དོན་ནི་སྔར་ལྟར་སྔ་མ་སྣོད་ཕྱི་མ་བཅུད་ཀྱི་དབང་དུ་བྱས་པའོ། །མེ་ཏོག་དག་དང་ཞེས་སོགས་རྐང་པ་བཞིས་མཆོད་གཏོར་འབུལ་བ་དང་། བདག་གི་དབྱིག་གསེར་ཞེས་པ་ནས་འཇིག་པར་མཛོད་ཅེས་པའི་བར་གྱིས་འགལ་རྐྱེན་སེལ་བ་དང་། བདག་ལ་དབྱིག་གསེར་ཞེས་པ་ནས་མཛད་དུ་གསོལ་ཧཱུཾ་སྭཱཧཱའི་བར་གྱིས་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་བཅོལ་བའོ། །འགོར་ༀ་ཨཱཿམཇུག་ཏུ་ཧཱུཾཾ་སྭཱཧཱ་འབྱུང་བ་ནི་རྒྱ་གཞུང་ལས་གཏོར་སྔགས་སུ་ཡོད་པ་བོད་སྐད་དུ་བསྒྱུར་བའི་འགོ་མཇུག་རང་སོར་བཞག་པའོ། །དེ་ནས་ཆུ་གཉིས་དང་སོ་རྩི་འབུལ་བ་ནི། རྒྱ་གར་དུ་ཟས་ལ་ལོངས་སྤྱོད་པའི་མཇུག་ཏུ་ཁྲུས་བྱེད་ཅིང་སོ་རྩི་སྐུད་པ་དང་སྒོ་བསྟུན་པའོ། །དེ་ནས་ཕྱི་ནང་གི་མཆོད་པས་མཆོད་པར་བྱ་སྟེ་གོ་སླའོ། །དེ་ནས་ཡིག་བརྒྱ་དང་མ་རྙེད་ཅེས་སོགས་ཀྱ ིས་བཟོད་གསོལ་དང་། ༀ་ཨཱཿཧཱུཾ་བཛྲ་མུཿཞེས་སོགས་ཀྱིས་གཤེགས་གསོལ་བྱའོ། །དེ་ལྟར་སྔོན་འགྲོ་གཏོར་མ་ཕུལ་བ་ལ་དགོས་པ་ཡོད་དེ། སྒྲུབ་ཐབས་དངོས་གཞི་བསྒོམ་པ་ལ་བགེགས་ཀྱི་བར་ཆད་སྲུང་བ་དང་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་བཅོལ་བའི་ཆེད་ཡིན་པའི་ཕྱིར། བཞི་པ་བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་པ་ལ་གཉིས། བྱིན་གྱིས་བརླབ་པའི་ཚུལ་དང་། དུས་ནམ་གྱི་ཚེ་འབུལ་བའོ། །དང་པོ་ནི། རང་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་དང་ལྡན་པའི་སྒོ་ནས་ལས་སྔགས་ཀྱིས་བསངས། ཤཱུནྱའི་སྔགས་བརྗོད་ཅིང་དོན་དྲན་པའི་སྒོ་ནས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་སྦྱངས་པའི་སྟོང་པའི་ངང་ལས། མཆོད་པའི་གྲངས་དང་མཉམ་པའི་ཨཱཿརེ་རེ་ཐོལ་གྱིས་བྱུང་། དེ་རྣམས་འོད་དུ་ཞུ་བ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་རེ་རེ། རང་གི་གཡས་ནས་བརྩམས་ཏེ་དེ་རྣམས་ཀྱི་ནང་དུ་རིམ་པར་མཆོད་ཡོན་ལ་སོགས་པ་རྣམས་རང་རང་གི་མིང་ཡིག་དང་པོ། ཨ་པཱ་བུ་དྷཱུ་ཨཱ་ག་ནཻ་ཤ་རྣམས་དང་རཱུ་ཤ་རྣམས་ལ་ཐིག་ལེས་བརྒྱན་པས་ཨཾ་པཾ་པུཾ་དྷཱུཾ་ནས་ཤི་རྣམས་དང་རཱུཾ་ནས་སྦཾ་རྣམས་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ། རྣམ་པ་མཆོད་ཡོན་ལ་སོགས་པ་སོ་སོའི་རྣམ་པ་ཅན། བྱེད་ལས་མགྲོན་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་ནུས་ལྡན་དུ་བསམ། མཆོད་པ་རྣམས་ལས་སྔགས་ཀྱིས་བསང་བ་ནི། དཔུང་བཟང་ལས་བཤད་པ་ལྟར་མཆོད་ཡོན་ལ་ཆུ་ལྟར་གཡོ་བ་། མེ་ཏོག་ལ་འཇིག་རྟེན་མེ་ཏོག བདུག་སྤོས་ལ་ནག་པོ། མར་མེ་ལ་གཙུག་ཕུད་གཅིག་པ། དྲི་ལ་དྲི་ཟ་བ། ཞལ་ཟས་ལ་གཏོར་མ་ཟ་བ། རོལ་མོ་ལ་ཟློས་གར་མཁན་ཞེས་བྱ་བའི་བགེགས་ཞུགས་ནས་བར་ཆད་བྱེད་པས་དེ་རྣམས་བསྒྲོད་པའི་ཆེད་དང་། སྟོང་པར་སྦྱང་བ་ནི་ཐ་མལ་གྱི་སྣང་ཞེན་སྦྱོང་བ་དང་། ས་བོན་རྣམས་རང་གི་མིང་ཡིག་དང་པོ་བསྐྱེད་པ་ནི་མཆོད་རྫས་རྣམས་མིང་རྐྱང་བཏགས་ཡོད་ཙམ་དུ་གོ་བའི་ཆེད་ཡིན་ལ། དེ་བདེ་སྟོང་གི་རྣམ་པར་ལྟ་བ་ནི། མཆོད་རྫས་ལ་ལོངས་སྤྱོད་པ་དང་སྤྱད་བྱ་དང་ཇི་ལྟར་སྤྱོད་པ་རྣམས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་འཆར་བའི་ཆེད་དོ། །མཆོད་རྫས་རྣམས་ཀྱི་རྣམ་པ་རིམ་བཞིན་མཆོད་ཡོན་ཡན་ལག་བརྒྱད་ལྡན། ལྷའི་མེ་ཏོག ཙན་དན་སོགས་ཀྱི་སྤོས། ཉི་ཟླའམ་མར་དཀར་གྱི་མར་མེ་ག་བུར་སོགས་ཀྱིས་བསྒོམ་པའི་དྲི་ཆབ། རོ་བརྒྱའི་ཞལ་ཟས། ལྷའི་རོལ་མོ་སོགས་དང་། གནས་གང་དུ་འབུལ་བ་ནི། རིམ་བཞིན། ཞལ། ཞབས། དབུ། ཤངས། སྤྱན། ཐུགས་ཀ ལྗགས། སྙན་རྣམས་ལ་འབུལ་ཞིང་། འདོད་ཡོན་ལྔ་ནི། མིག་སོགས་དབང་པོ་ལྔ་ལ་འབུལ་ལོ། །ཐོད་པའི་ས་བོན་ཨཱསཿསྟོང་ཉིད། གཏུམ་མོ། སྲོག་འཛིན་ཕྲ་བ། ལྷན་སྐྱེས་ཀྱི་བདེ་ཆེན་རྣམས་མཚོན། ཐོད་པས་ཁམས་དཀར་དམར་གྱི་འདུ་འཕྲོད་ལ་བརྟེན་པའི་བདེ་ཆེན་བཞོན་པ་རླུང་དང་བཅས་པ་སོགས་མཚོན་ཞིང་ཡི་གེ་གསུམ་གྱིས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བྱིན་གྱིས་རླབས་པ་དང་། དགོས་པ་ནི། འདོད་ཡོན་གྱི་རང་བཞིན། ཤེས་པའི་སྒོ་ནས་ལོངས་སྤྱོད་པ། ཐ་མལ་གྱི་སྣང་ཞེན་སྦྱོང་བ། བླ་མ་དང་དཀྱིལ་འཁོར་མཉེས་པ་དང་། འབྲས་དུས་ཀྱི་བདེ་སྟོང་ལ་བློ་སྦྱོང་བ་སོགས་ཀྱི་ཆེད་དོ། །གཉིས་པ་དུས་ནི། བདག་བསྐྱེད་ཟིན་པའི་བསྟོད་པའི་དེ་མ་ཐག་འབུལ་བ་སྟེ། སྐབས་དེར་བྱིན་གྱིས་བརླབས་པས་ཀྱང་ཆོག་གོ །ལྔ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཐུན་མཚམས་སུ་ནི་སྤྱད་པར་བྱ། ཞེས་གསུངས་པ་ལྟར་ཐུན་མཚམས་སུའང་རུང་མོད། བླ་མ་སྔ་མའི་ཕྱག་ལེན་ལ་མཚམས་འདིར་བྱེད་ཅིང་། དེ་ཡང་རང་རྡོར་སེམས་སུ་བསྐྱེད་པས་ཀྱང་ཆོག་ལ། ཆོ་ག་ནས་འབྱུང་བ་ལྟར་རང་གི་སྤྱི་བོར་བཾ་ལས་པདྨ་དང་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་བསྐྱེད་པ་སོགས་ཆོ་གའི་ཚིག་རིས་ལྟར་ཏེ་གོ་སླའོ། །སྔགས་དོན་ལ། ༀ་ནི་སྐུ་རྡོ་རྗེའི་ས་བོན་དང་། བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ས་མ་ཡ་ནི་དམ་ཚིག མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས། བཛྲ་ས ཏྭ་ཏེ་ནོ་པ་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར། ཏིཥྛ་ནི་གནས་པར་མཛོད། ཌི་ཌྷོ་ནི་བརྟན་པ། མེ་ནི་བདག བྷ་ཝ་ནི་རང་བཞིན་དུ་མཛོད། སུ་ཏོ་ཥྱོ་ནི་ཤིན་ཏུ་དགྱེས་པ། སུ་པོ་ཥྱོ་ནི་ཤིན་ཏུ་རྒྱས་པ། ཨ་ནུ་རཀྟོ་ནི་རྗེས་སུ་ཆགས་པ། མེ་བྷ་ཝ་གསུམ་ནི་སྔར་བཞིན་ནོ། །སརྦ་སིདྡྷི་ནི་དངོས་གྲུབ་ཐམས་ཅད། མེ་པྲ་ཡཙྪ་ནི་བདག་ལ་སྩལ་དུ་གསོལ། སརྦ་ཀརྨཱ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་སྩལ་དུ་གསོལ། ཙིཏྟཾ་ཤྲི་ཡཾཿནི་སེམས་སམ་སྙིང་གི་དཔལ་དུ། ཀུ་རུ་ནི་མཛོད་ཅིག ཧཱུཾ་ནི་ཐུགས་རྡོ་རྗེའི་ས་བོན་དང་། ཧ་བཞི་དང་ཧོ་དང་ལྔ་ནི་ཡེ་ཤེས་ལྔ། བྷ་ག་ཝན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་མ་མེ་མུཉྩ་ནི་རྡོ་རྗེ་བདག་ལ་འདོར་ཅིག བཛྲི་བྷ་ཝ་ནི་རྡོ་རྗེ་ཅན་གྱི་རང་བཞིན། མཧཱ་ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ། ཨཱཿནི་གསུང་རྡོ་རྗེའི་ས་བོན་དང་སྐྱེ་མེད་མཚོན། ཧཱུཾ་གིས་བདེ་ཆེན་དང་། ཕཊ་ཀྱིས་དོན་དེ་གསལ་བར་བྱེད་པའོ། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ལ་སྟོབས་བཞི་ཚང་བ་ཡིན་ཏེ། སྐྱབས་འགྲོ་སེམས་བསྐྱེད་ནི་རྟེན་གྱི་སྟོབས། སྒོམ་བཟླས་ཀྱིས་གཉེན་པོ་ཀུན་ཏུ་སྤྱོད་པ། བདག་ནི་མི་ཤེས་ཞེས་སོགས་ཀྱིས་སུན་འབྱིན་པའི་སྟོབས་བསྟན་ནས་ཤུགས་ལ་སླར་ལྡོག་པའི་སྟོབས་བསྟན་ཏོ། །རྡོར་སེམས་ཀྱི་སྒོམ་བཟླས་འདིའི་སྔོན་དུ་མཎྜལ་འབྱུང་བ་ནི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཚེ་བླ་མ་ལ་འབུལ་བ་ཡིན་པས་མངོན་རྟོགས་རྐྱང་བའི་དུས་སུ་མི་དགོས་ལ། སྐྱབས་སེམས་བྱེད་པའི་ཚིག་དོན་ནི་འོག་ཏུ་འཆད་པར་བྱའོ། །གཉིས་པ་མཐུན་རྐྱེན་བསྒྲུབ་པའི་ཕྱིར་ཚོགས་ཞིང་མཆོད་ཅིང་སྡོམ་པ་བཟུང་བ་ནི། རྗེས་མཛད་པའི་འདུས་པའི་སྨོན་ལམ་ལས། ཞིང་གི་ཕུལ་བྱུང་ཐུགས་ཀྱི་དཀྱིལ་འཁོར་ལ། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདི་ལ་གཉིས། ཚོགས་ཞིང་སྤྱན་དྲངས་ནས་མཆོད་པ་སོགས་དང་། སྡོམ་པ་བཟུང་བའོ། །དང་པོ་ལ་སྤྱན་འདྲེན་པ་སོགས་དྲུག་ལས། དང་པོ་ནི། རང་མི་བསྐྱོད་པ་ཞི་བར་གསལ་བའི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། བླ་མ་དང་མི་བསྐྱོད་པའི་དཀྱིལ་འཁོར་ཚོགས་ཞིང་དུ་མདུན་གྱི་ནམ་མཁར་སྤྱན་དྲངས། བླ་མ་གཙོ་བོའི་རིགས་བདག་ཏུ་མོས་ནས་སྤྱན་འདྲེན་པ་ཡོད་ཀྱང་། འདིར་གཙོ་བོ་དང་བླ་མ་ཐ་མི་དད་དུ་མོས་ནས་སྤྱན་འདྲེན་པ་ཡིན་ལ། གང་ནས་སྤྱན་འདྲེན་ལའང་གཉིས་ཡོད་ཀྱ ང་འདིར་རང་བཞིན་གྱི་གནས་ནས་ཡིན་ལ། དེ་ལའང་ཆོས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་ལོངས་སྐུའི་རྣམ་པར་དང་། ལོངས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་གཉིས་ཏེ་གང་བྱས་ཀྱང་རུང་ངོ་། །འབུལ་བ་ལ། མེ་ཏོག་སོགས་རེ་རེ་ལའང་རྫས་སྔགས། ཕྱག་རྒྱ། ཏིང་ངེ་འཛིན། སྒྲུབ་པའི་མཆོད་པ་སྟེ་ཁྱད་པར་ལྔ་ལྡན་དུ་བྱེད་དགོས་ཤིང་། སྔགས་དོན་ནི། ༀ་ནི་བཤད་ཟིན། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། པུཥྤེ་མེ་ཏོག །པཱུ་ཛ་ནི་མཆོད་པ། མེ་གྷ་ནི་སྤྲིན། ས་མུ་དྲ་ནི་རྒྱ་མཚོ། སྤ་ར་ཎ་ནི་འཕྲོ་བ། ས་མ་ཡ་ནི་དམ་ཚིག །ཤྲཱི་ཡེ་ནི་བཞིན་དུ་བཞེས། ཨཱཿདང་ཧཱུཾ་ནི་གསུང་དང་ཐུགས་ཀྱི་ས་བོན་ནོ། །དམིགས་པ་ནི། ༀ་ཞེས་པའི་སྐབས་སུ་མཆོད་ལྷའི་ཚོགས་སྙིང་ཁ་ནས་མཆོད་རྫས་དེ་དག་ཐོགས་བཞིན་པ་དཔག་ཏུ་མེད་པ་སྤྲོས་ཏེ། མཆོད་པས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་བདེ་བ་ཁྱད་པར་ཅན་སྐྱེས་པར་བསམ་ཞིང་། ཧཱུཾ་ཞེས་པ་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ནས་མཆོད་པའི་ལྷ་མོ་རྣམས་རིམ་གྱིས་སྙིང་གའི་ཧཱུཾ་ཡིག་ལ་སྡུད་དོ། །དེའི་ཚེ་མཆོད་མཁན་མཆོད་ཡུལ་མཆོད་རྫས་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་བལྟའོ། །གཉིས་པ་ཕྱག་འཚལ་བ་ནི། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། ཞེས་སོགས་ཏེ། འདིའི་དོན་ནི། སྒྲུབ་པོས་ཡུལ་ལྷ་གང་ཞིག་ལ་ཕྱག་འཚལ་ཚུལ་ཡོད་དེ། གཟུགས་ཕུང་རྣམ་པར་དག་པའི་ངོ་བོ་རྣམ་སྣང་དང་། དེ་བཞིན་དུ་སྦྱར་ཏེ་ཚོར་བ་རིན་འབྱུང་འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་གྲུབ། རྣམ་ཤེས་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་དེ་སྐྱེ་མཆེད་དྲུག་རྣམ་པར་དག་པ་གཟུགས་རྡོ་རྗེ་མ་སོགས་ལྔ་དང་ཀུན་བཟང་། མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་དབང་པོ་སྟེ་དབང་པོ་དྲུག་རྣམ་པར་དག་པས་སྙིང་ཕྱག་རྡོར་ནམ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་བྱམས་པ། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་ཁམས་ལྔ་རྣམ་པར་དག་པ་ཡུམ་བཞི་དང་འཇམ་དཔལ། གཏི་མུག་དང་ཉེས་པ་ང་རྒྱལ་དང་འདོད་ཆགས་གསུམ་དག་པ་རྣམ་སྣང་རིན་འབྱུང་འོད་དཔག་མེད། རྡོ་རྗེ་དོན་གྲུབ་ཀྱི་རིགས་ཀྱི་ཁྲོ་བོ་རིམ་བཞིན་གཤིན་རྗེ་གཤེད་ཤེས་རབ་མཐར་བྱེད་རྟ་མགྲིན་བགེགས་མཐར་བྱེད་བཞི། སྡུད་པ་འདོད་རྒྱལ། དགའ་བ་དབྱུག་སྔོན་ཅན། རྣམ་པ་སྟོབས་པོ་ཆེ། མི་འགྱུར་མི་གཡོ་བ། རྒྱུ་གནོད་མཛེས། འབྲས་བུ་གཙུག་ཏོར་འཁོར་སྒྱུར་ཏེ་དྲུག་རྣམས་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། དེ་ཐམས་ཅད་ཀྱང་སྤངས་རྟོགས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་དང་འདྲ་བ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལྷའི་རྣམ་པར་ཤར་བའོ། །ཚིགས་བཅད་གཉིས་པའི་རྐང་པ་བར་པ་གཉིས་ཀྱི་དོན་ནི། རིག་པ་སྟེ་ཕྱག་རྒྱ་དང་སྦྱོར་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་དང་རྟག་ཏུ་རབ་ཏུ་འབྲེལ་བས་རྣམ་པ་སྣ་ཚོགས་པའི་སྣང་བ་ཐམས་ཅད་ཀྱང་བདེ་སྟོང་གི་དགའ་བས་མྱོས་པའི་དངོས་པོ་སྟེ་བདག་ཉིད་དུ་གྱུར་པའི་དོན་ནོ། །གསུམ་པའི་རྨོངས་དང་ཞེས་སོགས་ཀྱིས་མི་གཡོ་བ་སོགས་དྲུག་གི་རིགས་ངོས་འཛིན་པ་ཡིན་ཏེ། རྨོངས་དང་ཞེས་པས་རྣམ་སྣང་གི་རིགས་མི་གཡོ་བ་དང་། ཞེ་སྡང་ཞེས་པས་མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་གནོད་མཛེས་དང་གཙུག་ཏོར་འཁོར་སྒྱུར་གཉིས། འདོད་ཆགས་རྣམ་དག་འོད་དཔག་མེད་ཀྱི་རིགས་དབྱུག་སྔོན་ཅན། སྒྲིབ་པ་སེར་སྣ་རྣམ་དག་རིན་འབྱུང་གི་རིགས་འདོད་རྒྱལ་དང་། རྡོ་རྗེ་དོན་གྲུབ་ཀྱི་རིགས་སྟོབས་པོ་ཆེ་ཡིན་པར་བསྟན་ཏེ། ཚིགས་བཅད་འདི་ནི་རྒྱུད་ཕྱི་མའི་སྨད་ཆ་ནས་འབྱུང་ངོ་། །གསུམ་པ་ནི། གང་ཞིག་ཐོག་མེད་ཅེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། བཤགས་པར་བྱ་བ་གང་ཞིག་དུས་ཐོག་མ་མེད་པ་ནས་གནས་སྲིད་པའི་ཆུ་ཀླུང་དུ་ཀུན་སློང་དུག་གསུམ་མ་ལུས་པའི་ཀུན་རྟོག་གིས་ཀུན་ནས་བསླངས་ཏེ་བསགས་པའི་ངོ་བོ་ཁ་ན་མ་ཐོ་བའི་རྙོག་པ་རྣམས། བཤགས་ཡུལ་ཐུགས་རྗེ་ཆེ་ལྡན་བླ་མ་དང་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར། བཤགས་ཚུལ་རྒྱལ་བས་གསུངས་པའི་ཆོ་ག་བཞིན་ཏེ་སྟོབས་བཞི་ཚང་ཞིང་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཤག་པར་བགྱིའོ། །བཞི་པ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཞེས་སོགས་རྐང་པ་བཞི་སྟོན་ཏེ། རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་འཕགས་པ་དང་དེ་ལས་གཞན་སོ་སོ་སྐྱེ་བོ་ཀུན་གྱིས་དགེ་བ་གང་མཛད་པ་དེ་དག་ཀུན་ལ་ཡང་དག་པར་དགའ་བས་ཡི་རང་ཞིང་། རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་ཀུན་ཀྱང་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་རིགས་ཏེ། དགེ་བ་གོང་འཕེལ་དུ་འགྲོ་བ་དང་། མི་མཛད་པའི་ཐབས་མཆོག་ཏུ་གྱུར་པས་སོ། །ལྔ་པ་སྐྱབས་འགྲོ་ནི། ཡིད་ཀྱི་རོལ་པ་སོགས་ཤླཽ་ཀ་གསུམ་གྱི་སྟོན་ཏེ་འདི་ལ་གསུམ་གྱི་དང་པོ་སང ས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི། ཡིད་ཀྱི་རོལ་བས་ཏེ་བཀོད་པ་ཞེས་པ་ཡིན་ལ། དེ་ཡང་ལམ་དུས་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་གཉིས་སྣང་གི་དྲི་མ་མེད་པ་ཟླ་བ་དང་འདྲ་བར་གོང་ནས་གོང་དུ་འཕེལ་བར་བསྒྲུབས་པའི་གཉིས་སུ་མེད་པའི་ཡེ་ཤེས་དང་། སྙིང་རྗེ་དམ་པ་དང་། སྦྱིན་སོགས་མཐའ་ཡས་པའི་ཐབས་རྣམས་མཐར་ཕྱིན་པས་འབྲས་བུའི་ཐབས་ཤེས་ཀྱི་ཡོན་ཏན་མཐར་ཐུག་པ་ཐམས་ཅད་དུས་གཅིག་ཏུ་རང་གི་ཡིད་ལ་སྟེ་རྒྱུད་ལ་རྟག་ཏུ་གནས་པའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སྟོན་པ་པོར་ཁས་ལེན་པའི་སྒོ་ནས་སྐྱབས་སུ་མཆིའོ། །གཉིས་པ་ཆོས་ལ་ནི་རགས་པའི་གཉིས་སྣང་གི་རྟོག་པ་མ་ལུས་པ་ལས་རང་དུས་ནས་ངེས་པར་གྲོལ་ཞིང་། བྱང་ཆུབ་སེམས་དཔའ་དམ་པ་འཕགས་པ་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གཞི་མཉམ་གཞག་ཡེ་ཤེས་ལམ་གྱི་བདེན་པ་དང་། ཆོས་ཅན་གྱི་དངོས་པོ་ཐམས་ཅད་གནས་ལུགས་ཀྱི་ངང་དུ་རོ་གཅིག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་འགོག་པའི་བདེན་པ་སྟེ། དེ་ལྟ་བུའི་དམ་པའི་ཆ ོས་དེ་རང་རྒྱུད་ལ་རྟག་ཏུ་ཐོབ་བྱར་ཁས་བླངས་པའི་སྒོ་ནས་སྐྱབས་སུ་འགྲོ་བའོ། །གསུམ་པ་དགེ་འདུན་ལ་ནི། ས་རང་གི་ངོ་སྐལ་གྱི་འཆིང་བ་ཀུན་ལས་ཡང་དག་པར་གྲོལ་བར་གྱུར་ཅིང་། སྙིང་རྗེ་མཆོག་གི་མ་མས་བསྐྲུན་པའི་བྱང་ཆུབ་ཀྱི་སེམས་ཀྱི་དཔལ་དང་ལྡན་པ། རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་རབ་ཏུ་བཞུགས་པའི་སྒོ་ནས་ཐེག་པ་ཆེན་པོའི་བརྟུལ་ཞུགས་ཅན་གྱི་སོ་སྐྱེའི་བྱང་སེམས་ལས་དབང་པོ་མཆོག་ཏུ་གྱུར་པའི་ཚོགས་རྣམས་ལ་ལམ་སྒྲུབ་པའི་ཟླ་གྲོགས་སུ་ཁས་ལེན་པའི་སྒོ་ནས་སྐྱབས་སུ་འགྲོ་བས་སོ། །དྲུག་པ་སེམས་བསྐྱེད་ཅིང་ལམ་ལ་བརྟེན་པ་ནི། བསམ་དང་རྣམ་པར་སྨིན་པ་ཞེས་སོགས་ཤླཽ་ཀ་གཉིས་ཀྱི་སྟོན་ཏེ། བསམ་པ་སྨོན་པའི་སེམས་དང་། དེའི་རྣམ་པར་སྨིན་པའི་འབྲས་བུ་སྦྱོར་བ་རྣམ་པར་དག་པར་གྱུར་པས་སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་པར་འབྱིན་ཅིང་། གཞན་དོན་ལ་ལྷག་པར་མོས་པས་རྣམ་པར་བརྒྱན་པའི་འཇུག་སེམས་ནི་ཐོབ་བྱ་བྱང་ཆུབ་དམ་པ་ལ་དམིགས་ཏེ་བསྐྱེད་པར་བགྱིའོ། །ལམ་ལ་བརྟེན་པ་ནི། བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་བགྲོད་པའི་ལམ་གཅིག་པུ་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་སྦྱིན་སོགས་ཕྱིན་དྲུག་དང་། དཀར་པོའི་དགེ་བ་བཅུའི་ལས་ལམ་གྱི་ཚུལ་ཁྲིམས་ལ་ད་ལྟ་ཉིད་ནས་རྫོགས་པའི་སངས་རྒྱས་མ་ལུས་པའི་བདག་ཉིད་ཀྱི་ངོ་བོར་འབྲས་བུ་ལམ་བྱེད་དུ་མོས་པའི་བློས་གནས་པར་བགྱིའོ། །བཤགས་པ་ནས་འདིའི་བར་འཇམ་རྡོར་གྱི་སྒྲུབ་ཐབས་ཀུན་བཟང་ནས་འབྱུང་བ་ལྟར་བཀོད་པའོ།། གཉིས་པ་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས་སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་པའི་བར་གྱི་སྟོན་ཏེ། འདི་ལ་ཡན་ལག་སེམས་བསྐྱེད་པ་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་དངོས་དང་། དོན་བསྡུས་ཏེ་དམ་བཅའ་བའོ། །དང་པོ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་སོགས་རྐང་པ་གཉིས་ཀྱིས་སྙན་གསན་ཕབ་ནས། བྱང་ཆུབ་སེམས་ནི་བླ་ན་མེད། །ཅེས་སོགས་གཉིས་ཀྱིས་དམ་བཅའ་བ་ཙམ་ཞིག་བསྟན་ཏོ། །རྟེན་གང་གིས་ན་བདག་མི་བསྐྱོད་རྡོ་རྗེ་ཞེས་བགྱི་བས་སོ། །དུས་ཇི་སྲིད་དུ་ན། སྔགས་ལ་ཞུགས་པའི་དུས་འདི་ནས་བཟུང་ནས་ནི། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུའང་། ཚུལ་ཇི་ལྟར་བསྐྱེད་ན། ཇི་ལྟར་ཏེ་དཔེར་ན། དུས་གསུམ་གྱི་མགོན་པོ་རྣམས་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་ཏུ་ངེས་པར་སེམས་བསྐྱེད་པའི་ཚུལ་ལྟར་སེམས་བསྐྱེད་པར་བགྱིའོ། །གཉིས་པ་ལ་ལྔ་ལས། དང་པོ་རྣམ་སྣང་གི་དམ་ཚིག་དང་སྡོམ་པ་བཟུང་བ་ནི། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ནས་སྡོམ་པ་དེང་ནས་བདག་གིས་བཟུང་ཞེས་པའི་བར་གྱི་སྟོན་ཏེ། དོན་བསྡུས་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཉིན་མཚན་ཐུན་དྲུག་ཏུ་སློབ་འདོད་སྤྱོད་པའོ། །གཉིས་པ་མི་བསྐྱོད་པའི་སྡོམ་པ་ནི། རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྐང་པ་བཞི་སྟོན་ཏེ། ངེས་དོན་གྱི་རྡོ་རྗེ་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པའི་ཕྱིར་དུ་ཆ་ཚད་དང་ལྡན་པའི་རྡོ་རྗེ་འཛིན་པ་རྡོ་རྗེའི་དམ་ཚིག་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རྣལ་འབྱོར་པ་རང་གི་སེམས་གཉིས་སུ་མེད་པའི་ཤེས་རབ་ནི་ངེས་དོན་གྱི་དྲིལ་བུ་དང་། དེ་དྲན་པའི་ཕྱིར་དུ་ཆ་ཚད་དང་ལྡན་པའི་དྲིལ་བུ་འཛིན་པ་དྲིལ་བུའི་དམ་ཚིག རང་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་དེ་ཕྱག་རྒྱ་གཉིས་གང་རུང་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་དང་སྟོང་བ་དབྱེར་མེད་དུ་སྦྱོར་བ་ནི་ཕྱག་རྒྱའི་དམ་ཚིག རང་ལ་སྔགས་ཀྱི་ཆོས་སྟོན་པའི་བླ་མ་བསྙེན་བཀུར་བའི་ཞིང་མཆོག་ཏུ་འཛིན་པ་ནི་སློབ་དཔོན་གྱི་དམ་ཚིག་སྟེ་སྔར་བཞིན་སློབ་པའོ། །གསུམ་པ་རིན་འབྱུང་གི་སྡོམ་བཟུང་ནི། རིན་ཆེན་རིགས་མཆོག་སོགས་རྐང་པ་བཞིས་སྟོན་ཏེ། ཟང་ཟིང་གི་སྦྱིན་པ་དང་། དངོས་སུའམ་རང་གི་དགེ་རྩ་གཞན་ལ་གཏོང་བ་ཆོས་ཀྱི་སྦྱིན་པ། བྱམས་པ་ཚད་མེད་བསྒོམ་པ་བྱམས་པའི་སྦྱིན་པ། བཏང་སྙོམས་ཚད་མེད་བསྒོམ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེ་དེ་ལ་སྔར་ལྟར་སློབ་པོ། །བཞི་པ་འོད་དཔག་མེད་ཀྱི་སྡོམ་བཟུང་ནི། བྱང་ཆུབ་ཆེན་པོ་ལས་བྱུང་བའི། །སོགས་རྐང་པ་བཞིས་སྟོན་ཏེ། ཕྱི་བྱ་སྤྱོད་གཉིས་དང་། གསང་བ་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་གཉིས། གཞན་ཕར་ཕྱིན་ཐེག་པའི་དམ་པའི་ཆོས་མ་ལུས་པ་ལ་སློབ་འདོད་སྔར་བཞིན་སྦྱོང་བའོ། །ལྔ་པ་དོན་གྲུབ་ཀྱི་སྡོམ་བཟུང་ནི། མེ་ཏོག་སོགས་ཕྱིའི་མཆོད་པ། ནང་མཆོད་བྱིན་གྱིས་རླབས་ནས་འབུལ་བ་ནང་གི་མཆོད་པ། ཕྱག་རྒྱ་དང་སྦྱར་བའི་བདེ་བས་དཀྱིལ་འཁོར་བའི་ལྷ་རྣམས་ཚིམ་པར་བྱེད་པ་གསང་བའི་མཆོད་པ། བདེ་བ་དེས་སྟོང་ཉིད་རྟོགས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་སྔར་བཞིན་སློབ་པའོ། །གསུམ་པ་ལ་གསུམ་གྱི་དང་པོ་སེམས་བསྐྱེད་ཀྱི་དོན་བསྡུ་བ་ནི། བྱང་ཆུབ་སེམས་ནི་བླ་ན་མེད། །ཅེས་སོགས་རྐང་པ་གཉིས་གསུང་། གཉིས་པ་སྡོམ་བཟུང་གི་དོན་བསྡུ་བ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ཞེས་སོགས་རྐང་པ་གཉིས་གསུང་། གསུམ་པ་མཇུག་བསྡུ་བ་སོགས་ནི་ཉོན་མོངས་པའི་འཆིང་བ་ལས་མ་བསྒྲལ་བ་ཚངས་པ་སོགས་བདག་གིས་བསྒྲལ་བར་བྱ་བ་དང་། ཤེས་སྒྲིབ་ལས་མ་གྲོལ་བའི་ཉན་རང་སོགས་བདག་གིས་སྒྲོལ་བ་དང་། དབུགས་མ་ཕྱིན་པའི་ངན་སོང་བ་རྣམས་བདག་གིས་སྡུག་བསྔལ་ལས་དབུགས་ཕྱུང་སྟེ་མི་གནས་པའི་མྱང་འདས་ལ་འགོད་པར་བགྱིའོ། །སྐབས་འདིར་སྡོམ་པ་འཛིན་པ་ནི་ཐོབ་ཟིན་བརྟན་པ་དང་། མཆོད་པའི་ཡན་ལག་ཡིན་གྱི། སྡོམ་པ་སྔར་མེད་གསར་དུ་སྐྱེ་བ་དང་། ཉམས་པ་སོར་ཆུད་པ་ནི་མིན་ཏེ། དེ་ལ་དབང་བསྐུར་བ་དང་འབྲེལ་དགོས་པའི་ཕྱིར་རོ། །རིགས་ལྔའི་སྡོམ་བཟུང་གི་དོན་དྲིལ་ན་འདི་ལྟར་འགྱུར་ཏེ། དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་རང་གི་ལྷ་གང་སྒྲུབ་པ་དེའི་སྐུར་བསྒོམས་ནས། རང་ལྷར་གསལ་བ་དང་བླ་མ་ལ་མཆོད་ཅིང་མདོ་སྔགས་ཐམས་ཅད་ལ་མཁས་པར་བྱ་བ་དང་། སྒོ་གསུམ་གྱི་ཉེས་སྤྱོད་ལས་ལྡོག་ཅིང་དགེ་བ་མཐའ་དག་སྒྲུབ་པར་བྱེད་པ་དང་། སྦྱིན་པ་བཞིས་སེམས་ཅན་གྱི་དོན་བྱ་དགོས་སོ་ཞེས་པའི་དོན་ནོ། །དམ་ཚིག་སྡོམ་པའི་གྲངས་ནི། རྣམ་སྣང་གི་དྲུག མི་བསྐྱོད་པའི་བཞི། རིན་འབྱུང་གི་བཞི། འོད་དཔག་མེད་ཀྱི་གསུམ། དོན་གྲུབ་ཀྱི་གཅིག་གམ་གཉིས་རྣམས་སོ། །འདའ་བར་མི་བྱ་བས་ན་དམ་ཚིག་དང་། ཉེས་སྤྱོད་ལས་སྡོམ་པས་ན་སྡོམ་པ་སྟེ། འགལ་བ་མིན་ཡང་སྐབས་འདིར་ཐུན་དྲུག་ཏུ་བསྔོ་བགྲང་བྱ་རྒྱུར་བཤད་པ་རྣམས་ནི་དམ་ཚིག་གི་དབང་དུ་བྱས་པའོ། །འོན་ཀྱང་སྡོམ་པ་ཐམས་ཅད་ལྡན་པར་ནི། ཞེས་པའི་དོན་གོང་གི་དམ་ཚིག་རྣམས་ལ་བྱེད་པ་དང་། མཆོད་པའི་དམ་ཚིག་ལ་བྱེད་པ་མི་འདྲ་བའི་ཚུལ་གཉིས་ཡོད་དོ། །མཇུག་ཏུ་ཚོགས་ཞིང་རྣམས་རང་བཞིན་གྱིས་སྟོང་པར་བསམ་པ་དང་། རང་ལ་བསྟིམ་པ་དང་། རང་གནས་སུ་གཤེགས་པ་སོགས་དུ་མ་ཡོད་པ་ལས་འདིར་སྔར་སྤྱན་དྲངས་པའི་རང་གནས་སུ་གཤེགས་པར་བསམ་པའོ། །ཚོགས་ཞིང་མཆོད་པའི་དགོས་པ་ནི། སྒྲུབ་ཐབས་དངོས་གཞི་སྒོམ་པ་ལ་མཐུན་རྐྱེན་ཚོགས་རྫོགས་པའི་ཆེད་དོ། །གསུམ་པ་འགལ་རྐྱེན་འགོག་པའི་ཕྱིར་སྲུང་འཁོར་བསྒོམ་ཚུལ་ནི། སྨོན་ལམ་ལས། དཔལ་ལྡན་ཞེ་སྡང་རྡོ་རྗེ་ཁྲོ་བོ་བཅུའི། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདི་ལ་གསུམ། སྲུང་བའི་འཁོར་ལོ་རྩིབས་བཅུ་པ་སྒོམ་ཚུལ་དང་། ཕུར་གདབ་བྱ་ཚུལ་ར་གུར་སོགས་བསྒོམ་ཚུལ་ལོ། །དང་པོ་ནི། སྐབས་འདིར་སྟོང་པའི་ངང་ལས་སྲུང་འཁོར་འཆད་འགྱུར་ལྷར་བསྒོམ་པ་རྩ་རྒྱུད་དང་འཕགས་པ་ཡབ་སྲས་ཀྱིས་གསལ་བ་དངོས་སུ་མ་བཤད་ཀྱང་། འདུས་པའི་རྒྱུད་ཕྱི་མ་ལས། ཀུན་ནས་སེར་བའི་འཁོར་ལོ་ནི། །ཞེས་གསུངས་པའི་དོན་ཨ་བྷྱས་བཤད་པ་བཞིན་བསྒོམ་པར་བྱ་སྟེ། དེའི་ཚུལ་ནི། སྭཱ་བྷཱ་ཝའི་སྔགས་བརྗོད་ཅིང་དོན་དྲན་པའི་སྒོ་ནས་ཆོས་རྣམས་ཀྱི་ངོ་བོ་དང་རྒྱུ་དང་འབྲས་བུ་གསུམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་བསྒོམ་པར་བྱ་ཞིང་། སྔགས་དོན་ནི། སྭཱ་བྷཱ་ཝ་རང་བཞིན། ཤུདྡྷཿདག་པ། སརྦ་དྷརྨཱ་ཆོས་ཐམས་ཅད། སྭཱ་བྷཱ་ཝ་ཤུདྡྷ་ནི་རང་བཞིན་གྱིས་དག་པ། ཨ་ཧཾ་ནི་ངའོ་སྟེ། མདོར་ན་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་བདག་ཉིད་དེ་ངའོ་ཞེས་པའོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པའི་ངང་ལས། བཾ་ལྗང་ཁུ་ཞིག་བྱུང་། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དེའི་ལྟེ་བར་ཨཱཿདམར་པོ་ལས་ཉི་མའི་དཀྱིལ་འཁོར་དམར་འཁྱིལ་ལེ་བ། དེའི་སྟེང་དུ་བྷྲུཾ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་བསྐོར་དུ་མགྱོགས་པར་འཁོར་བ། དབྱིབས་མདུང་སོ་གཉིས་མཇུག་སྤྲད་པ་ལྟ་བུའི་སྦྱར་མཚམས་ནས་ཕྱོགས་མཚམས་ཀྱི་རྩིབས་རྣམས་རལ་གྲི་སོ་གཉིས་པ་ལྟ་བུ་ཧ་ཅང་རིང་བ་མིན་པ་ལྟེ་བའི་རྒྱའི་ཕྱེད་ཙམ་པ། ལྟེ་བའི་དབུས་སུ་པད་ཟླའི་གདན་དང་། ཕྱོགས་མཚམས་ཀྱི་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་གནས་རྣམས་སུ་སྣ་ཚོགས་པད་ཉིའི་གདན་ཟུང་བརྒྱ་དང་། གཙོ་བོ་འོད་མའི་སྟེང་གི་སྦུབས་སྟོང་གི་བར་སྣང་དང་འོག་ཏུ་པད་ཉིའི་གདན་ཟུང་རེ་རེ། དབུས་ཀྱི་གདན་ལ་གཙོ་བོ་རྡོ་རྗེ་འཆང་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་པོ་ཞལ་གསུམ་ཕྱག་དྲུག་པས་འཁྱུད་པ། ཡབ་ཡུམ་གཉིས་ཀའང་རྒྱན་དང་ཕྱག་མཚན་རྣམས་འདྲའོ། །ཡབ་ཀྱི་ཐུགས་ཁར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་དང་། དེའི་ཐུགས་ཁར་ཟླ་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་སྟེ་སེམས་དཔའ་སུམ་བརྩེགས་བྱ། དེ་ནས་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ། ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མི་བསྐྱོད་པ་ལ་ཁྲོ་བོ་བཅུས་བསྐོར་བའི་རྣམ་པར་སྤྱན་དྲངས། རང་གི་སྤྱི་བོའམ་ཞལ་ནས་ཞུགས། སྐུའི་དབྱིབས་རྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཕྱུང་། ཡུམ་གྱི་ཐུགས་ཁར་སླེབ་པ་ན་ཐིག་ལེ་བཅུ་གཅིག་ཏུ་གྱུར། དེ་རྣམས་རེ་རེ་ནས་ཧཱུཾ་རིང་པོ་རེ་རེར་གྱུར། དེ་རྣམས་ལས་མི་བསྐྱོད་པ་དང་ཁྲོ་བོ་བཅུར་གྱུར་པའི་དབུས་སུ་མི་བསྐྱོད་པ་སྔོ་ནག་ཞལ་གསུམ་ཕྱག་དྲུག་པ་བསམ་པ་རང་གི་རྡོ་རྗེའི་ལམ་ནས་ཐུགས་ཁར་དྲངས། བཛྲ་དྷྲིཀ་ཞེས་པའི་མཚན་སྔགས་བརྗོད་པས་ཐུགས་ཁ་ནས་ཕྱིར་ཕྱུང་སྟེ། དུ་མ་ཕྱོགས་བཅུར་འཕྲོས། མཛད་པ་ཀུན་མཛད་ནས་སྤྲུལ་པ་རྣམས་གཅིག་ཏུ་འདུས། རང་གི་ཡེ་ཤེས་པ་དང་འདྲེས་ནས་ཚུར་བྱོན་རང་ལ་ཞུགས་པས། སྔར་བསྐྱེད་པའི་ཟླ་གདན་དེ་ཉི་གདན་དུ་གྱུར་པའི་སྟེང་དུ་རང་ཞེ་སྡང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་ཅན་དུ་བསྐྱེད་པར་བྱ་སྟེ་མངོན་རྟོགས་ལྟར་རོ། །དེ་དང་མཉམ་དུ་ཡུམ་སྔ་མ་རེག་བྱ་རྡོ་རྗེ་མར་བསྒྱུར་བར་བྱ་དགོས་ཏེ། སྐབས་སྟོབས་ཀྱིས་སོ། །དེ་ནས་ཁྲོ་བོ་རྣམས་རེ་རེ་ནས་མཚན་སྔགས་བརྗོད་ཅིང་ཐུགས་ཁ་ནས་ཕྱུང་སྟེ། རང་རང་གི་གདན་ལ་དགོད་པར་བྱ་ཞིང་། ཁྲོ་བོ་རྣམས་ཕྱིར་ཕྱུང་བའི་ཚེ་བརྒྱད་སྲུང་འཁོར་ལ་ཐོགས་མེད་ཐལ་བྱུང་དུ་སོང་སྟེ་རང་རང་གི་གདན་ལ་ཁ་ལྟ་ཕྱོགས་ནི་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ནང་དུ་ལྟ་བ་དང་། སྟེང་གི་འཁོར་བསྒྱུར་ནི་ཅུང་ཟད་མདུན་ངོས་ན་ཞལ་ནུབ་དང་། འོག་གི་གནོད་མཛེས་ནི་ཅུང་ཟད་རྒྱབ་ངོས་ནས་ཞལ་ཤར་དུ་ལྟའོ། །དེའི་ཚེ་འཁོར་ལོ་འཁོར་ནི་ཁྲོ་བོ་རྣམས་མི་འཁོར་ཏེ། བགེགས་དུམ་བུར་གཅོད་པ་དང་ཕྱོགས་མཚམས་བསྲུང་དགོས་པའི་ཕྱིར། ཁྲོ་བོ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཉམས་རྣམས་སྒྲུབ་ཐབས་ལྟར་ཏེ་འདིར་བརྗོད་མི་དགོས་སོ། །གཉིས་པ་ཕུར་གདབ་བྱ་ཚུལ་ནི། རང་ཞེ་སྡང་རྡོ་རྗེས་འོག་གི་གནོད་མཛེས་ལ་སྤྱན་ཧུར་ཏེ་བལྟས་པས། གནོད་མཛེས་དེའི་སྤྲུལ་པ་རང་འདྲ་གཉིས་པ་ཞིག་འོངས་ནས་གཙོ་བོའི་མདུན་དུ་འདུག་སྟེ་བཀའ་ནོད་པ་ལ། གཙོ་བོས་སུམ་བྷ་ནི་བཀའ་བསྒོས་པས། གནོད་མཛེས་ཕྱག་གཡས་གཡོན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་བཅུར་གྱུར་ཏེ་ཕྱོགས་བཅུར་སོང་། ནག་ཕྱོགས་པའི་ཕྱོགས་སྐྱོང་བཅུ་བཟུང་ཞིང་བཅིངས་ནས་བཀུག་སྟེ་ཁྲོ་བོ་བཅུ་ལ་གཏད་པའི་ཚེ་ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས། དེ་མ་ཐག་ཁྲོ་བོ་རྣམས་ཀྱི་ཕྱི་རོལ་གྱི་ཐད་དུ་ཧཱུཾ་རིང་པོ་ལས་བྱུང་བའི་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་བཅུ་བྱུང་བ་རྣམས་ཀྱི་ནང་དུ་བགེགས་རྣམས་ཁ་ཕྱིར་བསྟན་ཏེ་སོ་སོར་བཅུག་པར་བསམ། སྔགས་དོན་ནི། སུམྦྷ་ནི་ངེས་པར་འདུལ་བ། ནི་སུམྦྷ་ནི་མ་ལུས་པ་ངེས་པར་འདུལ་བ། ཧཱུཾ་ནི་དོན་དེ་གསལ་བར་བྱེད་པ། གྲྀཧ་ན་གཉིས་ནི་ཟུངས་ཟུངས། གྲྀཧ་ན་པཱ་ཡ་གཉིས་ནི་འཛིན་དུ་ཆུག་གཉིས། ཧཱུཾ་ནི་དེར་བསྐུལ་བ། ཨཱ་ནཱ་ཡ་ཧོ་ནི་ཀྱེ་ཁུ ག་ཅིག བྷ་ག་ཝན་ནི་བཅོམ་ལྡན་འདས། བིདྱཱ་རཱ་ཛ་ནི་རིག་པའི་རྒྱལ་པོ་ཞེས་འབོད་པ། ཧཱུཾ་ཕཊ་ནི་གསོད་པའི་ཕྱིར་བསྐུལ་བའོ། །གཙོ་བོས་བྱང་གི་བདུད་རྩི་འཁྱིལ་བ་ལ་གཟིགས་པས། དེས་བདུད་རྩི་འཁྱིལ་བ་གཉིས་པ་ཞིག་སྦྲུལ་ཏེ་བྱུང་བ་དེ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་སྨད་ཕུར་བུའི་རྣམ་པ་ཅན་བཅུར་གྱུར་ཏེ་བགེགས་ཀྱི་གཙོ་བོ་དེ་རྣམས་ཀྱི་མགོར་ཞལ་ཕྱིར་བསྟན་ནས་ཟུག སྤྲུལ་པའི་གནོད་མཛེས་རྣམས་གཅིག་ཏུ་གྱུར་པ་ལ། གཙོ་བོས་ཕུར་བུས་རྡུངས་ཤིག་ཅེས་བསྐུལ་བས། ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་རབ་ཏུ་འབར་བ་གཅིག་ཏུ་གྱུར་ཏེ། ཕུར་བུའི་མགོར་བརྡུང་བའི་སྟངས་ཀ་ཙམ་བྱས་པས་བགེགས་རྣམས་ཀྱི་མགོ་བོ་ནས་རྐང་མཐིལ་གྱི་བར་དུ་ནུན་ནུན་མར་ཟུག །དེ་ཡང་ཐོག་མར་ཕྱོགས་དང་། དེ་ནས་མཚམས་དང་། དེ་ནས་སྟེང་འོག་གི་བར་རིམ་གྱིས་བརྡུང་བའོ། །སྔགས་དོན་ནི། གྷ་གྷ་ཞེས་ནི་གསོད་བྱེད་གཉིས། གྷཱ་ཏ་ཡ་གཉིས་ནི་ཆོམས་ཤིག་གཉིས། སརྦ་དུཥྚཾ་ནི་མ་རུངས་པ། ཕཊ་ཕཊ་ནི་གསལ་བར་བྱེད་པ། ཀཱི་ལ་ཡ་གཉིས་ནི་ཕུར་བུ་ཐོབ་ཤིག་གཉིས། སརྦ་པཱ་བཾ་ནི་སྡིག་པའི་བསམ་པ་ཅན་ཐམས་ཅད། ཕཊ་ནི་དགས་པའོ། །ཧཱུཾ་གསུམ་ནི་སྐུ་གསུང་ཐུགས་བསྐུལ་བའོ། །བཛྲ་ཀཱི་ལ་ནི་རྡོ་རྗེ་ཕུར་བུ་ཞེས་འབོད་པའོ། །བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་ནི་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་པའོ། །སརྦ་བིགྷྣཱན་ནི་བགེགས་ཐམས་ཅད། ཀཱ་ཡ་ཝ་ཀ་ཙིཏྟ་ནི་ལུས་ངག་ཡིད་གསུམ། ཧཱུཾ་གསུམ་ནི་གསལ་བ། ཕཊ་ནི་བསྐུལ་བའོ། །སྒྲུབ་ཐབས་ནས་དམིགས་སྐོར་རྣམས་སྔགས་ཀྱི་མཇུག་ཏུ་འབྱུང་ཡང་། སྒོམ་དོན་ལ་སྔགས་བརྗོད་པའི་སྐབས་སུ་བྱ་དགོས་སོ། །དེ་ལྟར་ཕུར་བུ་བཏབ་པས་བགེགས་རྣམས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་བཅུག །སླར་ཡང་ཁྲོ་བོ་དང་ཕུར་བུ་ལས་རྡོ་རྗེའི་མེ་འོད་འཕྲོས་པས་འཁོར་གྱི་བགེགས་རྣམས་འཚིག་ནས་ཕྱོགས་ཕྱོགས་སུ་བྲོས་པར་བསམ་མོ། །གསུམ་པ་ར་གུར་ནི། ཊཀྐི་ཧཱུཾ་ཛ་ཞེས་ལན་བཞི་བརྗོད་པ་དང་རིམ་པ་བཞིན་དུ་དང་པོའི་སྐབས་སུ་ལྕགས་ཀྱི་རྡོ་རྗེའི་ར་བ་དང་། དེ་ནས་ཆུ་དང་། མེ་དང་། རླུང་གི་ར་བ་རྣམས་བསྒོམ་པར་བྱ་སྟེ། རྡོ་རྗེའི་ར་བ་ནི་རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོངས་སེང་དུ་རྡོ་རྗེ་ཆུང་བའི་རྡུལ་ཕྲ་རབ་ཀྱིས་གཏམ་པ། ཆུ་ནི་ཁྲོ་ཆུའི་ཟེག་མ་ཕྱིར་འཕྲོ་བ། མེ་ནི་གཡས་བསྐོར་དུ་འཁྱིལ་ཞིང་འབར་བ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། རླུང་ནི་དྲག་ཅིང་རྩུབ་པའི་སྒྲ་དང་བཅས་པར་གཡས་སུ་འཁོར་བ་ནག་པོའོ། །ལྕགས་ཀྱི་ར་བའི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ་སྟེ་ཚ་ཚའི་སོག་གུར་གྱི་སྟོད་ལྟ་བུ། གུར་གྱི་འོག་ར་བའི་བར་དུ་རྡོ་རྗེའི་བླ་རེ། འོག་ཏུ་ཧཱུཾ་ལས་རྡོ་རྗེའི་ས་གཞི། ཕྱི་རོལ་ཏུ་མདའི་དྲ་བ་རྡོ་རྗེ་རྩེ་ལྔ་པའི་མདེའུ་ཅན་ཕྱོགས་མཚམས་ཀུན་ཏུ་བསྣོལ་མར་རྒྱུགས་ཅིང་མེ་འབར་བ། ར་བའི་དབྱིབས་ཟླུམ་པོ། དཔངས་སྟེང་ཚངས་པའི་འཇིག་རྟེན་ལས་འོག་གསེར་གྱིས་གཞི་ལ་ཐུག་པར་ལྭ་བ་པ་དང་། སྟེང་འོག་མིན་ནས་འོག་རླུང་གི་དཀྱིལ་འཁོར་ལ་ཐུག་པར་ཨ་བྷྱས་བཤད་ལ། རྒྱ་ལྕགས་རིང་ཐུག་པར་ནག་པོ་པ་དང་། བློས་ཅི་ཙམ་འདོད་པར་ལྭ་ཝ་པས་བཤད་པས་སྒོམ་དོན་ལ་དེ་གང་རུང་ངོ་། །ལྷ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་འགོད་པ་ནི། རང་གི་ལུས་ངག་ཡིད་གསུམ་སྲུང་བའི་གོ་ཆ་མཛད་པའོ། །དེ་ཡང་སྔོན་དུ་སྟོང་ཉིད་བསྒོམ་པ་ནི་དོན་དམ་པའི་སྲུང་འཁོར་ཡིན་ལ། འདིར་འབྱུང་བའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་དང་འོག་ཏུ་འཆད་པའི་ཐུན་མོང་བའི་སྲུང་འཁོར་གཉིས་ནི་ཀུན་རྫོབ་པའི་སྲུང་བའོ། །སྲུང་འཁོར་བསྒོམ་པའི་དགོས་པའི་གཙོ་བོ་ནི་བགེགས་ཀྱི་བར་གཅོད་ཟློག་པའི་ཆེད་ཡིན་ཀྱང་། སྔར་བཤད་པའི་སྲུང་འཁོར་ནི་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་མཐུན་པ་དང་། ཆོས་ལོངས་སྤྲུལ་སྐུ་གསུམ་དང་ཡང་རྣམ་པ་མཐུན་པ་ཡིན་ཏེ། སྟོང་ཉིད་བསྒོམས་པ་ནི་ཆོས་སྐུ་དང་། རྡོར་སེམས་ནི་ལོངས་སྐུ་དང་། ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི་སྤྲུལ་སྐུ་དང་རྣམ་པ་མཐུན་ཞིང་། དེའི་སྨིན་བྱེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་མངོན་རྟོགས་དངོས་གཞི་བསྒོམ་ཚུལ་ནི། སྨོན་ལམ་ལས། གང་དུ་འཚང་རྒྱའི་ཞིང་ཀུན་དག་བྱས་ནས། །ཞེས་སོགས་ཀྱིས་སྟོན་ཏེ། འདི་ལ་བཞི། འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་དང་། བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་དང་། སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་གསུམ་དང་། མྱུར་ལམ་བདེ་བ་ཆེན་པོ་བཤད་པའོ། །དང་པོ་ལ་གསུམ། གང་དུ་འཚང་རྒྱ་བའི་གནས། དེར་འཚང་རྒྱ་བའི་རྟེན། ཇི་ལྟར་འཚང་རྒྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྣོད་སྔ་མ་ཞིག་ནས་སྟོང་པའི་རིམ་པ་དང་ཆོས་མཐུན་པར་བསྒོམ་ཚུལ། ཕྱི་མ་འཆགས་པའི་རིམ་པ་དང་མཐུན་པར་བསྒོམ་ཚུལ་ལོ། །དང་པོ་ལ་གཉིས། མཐུན་ཡུལ་དང་། མཐུན་ཚུལ་བཤད་པའོ། །དང་པོ་ནི། སྣོད་སྟོངས་པ་ལ་བཅུད་སྟོངས་པ་སྔོན་དུ་འགྲོ་དགོས་པས། དེའི་ཚུལ་བསྡུས་ཏེ་བཤད་ན། བཅུད་དུ་སེམས་ཅན་གསར་སྐྱེ་མེད་ཅིང་། སྐྱེས་ཟིན་ལས་མནར་མེད་སྟོང་པའི་རྗེས་སུ་ཚ་དམྱལ་གཞན་བདུན་སྟོང་། དེ་ནས་གྲང་དམྱལ་བརྒྱད། ཡི་དྭགས་དང་། དུད་འགྲོ་ལས་ཟད་པ་རྣམས་བདེ་འགྲོར་ཚེ་འཕོས་པས་ཚུལ་གྱིས་སྟོང་ཞིང་། མ་ཟད་པ་རྣམས་འཇིག་རྟེན་གཞན་གྱི་ངན་སོང་དག་ཏུ་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེའི་རྗེས་སུ་འཛམ་གླིང་གི་མི་ཞིག་གི་རྒྱུད་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེས་ཏེ་བསམ་གཏན་དང་པོར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེ་བཞིན་དུ་ཤར་དང་ནུབ་ཀྱང་སྟོང་། སྒྲ་མི་སྙན་པ་ནི་འདོད་ལྷར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་རྣམས་ཀྱི་རྒྱུད་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་བསམ་གཏན་དང་པོའི་དངོས་གཞི་སྐྱེས་ཏེ་རིམ་བཞིན་བསམ་གཏན་དང་པོར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེའི་རྗེས་སུ་བསམ་གཏན་དང་པོའི་ལྷ་རྣམས་ཀྱི་རྒྱུད་ལ་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་རིམ་གྱིས་སྐྱེས་ནས་བསམ་གཏན་གཉིས་པར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེའི་ཡུན་ལ་བར་བསྐལ་བཅུ་དགུ་ཡོད། དེ་ནས་སྣོད་སྟོང་ཚུལ་ནི། ཉི་མ་བདུན་རིམ་གྱིས་ཤར་ཏེ་རིམ་གྱིས་ལྗོན་ཤིང་ཆུ་ཕྲན་ཆུ་བོ་ཆེན་པོ་རྒྱ་མཚོ་གླིང་རྣམས་དང་རི་བདུན་རི་རབ་རྣམས་དང་། བསམ་གཏན་དང་པོའི་གཞལ་མེད་ཁང་མན་ཆད་བསྲེགས་ནས་ཐམས་ཅད་ཀྱང་ནམ་མཁའི་རང་བཞིན་དུ་བྱེད་དོ། །དེ་ལ་བར་བསྐལ་གཅིག་གི་ཡུན་ཡོད་དོ། །གཉིས་པ་ལ་གཉིས། སྟོང་ཉིད་བསྒོམ་ཚུལ་དང་། བསྒོམས་པའི་དགོས་པའོ། །དང་པོ་ནི། རྩ་རྒྱུད་ལེའུ་གཉིས་པ་ནས་འབྱུང་བའི་དངོས་པོ་མེད་པས་བསྒོམ་པ་མེད། ཅེས་པའི་ཚིགས་སུ་བཅད་པ་བརྗོད་ནས་ཆོས་རྣམས་རང་བཞིན་གྱིས་སྟོང་པར་བསྒོམ་པར་བྱ་བ་ཡིན་ལ། འདིའི་དོན་ཚུལ་བཞིའི་ནང་ནས་ཡིག་དོན་དང་སྤྱི་དོན་གཉིས་ཀྱིས་འཆད་ཅིང་། ཐོག་མར་ཡིག་དོན་དུ་བཤད་ན། སྣོད་བཅུད་ཀྱི་དངོས་པོ་རྣམས་ལ་རིགས་པས་དཔྱད་པ་ན་སྣོད་བཅུད་མ་རྙེད་པའི་ཚེ། སྣོད་བཅུད་མེད་དོ་སྙམ་དུ་བཟུང་ནས་དེ་ལྟར་སྒོམ་པ་ལ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མེད་དེ། དེ་ལྟར་ན་སྒོམ་པ་པོ་དང་བསྒོམ་པར་བྱ་བ་སོགས་གཏན་མེད་དུ་འགྱུར་བའི་ཕྱིར་རོ། །བསྒོམ་བྱ་རང་བཞིན་གྱིས་གྲུབ་པར་བཟུང་ནས་སྒོམ་པ་དེ་ཡང་དེ་ཁོ་ན་ཉིད་སྒོམ་པ་མ་ཡིན་ཏེ། རང་བཞིན་གྱིས་གྲུབ་པའི་བསྒོམ་པར་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་ལྟར་ན་བསྒོམ་བྱ་སྒོམ་བྱེད་སྒོམ་པ་པོ་གསུམ་ཀའང་རང་བཞིན་གྱིས་དམིགས་སུ་མེད་དེ། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་གཏན་ནས་མེད་པ་དང་རང་བཞིན་གྱིས་གྲུབ་པ་དང་དེ་གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པར་རང་བཞིན་གྱིས་གྲུབ་པའི་མཐའ་བཞི་དང་བྲལ་བའི་ཕྱིར། མདོར་ན་རྐང་པ་དང་པོས་ཆད་མཐའ་བཀག །རྐང་པ་གཉིས་པས་རྟག་མཐའ་བཀག རྐང་པ་གསུམ་པས་གཉིས་ཀ་ཡིན་པ་བཀག་ནས་སྔ་མའི་དོན་བསྡུས་ཏེ་མཐའ་བཞི་པ་ཤུགས་ལ་བཀག་གོ །སྤྱི་དོན་དུ་བཤད་ན། གཟུགས་ཅན་རྣམས་ལ་ཕྱོགས་ཀྱི་ཆ་དུ་མ་ཡོད་པ་དང་། གཞན་ཤེས་པ་ལྟ་བུ་ལ་རང་རང་གི་སྐད་ཅིག་སྔ་ཕྱིའི་ཆ་དུ་མ་དང་། འདུས་མ་བྱས་རྣམས་ལའང་རང་རང་གི་གདགས་གཞི་ཆོས་ཅན་དང་འབྲེལ་བ་དང་ཡུལ་དུས་སོགས་ཀྱི་ཆ་དུ་མ་འབྱེད་ནུས་པས། དེའི་ཚེ་དེ་རྣམས་ཆ་བཅས་ཡིན་ཞིང་། ཆ་དང་བཅས་པའི་ཕྱིར་རྟེན་འབྲེལ་ཡིན་ལ་དེའི་ཕྱིར་བདེན་པར་གྲུབ་ས་མེད་དོ་སྙམ་དུ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་དཔྱད་པའི་ཚེ་ཆོས་རྣམས་ཀྱི་ངོ་བོ་བདེན་པར་གྲུབ་པ་མེད་པར་བསམ་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་སྒོམ་ཚུལ་དང་། བསྐྱེད་བྱེད་ཀྱི་རྒྱུ་བདེན་པར་མེད་པར་བསམ་པ་ནི་རྣམ་པར་ཐར་པའི་སྒོ་མཚན་མེད་སྒོམ་ཚུལ་དང་། སྐྱེད་བྱ་དང་ཐོབ་བྱའི་འབྲས་བུ་བདེན་མེད་དུ་སྒོམ་པ་དེ་རྣམ་པར་ཐར་བའི་སྒོ་སྨོན་མེད་སྒོམ་ཚུལ་ལོ། །དེ་ལྟར་ན་བསྒོམ་བྱ་དང་སྒོམ་ཚུལ་དང་སྒོམ་པ་པོ་གསུམ་རང་བཞིན་གྱིས་མ་གྲུབ་སྟེ། དེ་ཐམས་ཅད་སེམས་སམ་རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། སྔ་མ་ཡིག་དོན་ནི་ཚིག་གི་ཐོབ་ཚུལ་ཙམ་བཤད་པ་ཡིན་ལ། འདིར་སྤྱི་དོན་ནི་མདོ་སྔགས་གཉིས་ཀའི་ཐུན་མོང་དུ་ཉམས་སུ་བླང་བྱ་ཡིན་པའི་དོན་ནོ། །བསྒོམ་ཚུལ་བསྡུ་ན། དེ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ལེགས་པར་དཔྱད་པ་ནི། དགག་བྱ་བཀག་པའི་སྟོང་ཉིད་ཀྱི་རྣམ་པ་བློ་ལ་འཆར་ལ། དེའི་ཚེ་སྟོང་ཉིད་ཀྱི་རྣམ་པ་མ་གཏོགས་ཀུན་རྫོབ་ཀྱི་རྣམ་པ་བློ་ལ་མི་འཆར་ཞིང་ཤར་ཡང་རྗེས་སུ་མི་འབྲང་བར་བཀག་སྟེ་མེད་དགག་གི་རྣམ་པ་འབའ་ཞིག་བློ་ལ་འཆར་དུ་འཇུག་གོ །དེ་ལ་བློ་བྱང་ན་ནི་སྣང་བ་སྡུད་ཚུལ་ཟུར་པ་མི་དགོས་ཀྱང་། མ་བྱང་བས་ནི། སྣོད་བཅུད་ཐམས་ཅད་འོད་ཀྱི་གོང་བུར་མོས་ནས་རིམ་གྱིས་ཡལ་ཏེ་མཐར་རང་ལ་ཐིམ། རང་ཡང་རིམ་གྱིས་མི་སྣང་བར་བྱས་ཏེ་དེ་ཀའི་ངང་ལ་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་འཇོག་གོ །དེ་ལྟར་སྒོམ་པ་ལ་ཡེ་ཤེས་ཀྱི་ས་སྒོམ་པ་ཞེས་ཀྱང་བྱ་སྟེ། སྣོད་སྔ་མ་སྟོངས་པའི་ནམ་མཁས་ཕྱི་མ་འཆགས་པའི་རྟེན་བྱེད་པ་དེ་བཞིན་དུ། དེ་ལྟར་བསྒོམ་པའི་ཡེ་ཤེས་དེས་ལྷག་མོས་ཀྱི་རྟེན་བརྟེན་པ་བསྒོམ་པའི་རྟེན་གཞི་བྱེད་པའི་ཕྱིར་རོ། །གཉིས་པ་ནི། སྐབས་འདིར་སྟོང་ཉིད་བསྒོམས་པ་ལ་དགོས་པ་ཡོད་དེ། སྟོང་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པ་དང་། རྟོགས་ཟིན་བརྟན་པ་དང་། ཐ་མལ་གྱི་སྣང་ཞེན་སྦྱོང་བ་དང་། ཡེ་ཤེས་ཀྱི་ཚོགས་གསོག་པ་དང་། རྟེན་བརྟེན་པ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བའི་ཆེད་ཡིན་པའི་ཕྱིར་རོ། །སྒོམ་ཚུལ་འདི་ནི་སྣོད་སྔ་མ་ཞིག་ནས་སྟོང་པ་དང་ཆོས་མཐུན་པ་ཡིན་ནོ། །གཉིས་པ་ལ་གཉིས། ཆོས་མཐུན་ཡུལ་དང་། ཆོས་མཐུན་སྦྱར་བའོ། །དང་པོ་ནི། སྟོང་བསྐལ་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ལས། སླར་ཡང་འཆགས་པའི་འགོ་རྩོམ་པའི་ཚེ། མེས་ཞིག་པ་ཡིན་ན། བསམ་གཏན་གཉིས་པ་ནས་རླུང་འོག་ཏུ་ཅུང་ཟད་བབས་པས་བསམ་གཏན་དང་པོའི་གཞལ་མེད་ཁང་འཆགས། བསམ་གཏན་དང་པོ། གཞན་འཕྲུལ་དབང་བྱེད་སོགས་སྔ་མ་སྔ་མ་འཆགས་པ་ནས་རླུང་རིམ་གྱིས་བབས་པས་ས་དང་མ་འབྲེལ་བའི་གནས་རྣམས་ཡས་རིམ་གྱིས་འཆགས། དེ་ནས་རླུང་བབས་པས་རླུང་དཀྱིལ། དེ་སྟེང་ཆུ་དཀྱིལ། དེ་སྟེང་ས་དཀྱིལ་རི་རབ་རི་མཚོ་གླིང་ལྗོན་ཤིང་རྣམས་འཆགས་སོ། །འདིར་བསྒོམ་བྱ་ལ་མེ་དཀྱིལ་ཡོད་ཀྱང་། གཞི་ལ་འབྱུང་བ་གཞན་གསུམ་གྱི་གོ་ས་ན་མེའི་རྡུལ་ཙམ་ཡོད་ཀྱི། མེ་དཀྱིལ་དངོས་སུ་མེད། འོན་ཀྱང་མེ་རྡུལ་དང་བྱེད་ལས་ཡོད་པས་མཐུན་ཡུལ་ཆད་པའི་སྐྱོན་མེད་དོ། །གཉིས་པ་ནི། སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་ཞེས་སོགས་ལྟར་སྲུང་འཁོར་ཐུན་མོང་བ་སྐད་ཅིག་གིས་བསྐྱེད། རྗེ་ནོར་བཟང་རྒྱ་མཚོས་ནི། སྐབས་འདིར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་པའང་མང་ཅན་དུ་བཞེད་ལ། ཁ་ཅིག་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་པ་མི་འཐད་ཅེས་གསུང་། རྒྱ་དཔངས་ཀྱི་ཚད་ནི་གོང་དུ་བཤད་པ་ལྟར་རུང་ཞིང་། མེ་རི་ནི་བྲི་བྱ་ལ་ཞེང་སྒོ་ཚད་གཅིག་ཙམ་ཡིན་ཀྱང་བསྒོམ་དོན་ལ་མེ་ལྕེ་ཕྱིར་འཕྲོ་བ་སྟེ། ཁ་དོག་སྣ་ཚོགས་པ་ཕྱོགས་ཀུན་ཏུ་འཁྱིལ་ཞིང་འབར་བས་གདུག་པ་ཅན་རྣམས་ཀྱིས་བལྟར་ཡང་མི་བཟོད་པའོ། །རྡོར་རྭ་ནི་བྲི་བྱ་ལ་ཞེང་ཆུང་ཆ་གཉིས་ཡིན་ཀྱང་བསྒོམ་དོན་ལ་ནི་དེར་མ་ངེས་ཏེ། སྔར་བཞིན་ནོ། །རྡོར་རྭ་བསྒོམས་པའི་དགོས་པ་ནི་སྒྲུབ་ཐབས་དངོས་གཞི་བསྒོམ་པ་ལ་བགེགས་ཀྱི་བར་ཆད་སྲུང་བའི་ཆེད་ཡིན་ལ། མཚོན་དོན་ཡང་བགེགས་ཀྱིས་མི་ཕྱེད་པ་དེ་མཚོན་ནོ། །དེའི་ནང་དུ་ཆོས་འབྱུང་ཁ་དོག་དཀར་པོ་དང་། ཕྱི་དཀར་ལ་ནང་དམར་བ་དང་། དཀར་དམར་འདྲེས་པ་གསུམ་གང་རུང་། དབྱིབས་ཟུར་གསུམ་པ་རྩེ་མོ་ཕྲ་བ་འོག་ཏུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ་ཁོག་པ་སྟོང་པ། ཕྱག་རྒྱའི་སྐྱེས་གནས་ལྟ་བུའམ། དམར་གཏོར་གྲུ་གསུམ་གྱི་ནང་བྲུས་པ་ལྟ་བུ་དང་། དེ་ལས་ཅུང་མི་འདྲ་བ་ཞིག་དང་གསུམ་གསུངས་པས་གང་རུང་གིས་ཆོག་གོ །ཟུར་གསུམ་གྱིས་ནི་རྣམ་ཐར་སྒོ་གསུམ། རྩེ་མོ་ཕྲ་བས་ལས་དང་པོའི་སྐབས་སུ་ཡོན་ཏན་ཆུང་ཞིང་། གདངས་ཀ་ཆེ་བས་མོས་སྤྱོད་ནས་བཟུང་སྟེ་ཡར་ཡོན་ཏན་ཇེ་རྒྱས་སུ་སོང་བ། བྷ་གའི་རྣམ་པས་བདེ་བ་ཆེན་པོ། དཀར་བས་རང་བཞིན་རྣམ་དག་དང་ཁམས་དཀར་པོ། དམར་བས་ཁམས་དམར་པོ། དཀར་དམར་ཐུན་མོང་བས་བདེ་སྟོང་དབྱེར་མེད། ནང་དུ་རྟེན་བརྟེན་པའི་དཀྱིལ་འཁོར་བསྒོམས་པས་འབྲས་དུས་ཀྱི་རྟེན་བརྟེན་པ་འབྱུང་བ་དེ་མཚོན་ནོ། །བྲི་བྱ་ལ་པདྨའི་འདབ་མ་ཆ་ཕྲན་གཉིས་ཡིན་ཞིང་གཉིས་ཀ་གསལ་བར་སྣང་ཡང་། བསྒོམ་དོན་ལ་ཆོས་འབྱུང་གི་དབུས་དཀྱིལ་དུ་ཆུད་པར་ཁ་ཅིག་བཞེད། ཁ་ཅིག་ལྟེ་བ་ནང་དང་འདབ་མ་ཆོས་འབྱུང་གི་ཁ་དང་མཉམ་པར་འདོད། ཡང་ཁ་ཅིག་འདབ་མ་རྫོགས་པར་ཆོས་འབྱུང་གི་ཁར་འཕགས་ཤིང་། ཡུ་བ་ཆོས་འབྱུང་གི་མར་རྩེ་ནས་འཐོན་ཞེས་གསུངས་པས་གང་བདེ། པདྨས་འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན། པདྨའི་ལྟེ་བར་ཉལ་སྟབས་ཀྱི་ཧཱུཾ་མགོ་བོ་ཕར་བསྟན་པ་གཉིས་རེའི་བར་དུ་ཡཾ་རཾ་བཾ་ལཾ་བཞི་རིམ་གྱིས་ཆུད་པ་ལས་ལྷ་མོ་བཞིའི་ངོ་བོར་གྱུར་པའི་འབྱུང་བཞི་སྟེང་འོག་གཉིས་སུ་རྡོ་རྗེས་མཚན་པ་བསྐྱེད་དེ། སྣ་ཚོགས་རྡོ་རྗེར་བསྒྱུར། རྡོ་རྗེའི་ལྟེ་བ་གྲུ་བཞི་པ་སྔོན་པོ། དཔངས་རྭ་ལྔ་མར་སྒོ་ཚད་ལྔའམ་ཕྱེད་ལྔ། རྭའི་སྲིད་ལ་སྒོ་ཚད་བཞི་བཞི། རྭ་སྔ་མའི་དབུས་རྭའི་སྦོམ་ལ་ཆ་ཆེན་གཅིག་དང་རྩ་བར་ཆ་ཕྲན་གསུམ། ཕྱོགས་རྭའི་སྦོམ་ལ་ཆ་ཕྲན་གསུམ་དང་རྩ་བར་གཉིས། རྭ་རྩེ་རྣམས་ཆ་ཕྲན་རེ་རེ། གྲངས་ཕྱོགས་རེ་རེར་ལྔ་ལྔའམ་གསུམ་མ་གང་རུང་དང་། ཁ་དོག་ནག་ཁྲའམ་ཕྱོགས་མདོག་གང་རུང་ངོ་། །མཚོན་དོན་རླུང་དཀྱིལ་གྱིས་མཉམ་གནས། མེས་གྱེན་རྒྱུ། ཆུས་སྲོག་འཛིན། སས་ཐུར་སེལ། ཡང་བཞིས་ཕྱག་རྒྱ་རིགས་བཞི། བཞི་འདྲེས་པས་དཔེ་དོན་གྱི་འོད་གསལ། རྭ་ལྔས་ཡེ་ཤེས་ལྔ། ཉི་ཤུས་འཇིག་ལྟ་ཉི་ཤུ་དང་བཅུ་གཉིས་ཀྱིས་རྟེན་འབྲེལ་བཅུ་གཉིས་དག་པ། ཆུ་སྲིན་གྱི་ཁ་ནས་འཐོན་པས་སེམས་ཅན་སྙིང་རྗེས་མི་གཏོང་བ། སྟེང་དུ་རྟེན་བརྟེན་པ་བསྐྱེད་པས་འོད་གསལ་ལས་སྒྱུ་ལུས་འགྲུབ་པ་སོགས་ཏེ། འདི་དག་གཞི་ལ་རྟེན་དཀྱིལ་འཁོར་འཆགས་པ་དང་ཆོས་མཐུན་ནོ། །རྡོ་རྗེའི་ལྟེ་བར་བྷྲུཾ་དཀར་པོ་རྣམ་སྣང་གི་ཚོགས་ར་བའི་ནང་ཐམས་ཅད་དུ་འཕྲོ་བའམ་རིགས་ལྔའི་ཚོགས་འཕྲོ་བ་གང་རུང་། དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་རྫོགས་ཅིག་ཅར་བསྐྱེད་ལ་རིམ་གྱིས་གསལ་གདབ། གཞལ་ཡས་ཁང་གི་ནང་མཐའ་ནས་ནང་མཐའི་བར་སྒོ་ཚད་བརྒྱད། ཕོ་བྲང་ནང་མའི་མཐའ་ནས་མཐའི་བར་སྒོ་ཚད་བཞི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའི་བར་སྒོ་ཚད་བཅུ་གཉིས། རྡོ་རྗེའི་རྭ་རྩེ་དང་པདྨའི་ལྟེ་བའི་མཐའ་ནས་མཐའི་བར་སྒོ་ཚད་ཉི་ཤུ། པདྨ་ནས་པདྨའི་མཐའི་བར་སྒོ་ཚད་ཉེར་གཅིག རྡོར་རྭ་ནས་རྡོར་རྭའི་མཐའི་བར་སྒོ་ཚད་ཉེར་གཉིས། འོད་འཕྲེང་གི་མཐའ་ནས་མཐའི་བར་སྒོ་ཚད་ཉེར་བཞི་སྟེ། ཐམས་ཅད་ཀྱི་རྒྱ་ཚད་ཡིན་ལ། བྲི་བྱའི་དབང་དུ་བྱས་ནས་ཕྱོགས་གཅིག་ཏུ་གོ་བདེ་བར་བརྗོད་པའོ། །གཞལ་ཡས་ཁང་གི་རྩིག་པ་རིམ་པ་ལྔ་པོ་ཕྱི་ནང་ལྔ་སྦྲགས་ཏུ་ཡོད་ཅིང་། ལྔ་ཀ་བསྡོམས་པའི་ཞེང་ཆ་ཕྲན་གཅིག དཔངས་ཆ་ཕྲན་བཅུ་གསུམ། ཕ་གུའི་ཞེང་ཆ་ཆུང་ཕྱེད་གཉིས་ལས་ཕྱེད་ཕྱིར་འཕགས་པ་དཔངས་ཆ་ཆུང་གཅིག རྡོའི་སྙིང་པོའི་ཀ་བ། མུ་ཏིག་དམར་པོའི་བྲེ། སྦུག་གི་གཞུ། ཤེལ་གྱི་ཀ་ཆུང་། བཻ་ཌཱུརྱའི་བྲེ། དངུལ་གྱི་གཞུ་རྣམས་བརྩེགས་པའི་སྟེང་དུ་གསེར་གྱི་སྐ་རགས་ལེབ་མོ་ཞེང་ཆ་ཕྲན་གཅིག་པ་བཞི་སྟེང་ནས་སྟེང་དུ་བརྩེགས་པ་བཞི་ཀ་བསྡོམས་པའི་དཔངས་ཆ་ཕྲན་གཉིས། དེའི་སྟེང་དུ་ཕོ་བྲང་ཁྱམས་ཀྱི་ལྕམ་སྣེ་ཕྱི་མ་བཀལ་བ་ཕྱིར་ཐལ་བའི་སྣེ་ལ་རིན་པོ་ཆེའི་དྲ་བ་དྲ་ཕྱེད། སྐ་རགས་ཀྱི་སྟེང་དུ་བྱ་འདབ་ཞེང་ཆ་ཕྲན་གཉིས་ཕྱིར་འཕགས་པའི་སྣེ་ལས་ཤར་བུ་དཀར་པོ་འཕྱང་བ། བྱ་འདབ་དེའི་མཐའི་སྟེང་དུ་མདའ་ཡབ་དཀར་པོ་ཆ་ཕྲན་གཅིག་པ་པད་འདབ་ཕྱེད་པ་ལྟ་བུ་ལངས་པ། མདའ་ཡབ་ཀྱི་སྟེང་དུ་ཕྱོགས་བཞིར་རྒྱལ་མཚན་གཉིས་དང་བ་དན་གཉིས་ཏེ་སྡེ་བསྡོམས་པས་བཅུ་དྲུག མདའ་ཡབ་དང་བཅས་པའི་གཞལ་ཡས་ཁང་གི་དཔངས་ཆ་ཕྲན་བཅུ་བདུན་པར་བཞེད་ཀྱང་། ཐོག་བཀབ་པའི་ཚད་གང་དུ་གཏོགས་དཔྱད་དགོས་སོ། །གཞལ་ཡས་ཁང་གི་རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་གཡས་གཡོན་དུ་ཆ་ཕྲན་གཉིས་གཉིས་དོར་བས་སྒོ། དེ་ནས་སྒོ་ཚད་རེ་ཕྱིར་དོར་བས་སྒོ་འཁྱུད། དེ་ནས་གཡས་གཡོན་དུ་སྒོ་ཚད་རེ་སོང་བ་སྒོ་འགྲམ། དེ་ནས་ཕྱིར་སྒོ་ཚད་རེ་སོང་བ་སྒོ་ལོགས་ཏེ། འགྲམ་ལོགས་སྒོ་དང་མཉམ་པ་འདི་ལ་རྩིག་གདོང་ཉིད་རྡོ་རྗེའི་ལྟེ་བ་དང་མཉམ་མོ། །རྩིག་པའི་ཕྱི་རོལ་ཏུ་འོག་མཐའ་ནས་འདོད་སྣམ་དམར་པོ་དཔངས་ཞིང་ཆ་ཕྲན་གཉིས་པ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གོ །ཐོག་འབུབས་ཚུལ་ནི། སྒོ་བཞི་སོ་སོའི་རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་ནང་དུ་སྒོ་ཚད་གཅིག་སོང་བའི་གཡས་གཡོན་དུ་ཆ་ཆུང་ལྔ་ལྔ་སོང་བའི་སར་ཞེང་ཆ་ཕྲན་གཅིག་དང་། དཔངས་བྲེ་ཕུལ་དང་བཅས་པའི་ཀ་བ་ཆ་ཕྲན་བཅུ་དྲུག་པ་ཕྱོགས་མདོག །ཕྱོགས་རེ་རེར་གཉིས་གཉིས་ཏེ་བརྒྱད་བཙུགས་པའི་སྟེང་དུ་ཕྱོགས་བཞིར་གདུང་མིག་མངས་རིས་སུ་རྒྱུགས་པ་ལ་ལྕམ་སྣེ་ནང་མ་དང་། ཕྱི་མ་གསེར་གྱི་སྐ་རགས་ལ་བཀལ་ཏེ་ཕྱི་ཁྱམས་འབུབས་པ་ཡིན་ནོ། །དབུས་སུ་གར་བུ་དབྱིབས་མཎྜལ་ལྟ་བུ། དཔངས་སྒོ་ཚད་གཅིག་ལྷག་ཙམ་དང་། ཐད་ཀར་སྒོ་བཞི་པའི་སྟེང་གི་མཐར་རྡོ་རྗེ་རྩེ་གསུམ་པ་དཔངས་ཆ་ཕྲན་གཅིག་པས་ཟླུམ་པོར་བསྐོར་བའི་རྭའི་འཕྲད་མཚམས་ནས་ཕྱོགས་རེ་རེར་ཀ་བ་སྔར་བཞིན་བཙུགས་པའི་སྟེང་དུ་གཞུ་འཁྱོགས་དང་གདུང་ཟླུམ་གྱིས་འཁོར་མར་བསྐོར་བའི་སྟེང་དུ་གདུང་བཞི་མིག་མངས་རིས་སུ་བྱས་པ། ལྷོ་བྱང་དུ་རྒྱུགས་པའི་གདུང་གི་ལྷོ་བྱང་མཚམས་སུ་རྩ་བ་ཟུག་པའི་ཀ་བ་བསེགས་ཁ་ཡོད་པ་བཙུགས་པའི་སྟེང་དུ་རྡོ་རྗེའི་གདུང་ལྷོ་བྱང་དུ་རྒྱུགས་པ་ལ་ལྕམ་སྣེ་ནང་དང་། ཕྱི་མ་ཕྱི་ཁྱམས་ཀྱི་སྟེང་དུ་ཀ་ཆུང་བྲེ་ཕུལ་དང་བཅས་པ་བཙུགས་པའི་སྟེང་དུ་གདུང་བཏང་བ་ལ་བཀལ། རྒྱ་ཕིབས་ཀྱི་གུང་གི་དབུས་སུ་རྩ་རྒྱུད་བཞུགས་པའི་ཁང་བུ་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པའོ། །སྒོ་བཞིའི་མདུན་དུ་རྩིག་གདོང་དང་རྡོ་རྗེའི་ལྟེ་བ་ནས་ཆ་ཕྲན་གཅིག་སོང་བའི་སར་རྡོ་རྗེའི་རྭ་རྩའི་སྟེང་དུ་སྟེགས་བུ་གྲུ་བཞི་བུམ་པ་དང་བཅས་པ་ལ་གནས་པའི་ཀ་བ་ཞེང་ཆ་ཕྲན་གཅིག །དཔངས་ཆ་ཕྲན་ལྔ། གཡས་གཡོན་དུ་གཉིས་ཆེ་སྟེ་བཞི་བཞི་བཙུགས་པའི་སྟེང་དུ་སྣམ་བུ་བཅུ་གཅིག་སྣམ་བུ་ལྔ་པ་དང་བདུན་པའི་དཔངས་ལ་ཆ་ཕྲན་ཕྱེད་དང་གཉིས་རེ་དང་། གཞན་རྣམས་ཀྱི་དཔངས་སུ་ཆ་ཕྲན་རེ་རེ་བར་མཉམ་མོ། །ཞེང་ནི་ཐམས་ཅད་ཀྱང་ཆ་ཕྲན་གསུམ་གསུམ་བྱས་ན་ལེགས། སྤྱིར་རྟ་བབས་ལ་སྒོ་ཚད་གསུམ་མ་དང་སྒོ་ཚད་གཅིག་མ་གཉིས་ཡོད་པའི་སྔ་མ་ལ་གཉིས་མཉམ་དགུ་མཉམ་དང་ལྔ་མཉམ་གསུམ་གསུམ་མཉམ་པ་གཉིས་ཡོད་ལ། ཕྱི་མ་ལ་ལྔ་མཉམ་གསུམ་གཉིས་མཉམ་པ་ཁོ་ནར་ངེས་སོ། །གཞན་ཡང་རྟ་བབས་སྒོ་ཚད་གསུམ་མ་ལ་འགྲམ་ལོགས་སྒོ་དང་མཉམ་མི་མཉམ་གཉིས་ཡོད་ཅིང་གཅིག་མ་ནི་མི་མཉམ་པའོ། །གཞལ་ཡས་ཁང་གི་མཚན་ཉིད་གཞན་ཇི་ལྟ་བུ་ཡིན་ཚུལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །མཚོན་དོན་ནི། གཞལ་ཡས་ཁང་གིས་རྣམ་སྣང་དག་པ་མཚོན། ངོས་བཞིས་བདེན་པ་བཞི། གྲྭ་བཞིས་ཚངས་པའི་གནས་བཞི། སྒོ་བཞིས་བསྡུ་བའི་དངོས་པོ་བཞི། སྒོ་འཁྱུད་བཞིས་རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་པ་སོགས་ཡིན་ཏེ། དབང་ཆོག་ཏུ། འཕགས་པའི་བདེན་བཞི་ངོས་བཞིར་འགྱུར། །ཞེས་སོགས་ཀྱིས་མཚོན་ཚུལ་རྒྱས་པར་བཤད་པ་ལྟར་རོ། །གཞལ་ཡས་ཁང་ནི་གཞི་ལ་གསེར་དཀྱིལ་གྱི་སྟེང་དུ་རི་གླིང་སོགས་ཆགས་པ་དང་ཆོས་མཐུན་ཞིང་མ་དག་པའི་སྣོད་སྦྱོང་བ་དང་། འབྲས་དུས་ཀྱི་གཞལ་ཡས་ཁང་འགྲུབ་པ་སོགས་ཀྱི་ཆེད་དོ། །གཞལ་ཡས་ཁང་བྷྲུཾ་ལས་བསྐྱེད་པ་ནི། བྷྲུཾ་རྣམ་སྣང་གི་ས་བོན་ཡིན་ཞིང་། རྣམ་སྣང་གཟུགས་ཕུང་རྣམ་པར་དག་པའི་ལྷ་ཡིན་པས། གཞལ་ཡས་ཁང་དེའི་ངོ་བོར་མོས་དགོས་པའི་དབང་དུ་བྱས་པའོ། །གཉིས་པ་ལ་གསུམ། ལྷག་མོས་ཀྱི་ལྷ་བསྐྱེད་པ། དེའི་མཛད་པ། དེ་ལུས་ལ་བསྡུ་བའོ། །དང་པོ་ལ་གཉིས། མཐུན་ཡུལ་དང་། དེ་དང་མཐུན་པར་བསྒོམ་པའོ། །དང་པོ་མཐུན་ཡུལ་བཅུད་ཆགས་ཚུལ་བསྡུས་ཏེ་བཤད་ན། བསམ་གཏན་གཉིས་པ་ནས་ལྷ་ཞིག་ཤི་འཕོས་ནས་བསམ་གཏན་དང་པོར་སྐྱེས་ཏེ་དེ་རྣམས་འཆགས། དེ་ནས་ཤི་འཕོས་ཏེ་གཞན་འཕྲུལ་དབང་བྱེད་སོགས་འདོད་ལྷ་རིགས་དྲུག་དང་། གླིང་བཞིའི་མི། ཡི་དྭགས། དུད་འགྲོ། གྲང་དམྱལ། ཚ་དམྱལ་རྣམས་ཀྱང་རིམ་གྱིས་འཆགས་པ་ཡིན་ལ། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པའི་ཚེ་འཆགས་པའི་མཇུག་རྫོགས་ཤིང་གནས་བསྐལ་གྱི་འགོ་རྩོམ། བསྐལ་པ་དང་པོའི་མི་རྣམས་རྫུས་སྐྱེས་ཚེ་དཔག་མེད་ཐུབ་པ་སོགས་ཁྱད་ཆོས་བདུན་དང་ལྡན་ལ། དེའི་ཚེ་ཁམ་ཟས་མི་ཟ་ཞིང་དགའ་བའི་ཟས་ཙམ་ཟ་བ་ཡིན་པ་ལ། ལས་ཀྱི་དབང་གིས་སའི་ཞག་དང་བཅུད་དང་མྱུ་གུའི་ཚལ་དང་འབྲས་ས་ལུ་རྣམས་རིམ་གྱིས་བྱུང་བ་ཟོས་པས་ཕོ་མོའི་དབང་པོ་དང་ལྡན་པར་གྱུར་ཏེ། ཉི་ཟླ་དང་དུས་ཚིགས་དང་མང་པོས་བཀུར་བའི་རྒྱལ་པོ་དང་བཅས་བྱུང་ངོ་། །གཉིས་པ་ནི། སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་དུས་གཅིག་ཏུ་ཡོངས་སུ་གྱུར་པ་ནི་ཞེས་སོགས་གསུངས་པ་ལྟར། དུས་གཅིག་ཏུ་སྐད་ཅིག་གིས་བསྐྱེད་ནས་རྣམ་པ་རྣམས་རིམ་གྱིས་གསལ་འདེབས་པ་ཡིན་ལ། ལྷག་མོས་ཀྱི་ལྷ་ཕོ་མོའི་རྣམ་པར་སྒོམ་པ་ནི། བསྐལ་པ་དང་པོའི་འཛམ་བུའི་གླིང་བའི་མི་རིམ་གྱིས་ཕོ་མོར་སོང་བ་དང་ཆོས་མཐུན་ཞིང་། སྐད་ཅིག་གིས་བསྐྱེད་པ་ནི་བསྐལ་པ་དང་པོའི་མི་རྫུས་ཏེ་སྐྱེས་པ་དང་ཆོས་མཐུན། སེམས་ཅན་གྱི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་ལ་བརྟེན་ནས་སྣོད་ཀྱི་འཇིག་རྟེན་འཆགས་པའི་རྗེས་སུ་བཅུད་ཀྱི་སེམས་ཅན་འཆགས་པ་དང་། རྡོ་རྗེ་འཆང་གིས་ལྷག་མོས་ཀྱི་རྟེན་གཞལ་ཡས་ཁང་སྤྲུལ་པའི་རྗེས་སུ་བརྟེན་པ་ལྷ་སོ་གཉིས་སྤྲུལ་པ་གཉིས་ཆོས་མཐུན་ནོ། །དབུས་ཀྱི་གར་བུའི་སྟེང་དུ་གཙོ་བོ་དང་། གདུང་ཟླུམ་གྱི་སྟེང་གདུང་བཞི་མིག་མངས་རིས་སུ་རྒྱུགས་པའི་སྟེང་དུ་རེའུ་མིག་དབུས་མ་དང་ཤར་མའི་བར་གྱི་སྟེང་དུ་འཁོར་བསྒྱུར་ཞལ་ནུབ་གཟིགས། གར་བུའི་ནང་དུ་གནོད་མཛེས་ཞལ་ཤར་གཟིགས། བྱམས་པ་སོགས་བརྒྱད་ཁ་ནང་ལྟ་བའི་དབང་དུ་བྱས་པའི་སྒོའི་གཡས་གཡོན། རྡོ་རྗེ་མ་བཞི་བཞུགས་པ་ནི་ལྷ་སྣམ་ཕྱི་མ་ལས་ཅུང་ཟད་མཐོ་བ། ལྷ་གཞན་བཞུགས་པ་ནི་གོ་སླ་ཞིང་། གཤེགས་པ་བཞི་དང་སེམས་དཔའ་བརྒྱད་ཞི་བའི་ཉམས་ཅན། ལྷ་མོ་དགུ་ཞི་ཁྲོ་ཕྱེད་མ། ལྷའི་ཞལ་ཕྱག་ཕྱག་མཚན་རྒྱན་སོགས་སྒྲུབ་ཐབས་སུ་གསལ་བ་ལྟར་དང་། འགའ་ཞིག་གོང་དུ་བཤད་པ་རྣམས་འདིར་སྦྱོར། གདན་རྣམས་ནི་ཧ་ཅང་མཐོ་བ་མིན་པར་ཅུང་ཟད་འབུར་བའི་རྣམ་པ་ཅན་ནོ། །གཉིས་པ་ལྷག་མོས་ཀྱི་མཛད་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་ཏེ། སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཐོགས་པ་མེད་པར་ནང་དུ་ཞུགས་ཏེ། ནང་འཁྲིགས་པར་གང་བར་བསམ། ནང་དུ་སླེབ་པའི་ཚེ་ལྷའམ་སེམས་ཅན་གང་གི་རྣམ་པར་བསམ་པ་ནི་གསལ་བར་བཤད་པ་མ་མཐོང་ཡང་། ཕལ་ཆེར་ལྟར་ན་སེམས་ཅན་གྱི་རྣམ་པར་བྱེད་པར་གསལ། འོན་ཀྱང་ངན་སོང་བ་ཐམས་ཅད་ཀྱི་རྣམ་པར་མོས་པ་མི་བདེ་ན་མིའི་རྣམ་པའམ། ཡང་ན་སྤྱི་ཙམ་གྱི་རྣམ་པར་མོས་ཆོག་གམ་སྙམ་མོ། །དེ་ནས་རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ངོ་བོ་བྱང་ཆུབ་སེམས་ཡིན་པ་ལ་རྣམ་པ་འོད་ཟེར་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲོས། གཞུང་ཆེ་བ་ཕལ་ཆེར་ལས་མི་གསལ་ཡང་། འཁྲིད་རྒྱུན་ལས་འོད་ཟེར་འཕྲོས་པའི་སྣེ་ལས་རྡོ་རྗེ་འཆང་ཡབ་ཡུམ་ཟུང་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་སྙོམས་པར་ཞུ གས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ལུས་གང་དྲི་མ་དག་བདེ་བ་ཆེན་པོ་མྱོང་སྟེ་ཐམས་ཅད་ཀྱང་རྡོ་རྗེ་འཆང་དུ་གྱུར། དེ་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་དོན་གཞུང་ཆེ་བ་དུ་མ་ལས་སྤྱིར་བཤད་པ་ཙམ་མ་གཏོགས་མི་གསལ་ཡང་། ཤར་ཕྱོགས་པ་རྣམས་ཤར་ཕྱོགས་སུ་རྣམ་སྣང་གི་ཞིང་དུ་གཤེགས་པར་མོས་པ་འདྲ་སྟེ། དེ་བཞིན་དུ་ཕྱོགས་གཞན་གསུམ་རིམ་བཞིན་རིན་འབྱུང་འོད་དཔག་མེད་དོན་གྲུབ་ཀྱི་ཞིང་དུ་གཤེགས་པར་བསམ། འཁྲིད་རྒྱུན་འགའ་ཞིག་ལས། རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཐུགས་ཀར་ཐིམ་པར་བསམ་པ་ནི་གཤེགས་པའི་དོན་དུ་མཛད་ཀྱང་། སྔ་མ་བདེ་བར་སེམས་དགོས་པ་ནི། སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེ་ཆེན་པོ་གོང་འཕེལ་དུ་བྱེད་པ་དང་། འབྲས་བུ་སངས་རྒྱས་ཀྱི་མཛད་པ་དང་མཐུན་པར་བྱ་བའི་ཆེད་དོ། །གསུམ་པ་ལྷག་མོས་ལུས་ལ་བསྡུ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཞེས་སོགས་གསུངས་པ་ལྟར་ཡིན་ལ། དེ་ཡང་རང་གཙོ་བོར་གསལ་བའི་ཧཱུཾ་ཡིག་གི་ནཱ་ད་ལས་འོད་ཟེར་ལྷ་གྲངས་དང་མཉམ་པ་འདིར་སོ་གཅིག་སྤྲོས་ཏེ། རྣམ་སྣང་སོགས་རིམ་གྱིས་སྤྱན་དྲངས་ནས་རང་གི་སྤྱི་བོ་ལ་སོགས་པ་ལུས་ཀྱི་ཆ་དེ་དང་དེར་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་གཟུགས་ཕུང་སོགས་དང་ངོ་བོ་དབྱེར་མེད་དུ་མོས། རྣམ་སྣང་རང་གི་སྤྱི་བོར་ཞལ་ཤར་དུ་གཟིགས་པ། དེ་བཞིན་དུ་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་འོད་དཔག་མེད་སོགས་འོག་མ་སྟེང་མ་ལ་མ་རེག་ཙམ། མཱ་མ་ཀི་སྙིང་གར་ཞལ་གཙོ་བོའི་སྐུ་རྒྱབ་ལ་ཕྱོགས་པ་དང་། གཞན་གསུམ་རིམ་བཞིན་རིན་འབྱུང་འོད་དཔག་མེད་རྣམ་སྣང་ལ་འཁྱུད་པར་བསམ་པ་འཁྲིད་ཡིག་འགའ་ཞིག་ལས་བཤད་ཅིང་། དེ་ལྟར་ན་སྤྱན་མ་དང་སྒྲོལ་མའི་ཡབ་སྤྱི་དང་མི་འདྲ་ལ། གཞུང་ཕལ་ཆེར་ལས་འཁྱུད་པའི་གསལ་ཁ་མི་སྣང་ངོ་། །ས་སྙིང་རྩ་ཞལ་གྱི་ཐད་དུ་སླེབ་པའི་ཚེ་གཉིས་སུ་གྱུར་ནས་ཞལ་མིག་གི་སྒོ་ལ་ཕྱིར་གཟིགས་པ། ཕྱག་རྡོར་གཉིས་སུ་གྱུར་ནས་རྣ་བ་གཉིས་ཀྱི་ནང་ནས་སྔར་བཞིན། ནམ་སྙིང་སྣའི་སུམ་མདོའམ་སྣ་བུག་གཉིས་འཇིག་རྟེན་དབང་ཕྱུག་ལྕེ་ཆུང་གི་དབུས་དང་། འཇམ་དཔལ་སྙིང་ཁར་མཱ་མ་ཀིར་ཕྱོགས་པ། སྒྲིབ་སེལ་ནོར་བུའི་དབུས་ནས་ཞལ་ཕྱིར་ཕྱོགས་པ་ཀུན་བཟང་གཅིག་སྙིང་ཁའི་རུས་པ་གྲུ་བཞི་པའི་དབུས་དང་ཚིག་སུམ་བརྒྱ་དྲུག་ཅུའི་གྲངས་དང་མཉམ་པའི་ཀུན་བཟང་རེ་རེ། བྱམས་པ་རྣམ་སྣང་གི་རྒྱབ་ནས་ཞལ་རྣམ་སྣང་ལ་གཟིགས་པ། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་གཉིས་རེར་གྱུར་ནས་ས་སྙིང་དང་ཕྱག་རྡོར་ལ་འཁྱུད་པ། དྲི་རྡོ་རྗེ་མས་ནམ་སྙིང་དང་རོ་རྡོ་རྗེ་མས་འཇིག་རྟེན་དབང་ཕྱུག་ལ་འཁྱུད་ཅིང་། གཙོ་བོའི་ཡུམ་རེག་བྱ་རྡོ་རྗེ་མ་སྤྱན་དྲངས་ནས་སྒྲིབ་སེལ་ལ་འཁྱུད་པའི་ཚེ་གཙོ་བོ་ཡབ་རྐྱང་ཡིན་ནོ། །གཤིན་རྗེ་གཤེད་ཀྱི་དབུ་ལག་པ་གཡས་ཀྱི་མཐེ་བོང་དང་ཞལ་ནང་དུ་ཕྱོགས་པར་གསུངས་པའི་ནང་ནི་ལག་མཐིལ་ཕྱོགས་ལ་བལྟ་བའི་དོན་དུ་སེམས། དེ་བཞིན་དུ་གཞན་གྱིས་མི་ཐུབ་པ་ལག་པ་གཡོན། འདི་གཉིས་ལ་རྗེ་ནོར་བཟང་རྒྱ་མཚོས་མི་འདྲ་བ་ཞིག་བཤད། ལྕེ་དང་སོ་བར་ཏུ་རྟ་མགྲིན་དང་འཁྱིལ་པ་སྒྲིབ་སེལ་གྱི་རྒྱབ་ཏུ་ཞལ་ཕྱིར་བལྟ་བ། དཔུང་པ་གཡས་གཡོན་གྱི་རྩ་བར་མི་གཡོ་བ་དང་འདོད་རྒྱལ་གཉིས་དབུ་དཔུང་མགོ་དང་ཞལ་མདུན། དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་གཉིས་པུས་མོའི་ལྷ་ངའི་ནང་། སྤྱི་བོའི་སྒྲོལ་མའི་སྟེང་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཞལ་ནུབ་ཏུ་ཕྱོགས་པར་གནམ་དུ་གཟིགས་པ། གནོད་མཛེས་གཉིས་སུ་གྱུར་ནས་རྐང་མཐིལ་གཉིས་སུ་དབུ་ལོང་བུ་ཕྱོགས་ལ་བསྟན་ནས་གནས་དེ་དང་དེར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་བསྒོམ་མོ། །དགོས་པ་ནི། རང་ཉིད་ལ་འབྱུང་འགྱུར་གྱི་མ་དག་པའི་ཕུང་སོགས་དེ་དང་དེ་རྣམས་སྦྱོང་། དཔེ་དོན་གྱི་འོད་གསལ་གྱི་རྒྱུད་སྨིན་བྱེད་ལྷག་མོས་འོད་གསལ་དུ་སྡུད་པའི་གཞི་འདིང་བ་དང་། འབྲས་བུའི་ལྷ་དེ་རྣམས་འགྲུབ་པའི་ཆེད་དོ། །གསུམ་པ་ནི། བདག་ཉིད་ལུས་ཀྱི་ལྷ་རྣམ་སྣང་སྤྱན་མ་ཞེས་སོགས་འབྱུང་བ་ལྟར་བསྒོམ་པ་ཡིན་ལ། གཞི་ལ་མི་མངལ་སྐྱེས་ཁམས་དྲུག་ལྡན་རིམ་གྱིས་འཆི་བ་ན། གཟུགས་ཕུང་སོགས་ཕུང་པོ་ལྔ། ས་སོགས་ཁམས་བཞི། མིག་སོགས་སྐྱེ་མཆེད་དྲུག གཟུགས་སོགས་ཡུལ་ལྔ། གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་རགས་པ་ཉེར་ལྔའི་ཐིམ་རིམ་དང་མཐུན་པར་འོད་གསལ་དུ་སྡུད་པ་ཡིན་ལ་དེ་ཡང་རྣམ་སྣང་ནས་མི་གཡོ་བའི་བར་འོད་གསལ་དུ་ཐིམ་པ་ནི། གཟུགས་ཕུང་། གཞི་དུས་ཀྱི་མེ་ལོང་ཡེ་ཤེས། ས་ཁམས། མིག་གི་དབང་པོ། རང་རྒྱུད་ཀྱིས་བསྡུས་པའི་གཟུགས། ལག་པ་གཡས་དང་དཔུང་པ་གཡས་པའི་ཚིགས་ལ་གནས་པའི་རླུང་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་པ་དང་ཆོས་མཐུན། དེ་ནས་རིན་འབྱུང་ནས་འདོད་རྒྱལ་གྱི་བར་ཐིམ་པ་ནི། ཚོར་བ། མཉམ་ཉིད་ཡེ་ཤེས། ཆུ་ཁམས། རྣ་བའི་དབང་པོ། སྒྲ་ལག་པ་གཡོན་དང་དཔུང་པ་གཡོན་པའི་ཚིགས་ཀྱི་རླུང་རིམ་གྱིས་ཐིམ་པ་དང་མཚུངས། འོད་དཔག་མེད་སོགས་ཐིམ་པ་ནི། འདུ་ཤེས་སོ་སོར་རྟོག་པའི་ཡེ་ཤེས། མེ་ཁམས་སྣ་དབང་དྲི་ཁ་པུས་མོ་གཡས་པའི་ཚིགས་ཀྱི་རླུང་རྣམས་ཐིམ་པ་དང་མཚུངས། དོན་གྲུབ་སོགས་ཐིམ་པ་ནི། འདུ་བྱེད་བྱ་གྲུབ་ཡེ་ཤེས་རླུང་ཁམས་ལྕེ་དབང་རོ་གསང་གནས་པུས་མོ་གཡོན་པའི་ཚིགས་ཀྱི་རླུང་རྣམས་ཐིམ་པ་དང་མཚུངས། གཙུག་ཏོར་འཁོར་སྒྱུར་སོགས་ཐིམ་པ་ནི། རླུང་སྣང་བ། སྣང་བ་མཆེད་པ། དེ་ཉེར་ཐོབ། དེ་འོད་གསལ་དུ་ཐིམ་པ་དང་ཆོས་མཐུན་ནོ། །རིམ་གྱིས་ཐིམ་པའི་དོན་ནི་ལྷ་རྣམས་ཀྱི་སྟོད་སྨད་ནས་རིམ་གྱིས་ཞུ་བའི་དོན་ནོ། །འཁྲིད་ཡིག་ཁ་ཅིག་ལས་ལྷ་སྡེ་ཚན་རིམ་གྱིས་སྤྱན་དྲངས་ཏེ་རིམ་གྱིས་ཞུ་བའི་མཐར་ཧཱུྃ་གི་ནཱ་ད་ལ་ཐིམ་པར་བཤད་ཀྱང་གཞུང་ཆེ་བ་འགའ་ཞིག་ནས་གནས་དེ་དང་དེ་རྣམས་སུ་འོད་གསལ་དུ་ཐིམ་པར་བཤད་པས་གང་རུང་གིས་ཆོག་གོ །གཙོ་བོ་འོད་གསལ་དུ་ཐིམ་པ་ན་སྔར་བཞིན་ལྟ་བ་དྲན་པར་བྱས་ལ། སྟོང་པ་ཉིད་དང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དབྱེར་མི་ཕྱེད་པའི་ཆོས་སྐུའི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་འཇོག་ཅིང་། དེ་བརྟན་པར་བྱ་བའི་ཆེད་དུ་ཤཱུནྱ་ཏའི་སྔགས་བརྗོད་པར་བྱའོ། །འདི་ལ་འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞིའི་འཆི་རིམ་དང་རྣམ་པ་ལེགས་པར་མཐུན་ཞིང་སྒྲུབ་པ་པོ་རང་ཉིད་ལ་འབྱུང་འགྱུར་གྱི་འཆི་བ་སྦྱོང་བར་བྱེད་པ་དང་། ལམ་འབྲས་ཀྱི་དཔེ་དོན་གྱི་འོད་གསལ་དངོས་གནས་ལ་འགྲུབ་པའི་རྒྱུད་སྨིན་པ་སོགས་ཀྱི་ཁྱད་ཆོས་དུ་མ་དང་ལྡན་པའི་ཕྱིར་རོ། །གཉིས་པ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་ནི། གདན་དབུས་པའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཞེས་སོགས་གསུངས་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་མཐུན་ཡུལ་གཞི་ལ་འཆི་བ་འོད་གསལ་ལས་བར་དོ་འགྲུབ་པའི་རིམ་པ་དང་མཐུན་པར་བསྒོམ་པར་ཡིན་མོད། གཞི་དུས་ཀྱི་བར་དོ་བ་ནི་རྫུས་སྐྱེས་ཡིན་ཞིང་། འོད་གསལ་ལས་གཞན་གྱིས་བར་ཆོད་པ་མེད་པར་ལུས་རྫོགས་པར་འགྲུབ་པ་ཡིན་ནོ། །དེ་ལྟར་ཡིན་ཀྱང་འདིར་མཚོན་དོན་ཁྱད་པར་ཅན་བསྒྲིག་པའི་ཆེད་དུ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་ཡིན་པས་སྔར་གྱི་གདན་དབུས་མ་ཉི་གདན་གྱི་སྟེང་དུ་འོད་གསལ་ལས་རང་གི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད། ཡི་གེ་ཧཱུཾ་སྔོན་པོའི་རྣམ་པར་ཐོལ་གྱིས་བྱུང་། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ༀ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿདམར་པོ། དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། པདྨའི་ལྟེ་བར་དབུས་སུ་ཐོག་མར་ༀ། དེའི་སྟེང་དུ་ཨཱཿ དེའི་སྟེང་དུ་ཧཱུཾ་རྣམས་སྟེང་ནས་སྟེང་དུ་བརྩེགས་པར་མཁས་གྲུབ་ནོར་བཟང་བས་བཤད། ཁ་ཅིག་ༀ་སྟེང་དུ་ཡོད་པར་ཡང་བཞེད། ཡི་གེ་གསུམ་མར་ཞུ་སྟེ་པདྨ་དང་ཟླ་བར་ཐིམ། ཉི་མ་ནས་ཡར་ཞུ་སྟེ་ཟླ་བ་ལ་ཐིམ་ནས་ཐམས་ཅད་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་ཞིག་ཏུ་གྱུར་པ་ནི་ཟླ་བ་ལས་བྱང་ཆུབ་པ་ཡིན་ལ། ལྷག་མོས་འོད་གསལ་དུ་བསྡུས་པ་ནི་དང་པོ་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །ཟླ་བ་དེ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པའམ། ཁ་བའི་གོང་བུ་ཉི་མས་ཞུ་བ་ལྟར་མཐའ་ནས་རིམ་གྱིས་ཞུ་སྟེ། ཟླ་བ་ལ་ཐིམ་པར་བསམ་ཞིང་། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཙམ་ཟླ་བའི་རྣམ་པར་སྣང་བ་དེ་ངའོ་སྙམ་དུ་ང་རྒྱལ་བཞག་སྟེ། སྔགས་བརྗོད། སྔགས་དོན་ནི། དྷརྨ་ནི་ཆོས། དྷཱ་ཏུ་ནི་དབྱིངས་སམ་ཁམས། སྭཱ་བྷཱ་ཝ་ནི་རང་བཞིན། ཨཱཏྨ་ཀོ྅ཧཾ་ནི་བདག་ཉིད་དེ་ངའོ་ཞེས་པའི་དོན་ཏེ། ངེས་དོན་ནི་ང་རྒྱལ་འཇོག་པ་ལྟར་རོ། །དེ་ནས་ཟླ་བའི་དབུས་ཀྱི་གཡས་སུ་ༀ་དཀར་པོ། གཡོན་དུ་ཨཱཿདམར་པོ། དབུས་སུ་ཧཱུཾ་སྔོན་པོ་གསུམ་ཐོལ་གྱིས་བྱུང་། འདི་ལ་འགོད་ཚུལ་མི་འདྲ་བའང་ཡོད་དོ། །དེ་རྣམས་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་རིགས་ལྔ་འཁོར་བཅས་དཔག་ཏུ་མེད་པ་སྤྱན་དྲངས་སྐུའི་རིགས་རྣམས་ༀ་དང་། གསུང་གི་རིགས་རྣམས་ཨཱཿ ཐུགས་ཀྱི་རིགས་རྣམས་ཧཱུཾ་ལ་ཐིམ་པ་ནི་ས་བོན་ལས་བྱང་ཆུབ་པའོ། །དེ་གསུམ་འོད་དུ་ཞུ་བ་ལས་རྡོ་རྗེ་དཀར་པོ་ལྟེ་བ་ལ་འབྲུ་གསུམ་གྱིས་སྔར་བཞིན་མཚན་པར་བསྒོམ་པ་ནི་ཕྱག་མཚན་ལས་བྱང་ཆུབ་པ་སྟེ། དེ་བརྟན་བྱེད་དུ་སྔགས་བརྗོད། དོན་ནི། རྡོ་རྗེའི་བདག་ཉིད་ངའོ་ཞེས་པའོ། །རྡོ་རྗེ་ཡི་གེ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་དང་པོའི་མགོན་པོ་སྒྲུབ་ཐབས་ལྟར་གསལ་གདབ་པ་ནི་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་སྟེ་བར་དོ་ལོངས་སྐུའི་ལམ་ཁྱེར་གྱི་རྣལ་འབྱོར་དངོས་སོ། །འདི་ལ་བར་དོ་ལོངས་སྐུའི་རྣལ་འབྱོར་ཞེས་བྱ་སྟེ། གཞི་ལ་འཛམ་བུ་གླིང་པའི་བར་དོ་དང་ཆོས་མཐུན་ཞིང་རང་ཉིད་ལ་འབྱུང་འགྱུར་གྱི་བར་དོ་སྦྱོང་བར་བྱེད། ལམ་དང་འབྲས་བུའི་སྒྱུ་ལུས་དང་རྣམ་པ་མཐུན་ཞིང་དེ་འགྲུབ་པའི་དགེ་རྩ་སྨིན་པར་བྱེད་ཅིང་ལམ་དུ་བྱེད་པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། སྟོང་པའི་ངང་ལས་ཟླ་ཉི་པད་གསུམ་སྒོམ་པ་ནི། གཞིའི་འཆི་བ་འོད་གསལ་ལས་ལུགས་ལྡོག་ཏུ་ལྡང་བའི་སྣང་མཆེད་ཐོབ་གསུམ་དང་ཆོས་མཐུན། ཡི་གེ་གསུམ་སྔ་ཕྱི་རྣམས་ཀྱིས་རྣམ་ཤེས་གསུམ་པོ་དེའི་སྐྱེད་བྱེད་དང་རང་དུས་ཀྱི་བཞོན་པའི་རླུང་དང་ཆོས་མཐུན་དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ནི་གཞི་དུས་ཀྱི་རླུང་སེམས་ངོ་བོར་དབྱེར་མེད་དང་ཆོས་མཐུན། ཟླ་བར་གྱུར་ཏེ་སྣོད་བཅུད་དེ་ལ་ཐིམ་པ་ནི་རླུང་སེམས་ཕྲ་བ་དེ་སྣོད་བཅུད་ཀྱི་རྩ་བར་མཆོད། ཡི་གེ་གསུམ་གྱིས་ངག་དང་། རྡོ་རྗེས་ཡིད་དང་། དང་པོའི་མགོན་པོས་ནི་ལུས་འགྲུབ་པ་མཚོན་ཞིང་ཆོས་མཐུན་ནོ། །རྟགས་གཉིས་པ་ལྟར་ཡིན་ཏེ། ཟླ་ཉི་པདྨ་གསུམ་ནི་དཔེ་དོན་གྱི་འོད་གསལ་ལས་ལངས་པའི་ལུགས་ལྡོག་གི་སྣང་བ་དང་ཆོས་མཐུན། ཡི་གེ་སྔ་ཕྱི་རྣམས་ཀྱིས་ཡེ་ཤེས་དེ་རྣམས་སྐྱེད་བྱེད་དང་བཞོན་པའི་རླུང་མཚོན། ཟླ་བས་ནི་དག་མ་དག་གི་སྒྱུ་ལུས་པ་གཉིས་ཀྱི་རྒྱུད་ཀྱི་རླུང་སེམས་ངོ་བོ་དབྱེར་མེད་མཚོན། ཟླ་བའི་སྟེང་གི་ཡི་གེ་རྡོ་རྗེ་དང་པོའི་མགོན་པོ་གསུམ་གྱིས་སྒྱུ་ལུས་པའི་གསུང་ཐུགས་སྐུ་རྣམས་མཚོན་ཞིང་དེ་རྣམས་དང་ཆོས་མཐུན་ལ། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སོགས་མཚོན་པ་དང་དེ་རྣམས་འགྲུབ་པའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཕྱིར། གསུམ་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་བཤད་པ་ལ་བཞི། སྦྱང་གཞི་སྐྱེ་བ་ལེན་ཚུལ། སྦྱོང་བྱེད་ཆོས་མཐུན་སྦྱོར་ཚུལ། ལུས་དཀྱིལ་བསྒོམ་ཚུལ། སྐུ་གསུང་ཐུགས་བྱིན་བརློབ་དང་སེམས་དཔའ་སུམ་བརྩེགས་བསྒོམ་ཚུལ་ལོ། །དང་པོ་ནི། བར་དོ་བ་དེས་རང་གི་ཕ་མར་འགྱུར་བའི་གང་ཟག་སྒྱུ་མ་ལྟ་བུར་མཐོང་ནས་ཕའི་ཁའམ་སྤྱི་བོ་དང་མའི་མངལ་གྱི་སྒོ་གསུམ་པོ་གང་རུང་ནས་ཞུགས་ཏེ། བྱང་སེམས་དཀར་དམར་གྱི་དབུས་སུ་ཉིང་མཚམས་སྦྱོར་བ་ཡིན་ཏེ། རྒྱས་པར་འདིར་མི་འཆད་དོ། །གཉིས་པ་ནི། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་ཞེས་སོགས་གསུངས་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་རང་བཞིན་གྱི་གནས་ནས་ཞེས་པའི་དོན་གཞུང་ཆེ་བ་ནས་འབྱུང་བ་ལྟར། སྤྱིར་དེ་བཞིན་གཤེགས་པ་རང་རང་གི་བཞུགས་གནས་སྤྲུལ་སྐུའི་ཞིང་ཁམས་མངོན་དགའ་ལྟ་བུ་སོགས་ལ་བྱེད་དགོས་པར་མངོན་ལ། འཁྲིད་རྒྱུན་འགའ་ཞིག་ལྟར་ན་རང་བཞིན་གྱི་གནས་སྟེང་གི་རེའུ་མིག་དབུས་མའི་བར་སྣང་དེར་བྱས་ནས་དེ་ནས་སྟོང་པའི་ངང་ལས་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་མི་བསྐྱོད་པ་ཡབ་ཡུམ་དཔག་ཏུ་མེད་པར་གྱུར་ཏེ། དེས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་དེ་ཐམས་ཅད་མི་བསྐྱོད་པར་གྱུར་སྙམ་དུ་བསམ་པར་བཤད། ཁ་ཅིག་ཏུ། རང་དང་པོའི་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱི་སྣེ་ལས་ཡབ་ཡུམ་སྤྲོས་ཏེ་གདུང་ཟླུམ་གྱི་སྟེང་དུ་བཞུགས་པ་དང་། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྟེང་གི་རེའུ་མིག་གི་ནམ་མཁའ་གང་བར་བཤད། ཚིག་ཟིན་ལྟར་ན་ཕྱོགས་བཅུའི་རང་བཞིན་གྱི་གནས་ན་བཞུགས་བཞིན་པའི་དེ་བཞིན་གཤེགས་པ་རྣམས་ཡབ་ཡུམ་གྱི་རྣམ་པར་བསམས་ཏེ། དེ་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ལས་གྲུབ་པའི་མི་བསྐྱོད་པ་ཡབ་ཡུམ་གྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་ཏེ། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་རྣམས་ལ་དབང་བསྐུར། བདེ་བ་དང་ཡིད་བདེ་ཐོབ་པའི་ཚུལ་གྱིས་བྱིན་གྱིས་རླབས་ནས་སངས་རྒྱས་པར་བསམ་དགོས་པར་མངོན་ནོ། །གང་ལྟར་ཡང་མི་བསྐྱོད་པ་ཐམས་ཅད་མི་བསྐྱོད་པ་གཅིག་ཏུ་གྱུར་ནས། རང་དང་པོའི་མགོན་པོ་སྟེང་དུ་འཕགས་པ་ན། དེའི་གདན་ལ་མི་བསྐྱོད་པ་དེ་བཞུགས་པའི་སྤྱི་བོ་ནས་ཞུགས་ཏེ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ཁྲིད་ཡིག་ཁ་ཅིག་ལས་བཤད། གཞུང་ཆེ་བ་འགའ་ཞིག་ནས་མི་བསྐྱོད་པ་རང་གི་མདུན་དུ་སླེབ་པ་ན། རང་ཕར་མི་བསྐྱོད་པའི་སྙིང་ཁར་འཇུག་པ་དང་། ཁ་ཅིག་ཏུ་དང་པོའི་མགོན་པོ་རང་གནས་ནས་མ་གཡོས་བཞིན་དུ་མི་བསྐྱོད་པ་ལ་འཇུག་པར་བཤད་པ་རྣམས་གང་བྱས་ཀྱང་མི་འགལ་བར་མངོན་ལ། འོན་ཀྱང་མི་བསྐྱོད་པ་ལ་ཕར་འཇུག་པ་ཡིན་གྱི། མི་བསྐྱོད་པ་ཚུར་འཇུག་པ་མིན་ཏེ། མི་བསྐྱོད་པ་ཕ་མའི་ཁུ་ཁྲག་གི་དོད་དང་དང་པོའི་མགོན་པོ་བར་དོའི་དོད་ཡིན་པས། བར་དོ་བ་ཁུ་ཁྲག་ལ་འཇུག་གི ཁུ་ཁྲག་བར་དོ་ལ་མི་འཇུག་པའི་ཕྱིར་རོ། །འདི་ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞི་ལ་འཛམ་བུའི་གླིང་བའི་མི་མངལ་དུ་སྐྱེ་བ་ལེན་པ་དང་ཆོས་མཐུན་ཞིང་རང་ལ་འབྱུང་འགྱུར་གྱི་སྐྱེ་བ་སྦྱོང་། ལམ་འབྲས་ཀྱི་སྒྱུ་ལུས་པ་གཉིས་ཀྱིས་རགས་པའི་སྤྲུལ་སྐུ་འཛིན་པ་དང་རྣམ་པ་མཐུན་ཞིང་དེའི་དགེ་རྩ་སྨིན་བྱེད་དུ་འགྱུར་བ་དང་། དེ་ལྟ་ནས་འབྲས་བུ་ལམ་དུ་བྱེད་པའི་ཚུལ་གྱིས་བསྒོམས་པས་དེ་མྱུར་དུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །དང་པོ་ལྟར་ཡིན་ཏེ། དེ་བཞིན་གཤེགས་པ་ཡབ་ཡུམ་སྙོམས་ཞུགས་པ་ནི་གཞི་ལ་ཕོ་མོ་སྙོམས་པར་འཇུག་པ་དང་ཆོས་མཐུན། མི་བསྐྱོད་པས་ནམ་མཁའ་ཁྱབ་པ་ནི་གཞི་ལ་ཕ་མའི་ཁུ་ཁྲག་གིས་རྩ་སྟོང་ཕྲག་དོན་གཉིས་ཀྱི་ནང་གང་བ་དེ་མཚོན། དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རླབས་པས་བདེ་བ་ཐོབ་པ་ནི་ཕ་མ་གཉིས་བདེ་བས་བརྒྱལ་བ་དང་ཆོས་མཐུན། མི་བསྐྱོད་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ནི་ཁུ་ཁྲག་མངལ་དུ་འདྲེས་པ་དང་ཆོས་མཐུན། མི་བསྐྱོད་པ་དེ་ལ་དང་པོའི་མགོན་པོ་ཞུགས་པ་ནི། བར་དོ་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་དང་ཆོས་མཐུན་ཞིང་། རིགས་ལྔས་སེམས་ཅན་དེའི་ཕུང་པོ། ཡུམ་བཞིས་ཁམས་བཞི། སེམས་དཔའ་དྲུག་གིས་མིག་སོགས། རྡོ་རྗེ་མ་ལྔས་ཡུལ་ལྔ་མཚོན་པ་སོགས་ལྷག་མ་རྣམས་ལའང་སྦྱོར་བའི་ཕྱིར་རོ། །རྟགས་ཕྱི་མ་སྔར་བཞིན་རིགས་འགྲེའོ། །གསུམ་པ་ལུས་ཀྱི་དཀྱིལ་འཁོར་ནི། རང་གི་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་ཞེས་སོགས་བཤད་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་ལུས་ཀྱི་ཆ་དེ་དང་དེ་རྣམས་ལས་རིགས་འདྲ་རེ་ཆད་དེ་འོད་ཀྱི་རྣམ་པར་གྱུར་ཏེ་ཕྱི་དཀྱིལ་གྱི་ཆ་དེ་དང་དེ་ལ་ཐིམ་པས་རང་གི་ལུས་ཀྱི་ཆ་དེ་དང་དེས་ཉེར་ལེན་དང་དཀྱིལ་གྱི་ཆ་དེ་དང་དེས་ལྷན་ཅིག་བྱེད་རྐྱེན་བྱས་ནས་ལུས་དཀྱིལ་གྱི་གཞལ་ཡས་ཁང་དེ་དང་དེར་གྱུར་པར་བསམ། འདིར་ཕྱི་དཀྱིལ་གྱི་ཆས་ཉེར་ལེན་བྱེད་པའི་ལུགས་ཀྱང་སྣང་བས་བརྟག དེའི་ཚེ་ལུས་དཀྱིལ་དེ་ལ་ཕྱི་དཀྱིལ་གྱི་སྒྲ་འཇུག་མི་འཇུག་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ལྷ་བཀོད་ཟིན་པའི་ཚེ་ལུས་རྟེན་གྱི་དཀྱིལ་འཁོར་དུ་གྱུར་པའི་ཆ་མ་བསྡུས་པས་དེ་ལ་ལུས་དཀྱིལ་གྱི་ཐ་སྙད་བྱེད་མི་བྱེད་ཀྱི་བརྒལ་བརྟག་མང་ཡང་མི་བརྗོད་དེ། སྔགས་ཀྱི་སྐབས་སུ་ནི་ཚིག་གཙོ་བོར་མི་བྱེད་པས་སོ། །དཀྱིལ་འཁོར་གྱི་ཟུར་བཞི་ཞེས་པའི་དོན་གཞུང་ཆེ་བ་ཕལ་ཆེར་ནས་མི་གསལ་ལ། འཁྲིད་ཡིག་འགའ་ཞིག་ནས་རང་གི་ལུས་ཀྱི་དབུས་ནས་བགོས་པའི་ཆ་བཞི། དཀྱིལ་འཁོར་གྱི་སྒོ་བཞི་པོ་སོ་སོ་ནས་གཡས་གཡོན་དུ་ཕྱེ་བའི་ཟུར་རམ་གྲྭ་བཞིར་འགྱུར་བར་བཤད་པ་ལྟར་བྱའི། གྲྭ་ཙམ་ལ་མི་བྱེད་དོ། །ལུས་དཀྱིལ་འགོད་པའི་ཚེ་ཤེས་པ་རྣམས་ལ་གཟུགས་མེད་ཀྱང་གཟུགས་ཅན་འོད་དུ་མོས་པ་ནི་དགོས་པའི་དབང་ཡིན་པས་མི་འགལ་ཞིང་། ལུས་དཀྱིལ་གྱི་གཙོ་བོ་ནི་བཀོད་པའི་བརྟེན་པའི་དཀྱིལ་འཁོར་ལ་བྱེད་ཀྱང་། རྟེན་ཡང་ལུས་ཀྱི་ཆ་ལས་གྲུབ་པར་བསྒོམ་དགོས་པས། ལུས་དཀྱིལ་དུ་རུང་སྙམ་སྟེ་བརྟག ལུས་ཀྱི་ཆ་དེ་དང་དེ་རྣམས་གཞལ་ཡས་ཁང་གི་ཆ་དེ་དང་དེར་གྱུར་པ་ན་ལྷག་མ་ལུས་པ་མི་འགྱུར་རམ་སྙམ་དུ་དོགས་མི་དགོས་སོ། །ལུས་དཀྱིལ་གྱི་ལྷ་བསྒོམ་ཚུལ་ནི། རང་གི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་གཟུགས་ཀྱི་ཕུང་པོའི་ངོ་བོ་ༀ་དཀར་པོ་ཞིག་ཏུ་བསམ། དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་སྒྲུབ་ཐབས་ལྟར་བསྐྱེད། དེའི་ཚེ་གཟུགས་ཕུང་ཡོངས་སུ་གྱུར་པ་ལས་ༀ། དེ་ལས་རྣམ་སྣང་བསྐྱེད་པ་ལྟ་བུ་ཞིག་མཁས་གྲུབ་རྗེས་བཤད་ཀྱང་སྒྲུབ་ཐབས་ཀྱི་ཚིག་ཟིན་ལྟར་གཟུགས་ཕུང་གི་ངོ་བོ་རང་ཉིད་ༀ་གྱི་རྣམ་པར་བསམ་པ་གཞན་མང་པོས་བཤད་པས་དེ་ལྟར་བྱ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བར་བྱ་ཞིང་། གནས་གང་དུ་གང་བཞུགས་པ་ནི་ཆོ་གར་གསལ་ཞིང་། ཞལ་གང་དུ་བལྟ་བ་སོགས་ཀྱི་ཁྱད་པར་ནི་གོང་དུ་བཤད་པ་དེས་ཤེས་པར་བྱའོ། །གཟུགས་ཕུང་སྤྱིར་ལུས་ཀྱི་ཆ་ལ་ཁྱབ་ཀྱང་། སྤྱི་བོ་ན་གཟུགས་ཕུང་གི་རྒྱུའི་གཙོ་བོ་བྱང་སེམས་ཡོད་པ་དང་། འདུ་ཤེས་སྙིང་གར་ཡོད་ཀྱང་ངག་སྨྲ་བའི་འདུ་ཤེས་ཀྱི་ཆ་གཅིག་མགྲིན་པ་ནས་འབྱུང་བ་དང་། མིག་གི་རྣམ་ཤེས་སོགས་ཡོད་ཀྱང་རྣམ་ཤེས་ཀྱི་གཙོ་བོ་སྙིང་ཁ་ནས་ཡོད་པ་དང་། ཚོར་བ་ལུས་སེམས་ཀྱི་ཆ་རྣམས་ལ་ཡོད་ཀྱང་ཚོར་བའི་རྟེན་གཏུམ་མོ་ལྟེ་བར་ཡོད་པ་དང་། འདུ་བྱེད་ལུས་ཀྱི་ཆ་གཞན་དང་སེམས་བྱུང་ལ་ཡོད་ཀྱང་འདུ་བྱེད་ཀྱི་རྟེན་རླུང་ལྟེ་བ་མན་ཆད་དུ་ཡོད་པས་དེ་དང་དེར་རིགས་ལྔ་དེ་དང་དེ་བསྐྱེད་པ་དང་། གཞན་ལའང་ཕྱོགས་ཙམ་མཚོན། དགོས་པ་ཡང་སྔར་ལྟར་རོ། །བཞི་པ་ལ་གཉིས། སྒོ་གསུམ་བྱིན་གྱིས་བརློབ་པ་དང་། སེམས་དཔའ་སུམ་བརྩེགས་བསྒོམ་ཚུལ་ལོ། །དང་པོ་ནི། རང་གི་སྤྱི་བོར་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཞེས་སོགས་གསུངས་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་། རང་གི་སྤྱི་བོར་ༀ་ལས་བྱུང་བ་དང་ལྕེའི་དབུས་སུ་ཨཱ་ལས་བྱུང་བའི་ཞེས་པ་ཙམ་ལས་མི་གསལ་ཡང་། འཁྲིད་ཡིག་འགའ་ཞིག་ལས། སྤྱི་བོའི་རྣམ་སྣང་། མགྲིན་པའི་འོད་དཔག་མེད། སྙིང་ཁའི་མི་བསྐྱོད་པ་གསུམ་གྱི་ཐུགས་ཀར་རིམ་བཞིན་ༀ་ཨཱཿཧཱུཾ་གསུམ་འགོད་པར་བཤད་པ་ལྟར་ན། ཡི་གེ་དེ་གསུམ་ལས་རིམ་པ་བཞིན་དུ་འཁོར་ལོ་པདྨ་ཉི་མ་རེ་རེ་བསྐྱེད་པའི་སྟེང་རིམ་པ་བཞིན་དུ་ༀ་ཨཱཿཧཱུཾ་བཀོད་དེ། དེ་རྣམས་ལ་འོད་ཟེར་འཕྲོས་པའི་སྣེ་མོ་ལས་སྤྱན་སོགས་དཔག་ཏུ་མེད་པ་སྤྲོས། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་རྣམས་རིམ་གྱིས་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་པ་ལ་གསོལ་བ་གདབ་པ་སོགས་ཡིན་ལ། འོན་ཀྱང་སྒྲུབ་ཐབས་ཀྱི་ཚིག་ཟིན་ལྟར་ན། སྤྱི་བོར་ༀ་དང་ལྕེའི་དབུས་ཀྱི་ཨཱཿསོགས་ལས་སྔར་བཞིན་སྤྲོས་ཏེ། སྤྱན་འདྲེན་པ་ལྟར་གཞུང་ཆེ་བ་ཕལ་ཆེར་ནས་སྒྲས་ཟིན་ལྟར་བཤད། དེ་ཡང་རྣམ་སྣང་ལྟ་བུ་ཆེ་བ་རེ་རེ་དབུས་ན་ཡོད་པའི་མཐར་རྣམ་སྣང་ཡབ་ཡུམ་དཔག་ཏུ་མེད་པས་བསྐོར་བར་བསམ་པ་ཡིན་ལ། ཡང་འཁྲིད་ཡིག་འགའ་ཞིག་ལས་འཆར་བདེ་བའི་དབང་དུ་བྱས་ནས་ལྷ་མོ་བཅུ་གཅིག་རེ་སྤྲོས་སངས་རྒྱས་ཐམས་ཅད་རྣམ་སྣང་སོགས་བཅུ་གཅིག་རེའི་རྣམ་པར་སྤྱན་དྲངས་ནས། གདུང་འཁོར་གྱི་བར་སྣང་དུ་དབུས་སུ་སུམ་བརྩེགས་དང་ཕྱོགས་མཚམས་རྣམས་སུ་བརྒྱད་བཀོད་དེ་གསོལ་བ་འདེབས་པ་སོགས་བྱེད་ཀྱང་། སྔ་མ་ནི་ཆོ་གའི་གཞུང་ཚིག་དང་མཐུན་ཞིང་བདེ། མན་ངག་འགའ་ཞིག་ལས་འབྱུང་བ་ལྟར་གསོལ་གདབ་བྱ་བའི་ཚེ་རྡོར་སེམས་རང་ཉིད་བཞུགས་བཞིན་པའི་སྤྲུལ་པ་གཉིས་པ་ཞིག་སྤྲོས་ནས། གཙོ་བོ་ཡབ་ཡུམ་གྱི་མདུན་དུ་འདུག་སྟེ་གསོལ་འདེབས་བྱེད་པའམ། རྡོར་སེམས་ཉིད་སྟེང་དུ་འཕགས་ནས་སམ་འཕགས་པར་མོས་ནས་འདུག་བཞིན་པར་གསོལ་འདེབས་བྱེད་པའི་མོས་པ་བྱས་ཀྱང་རུང་བར་སེམས། དཔལ་ལྡན་སངས་རྒྱས་སྐུ་འཆར་བ། །ཞེས་སོགས་ཀྱིས་གཙོ་བོ་དང་། ཕྱོགས་བཅུར་བཞུགས་པའི་ཞེས་སོགས་ཀྱིས་འཁོར་རྣམས་ལ་གསོལ་གདབ་བྱ། གཞན་སླ་ཞིང་དཔལ་དང་ལྡན་པའི་དོན་ནི་རང་གི་ཡུམ་སྤྱན་སོགས་དང་ལྡན་པ་དང་། སྐུ་འཆང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རང་གི་བདག་ཉིད་དུ་འཛིན་པ་དང་། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ་ནི། དེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཆང་བསྒོམས་པའི་སྒྲུབ་པ་པོ་སྟེ་དེར་ཉིད་དུ་རྡོ་རྗེ་གསུམ་དང་འདྲ་བར་བྱིན་གྱིས་བརློབ་པར་གསོལ་བའོ། །དེའི་ཚེ་རྣམ་སྣང་ཡབ་ཡུམ་རྣམས་ཆགས་པ་ཆེན་པོའི་མེས་ཐིག་ལེའི་རྣམ་པར་རམ་འོད་ཟེར་གྱི་རྣམ་པར་ཞུ་སྟེ། གདུང་འོག་ཏུ་སླེབ་པའི་ཚེ་གཅིག་ཏུ་འདུས། རྡོར་སེམས་ཀྱི་སྤྱི་བོར་སླེབ་པ་ན་ཆ་གཉིས་སུ་སོང་། ཆ་གཅིག་རྣམ་སྣང་དང་ཆ་གཞན་རྣམས་ལུས་དཀྱིལ་གྱི་ལྷ་སོ་སོའི་སྤྱི་གཙུག་ནས་ཞུགས་ཏེ་ལུས་གང་། ལྷག་པ་ཕྱིར་འཐོན་པས་གཞིའི་རྡོར་སེམས་ཀྱི་སྐུའི་ཆ་ཐམས་ཅད་གང་ནས་བདེ་ཆེན་གྱི་ཡེ་ཤེས་སྐྱེས། སྤྲུལ་སྐུ་གྲངས་མེད་སྟོན་ནུས་པའི་སྐུའི་དབང་ཕྱུག་ཐོབ་པར་བསམ། གསུང་གི་སྐབས་སུ་རང་གི་མགྲིན་པར་སླེབ་པ་ན་གཉིས་སུ་གྱུར་ཏེ་ཆ་གཅིག་འོད་དཔག་མེད་དང་། ཐུགས་ཀྱི་ཚེ་སྙིང་ཁར་སླེབ་པ་ན་ཆ་གཉིས་སུ་གྱུར་ཏེ་གཅིག་མི་བསྐྱོད་པ་དང་ཆ་གཅིག་ལུས་དཀྱིལ་གྱི་ལྷ་སོ་སོའི་མགྲིན་པ་དང་སྙིང་ཁར་ཐིམ་པས། འགྲོ་བ་མཐའ་དག་གི་སྐད་དང་མཐུན་པར་ཆོས་ཐམས་ཅད་སྟོན་ནུས་པའི་གསུང་དང་། ཤེས་བྱ་ཐམས་ཅད་གཅིག་ཆར་དུ་མངོན་སུམ་གཟིགས་པའི་ཐུགས་ཀྱི་དབང་ཕྱུག་ཐོབ་པར་བསམ་པ་ནི་འཁྲིད་ཡིག་འགའ་ཞིག་ལས་བཤད། སྒྲུབ་ཐབས་ཀྱི་ཚིག་ཟིན་ལྟར་གཞུང་ཆེ་བ་ཕལ་ཆེར་ལས་དང་པོའི་ཚེ་རང་གི་སྤྱི་བོ་དང་། གཉིས་པའི་ཚེ་ལྕེ་སྟེང་དང་། གསུམ་པའི་ཚེ་སྙིང་ག་ནས་ཞུགས་ཏེ་བྱིན་གྱིས་བརླབས་པ་ལས་གཞན་མི་གསལ་ཡང་། དམིགས་པ་རྒྱས་བསྡུས་སུ་མངོན་ནོ། །དེ་གསུམ་སོ་སོའི་མཐར་ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་དང་། དེ་བཞིན་དུ་ཝཱ་ཀ་དང་། ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ་གསུམ་སོ་སོར་བརྗོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་དང་གསུང་དང་ཐུགས་ཀྱི་བདག་ཉིད་དེ་ངའོ་སྙམ་དུ་སོ་སོའི་ང་རྒྱལ་དང་། མཐར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དེ་ངའོ་སྙམ་དུ་ཟུང་འཇུག་གི་ང་རྒྱལ་བྱའོ། །ཐུན་མོང་དུ་བྱིན་བརླབ་བྱ་བའི་ཚེ། གཞུང་ཆེ་བ་ཕལ་ཆེར་དང་ཆོ་གའི་ཚིག་ཟིན་ལ་མི་གསལ་ཡང་། འཁྲིད་ཡིག་འགའ་ཞིག་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་ཡིད་ཀྱིས་གསོལ་བ་བཏབ་པས་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པས་རང་དང་ལུས་དཀྱིལ་གྱི་ལྷ་སོ་སོ་ལ་བྱིན་གྱིས་བརློབ་པའི་ཚུལ་ཞིག་ཀྱང་བཤད་དོ། །རྩ་རྒྱུད་ལེའུ་གཉིས་པ་ལས་ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ཞེས་སོགས་ཀྱི་དོན་བསྐྱེད་རིམ་གྱི་སྐབས་སུ་འདི་ལ་སྦྱར་དགོས་སོ། །དགོས་པ་ནི། སྒོ་གསུམ་བྱིན་གྱིས་བརློབ་པ་དང་། འབྲས་བུའི་སྐུ་གསུམ་མྱུར་དུ་འགྲུབ་པའི་ཆེད་དོ། །གཉིས་པ་ནི། རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོར་གསལ་བའི་ཞེས་གསུངས་པ་ལྟར་བྱ་བ་ཡིན་ཏེ། དེ་ཡང་། རང་དམ་ཚིག་པ་རྡོ་རྗེ་འཆང་གི་ཐུགས་ཁར་སྣ་ཚོགས་པདྨའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་པོ་རང་འདྲའི་ཡུམ་ལ་འཁྱུད་པ་དང་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་སྔོན་པོ་དེ་ཡང་རྡོ་རྗེའི་ལྟེ་བའི་ནང་དུ་མེ་ལོང་ངོས་གཟུགས་བརྙན་ཤར་བ་ལྟ་བུ་འོད་དང་ལྡན་པར་བསམ་པའོ། །ཡེ་ཤེས་སེམས་དཔའ་དེ་ནི་སྙིང་ཁའི་མི་བསྐྱོད་པའི་ཐུགས་གར་རམ་མདུན་དུ་གང་བ་དེ། སྤྱིར་གཞིའི་སེམས་དཔའ་གསུམ། ལམ་གྱི་སེམས་དཔའ་གསུམ། འབྲས་བུའི་སེམས་དཔའ་གསུམ་སྟེ་དགུ། དང་པོ་ལ་གསུམ་ནི། རགས་པ་གནས་སྐབས་པའི་ལུས། ཕྲ་བ་གཉུག་མའི་ལུས་ཏེ་ཤིན་ཏུ་ཕྲ་བའི་རླུང་སེམས་དབྱེར་མེད་དུ་གནས་པའི་རླུང་ཕྲ་བ། ཤིན་ཏུ་ཕྲ་བའི་སེམས་སོ། །ཕྱི་མ་གསུམ་ཚན་གཉིས་ཀྱང་དེས་གོ་ནུས་བསྒོམ་པའི་དགོས་པ་ནི། གཞིའི་སེམས་དཔའ་གསུམ་སྦྱངས་ཏེ་ལམ་འབྲས་ཀྱི་སེམས་དཔའ་གསུམ་མངོན་དུ་བྱེད་པའི་ཆེད་དུའོ། །རིགས་བདག་གིས་རྒྱས་གདབ་པའི་ཚེ། སྒྲུབ་ཐབས་སུ་རང་གི་སྤྱི་བོར་རྡོ་རྗེ་འཆང་བསྒོམས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་བབས་ཏེ་རང་གི་ལུས་ཐམས་ཅད་ཚིམ་པར་བྱེད་པ་ཙམ་བཤད་པ་ལྟར་གཞུང་ཆེ་བ་དག་ལས་ཀྱང་དེ་དང་མཐུན། འཁྲིད་ཡིག་ཁ་ཅིག་ལས། རང་གི་སྤྱི་བོའི་ༀ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམ་སྣང་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་རང་གི་སྤྱི་བོར་སླེབ་པ་ན་རྣམ་སྣང་ཡབ་ཡུམ་ཟུང་གཅིག་ཏུ་གྱུར། དམ་ཚིག་པའི་སྤྱི་བོ་ནས་ཞུགས་ཏེ་ཡེ་ཤེས་སེམས་དཔའི་སྤྱི་བོར་སྙོམས་པར་ཞུགས་ནས་ཐིམ་པས་སྐུ་གང་། ཕྱིར་ཐོན་དམ་ཚིག་སེམས་དཔའི་སྐུ་གང་སྟེ་ཡར་ལུད་པ་ལས་གཙུག་ཏོར་ཏུ་རིགས་བདག་རྡོ་རྗེ་འཆང་དཀར་པོ་ཞིག་ཏུ་གྱུར་པ་དང་། ཡང་མགྲིན་པ་དང་སྙིང་ཁ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འོད་དཔག་མེད་དང་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྤྱན་འདྲེན་པ་སོགས་འགའ་རེ་བཤད་དེ་མ་བྲིས། དེ་ཡང་དམིགས་སྐོར་རྒྱས་བསྡུས་སུ་སྣང་གི ངེས་པར་དགོས་པའི་ཡན་ལག་ཏུ་མི་སྣང་ངོ་། །བཞི་པ་ནི། སྨོན་ལམ་ལས། རང་དོན་ཕུན་ཚོགས་དེ་ཡི་མྱུར་བའི་ལམ། །ཞེས་སོགས་ཀྱི་རྐང་པ་བཞིས་སྟོན་ཏེ། དེ་ནི་རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་ཕྱུང་ཞེས་སོགས་ལྟར་བྱ་བ་ཡིན་ལ། དེ་ཡང་སྐུ་གསུམ་གོ་འཕང་བདེ་ཆེན་གྱི་ལམ་གྱིས་ཐོབ་པར་བསྟན་པའི་ཕྱིར་སྔོན་རྡོ་རྗེ་འཆང་གིས་ལྷ་མོ་སྤྲུལ་ཏེ་སྙོམས་པར་འཇུག་པའི་ཚུལ་བསྟན་པ་ལྟར། འདིར་ཡང་དེ་དང་ཆོས་མཐུན་པར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་སྙོམས་འཇུག་བྱེད་དགོས་པ་ཡིན་ཡང་། ལས་ཀྱི་ཕྱག་རྒྱ་དང་སྒྲུབ་པ་པོ་མཚན་ཉིད་ཚང་དཀའ་བས། ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན། རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་རྨེ་ཤ་ཅན་གྱི་བུ་མོ་ཐ་མལ་པའི་རྣམ་པ་ཅན་ཞིག་ཕྱུང་སྟེ། ཐ་མལ་གྱི་སྣང་ཞེན་དགག་པའི་ཕྱིར་དུ་ཤཱུནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཁཾ་སྔོན་པོ་ཞིག་བྱུང་། དེ་ཞུ་བ་ལས་རྡོ་རྗེ་ཁཾ་གིས་མཚན་པ་དང་། དེ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མར་སྒྲུབ་ཐབས་ལྟར་བསྐྱེད་དེ། གནས་རྣམས་སུ་རིགས་ལྔ་སོགས་སོ་སོར་འགོད། གང་དུ་ཇི་ལྟར་བཞུགས་པ་ནི་གོང་གི་དེས་ཤེས། འོན་ཀྱང་རལ་གཅིག་མ་ནི་ཡུམ་གྱི་བྱ་རོག་གདོང་གི་བུ་གའི་ནང་ཙམ་རྩ་འཁོར་ཡོད་པ་དེར་འགོད། ཡུམ་དངོས་མིན་པར་བསྒོམ་པ་ཙམ་ལ་ལུས་དཀྱིལ་མཚན་ཉིད་པ་མི་འོང་སྟེ། ལུས་ཀྱི་ཆ་དེ་དང་དེར་འགྱུར་བའི་སྒྲུབ་གཞི་མེད་པའི་ཕྱིར། དེས་ན་ས་བོན་ལས་བསྐྱེད་པ་ཙམ་ཡིན་ནོ་གསུང་། ཁྲོ་བོའི་ཡུམ་རྣམས་ཇི་ལྟ་བུ་ཡིན་པ་གཞན་ལས་མ་མཐོང་ཡང་། མཁས་གྲུབ་ནོར་བཟང་བས་རང་རང་གི་ཡབ་ཁྲོ་བོ་རྣམས་དང་འདྲ་བར་བཤད། འདིར་ཡུམ་གྱི་པང་ནས་ཡབ་ཀྱིས་འཁྱུད་པར་བྱ་དགོས་ཏེ། ཡུམ་གཙོ་ཆེ་བའི་ཕྱིར་རོ། །ཡབ་ཀྱི་རྡོ་རྗེ་ནི་ཕྱི་ཡོངས་གྲགས་ལྟར་ལ། རྡོ་རྗེ་རྩེ་ལྔ་པ་གཟུགས་བརྙན་ཤར་བ་ལྟར་བསྒོམ་པར་བཤད། རིན་འབྱུང་གི་ང་རྒྱལ་གྱིས་ༀ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་དེ་སྙོམས་འཇུག་གི་སྦྱོར་བ་བརྩམས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་བྱ། སྙོམས་འཇུག་དངོས་གཞིའི་ཚེ་རྡོ་རྗེ་འཆང་གི་ང་རྒྱལ་དུ་འཕོ། དེ་ནས་དོན་གྲུབ་ཀྱི་ང་རྒྱལ་གྱིས་ཕཊ་བརྗོད་དེ། བྱང་སེམས་ནོར་བུའི་བརྩེ་བའི་བར་དུ་ཕབ་པས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པར་བསམས་ལ། ལུས་ཀྱི་ལྷ་རྣམས་མཆོད་པའི་དུས་སུ་སྐུ་རྡོ་རྗེ་འཆང་དུ་གནས་པ་ལས་ང་རྒྱལ་སྔ་ཕྱི་གཉིས་ཀྱིས་བྱས་ཆོག་པར་མངོན་ཏེ་བརྟག །བྱང་སེམས་འབབས་པའི་ཚེ། རྗེའི་སྨོན་ལམ་ལྟར་ན་ཨ་ཝ་དྷཱུ་ཏཱིའི་ནང་ནས་འབབ་པར་བསམ་དགོས་པར་སྣང་ཞིང་། འཁྲིད་ཡིག་དག་ལས་ལྷ་རྣམས་བདེ་བས་ཚིམ་ནས་སྐུ་ལས་བྱང་ཆུབ་ཀྱི་སེམས་རྔུལ་ཆུ་ལྟར་འབྱུང་བ་བསམ་པར་བཤད་ཅིང་། སྐབས་འདིར་ལྷ་རྣམས་ཡེ་མེད་དུ་ཞུ་བ་མིན་གསུང་། གང་དུ་ཞུ་ན་བདག་བསྐྱེད་གཅིག་པུའི་ཚེ་གསང་མཆོད་ཀྱི་སྐབས་དང་། བདག་མདུན་གཉིས་ཀའི་ཚེ་མདུན་བསྐྱེད་ཀྱི་གསང་མཆོད་ཀྱི་སྐབས་དང་། བདག་འཇུག་བྱེད་ཚེ་གསང་དབང་གི་སྐབས་མ་ཞུ་བ་མན་ངག་ཡིན་གསུང་། འོན་ཀྱང་ཚིག་ཟིན་ལྟར་ན་ལྷ་ཐམས་ཅད་ཞུ་བ་ལྟར་སྣང་བ་དང་། གཞུང་ཆེ་བ་ཕལ་ཆེར་ལས་གོང་ལྟར་ཞིབ་ཆ་མེད་པར་ཞུ་བ་ལྟ་བུར་བཤད་དེ་བརྟག་གོ །དེ་ལྟར་བསྒོམས་པའི་དགོས་པ་ནི། རྟེན་བརྟེན་པ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་དང་། རྫོགས་རིམ་གྱི་བདེ་ཆེན་འདྲེན་པ་སོགས་ཀྱི་ཆེད་དོ། །འདི་ཡན་ཆད་ནི་དང་པོ་སྦྱོར་བ་སྟེ། སྒྲུབ་ཐབས་བསྡུས་པ་བསྒོམས་ན་འདི་ནས་བསྙེན་པ་ལ་འཇུག་པ་ཡིན་ནོ། །དཀྱིལ་འཁོར་རྒྱལ་མཆོག་མི་བསྒོམས་ན་བྱང་སེམས་ཕྱིར་འབྱིན་པའི་དམིགས་པ་ནི་མི་བྱེད་དོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། སྨོན་ལམ་ལས། མཁའ་དབྱིངས་རྡོ་རྗེ་སྦྱང་བས་སྦར་བ་ཡིས། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། དེ་ཡང་ཞུ་བའི་ཐིག་ལེ་ཡུམ་གྱི་པདྨར་ཕབ་པ་ཞེས་འབྱུང་བ་ལྟར་བྱ་བ་ཡིན་ལ། དེ་ཡང་ཡུམ་གྱི་པདྨར་ཐིག་ལེ་ཕབ་པ་དེ་ཆ་གཉིས་སུ་གྱུར་ཏེ། ཆ་གཅིག་བྷྲུཾ་དང་དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གདན་དང་བཅས་པར་གྱུར་པར་བསམ་པ་སྟེ། འདི་ལ་རྡོར་ར་སོགས་མི་དགོས་གསུང་། ཆ་གཅིག་གདན་དེ་རྣམས་ཀྱི་སྟེང་དུ་རེ་མིག་གི་དབུས་ནས་གཟུང་སྟེ་ཐིག་ལེ་སོ་གཉིས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་ཡི་གེ་གསུམ་དང་སྤེལ་ཏེ་དབུས་སུ་ཧཱུཾ་དང་ཁཾ་སྔོན་པོ། ཤར་དུ་ༀ་དཀར་པོ། ལྷོར་སྭ་སེར་པོ། ནུབ་ཏུ་ཨཱཿདམར་པོ། བྱང་དུ་ཧཱ་ལྗང་ཁུ། ཤར་ལྷོར་ལཾ་དཀར་པོ། ནས། ཁྲོ་བོ་བཅུའི་གནས་སུ་ཧཱུཾ་རེ་རེར་གྱུར་པར་བསམ་ཞིང་། ས་བོན་རྣམས་ཀྱང་ལྷའི་མདོག་དང་མཐུན་པའོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་ཁཾ་གིས་མཚན་པ་གཉིས། དེ་བཞིན་དུ་ལྷ་རང་རང་གི་ས་བོན་གྱི་ཕྱག་མཚན་རེ་རེ། དེ་རྣམས་ལས་ལྷ་སོ་གཉིས་གཅིག་ཆར་དུ་བསྐྱེད་ནས་རྣམ་པ་རྣམས་རིམ་གྱིས་གསལ་འདེབས་པ་ནི། རང་ཉིད་མི་བསྐྱོད་པ་ཞི་བ་མཐིང་ནག་སོགས་སྒྲུབ་ཐབས་ལྟར་རོ། །བསྐྱེད་སྔགས་རྣམས་འཕྲེང་བསྒྲིགས་བྱ་ཞིང་། ཕྱག་མཚན་ཡི་གེ་དང་བཅས་པ་ཐམས་ཅད་གྱེན་བསྒྲེང་ངོ་། །འདིར་མངལ་ཞེས་པ་ནི་འདིར་ཡུམ་གྱི་ཁོང་པའི་ནང་ཡིན་གྱི། མངལ་སྒོ་མིན་ནོ། །ལྷ་སྤྲོ་བའི་ཚེ། མི་བསྐྱོད་པ་རང་གི་ཐུགས་ཁར་དྲངས། བཛྲ་དྷྲིཀ་ཐུགས་གནས་ཕྱིར་ཕྱུང་ཞེས་སོགས་རང་རང་གི་མཚན་སྔགས་བརྗོད་དེ་བོས་པ་ལྟར་རེ་རེ་ནས་ཐུགས་ཀར་དྲངས། ཕྱོགས་བཅུར་སྤྲོས་ཞེས་པའི་དོན་གཞུང་ཆེ་བ་མཐོང་བ་ཕལ་ཆེར་ལས་ལྷ་རང་རང་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོ་བར་བཤད་ལ། འཁྲིག་ཡིག་འགའ་ཞིག་ལས་ལྷ་དེ་དང་དེས་གཙོ་བོ་བྱས་པའི་དཀྱིལ་འཁོར་ཡང་དཔག་ཏུ་མེད་པ་སྤྲོ་བར་བཤད་དེ། དམིགས་སྐོར་རྒྱས་བསྡུས་སུ་མངོན་ནོ། །དེའི་ཚེ་ལྷ་ཐམས་ཅད་ཀྱང་ཡུམ་གྱི་པདྨ་ནས་ཡབ་ཀྱི་རྡོ་རྗེ་བརྒྱུད་དེ་ཐུགས་ཁར་དྲངས་ཏེ་ཕྱིར་འབྱིན་པ་ནི་འདྲའོ། །སྤྱི་དང་སྒོས་ཀྱི་མཛད་པ་སོ་སོར་མཛད། སོ་སོའི་སྤྲུལ་པ་རྣམས་གཅིག་ཏུ་འདུས་པ་ལ། རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་བྱུང་སྟེ་ཐིམ་ནས་དབྱེར་མེད་དུ་གྱུར་རང་གི་རིགས་བདག་ལྷ་གང་ཡིན་ཡབ་ཡུམ་ཏེ་སྤྱི་བོར་བཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར། མི་བསྐྱོད་པ་རང་གི་སྙིང་ཁར་ཞུགས་ནས་རང་དང་འདྲེས་ཏེ་ཞེ་སྡང་རྡོ་རྗེར་གྱུར། སྔར་གྱི་མངོན་བྱང་ལྔའི་སྐབས་ཀྱི་ཟླ་བའི་རྒྱུན་གྱི་ཟླ་བ་དེ་ཉིད་རང་གི་འོག་གི་ཉི་གདན་ལ་ཐིམ། རེག་བྱ་རྡོ་རྗེ་མ་བྱོན་ནས་རང་གི་ཡུམ་རེག་བྱ་རྡོ་རྗེ་མ་ལ་ཐིམ་པས་དབྱེར་མེད་དུ་གྱུར། མི་བསྐྱོད་པ་གཙོ་བོར་སོང་བའི་ཚེ་དེ་ལྟར་ཡིན་གྱི། གཞན་རེག་བྱ་རྡོ་རྗེ་མ་གཙོ་བོར་སོང་བའི་ཚེ། མི་བསྐྱོད་པས་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་དང་། རྣམ་སྣང་སོགས་བཞི་གཙོ་བོར་སོང་བའི་ཚེ་སྤྱན་སོགས་བཞིས་འཁྱུད་པ་དང་། ཡུམ་བཞི་གཙོ་བོར་སོང་བའི་ཚེ་ཡབ་བཞིས་འཁྱུད་པ་དང་། ལྷག་མ་རྣམས་ལའང་གཙོ་བོ་འཕོ་བའི་ཚུལ་ཤེས་པར་བྱའོ། །འབྱིན་སྔགས་རྣམས་ལས་བཛྲ་དྷྲྀཀ་ནི་རྡོ་རྗེ་འཆང་ངམ་རྡོ་རྗེ་འཛིན། ཛི་ན་ཛིཀ་ནི་རྒྱལ་བས་རྒྱལ་ཏེ་རྣམ་སྣང་། རཏཎ་དྷྲྀཀ་ནི་རིན་ཆེན་འཆང་ངམ་འཛིན། ཨ་རོ་ལིཀ་ནི་འཁོར་བ་འཇིག་ཅེས་པ་སྟེ་པདྨ་འཆང་། པྲཛྙཱ་དྷྲཱྀཀ་ནི་ཤེས་རབ་འཛིན། མོ་ཧ་ར་ཏི་སོགས་བཞི་ནི་གཏི་མུག་དགའ་མ་ཞེ་སྡང་དགའ་མ་འོད་དཔག་མེད་དམ་འདོད་ཆགས་དགའ་མ་རྡོ་རྗེ་དོན་གྲུབ་དགའ་མ་སྟེ་རིགས་བཞིའི་ཡུམ་ཡིན་པའི་དོན་ནོ། །རཱུ་པ་བཛྲ་ན ི་གཟུགས་རྡོ་རྗེ་མ་ཞེས་པ་སྟེ་གཞན་རྣམས་རང་རང་གི་མཚན་སྔགས་ཡིན་ལ། དེ་བརྗོད་ཅིང་ལྟེ་རེ་རེ་ནས་ཕྱུང་སྟེ་རང་རང་གི་གདན་ལ་འགོད་དོ། །མཚན་རྣམས་ལ་ངེས་དོན་གྱི་བཤད་པ་རེའང་ཡོད། མཐར་གཞལ་ཡས་ཁང་ཕྱུང་སྟེ་བསྟིམ་པར་བྱའོ། །ཞལ་གསུམ་གྱི་གཡས་གཡོན་གཉིས་ཀྱིས་སྒྱུ་ལུས་དང་འོད་གསལ་དབུས་མས་ཟུང་འཇུག །ཕྱག་དྲུག་གིས་ལུགས་འབྱུང་ལུགས་ཟློག་གི་སྣང་བ་གསུམ་བཞོན་པའི་རླུང་དང་བཅས་པ་མཚོན་ནོ། །དགོས་པ་ནི་རྫོགས་རིམ་གྱི་མཐོན་པོའི་སྐབས་གཞན་དང་འབྲས་བུའི་ཚེ་རྟེན་བརྟེན་པའི་དཀྱིལ་འཁོར་སྤྲུལ་ཏེ་གཞན་དོན་བྱེད་པའི་དགེ་རྩ་སྨིན་པ་སོགས་ཀྱི་ཆེད་དོ། །གསུམ་པ་ལས་རྒྱལ་མཆོག་ནི། སྨོན་ལམ་ལས། སྲོག་འཛིན་ཐུར་སེར་ལམ་གྱི་སྣ་རྩེར་ནི། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། འདི་ལ་གཉིས། ཐུན་དངོས་དང་འབྲེལ་བའི་རྣལ་འབྱོར་དང་། ཐུན་མཚམས་དང་འབྲེལ་བའི་རྣལ་འབྱོར་རོ། །དང་པོ་ལ་ཕྲ་ཐིག །བཟླས་པ། ཞུ་བ་ཀླུས་བསྐུལ་ཏེ་བཞེད་པ། མཆོད་བསྟོད་བདུད་རྩི་མྱང་བ། ཉེར་བསྡུ་ལྔ་ལས། དང་པོ་ནི། སྟེང་སྐོར་ཕྱག་མཚན་ཕྲ་མོ་བསྒོམ་པ་ཡིན་ཏེ། དེ་ནི་རགས་པའི་རྣལ་འབྱོར་ལ་བརྟན་པ་ཐོབ་ནས་བྱེད་པ་ཡིན་པས། འདིར་རྒྱས་པར་འདིར་མི་འཆད་དོ། །གཉིས་པ་བཟླས་པ་ལ་སྤྱིར་དམ་ཚིག་གི་བཟླས་པ། ཕྱོགས་ཀྱི་བཟླས་པ། ཁྲོས་པ། ཁྲོ་བོ། གོང་བུའི་བཟླས་པ་རྣམས་སུ་ཡོད་ཀྱང་དམ་ཚིག་གི་བཟླས་པ་ནི་བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ཞེས་སོགས་དཀྱུས་ལྟར་ཡིན་ལ། ཐོག་མར་བསྐྱེད་རིམ་པའི་རྡོར་བཟླས་བྱེད་ན་ཡིད་ཀྱིས་ཡི་གེ་གསུམ་གྱི་རྡོར་བཟླས་ཉིད་བྱའོ། །གཙོ་བོའི་སྔགས་བཟླ་བའི་ཚེ། ཏིང་ངེ་འཛིན་སེམས་དཔའི་མཐར་སྟེ་སྙིང་། སྙིང་ག་རྩ་སྔགས་རྣམས་གྱེན་འགྲེང་འོད་ཟེར་ལྔ་འཕྲོ་བས་བསྐོར་ནས་བཟླ་སྟེ། འོན་ཀྱང་གཙོ་བོའི་སྔགས་རྡོ་རྗེའི་ལྟེ་བའམ། གདན་གྱི་སྟེང་གང་ལ་འགོད་པ་མི་གསལ་ཡང་གང་རུང་གིས་ཆོག་པར་མངོན་ནོ། །དེ་ཡང་བཛྲ་དྷྲྀཀ་ཅེས་པའམ་ༀ་བཛྲ་དྷྲྀཀ་ཧཱུཾ་ཞེས་པ་ཉེ་སྙིང་། མཚན་སྔགས་འབྲུ་གསུམ་དང་སྤེལ་བ་སྙིང་པོ། ཀཾ་ཀ་ནིའི་སྔགས་རྩ་སྔགས་སུ་བཤད་པ་ལྟར་རོ། །དེའི་ཚེ་ཡུམ་གྱི་ལུས་ལ་བཀོད་པའི་མི་བསྐྱོད་པའི་ཐུགས་ཁར་ཉི་གདན་གྱི་སྟེང་དུ་ས་བོན་སྔགས་འཕྲེང་དང་བཅས་པ་བསམ་དགོས་པར་བཤད། ལྷ་གང་དང་གང་གི་སྔགས་བཟླ་བའི་ཚེ་གཙོ་བོ་ཡབ་ཡུམ་གྱི་ལུས་ལ་བཀོད་པའི་རང་འདྲའི་ལྷ་རྣམས་ཀྱི་ཐུགས་ཁར། ཞི་དྲག་གི་ཁྱད་པར་གྱིས་ཟླ་ཉིའི་གདན་ནམ། ཟླ་གདན་གྱི་སྟེང་གི་ས་བོན་གྱི་མཐར་རང་རང་གི་སྔགས་ཀྱིས་བསྐོར་བར་བསམས་ནས་བཟླ་དགོས་སོ། །རིགས་ལྔའི་རྩ་སྔགས་རྣམ ས་རྩ་བརྒྱུད་ལས་མི་གསལ་ཡང་སྤྱི་འགྲོ་ལྟར་རོ། །དམིགས་པ་ནི་ལྷ་རང་རང་གི་ས་བོན་ལས་ལྷ་རང་རང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་རྫོགས་པའམ་རང་འདྲ་དཔག་མེད་སྤྲོ་བསྡུའི་དམིགས་པ་བྱ། ལྷའི་རྣམ་པ་གསལ་ཞིང་ང་རྒྱལ་བརྟན་པ་ཉིས་ཚོགས་དགོས་ཀྱང་། ད་ལྟའི་གང་ཟག་བློ་དམན་པས་དམིགས་པ་མི་གསལ་བའི་ཚེའང་ང་རྒྱལ་བརྟན་པོ་ནི་ཅིས་ཀྱང་བྱ་དགོས་སོ། །གཙོ་འཁོར་ཐམས་ཅད་རྒྱུད་གཅིག་ཅིང་བདེ་སྟོང་གི་ངོ་བོར་བལྟ་ཞིང་། སྔགས་གང་བཟླ་ཡང་ལྷ་ཐམས་ཅད་ཀྱི་ཞལ་ནས་འདོན་པར་བསམས་ན་འགྱུར་ཆེ། འཕྲེང་རྡོག་འདྲེན་པའི་ཚེ་དཀྱིལ་འཁོར་བའམ་ལྷ་རེ་རེ་ཆད་ནས་རང་གི་སྙིང་གའི་ས་བོན་ལ་ཐིམ་པར་བསམ། གྲངས་ཀྱི་བསྙེན་པ་ནི་གཙོ་བོ་ལ་འབུམ། འཁོར་རྣམས་ལ་ཁྲི། ཀླུ་བྱང་གིས་བཤད་པ་ལྟར་དེ་ཉིད་རབ་གསལ་གྱི་དགོངས་པས། བགེགས་མཐར་བྱེད་ཀྱི་འཕྲེང་སྔགས་ཁྲི། ཡེ་ཤེས་འབེབས་སྔགས་འབུམ། དེའི་བཅུ་ཆའི་སྦྱིན་བསྲེག་བྱ་བ་ནི་རབ་ཡིན་ལ། སྔགས་རིམ་ལྟར་སྤྱི་འགྲོའི་དབང་དུ་བྱས་ཚེ་གཞན་སྔ་མ་ལྟར་ལ། བགེགས་མཐར་བྱེད་ཀྱི་སྔགས་གཉིས་གང་རུང་དང་ཡེ་ཤེས་འབེབས་སྔགས་གཉིས་ཁྲི། བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་ཅི་འགྲུབ་ཀྱིས་ཀྱང་རུང་བར་མངོན། གསུམ་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཞེས་སོགས་ལྟར་བྱ་བ་ཡིན་ལ། དེས་ཡབ་ཡུམ་ཕན་ཚུན་སྙོམས་པར་ཞུགས་པས་དེས་རྐྱེན་བྱས་ཏེ་ཡུམ་ནས་རིམ་གྱིས་འོད་གསལ་དུ་སྡུད་པ་ཡིན་ལ། འདིར་ལྷ་ཐམས་ཅད་སྡུད་པ་མིན་གྱི་གཙོ་བོ་ཡབ་ཡུམ་གྱི་སྣང་བ་ཙམ་བསྡུས་ནས་སྟོང་པར་བསམ་པ་ལ་འོད་གསལ་དུ་བཏགས་པའོ། །དེའི་ཚེ་གཟུགས་སྐུའི་སྣང་བ་བསྡུས་ནས་ཆོས་སྐུ་འབའ་ཞིག་གི་ངང་དུ་ཆུ་ལ་ཆུ་བཞག་པའི་ཚུལ་གྱིས་མི་སྣང་བ་ལྟར་བཞུགས་པར་བསམ་པ་ནི། སྒྱུ་ལུས་འོད་གསལ་དུ་འཇུག་པའི་དགེ་རྩ་སྨིན་བྱེད་དང་། མཆོག་གི་སྤྲུལ་པའི་སྐུ་ནི་གདུལ་བྱའི་དབང་གིས་སྐུའི་སྣང་བ་བསྡུས་ཏེ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་དང་མཐུན་པ་སོགས་ཀྱི་ཆེད་དོ། །དེ་ནས་ལྷ་མོ་བཞིས་སེམས་ཅན་གྱི་དོན་དུ་གཙོ་བོ་འོད་གསལ་ལས་བཞེངས་པར་བསྐུལ་བ་ནི། འོད་གསལ་ལས་སྒྱུ་ལུས་འགྲུབ་པའི་དགེ་རྩ་སྨིན་བྱེད་དང་། མཆོག་གི་སྤྲུལ་སྐུས་སླར་ཞིང་གཞན་དུ་སེམས་ཅན་གྱི་དོན་དུ་འཚང་རྒྱ་བའི་ཚུལ་སྟོན་པ་དང་ཆོས་མཐུན་པ་དང་། དེའི་རྒྱུད་སྨིན་བྱེད་ཀྱི་ཆེད་དོ། །བསྐུལ་ཚིག་གི་དོན་ནི་གཞན་དུ་ཤེས་པར་བྱ་ལ། སྤྱན་མས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཅེས་སོགས་ཚིགས་བཅད་གཅིག་དང་། མཱ་མ་ཀཱིས། རྡོ་རྗེའི་སྐུ་ཁྱོད་ཅེས་སོགས་དང་། གོས་དཀར་མོས། ཁྱོད་ནི་རྡོ་རྗེ་གསུང་སྟེ་ཞེས་སོགས་དང་། སྒྲོལ་མས་ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་སོགས་ཀྱིས་བསྐུལ་བ་སྟེ། རིམ་བཞིན་བྱམས་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་ཀྱི་ངོ་བོ། གསོན་པར་མཆི་བཞེད་ན་ཞེས་པ་ནི། ཁྱོད་འོད་གསལ་མ་ལས་བཞེངས་ན་ལྷ་མོ་བདག་གསོན་པར་མི་འགྱུར་བས་བདག་གསོན་པོར་གནས་པར་བཞེད་ན་ཞེས་པའོ། །འདི་དག་གི་དོན་ནི། སྒྲོན་གསལ་ལས་བཤད་ཅིང་། ནོར་བཟང་རྒྱ་མཚོའི་བསྐྱེད་རིམ་ཊིཀྐ་ལས་གསལ་བར་འབྱུང་ངོ་། །བཞི་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཤོ་ལོ་ཀ་ལྔས་བསྟོད་པ་ཡིན་ལ། ཚིག་དོན་ནི་བཤད་མ་ཐག་པའི་གཞུང་གཉིས་ན་གསལ་བས་དེར་བལྟའོ། །ཚིགས་བཅད་ལྔས་རིམ་པ་བཞིན་དུ་མི་བསྐྱོད་པ་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་གྲུབ་སྟེ་རིགས་ལྔའི་སྒོ་ནས་བསྟོད་པ་ཡིན་ལ། དེ་གང་གིས་བསྟོད་པ་ནི། རྗེ་ནོར་བཟང་བ་དང་། བསོད་གྲགས་པས་འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ་རིགས་ལྔའི་ཡོན་ཏན་ཚང་བའི་སྒོ་ནས་བསྟོད་པར་བཤད་དེ། གཙོ་འཁོར་རྒྱུད་གཅིག་པའི་དབང་དུ་མཛད་པའོ། །འཁྲིད་ཡིག་ལས་མཆོད་པ་འབུལ་བའི་ཚེ་ལྷ་མོ་སྤྲོས་ཏེ་མཆོད་དགོས་པར་བཤད་པ་ལྟར་ན། ལྷ་མོ་སྤྲོས་ནས་བསྟོད་པས་ཀྱང་རུང་སྙམ་སྟེ། དང་པོ་སྦྱོར་བ་ཙམ་ལ་ནི་འཁོར་མི་འདུག་ཀྱང་། བསྟོད་པ་ཡོད་པའི་ཕྱིར་རོ། །དེ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་པར་བྱ་བ་ཡིན་པས། ཕྱི་མཆོད་ནི་མཆོད་ལྷ་མགྲོན་གྲངས་དང་མཉམ་པ་སྤྲོས་ཏེ་མཆོད་པའམ། ནམ་མཁའ་གང་བས་མཆོད་པར་བསམས་ནས་ༀ་སརྦ་སོགས་བརྗོད། དེའི་ཚེ་དཀྱིལ་འཁོར་གྱི་ལྷ་གཞན་དང་ལུས་དཀྱིལ་མ་བཞུས་པར་ཡོད་ན་ཐམས་ཅད་ཚིམ་པར་བསམ་མོ། །ནང་མཆོད་ནི། བདག་ཉིད་ཀྱི་ལག་པ་གཡོན་པའི་མཐེ་བོང་ཡི་གེ་ཀྵུཾ་དེ་ཡོངས་སུ་གྱུར་པ་ལས་ས་གཞི་དང་། མིང་མེད་སུམ། དེ་ཞུ་བ་ལས་རི་རབ་ཏུ་བསམས་ལ་རྒྱ་མཚོ་བསྲུབས་པའི་དབུས་ནས་བདུད་རྩི་བླངས་ཏེ་མཆོད་པའི་མོས་པ་བྱ། དེའི་ཚེ་རེ་མིག་དགུ་པའི་གདུང་ཟླུམ་གྱི་སྟེང་ངམ། ཕྱི་འཁྱམས་གྲུ་བཞི་བའི་ཁ་གདངས་ལ་སེང་གེའི་ཁྲིའི་སྟེང་དུ་དབུས་སུ་རང་གི་བླ་མ་དང་། དེའི་གཡས་སུ་དབང་བརྒྱུད། གཡོན་དུ་བཤད་བརྒྱུད་ཀྱི་བླ་མ་རྣམས་བཞུགས་པར་དམིགས་པའམ། མི་གསལ་ན་རང་གི་བླ་མ་དེ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པའི་མོས་པ་བྱས་ཏེ། ལྷ་མོ་སྤྲོས་ནས་མཆོད་པར་བསམས་ལ་མཚན་གྱི་མཐར་འབྲུ་གསུམ་བཏགས་ནས་རིམ་གྱིས་འབུལ། དེ་ནས་བསྒོམ་པའི་དཀྱིལ་འཁོར་བའི་ལྷ་ཚོགས་ལ་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ནས་འབུལ་ཞིང་། བླ་མ་ལ་དཔྲལ་བའི་ཐད་དང་། དཀྱིལ་འཁོར་བ་དང་ཡི་དམ་ལ་སྙིང་གའི་ཐད་ནས་རང་མགྲོན་གཞན་ལ་ལྟེ་བ་མན་ནས་གཏོར་ཏེ་མཆོད། འདིའི་ཚེ་ནང་མཆོད་འབུལ་ཡུལ་གྱི་དཀྱིལ་འཁོར་བ་ཟུར་དུ་བྱས་ཀྱང་མི་འགལ་ཞིང་། དེ་མ་བྱས་པར་བསྒོམ་པ་ཉིད་ལ་འབུལ་བའང་འཐད་ཅིང་བདེའོ། །དེ་ནས་གསང་མཆོད་ནི། མཁའ་གསང་བྱིན་གྱིས་བརླབས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བས་ལྷ་ཐམས་ཅད་ཚིམ་པར་བསམས་པའི་སྒོ་ནས་མཆོད་ཅིང་། བདེ་བས་སྟོང་པ་ངེས་པར་བསམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པར་འགྱུར་རོ། །སྒྲུབ་ཐབས་ལ་ལའི་ཚིག་ཟིན་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མི་གསལ་ཡང་མན་ངག་གིས་བྱེད་པ་ཡིན་ནོ། །ལྔ་པ་ཉེར་བསྡུ་ནི། རང་གི་ཐུགས་ཀའི་ཞེས་སོགས་ལྟར་བྱ་བ་ཡིན་ལ། དེ་ཡང་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་པ་ཡིན་ན། ལྷག་མོས་ཀྱི་སྐབས་བཞིན་ལྷ་རྣམས་སྤྱན་དྲངས་ནས་གནས་རྣམས་སུ་འགོད་པ་ཡིན་ལ། འོན་ཀྱང་འདིར་ཡུམ་ལུས་ལ་མི་འགོད་པས་རེག་བྱ་རྡོ་རྗེ་མ་ཞེས་མི་བརྗོད་པའི་རྒྱུ་མཚན་དེ་ཡིན་ནོ། །དང་པོ་སྦྱོར་བ་ཙམ་ལ་ནི་ལྷ་ཉེར་བསྡུ་མི་དགོས་ཤིང་། གང་བྱས་ཀྱང་གཞལ་ཡས་ཁང་གི་ཆ་རྣམས་འོད་ཀྱི་རྣམ་པར་ལུས་ལ་བསྡུ་དགོས། དབང་བསྐུར་བའི་ཚེ་ལུས་དཀྱིལ་གྱི་ལྷ་མི་ཞུ་བར་བཤད་པ་ལྟར་ན། ལྷ་སྔ་ཕྱི་གཉིས་དབྱེར་མེད་དུ་མོས་དགོས་པར་མངོན། རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་ཏེ་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བ་ནས་རྡོ་རྗེ་འཆང་དུ་གྱུར་པ་རྣམས་རང་གི་འོད་ཟེར་གྱིས་དྲངས་ནས་རང་ཉིད་ལ་ཐིམ་པར་བསམས་ཏེ། ༀ་ཡོ་ག་ཤུདྷ་སོགས་ཀྱི་སྔགས་བརྗོད། ཡོ་ག་ནི་རྣལ་འབྱོར། ཤུདྡྷ་ནི་དག་པ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ཡོ་ག་ཤུདྡྷོ྅ཧཾ་ནི། རྣལ་འབྱོར་དག་པའི་བདག་ཉིད་པའོ་ཞེས་པའོ། །གཉིས་པ་ཐུན་མཚམས་སུ་གཏོར་མ་དང་ཡུས་བརྟས་པར་བྱེད་པའི་རྣལ་འབྱོར་སོགས་འགའ་ཞིག་གཞན་དུ་ཤེས་པར་བྱ་ཞིང་། གཏོར་སྔགས་ཀྱི་མཇུག་གི་སརྦ་དུཥྚཾ་སོགས་ཀྱི་དོན་ནི། སརྦ་དུཥྚཾ་ནི་གནོད་བྱེད་ཐམས་ཅད། ས་མ་ཡ་ནི་དམ་ཚིག་མུ་དྲ་ནི་ཕྱག་རྒྱ་པྲ་བྷཉྫ་ཀ་ནི་རབ་ཏུ་འཇོམས་པ། མཱ་མ་ནི་བདག ཤནྟི་ནི་ཞི་བ། རཀྵ་ཙ་ནི་སྲུང་བ། ཀུ་རུ་ནི་མཛོད་ཅིག་ཅེས་པའོ། །སྨོན་ལམ་ལས། དེས་ནི་རྫས་སྔགས་འཁྲུལ་འཁོར་བསམ་གཏན་ལ། །ཞེས་སོགས་རྐང་པ་བཞིས་ལས་རྒྱལ་མཆོག་ཀྱང་སྟན་ཏེ་འདིར་མི་འཆད་དོ། །བཞི་པ་ནི། ལུགས་འདིར་སྒྲུབ་ཐབས་རྒྱས་བསྡུས་གཉིས་སུ་ངེས་ཤིང་། ཐུན་བཞིར་བྱེད་པའི་ཚེ། ཐོག་མཐའ་གཉིས་རྒྱས་ཤིང་བར་པ་གཉིས་བསྡུས་པ་དང་། ཐོག་མ་རྒྱས་ཤིང་གཞན་གསུམ་བསྡུ་བ་སོགས་བྱེད་ཚུལ་མི་འདྲ་བ་དུ་མ་ཡོད་པ་ལས་འདིར་རྒྱས་པ་ནི་སྒྲུབ་ཐབས་རྒྱས་པར་བཤད་པ་ལྟར་དང་བསྡུས་པ་ནི་དང་པོ་སྦྱོར་བ་ཙམ་བསྒོམ་པ་དང་སྔགས་བཟླ་བའི་ཚེ་ལུས་དཀྱིལ་གྱི་ཐུགས་ཁར་སྔགས་བཀོད་ནས་བཟླས་པ་བྱེད་པ་ཡིན་ལ། དེ་གཉིས་ཀ་ལ་མངོན་རྟོགས་ཀྱི་ཚིག་ཉུང་ངུར་བྱས་ཏེ་འདོན་ཚུལ་ཁོ་བོས་རྗེ་ཡབ་སྲས་དང་པཎ་ཆེན་གོང་མའི་མན་ངག་ལ་བརྟེན་ནས་འཆད་ནུས་མོད། འདིར་མི་འཆད་དེ། ལོགས་སུ་བཤད་ཟིན་པའི་ཕྱིར་རོ། །རྒྱས་བསྡུས་གང་བསྒོམས་ཀྱང་དམིགས་པ་ཡིད་ལ་བྱ་ཚུལ་མདོར་བསྡུས་ནི། བསྐྱེད་རིམ་གྱི་སྦྱང་བྱའི་གཙོ་བོ་ཐ་མལ་གྱི་སྣང་ཞེན་གཉིས་ཡིན་ལ། ཐ་མལ་གྱི་སྣང་བའི་གཉེན་པོར་གསལ་སྣང་ལ་སློབ་པ་དང་། ཞེན་པའི་གཉེན་པོར་ང་རྒྱལ་ལ་སློབ་པ་ཡིན་ནོ། །སློབ་ཚུལ་ནི། བདེན་སྟོང་སྒྱུ་མ་ལྟ་བུའི་ངང་ནས་འབྲས་དུས་ཀྱི་རྟེན་བརྟེན་པ་དེ་དང་དེའོ་སྙམ་དུ་བསྒོམ་པ་ཡིན་ནོ། །ལྔ་པ་ནི། རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ལ་གསལ་སྣང་ཤིན་ཏུ་བརྟན་པོ་གཞུང་ནས་བཤད་པ་ལྟར་ཐོབ་ཅིང་། རང་གི་ངང་གིས་མཉམ་པར་འཇོག་པ་ཡོངས་སུ་རྫོགས་པ་དེའི་ཚེ་ཕྲ་རགས་མཐར་ཕྱིན་པའོ། །འཕྲོས་དོན་སྒྲུབ་ཐབས་ཀྱི་ཆིངས་བསྡུས་ཏེ་བཤད་ན། བསྐྱེད་རིམ་ལ། བསྙེན་སྒྲུབ་བཞི། རྣལ་འབྱོར་བཞི། ཏིང་ངེ་འཛིན་གསུམ། དེ་ཉིད་ཞེ་དགུ རྡོ་རྗེ་བཞིའི་ཆིངས་རྣམས་ལས་དང་པོ་ནི། ཡེ་ཤེས་ཀྱི་ས་བསྒོམ་པ་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་བར་བསྙེན་པ་དེ་ནས་ལུས་དཀྱིལ་གྱི་བར་ཉེ་སྒྲུབ། སྒོ་གསུམ་བྱིན་བརླབ་ནས་རིགས་བདག་གི་རྒྱས་འདེབས་ཀྱི་མར་སྒྲུབ་པ། དཀྱིལ་འཁོར་རྒྱལ་མཆོག་ཡན་སྒྲུབ་ཆེན་པོ། གཉིས་པ་ནི། ཡེ་ཤེས་ཀྱི་ས་ནས་ཟླ་བ་ལས་བྱང་ཆུབ་པའི་བར་རྣལ་འབྱོར། མངོན་བྱང་ལྷག་མ་གསུམ་རྗེས་ཀླུ་རྣལ་འབྱོར། ལུས་དཀྱིལ་ཤིན་ཏུ་རྣལ་འབྱོར། སྒོ་གསུམ་བྱིན་རླབས་ནས་རིགས་བཅུ་བྱ་བའི་བར་རྣལ་འབྱོར་ཆེན་པོའོ། །གསུམ་པ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་སོགས་གསུམ་མོ། །བཞི་པ་ནི། གནས་ཀྱི་དེ་ཉིད་ནས་དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་ཀྱི་བར་ཞེ་དགུའོ། །ལྔ་པ་ནི། རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡིག་དགོད་པའོ། །ཞེས་གསུངས་པ་ལྟར། གནས་སམ་ཡེ་ཤེས་ཀྱིས་ནས་ལྷག་མོས་འོད་གསལ་དུ་བསྡུས་པའི་མར་དང་པོ་དང་། དེ་ནས་ཕྱག་མཚན་རྡོ་རྗེ་ལས་བྱང་ཆུབ་བའི་བར་གཉིས་པ་དང་། དང་པོའི་མགོན་པོ་ནས་ཡུམ་དཀྱིལ་རྫོགས་པའི་བར་གསུམ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནས་མཆོད་པའི་བར་རམ་དངོས་གྲུབ་འབྲིང་སྒྲུབ་པའི་བར་བཞི་པའོ། །སྤྱིར་བསྐྱེད་རིམ་པའི་དངོས་གྲུབ་དེ་ལ་གསུམ་ཡོད་དེ། སྒྲོན་གསལ་ལས། ཞི་སོགས་བྱ་བའི་ཆོ་ག་དང་། དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཚུལ་བཞིན་ཉམས་སུ་བླངས་ན་གྲུབ་ཆེན་བརྒྱད་དང་སངས་རྒྱས་ཀྱི་གོ་འཕང་ཡང་ཚེ་འདིར་ཐོབ་པར་གསུངས་པ་བཞིན་ཡིན་ནའང་ད་ལྟའི་དུས་ཀྱི་གང་ཟག་གིས་ནི་དེ་ལྟར་མ་གྲུབ་ཀྱང་སྐྱེ་བ་ཕྱི་མ་གཞན་དང་གཞན་དུ་སྔགས་སྒྲུབ་པའི་སྐལ་ལྡན་དུ་གྱུར་ཏེ། ལམ་རིམ་གྱིས་བགྲོད་ནས་འཚང་རྒྱ་བའི་བག་ཆགས་བཟང་པོ་འཇོག་པ་ལ་ནི་གཞན་དང་མི་འདྲ་བའི་ཕན་ཡོན་ཆེན་པོ་ཡོད་ཚུལ་གྱི་ཁུངས་གོང་དུ་སྨོས་ཟིན་པ་རྣམས་དང་གཞན་ཡོད་པས། རང་ནུས་དང་བསྟུན་པའི་བག་ཆགས་བརྟན་པོ་རེ་རང་རྒྱུད་ལ་ལེགས་པར་བཞག་པར་བྱའོ།། །།སྨྲས་པ། ཐུབ་པའི་གསུང་རབ་ཀུན་གྱི་རབ་དང་ཕུལ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་དུ་གྲགས། །རྒྱུད་འདི་མཐོང་ཐོས་དྲན་དང་རེག་རྣམས་ཀྱང་། །བྱང་ཆུབ་རྡོ་རྗེ་དང་འདྲ་ཕྱག་ཡུལ་དུ། །རྒྱལ་བ་ཉིད་ཀྱིས་དངོས་སུ་གསུངས་གྱུར་ན། །གང་འདི་འཆད་ཉན་ཐོས་པས་སྒོམ་པ་ཀུན། །རྡོ་རྗེ་འཆང་དང་འདྲ་བར་ཅིས་མི་བལྟ། །སྔོན་བསགས་ལེགས་སྤྱད་སྨོན་ལམ་མཐུ་བརྟན་པས། །ཕྱོགས་འདིར་མདོ་སྔགས་བསྟན་པའི་སྲོལ་ཆེན་པོ། །སྔོན་མེད་བཟུང་ནས་སྤེལ་བའི་སྐྱེས་བུ་མཆོག །བསྟན་པའི་གདུགས་དཀར་འཛིན་པ་ཞིག་ཀྱང་བྱོན། །དེ་ཡི་མཐུ་ལས་རྒྱུད་གྲྭ་གསར་བཙུགས་ཀྱི། །ཐོག་མའི་གོ་སར་གྱུར་བའི་མཁས་རློམ་ཞིག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་གཞུང་བཟང་འདིར། །འཇུག་པའི་བརྩོན་པས་རང་ཉིད་ངལ་བ་བྱས། །ཚུལ་འདིར་འབད་ལས་བྱུང་བའི་དགེ་དེས་བདག །རྟག་ཏུ་ལམ་བཟང་འདི་དང་མི་འབྲལ་ཞིང་། །མདོ་རྒྱུད་དགོངས་འགྲེལ་བཅས་པའི་དམ་ཆོས་ཀུན། །ཐུབ་པའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག །ཅེས་པ་འདི་ཡང་། བསྟན་པའི་མངའ་བདག་ཅོ་ནའི་ཀོའུ་ཤྲི་ནང་སོས་ཕྱོགས་འདིར་རྒྱུད་ཀྱི་འཆད་ཉན་གསར་དུ་བཙུགས་པའི་ཚེ། འདི་ལྟ་བུ་ཞིག་གྱིས་ཞེས་གསུང་གིས། །བསྐུལ་བ་དང་། རང་གི་སློབ་མ་དད་ལྡན་འགའ་ཞིག་གིས་ཀྱང་བསྐུལ་བས་རྐྱེན་བྱས་ཏེ། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སློབ་དཔོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོ་སོགས་ཡོངས་འཛིན་དུ་མའི་བཀའ་དྲིན་ལ་བརྟེན་ནས་འདི་སྐོར་གྱི་དབང་ལུང་མན་ངག་རྣམས་ཐོབ་པའི་མཐུ་ལས། ཚུལ་འདི་ཤུངས་དང་བཅས་ཏེ་རྒྱས་པར་འཆད་ནུས་ཡང་མང་དུ་དོགས་ཏེ་གོ་དོན་གཙོ་བོར་བྱས་ནས་ཅུང་ཟད་བསྡུས་པའི་ཚུལ་དུ་ལེགས་པར་སྦྱར་བ་སྟེ། ཕྱིས་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་ཀུན་དགའ་ཆོས་གྲགས་ཞེས་བགྱི་བ་རྒྱུད་གྲྭར་ཞུགས་ནས་སྔགས་རམ་པའི་མཚན་གསོལ་བའི་ཚེ། གཞན་ལ་ཕན་པར་བསམས་ཏེ་དད་པས་པར་དུ་བརྐོས་པའོ།། །།བཀྲ་ཤིས།། །།


previousགསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་གནད་དོན་ཀུན་གསལ།next