Nitartha Digital Library
Tibetan
 
previousདཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་བའི་སྒྲོན་མེའི་སྙིང་པོ་བསྡུས་པ་སྐལ་ལྡན་དགྱེས་བྱེད།next

དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་བའི་སྒྲོན་མེའི་སྙིང་པོ་བསྡུས་པ་སྐལ་ལྡན་དགྱེས་བྱེད།

དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་བའི་སྒྲོན་མེའི་སྙིང་པོ་བསྡུས་པ་སྐལ་ལྡན་དགྱེས་བྱེད་ཅེས་བྱ་བ་བཞུགས།

ན་མོ་ཨཱརྱ་མཉྫུ་ཤྲཱི་གྷོ་ཥཱ་ཡེ། མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས་པའི་སྐུ། ཁ་སྦྱོར་བདེ་སྟོང་མཆོག་ལ་རྟག་རོལ་ཞིང་། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་པ་ཡི། །ཡན་ལག་བདུན་ལྡན་རྡོ་རྗེ་འཆང་དེར་འདུད། །གསང་བ་ཀུན་གྱི་མཛོད་འཛིན་རྡོ་རྗེ་ཅན། །ཨིནྡྲ་བྷཱུ་ཏི་བློ་གྲོས་རིན་པོ་ཆེ། །ས་ར་ཧ་དང་ཀླུ་སྒྲུབ་འཕགས་པ་ལྷ། །ཟླ་བའི་ཞབས་དང་བཅས་ལ་གུས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་འཛམ་གླིང་འདིར། །རྒྱལ་བའི་མདོ་སྔགས་བསྟན་པ་གསལ་མཛད་པ། །རྒྱལ་བ་གཉིས་པ་ཙོང་ཁ་པ་དེར་འདུད། །མགོན་དེའི་སྲས་མཆོག་མཁས་གྲུབ་ཆེན་པོ་དང་། །ཤེར་སེང་ཀུན་དགའ་དོན་གྲུབ་པཎ་ཆེན་རྗེ། །བསོད་གྲགས་ཡོངས་འཛིན་བློ་བཟང་སྦྱིན་པ་དང་། །བློ་གྲོས་རྒྱ་མཚོའི་ཞབས་ལའང་གུས་ཕྱག་འཚལ། །རྡོ་རྗེ་འཆང་ཆེན་རྗེ་བཙུན་ཙོང་ཁ་པའི། །ལེགས་བཤད་མཐར་ཐུག་འདུས་པའི་རིམ་གཉིས་སྲོལ། །ཕྱོགས་ཀུན་དར་ཞིང་རྒྱས་མོད་རང་སྐལ་དང་། །གཞན་ཕན་ཆེད་ཕྱིར་རྫོགས་རིམ་མདོར་བསྡུས་བཤད། །འདིར་རྒྱུད་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དཔལ་གསང་བ་འདུས་པའི་རྫོགས་རིམ་འཆད་པ་ལ་གཉིས། ལམ་སྤྱི་ལ་བསླབ་ཚུལ་དང་། འདུས་པའི་ལམ་ལ་བསླབ་ཚུལ་ལོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་ལམ་གང་ལ་ཇི་ལྟར་བསླབ་པར་བྱ་བའི་ཚུལ་ཡོད་དེ། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་སྒོ་ནས་ངན་སོང་གསུམ་ལས་ཐར་བར་འདོད་བའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བསླབ་དགོས། དེ་ནས་འཁོར་བ་སྤྱི་ལས་ཐར་འདོད་ཀྱི་ངེས་འབྱུང་བསྐྱེད་དེ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བསླབ་དགོས། དེ་ནས་གཞན་དོན་དུ་དམིགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྤྱོད་པ་ཕྱིན་དྲུག་ལ་འཇུག་འདོད་ཀྱི་སྒོ་ནས་སྐྱེས་བུ་ཆེན་པོའི་ལམ་ལ་བསླབ་དགོས་པའི་ཕྱིར། དེར་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་སྔགས་ལམ་ལ་འཇུག་དགོས་པ་ཡིན་ཏེ། དེར་མི་འཇུག་ན་སྐལ་བ་དམན་བའི་དབང་རྟུལ་ཡིན་པའི་ཕྱིར་ཏེ། རྗེས། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག །ཅེས་གསུངས་ཤིང་། རྟོགས་བརྗོད་ལས་ཀྱང་། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །ཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ལ། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང་། །ཤིན་ཏུ་འཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་བྱུང་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཞེས་གསུངས་པའི་ཕྱིར་རོ། །སྔགས་ལམ་ལ་འཇུག་པའི་སྒོ་དངོས་ནི་དབང་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །སྨིན་བྱེད་དབང་གི་ཆུ་བོའི་འཇུག་ངོགས་དེར། །ཞུགས་ནས་ཞེས་གསུངས་པ་ལྟར་གཞུང་དུ་མ་ལས་འབྱུང་བའི་ཕྱིར་རོ། །དབང་ཐོབ་ནས་དམ་ཚིག་བསྲུང་དགོས་པ་ཡིན་ཏེ། དམ་ཚིག་ནི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཏེ། རྗེས། དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །ཞེས་གསུངས་པའི་ཕྱིར། ཁྱད་པར་དུ་བླ་མེད་ཀྱི་རིམ་གཉིས་སྒོམ་པ་ལ་དབང་བཞི་ཐོབ་དགོས་ཏེ། བསྐྱེད་རིམ་སྒོམ་པ་ལ་བུམ་དབང་ཐོབ་དགོས་ཤིང་། རྫོགས་རིམ་རྫོགས་པར་སྒོམ་པ་ལ་དབང་ཕྱི་མ་གསུམ་ཐོབ་དགོས་པའི་ཕྱིར་ཏེ། བུམ་དབང་གིས་བསྐྱེད་རིམ་སྒོམ་པར་བྱེད་པའི་སྣོད་རུང་དུ་སྒྲུབ་ཅིང་། གསང་དབང་གིས་སྒྱུ་ལུས། ཤེར་དབང་གིས་འོད་གསལ། དབང་བཞི་པས་ཟུང་འཇུག་སྒོམ་པའི་སྣོད་རུང་དུ་བྱེད་པས། རིམ་པ་བཞིན་དུ་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ཟུང་འཇུག་གི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་ཏེ། རྗེས། དབང་བཞི་བསྐུར་བས་སྐུ་བཞི་འགྲུབ་ངེས་ཀྱི། །ནུས་པ་འཇོག་བྱེད་དྲི་མ་རྣམས་པ་བཞི། །འཁྲུད་ཅིང་རིམ་གཉིས་སྒོམ་ལ་དབང་བར་ཤོག །ཅེས་གསུངས་པའི་ཕྱིར། བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱས་ནས་རྫོགས་རིམ་བསྒོམ་པ་ལ་འཇུག་དགོས་པ་ཡིན་ཏེ། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་འདུས་པའི་ལམ་ལ་བསླབ་ཚུལ་ལ་གཉིས། གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པའོ། །དང་པོ་ལ་གཉིས། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ལུས་ཀྱི་གནས་ཚུལ། སེམས་ཀྱི་གནས་ཚུལ། ལུས་སེམས་ཐུན་མོང་བའི་གནས་ཚུལ་ལོ། །དང་པོ་ལ་རགས་པ། ཕྲ་བ་ཤིན་དུ་ཕྲ་བ་གསུམ་ཡོད་དེ། རྣམ་སྨིན་གྱི་འབྱུང་ལུས་རགས་པ་འདི་དང་པོ་དང་། རྩ་རླུང་ཐིག་ལེ་གསུམ་ནི་གཉིས་པ་དང་། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་ཀའི་བཞོན་པར་གྱུར་པའི་རླུང་གསུམ་པ་ཡིན་པའི་ཕྱིར། གཉིས་པ་སེམས་ལའང་གསུམ་ཡོད་དེ། དབང་པོའི་རྣམ་ཤེས་ལྔ་ནི་རགས་པ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་ཕྲ་བ། སྟོང་པ་བཞི་ཀའི་ངོ་བོར་གྱུར་བའི་སེམས་ནི་ཤིན་དུ་ཕྲ་བ་ཡིན་པའི་ཕྱིར། གསུམ་པ་ལུས་སེམས་ཐུན་མོངས་བའི་གནས་ཚུལ་ལ་གཉིས་ཡོད་དེ། ད་ལྟ་ཀུན་ལ་མངོན་དུ་གྱུར་པའི་ལུས་སེམས་འདི་རགས་པ་དང་། ཤིན་དུ་ཕྲ་བའི་རླུང་སེམས་དངོས་པོ་གཅིག་པ་ནི་ཕྲ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ། རྩ་དང་། རླུང་དང་། ཐིག་ལེ་འཆགས་པའི་ཚུལ་ལོ། །དང་པོ་ནི། མངལ་དུ་འཇུག་པའི་མདོ་ལས་ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་དེ། ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་རེ་རེར་གཉིས་ཁྲི་ཉིས་ཁྲི་འཆགས་པར་བཤད་པའི་ཕྱིར་བླ་མེད་ནས་བདུན་ཁྲི་ཉིས་སྟོང་འཆགས་པར་བཤད་ཅིང་། དེའི་ནང་ནས་རྩ་བརྒྱ་ཉི་ཤུ་གཙོ་བོ་དང་། དེའི་ནང་ནས་གནས་ཉེར་བཞིའི་རྩ་ཉེར་བཞི་པོ་གཙོ་བོ་དང་། དེའི་ནང་ནས་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། དེ་གསུམ་གྱིས་སྲོག་གི་རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་ཅིང་། རྩ་གཞན་རྣམས་ཀྱང་དེ་གསུམ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །རྩ་ཇི་ལྟར་འཆགས་པའི་ཚུལ་ཡོད་དེ། ཐོག་མར་སྙིང་གའི་རོ་རྐྱང་དབུ་མ་གསུམ། ཤར་གྱི་སུམ་སྐོར་མ། ལྷོའི་འདོད་མ་སྟེ་ལྔ་འཆགས། དེ་རྗེས་ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མོ། དབུ་མ་དང་ལྷན་ཅིག་གནས་པའི་བདུད་དྲལ་མ་སྟེ་བརྒྱད་འཆགས། དེ་བརྒྱད་ལ་ནི་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་ཅེས་བྱ་ཞིང་། དེ་ནས་སུམ་སྐོར་མ་ལས་ཤར་ལྷོའི་རྩ་འདབ། འདོད་མ་ལས་ལྷོ་ནུབ། ཁྱིམ་མ་ལས་ནུབ་བྱང་། གཏུམ་མོ་ལས་བྱང་ཤར་གྱི་རྩ་འདབ་གྱེས་ནས་སྙིང་གའི་རྩ་འདབ་བརྒྱད་འཆགས་པའི་ཕྱིར། དེ་ལྟར་ན་སྙིང་གའི་རྩ་འདབ་བརྒྱད་དང་། སྙིང་གར་ཐོག་མར་འཆགས་པའི་རྩ་འདབ་བརྒྱད་དོན་མི་གཅིག་སྟེ། རོ་རྐྱང་དབུ་མ་གསུམ་དང་བདུད་དྲལ་མ་ནི་སྙིང་གར་ཐོག་མར་འཆགས་པའི་རྩ་ཡིན་ཀྱང་སྙིང་གའི་རྩ་བརྒྱད་ཀྱི་ནང་ཚན་མ་ཡིན་པའི་ཕྱིར། ཕྱོགས་ཀྱི་རྩ་བཞི་ལ་འབྱུང་བའི་རྩ་དང་། མཚམས་ཀྱི་རྩ་བཞི་ལ་མཆོད་པའི་རྩ་ཞེས་བྱ་སྟེ། སྔ་མ་བཞི་ལས་འབྱུང་བ་བཞིན་འབབ་ཅིང་། ཕྱི་མ་བཞི་ལས་གཟུགས་དྲི་རོ་རེག་བྱ་བཞི་འབབ་པའི་ཕྱིར། རྩ་བརྒྱད་པོ་དེ་ལས་རླུང་ཁྲག་ཁུ་བ་གསུམ་གཙོ་བོར་འབབ་པའི་ཆ་ནས་གསུམ་གསུམ་དུ་གྱེས་ཏེ་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་གནས་པའི་རྩ་དེ་རྣམས་ལ་ནི་གནས་ཉེར་བཞིའི་རྩ་ཞེས་བྱ་སྟེ། དེ་གང་ཞེ་ན། སྐྲ་མཚམས་སུ་མི་ཕྱེད་མ་ལ་སོགས་པའི་རླུང་འབབ་པའི་རྩ་བརྒྱད་དང་། མཆན་ཁུང་གཉིས་སུ་སྐྱོན་ལྡན་མ་ལ་སོགས་པའི་ཁྲག་འབབ་པའི་རྩ་བརྒྱད་དང་། རྟགས་ཀྱི་རྩེར་ཤིན་དུ་བཟང་མོ་ལ་སོགས་པའི་ཁུ་བ་འབབ་པའི་རྩ་བརྒྱད་དེ་བརྒྱད་ཚན་གསུམ་ལ་རིམ་པ་བཞིན་དུ་ཐུགས་དང་གསུང་དང་སྐུའི་རྩ་ཞེས་ཀྱང་བྱ་བའི་ཕྱིར། གནས་ཉེར་བཞིའི་རྩ་དེ་རྣམས་ཀྱི་སྟེང་དུ་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་བསྣན་པའི་རྩ་སོ་གཉིས་པོ་དེ་ལ་རླུང་དང་བྱང་སེམས་འབབ་པའི་རྩ་ཞེས་བྱ་སྟེ། མཉམ་སྦྱོར་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། སུམ་ཅུ་རྩ་གཉིས་དམ་པ་ཡིན། ཞེས་གསུངས་པའི་ཕྱིར། བདུད་དྲལ་མ་ནས་དེ་འབབ་པར་གསུངས་པ་ནི་འཆི་བའི་ཚེ་དང་ལམ་དུས་ལ་དགོངས་ཀྱི། གཞི་ལ་དེའི་ནང་ནས་རླུང་དང་བྱང་སེམས་གང་ཡང་མི་འབབ་སྟེ། དེ་ལ་བདུད་དྲལ་མ་དང་། དུས་ཀྱི་རྩ་བ་དང་། རྣལ་འབྱོར་མ་རྣམས་ཀྱི་འགོག་པའི་རྩ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གནས་ཉེར་བཞིའི་རྩ་ཉེར་བཞི་པོ་རེ་རེ་ལས་གསུམ་གསུམ་དུ་གྱེས་པས་བདུན་ཅུ་རྩ་གཉིས་སུ་འགྱུར་ལ། དེ་རེ་རེ་ལས་སྟོང་སྟོང་དུ་གྱེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་བདུན་ཁྲི་ཉིས་སྟོང་། དེ་ལས་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་དུ་ཕྱེ་བའི་ཚན་པ་གཅིག་ནས་གཙོ་བོར་ཁུ་བ། ཚན་པ་གཅིག་ནས་གཙོ་བོར་ཁྲག ཚན་པ་གཅིག་ནས་གཙོ་བོར་རླུང་འབབ་པ་གསུམ་ལ་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྩ་དང་། འཁོར་ལོ་གསུམ་གྱི་རྩ་ཞེས་བྱ་སྟེ། རྡོ་རྗེ་འཕྲེེང་བ་ལས། གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ། །དེ་ལས་འཁོར་ལོ་གསུམ་ཕྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ལས་སྟོང་དུ་རབ་ཕྱེ་བས། །སོ་སོར་སྤྲོ་བའི་བདག་ཉིད་ཀྱིས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་གྲངས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། བསྡུ་ན་རྩ་དེ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྩ་གསུམ་དུ་འདུ་བ་ཡིན་ཏེ། བྱང་སེམས་དཀར་པོ་གཙོ་བོར་འབབ་པའི་རྩ་རྣམས་སྐུའི་རྩ་དང་། དམར་མོ་འབབ་པའི་རྩ་རྣམས་གསུང་གི་རྩ་དང་། རླུང་གཙོ་བོར་འབབ་པའི་རྩ་རྣམས་ཐུགས་ཀྱི་རྩར་འདུ་བའི་ཕྱིར། རོ་རྐྱང་དབུ་མ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་དེ། དྷཱུ་ཏཱི། ཐུགས་ཀྱི་རྩ། མུན་པའི་རྩ། སྒྲ་གཅན་གྱི་རྩ། གཉིས་སྤངས་ཀྱི་རྩ་རྣམས་དབུ་མའི་མིང་དང་། གསུང་གི་རྩ་། འཛིན་པའི་རྩ། ཉི་མའི་རྩ། ཤེས་རབ་ཀྱི་རྩ། ལོངས་སྤྱོད་ཀྱི་རྩ། ར་ས་ནཱ། རྡུལ་གྱི་རྩ་རྣམས་རོ་མའི་མིང་དང་། སྐུའི་རྩ། ཟླ་བའི་རྩ། ལ་ལཱ་ན། ཐབས་ཀྱི་རྩ། སྙིང་སྟོབས་ཀྱི་རྩ་ཞེས་པ་རྣམས་རྐྱང་མའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། གཞན་ཡང་དབུ་མ་ལ་དབུས་ཀྱི་རྩ་དང་། རོ་མ་ལ་གཡས་ཀྱི་རྩ་དང་། རྐྱང་མ་ལ་གཡོན་གྱི་རྩ་ཞེས་བྱ་སྟེ། གནས་ཚུལ་དེ་ལྟར་དུ་གནས་པའི་ཕྱིར། རོ་མ་གཡས་ཀྱི་རྩ་ཡིན་ཡང་ཁམས་དམར་པོ་འབབ་པས་ཤེས་རབ་ཀྱི་རྩར་བརྗོད་པ་དང་། རྐྱང་མ་གཡོན་གྱི་རྩ་ཡིན་ཡང་ཁམས་དཀར་པོ་འབབ་པས་ཐབས་ཀྱི་རྩར་བརྗོད་པ་ཡིན་གྱི། དེ་ལས་སྡོག་སྟེ་གསུངས་པ་ཡང་ཡོད་དེ། གཡས་གཡོན་གྱི་དབང་དུ་མཛད་པ་ཡིན་པའི་ཕྱིར། རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་པའི་མདུད་པ་གང་ན་ཡོད་པ་དེར་རྩ་འཁོར་རེ་ཡོད་དེ། དེ་གཉིས་རེ་རེས་སྙིང་གར་མདུད་པ་སུམ་བརྩེགས་དང་། གཞན་རྣམས་ན་མདུད་པ་རེ་རེ་ཡོད་པའི་ཕྱིར། མདུད་མཚམས་ནས་གྱེས་པའི་རྩ་འཁོར་ཆེ་བ་དེ་ལ་ལྔ་ཡོད་དེ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སོ་གཉིས། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི། གསང་གནས་བདེ་སྐྱོང་གི་འཁོར་ལོར་རྩ་འདབ་སོ་གཉིས་རྣམས་སུ་ཡོད་པའི་ཕྱིར། འཁོར་ལོ་དང་པོ་བཞིའི་རྩ་འདབ་རྣམས་སོ་སོར་ཕྱེ་ན་བརྒྱ་ཉི་ཤུ་ཡོད་ཅིང་། རྩ་རྣམས་ཀྱི་གཙོ་བོ་ཡིན་ནོ། །རྩ་འཁོར་ཆུང་བ་ལ་གསུམ་ཡོད་དེ། སྨིན་མཚམས་སུ་རླུང་འཁོར་རྩ་འདབ་དྲུག་པ། མགྲིན་པ་དང་སྙིང་གའི་བར་ན་མེ་འཁོར་རྩ་འདབ་གསུམ་པ། ནོར་བུའི་དབུས་ན་རྩ་འདབ་བརྒྱད་པ་རྣམས་སུ་ཡོད་པའི་ཕྱིར། བདེ་ཆེན་གྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་བའི་འཁོར་ལོ་དང་། བདེ་སྐྱོང་གི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིམ་པ་བཞིན་དུ་བདེ་བའི་རྟེན་བྱང་སེམས་དཀར་པོ་སྤྱི་བོར་གནས་པ་དང་། རོ་དྲུག་ལ་ལོངས་སྤྱོད་པའི་གནས་མགྲིན་པ་ཡིན་པ་དང་། ཆོས་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྟེན་མི་ཤིགས་པའི་ཐིག་ལེ་སྙིང་གར་གནས་པ་དང་། བདེ་ཆེན་སྤྲུལ་བྱེད་ཀྱི་གཏུམ་མོ་ལྟེ་བར་གནས་པ་དང་། ལྷན་སྐྱེས་ཀྱི་བདེ་བ་གཙོ་བོར་གསང་གནས་ནས་སྐྱོང་བའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། རྩ་དེ་རྣམས་ཡིན་བསྡུས་ཀྱི་ཚུལ་གྱིས་རོ་རྐྱང་དབུ་མ་གསུམ་ལ་འདུ་བ་མིན་ཡང་། རྩ་བའི་དབང་དུ་བྱས་ན་དེ་གསུམ་དུ་འདུ་བ་ཡིན་པ། རྩ་གསུམ་གྱི་ནང་ནས་དབུ་མ་གཙོ་བོ་ཡིན་ཏེ། རོ་རྐྱང་གཉིས་ཀྱི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བ་སོགས་ཡིན་པའི་ཕྱིར། དབུ་མའི་ཡན་མན་གཉིས་ལས་སྙིང་གའི་དབུ་མའི་རྩ་འཁོར་གཙོ་བོ་ཡིན་ཏེ། བཞི་ལ་རྣམ་ཤེས་དང་པོར་འཇུག་པ་དང་བར་དུ་གནས་པ་དང་མཐར་འཕོ་བ་གསུམ་སྙིང་ག་ནས་བྱེད་ཅིང་། ལམ་དུས་སུ་དཔེ་དོན་གྱི་འོད་གསལ་འཆར་བའི་གནས་ཀྱང་སྙིང་གའི་དབུ་མའི་ནང་ཡིན་པའི་ཕྱིར་ཏེ། རྗེས། འོད་གསལ་ཉི་མ་སྙིང་དབུས་འཆར་བར་ཤོག །ཅེས་གསུངས་པའི་ཕྱིར་རོ། །གཞི་ལ་འཆི་དུས་མ་གཏོགས་རླུང་དབུ་མའི་ནང་ནས་ཡས་མན་ཐལ་བྱུང་དུ་རྒྱུ་བ་མེད་དེ། དེར་རོ་རྐྱང་གི་མདུད་པ་དམ་པོས་བཅིངས་པའི་ཕྱིར། འོན་ཀྱང་དབུ་མའི་སྦུབས་སྟེང་ན་རླུང་གནས་པ་ཙམ་ནི་འདོད་དགོས་ཏེ། རྣམ་ཤེས་ཀྱི་བཞོན་པའི་རླུང་དང་སྲོག་ཐུར་གཉིས་ཡོད་པའི་ཕྱིར། གཞི་ལ་འཆི་བའི་དུས་སུ་དབུ་མའི་ནང་ནས་རླུང་རྒྱུ་སྟེ་ལས་ཉོན་གྱི་དབང་གིས་རྩ་མདུད་རྣམས་རྫོགས་པར་གྲོལ་བར་འགྱུར་བའི་ཕྱིར། རྩ་གཉིས་ནས་རླུང་བཞི་རྒྱུ་ཚུལ་ཡོད་དེ། རོ་མའི་ནང་ནས་མེ་རླུང་གྱེན་རྒྱུ་དང་། རྐྱང་མའི་ནང་ནས་རླུང་གི་རླུང་མཉམ་གནས་གཉིས་གཙོ་བོར་རྒྱུ་ལ། སྲོག་ཐུར་གཉིས་རོ་རྐྱང་གཉིས་ནས་མཉམ་རྒྱུ་བྱེད་པའི་ཕྱིར་རོ། །གཉིས་པ་རླུང་འཆགས་ཚུལ་ཡོད་དེ། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་ཚེ་ལྷན་སྐྱེས་ཀྱི་རླུང་གི་རྒྱུན་ཕྱི་མ་ཞིག་གསར་དུ་སྐྱེ་ལ། དེ་ནས་དེ་ལས་སྲོག་འཛིན་གྱི་རླུང་རགས་པ་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུར་ཡོད། དེ་ནི་ཟླ་བ་དང་པོའི་སྐབས་སུ་འབྱུང་། ཟླ་བ་གཉིས་པ་ལ་སྲོག་འཛིན་རགས་པ་ལས་ཐུར་སེལ་གྱི་རླུང་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་འབུར་པོ་ལྔ་དོད་པ་རུས་སྦལ་ལྟ་བུ། ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཅུང་ཟད་སྒུར་བ་ཕག་རྒོད་ལྟ་བུ། ཟླ་བ་བཞི་བ་ལ་མཉམ་གནས་ལས་གྱེན་རྒྱུ་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་སྟོད་ཅུང་ཟད་རྒྱས་པ་སེང་གེའི་རྣམ་པ་ལྟ་བུ། ཟླ་བ་ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་མིའུ་ཐུང་ལྟ་བུར་ཡོད། ཟླ་བ་དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་རིམ་པ་བཞིན་དུ། མིག་གི་སྒོར་རྒྱུ་བའི་རླུང་དང་ས་རྣ་བའི་སྒོར་རྒྱུ་བའི་རླུང་དང་ཆུ། སྣའི་སྒོར་རྒྱུ་བའི་རླུང་དང་མེ། ལྕེའི་སྒོར་རྒྱུ་བའི་རླུང་དང་འབྱུང་བ་རླུང་། ལུས་ཀྱི་སྒོར་རྒྱུ་བའི་རླུང་དང་འབྱུང་བ་ནམ་མཁའི་ཁམས་བུ་ག་རྣམས་རྫོགས་པར་སྐྱེ་བའི་ཕྱིར། དེ་ལྔ་ནི་ཡན་ལག་གི་རླུང་ལྔ་དང་དོན་གཅིག་ཏུ་གསུངས་ཤིང་། ཀླུ་དང་རུས་སྤལ་དང་རྩངས་པ་དང་ལྷས་སྦྱིན་དང་གཞུ་ལས་རྒྱལ་ཞེས་པའི་ཐ་སྙད་ཀྱང་མཛད་དོ། །གསུམ་པ་ཐིག་ལེ་འཆགས་ཚུལ་ཡོད་དེ། བར་དོའི་འཆི་བ་འོད་གསལ་ཀྱི་རིགས་འདྲ་ཕྱི་མ་དེ་ཕ་མ་གཉིས་ཀྱི་ཁམས་དཀར་དམར་གྱི་དྭངས་མ་དང་གཅིག་ཏུ་འདྲེས་ནས་གོང་བུའི་གཟུགས་ཅན་དུ་གྱུར་ཏེ། རིམ་གྱིས་སྙིང་ག་འཆགས་པའི་དྷཱུ་ཏཱིའི་སྦུབས་སྟོང་གི་ནང་དུ་གནས་པ་དེ་ལས་ཁམས་དཀར་པོ་ལས་ཆ་གཅིག་ཆད་ནས་སྤྱི་བོར་གནས་པ་ལ་སྤྱི་བོའི་ཧཾ་ཡིག་ཅེས་བྱ་ལ། ཁམས་དམར་པོ་ལས་ཆ་གཅིག་ཆད་ནས་ལྟེ་བར་གནས་པ་ལ་ལྟེ་བའི་ཨཾ་ཡིག་ཅེས་བྱ་ཞིང་། ཁམས་དཀར་པོ་ལས་རང་གི་རིག་རྒྱུན་ཁམས་དང་རྐང་རུས་ཚིལ་རྣམས་སྐྱེ། ཁམས་དམར་པོ་ལས་རང་གི་རིགས་རྒྱུན་ཁམས་དང་ཁྲག་ཤ་ལྤགས་པ་རྣམས་འབྱུང་བའི་ཕྱིར་རོ། །ཐིག་ལེ་དེ་ལ་ངོ་བོའི་སྒོ་ནས་གཉིས་ཡོད་ཀྱང་གནས་སྐབས་སམ་གནས་དང་བྱེད་ལས་ཀྱིས་དབྱེ་ན་བཞི་ཡོད་དེ། སྙིང་ག་དང་ནོར་བུའི་དབུས་ན་གཉིད་ཐུགས་བསྐྱེད་པའི་གནས་སྐབས་ཀྱི་ཐིག་ལེ། མགྲིན་པ་དང་གསང་གནས་སུ་རྨི་ལམ་བསྐྱེད་པའི་ཐིག་ལེ། ལྟེ་བ་དང་སྤྱི་བོ་ན་སད་པ་བསྐྱེད་པའི་ཐིག་ལེ། ལྟེ་བ་དང་གསང་གནས་སུ་བཞི་པ་སྟེ་སྙོམས་འཇུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་རྣམས་སུ་ཡོད་པའི་ཕྱིར། བསྐྱེད་ཚུལ་ཡོད་དེ། རླུང་དེ་དང་དེར་འདུལ་བའི་དབང་གིས་བསྐྱེད་པའི་ཕྱིར་རོ། །དེ་ལྟར་གཞིའི་གནས་ཚུལ་སྤྱི་དང་བྱེ་བྲག་གི་སྒོ་ནས་བསྟན་པ་ལ་སོགས་པ་ཡོད་དེ། རྫོགས་རིམ་གྱི་རྟོགས་པ་སྐྱེ་བ་ལ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་དགོས་ཤིང་། དེ་ལ་ནི་རྡོ་རྗེའི་ལུས་ཀྱི་གནས་ཚུལ་སྤྱི་དང་བྱེ་བྲག་རྣམས་ལེགས་པར་ཤེས་དགོས་པའི་ཕྱིར་རོ། །གཉིས་པ་ལམ་འགྲོད་བའི་རིམ་པ་བཤད་པ་ལ་ལྔ། རྫོགས་རིམ་གྱི་སྙིང་པོ་ཨེ་ཝཾ་གཉིས་ཀྱི་དོན་བཤད་པ། རྫོགས་རིམ་གྱི་དབྱེ་བ། གྲངས་ངེས། གོ་རིམ། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ལ་གཉིས། ཐུན་མོང་དུ་བཤད་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་དོན་རྣམས་ཨེ་ཝཾ་ལ་སོགས་པའི་ཡི་གེ་བཞི་བཅུའི་དོན་དུ་འདུ་ཞིང་། ཁྱད་པར་དུ་ཐོག་མའི་ཡི་གེ་ཨེ་ཝཾ་གྱི་དོན་དུ་འདུ་བ་ཡིན་ལ། ཨེ་ཝཾ་ལ་དབྱེ་ན་གསུམ་ཡོད་དེ། ཐོབ་བྱ་འབྲས་བུའི་ཨེ་ཝཾ། ཐོབ་བྱེད་ལམ་གྱི་ཨེ་ཝཾ། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གྲངས་ངེས་ཀྱི་བཤད་པ་གཉིས་ཡོད་དེ། དྲང་དོན་གྱི་དབང་དུ་བྱས་ན་ཨེས་སྟོན་པ་བཞུགས་པའི་གནས་རྣམས་མཚོན། ཝས་གནས་དེ་རྣམས་སུ་བཞུགས་ནས་རྒྱུད་གསུངས་པའི་སྟོན་པ་མཚོན། ཐིག་ལེས་ཆོས་སྟོན་པ་དེ་མཚོན་ལ། ངེས་དོན་གྱི་དབང་དུ་བྱས་ན་ཨེས་འབྲས་དུས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། ཝས་འབྲས་དུས་ཀྱི་བདེ་བ་ཆེན་པོ་དང་། ཐིག་ལེས་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་དེ་མཚོན་པའི་ཕྱིར། དེ་ལ་འབྲས་བུའི་བདེ་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་ཞེས་བྱ་ལ། བདེན་གཉིས་དབྱེར་མེད་ཀྱི་ཨེ་ཝཾ་གྱི་དབང་དུ་བྱས་ནས་མཚོན་ཚུལ་ཡོད་དེ། འབྲས་དུས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ནི་ཨེ་ཡིག་གི་མཚོན་དོན་དང་། དེའི་གཟུགས་སྐུ་ནི་ཝ་ཡིག་གི་མཚོན་དོན་དང་། དེ་གཉིས་སྐུ་ཐུགས་སུ་དངོས་པོ་གཅིག་ཏུ་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་པའི་ཕྱིར། གཉིས་པ་ལམ་དུས་ཀྱི་དབང་དུ་བྱས་ནས་མཚོན་ཚུལ་ཡོད་དེ། ལམ་དུས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཨེ་ཡིག་གི་མཚོན་དོན་དང་། དེའི་བདེ་བ་ཆེན་པོའི་ཡེ་ཤེས་ཝ་ཡིག་གི་མཚོན་དོན་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་པའི་ཕྱིར། གསུམ་པ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གྱི་མཚོན་དོན་ཡོད་དེ། ཕྱིའི་དབང་དུ་བྱས་ན་ཕྱག་རྒྱའི་པདྨ་ནི་ཨེ་ཡིག་གི་མཚོན་དོན་དང་། ཡབ་ཀྱི་རྡོ་རྗེ་ནི་ཝ་ཡིག་གི་མཚོན་དོན་དང་། དེ་གཉིས་མཉམ་པར་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་ལ། ནང་ལ་སྤྱི་བོ་དང་ལྟེ་བའི་རྩ་འཁོར་གྲུ་གསུམ་ཨེ་ཡིག་གི་མཚོན་དོན་དང་། སྙིང་ག་དང་མགྲིན་པའི་རྩ་འཁོར་ཟླུམ་པོ་ཝ་ཡིག་གི་མཚོན་དོན་དང་། རྩ་འཁོར་དེ་དག་ཐབས་ཤེས་སུ་ཕྱོགས་པ་ཐིག་ལེའི་མཚོན་དོན་ཡིན་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ་གསུམ། སྟོང་པ་བཤད་པ། བདེ་བ་བཤད་པ། བདེ་སྟོང་དབྱེར་མེད་དུ་སྦྱོར་ཚུལ་བཤད་པའོ། །དང་པོ་ནི། ཨེ་ཡིག་གིས་རྣམ་ཐར་སྒོ་གསུམ་མཚོན་པས། སྟོང་ཉིད་རྟོགས་པའི་ལྟ་བ་ཕུ་ཐག་ཆོད་པ་མེད་ན་ཨེ་ཡིག་གི་དོན་མ་ཚང་བས། ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་རྣམ་དག་འཚོལ་དགོས་སོ། །ལྟ་བ་དེ་མདོ་སྔགས་ཀྱི་གཞུང་དུ་མ་དང་ཁྱད་པར་རྩ་རྒྱུད་ཀྱི་ལེའུ་གཉིས་པ་དང་དགུ་པ་དང་བཅོ་ལྔ་པ་ནས་རྒྱས་པར་བཤད་ཅིང་། སྟོང་པ་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་བཞི་ཡོད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དང་། བློའི་དབང་གིས་བཞག་ཙམ་མ་ཡིན་པའི་ཡོད་པ་བཀག་པའི་སྟོང་ཉིད་དང་། གདོད་མ་ནས་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དང་བཞི་ཡོད་པའི་ཕྱིར། དེའི་དང་པོ་ནི་རང་སྡེ་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་འདོད་པའི་ཐུན་མོང་བ་དང་། གཉིས་པ་སེམས་ཙམ་པ། གསུམ་པ་རང་རྒྱུད་པ། བཞི་པ་ནི་ཐལ་འགྱུར་བས་འདོད་པའི་སྟོང་ཉིད་ཡིན་ལ། འདི་གཙོ་བོ་ནི་ཕྱི་མའི་དབང་དུ་བྱས་ཏེ་བདེ་སྟོང་སྦྱར་ནས་བསྒོམ་དགོས་པ་ཡིན་ཏེ། རྩ་རྒྱུད་ལེའུ་གཉིས་པ་ལས། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དང་། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཞེས་གསུངས་པའི་ཕྱིར། འདིར་བདེ་སྟོང་སྦྱོར་རྒྱུའི་སྟོང་པ་དེ་ལ་ཡུལ་གྱི་དབང་དུ་བྱས་པ་དང་ཡུལ་ཅན་གྱི་དབང་དུ་བྱས་པ་གཉིས་ཡོད་དེ། སྦྱོར་ཚུལ་ལ་ནི་ཡུལ་ཡུལ་ཅན་གཉིས་རོ་མཉམ་དབྱེར་མེད་དུ་སྦྱོར་བ་དང་། ཡུལ་ཅན་ཡེ་ཤེས་དང་བདེ་བ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་ཚུལ་གཉིས་ཡོད་པའི་ཕྱིར་རོ། །གཉིས་པ་བདེ་བ་བཤད་པ་ནི། ཨེ་ཝཾ་གྱི་ཝ་ཡིག་གིས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མཚོན་པས་བདེ་བ་དེ་མེད་ན་ཝ་ཡིག་གི་དོན་མ་ཚང་བས་དེ་བསྐྱེད་དགོས་སོ། །དེ་ཡང་ཞི་གནས་ལ་བརྟེན་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དེ་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མ་ཡིན་ལ། དེ་བཞིན་དུ་བསམ་གཏན་གྱི་ཉེར་བསྔོགས་དེ་དངོས་གཞི་ཐོབ་པའི་བདེ་བ་དང་སྟོང་ཉིད་རྟོགས་པ་ལ་བརྟེན་ནས་ཐོབ་པའི་ཟག་མེད་ཀྱི་བདེ་བ་དང་དབུགས་འབྱུང་རྔུབ་བཀག་ནས་ལྷའི་རྣལ་འབྱོར་བསྒོམས་པ་ལས་བྱུང་བའི་བདེ་བ་དང་། བསྒོམ་པའི་ལྷ་མོ་ལ་བལྟས་པ་དང་བགོད་པ་དང་ལག་པ་བཅིངས་པ་ཙམ་ལས་བྱུང་བའི་བདེ་བ་དང་། རླུང་དབུ་མའི་ནང་དུ་ཐིམ་པ་མིན་པར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་དང་། ཐ་མལ་པའི་དབང་པོ་གཉིས་སྦྱོར་ལས་བྱུང་བའི་བདེ་བ་རྣམས་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མིན་གྱི། འོ་ན་ཇི་ལྟ་བུ་ཡིན་ཞེ་ན། ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་ཉིད། སྐབས་འདིའི་བདེ་སྟོང་སྦྱོར་རྒྱུའི་བདེ་བར་འཇོག་དགོས་པའི་ཕྱིར་རོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང་། བདེན་གཉིས་དབྱེར་མེད་ཀྱི་ཨེ་ཝཾ་གྱི་དོན་བཤད་པའོ། །དང་པོ་ནི། ཨེ་ཝཾ་གྱི་ཐིག་ལེས་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་མཚོན་པ་ཡིན་ཏེ། དེ་མེད་ན་ཐིག་ལེའི་དོན་མ་ཚང་བའི་ཕྱིར་རོ། །བདེ་སྟོང་དབྱེར་མེད་དུ་སྦྱོར་ཚུལ་ཡོད་དེ། ལྷན་སྐྱེས་ཀྱི་བདེ་བ་དང་དེའི་ཆོས་ཉིད་ངོ་བོ་གཅིག་ཏུ་སྦྱོར་བ་ལྟ་བུ་དང་ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་ཉིད་རྟོགས་པའི་བློ་གཉིས་ཟིན་བྱ་ཟིན་བྱེད་དུ་སོང་བ་ལྟ་བུ་ཙམ་ནི་འདིར་བདེ་སྟོང་སྦྱོར་བའི་དོན་མིན་གྱི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་མཐུས་ཡིད་ཀྱི་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས། ཡུལ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ཡུལ་ཅན་རོ་མཉམ་དུ་སྦྱོར་བ་དེ་སྐབས་འདིར་བདེ་སྟོང་བའི་ཚུལ་དང་ཡང་སྟོང་ཉིད་རྟོགས་པའི་བློ་དང་ལྷན་སྐྱེས་ཀྱི་བདེ་བ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཉིད་སྐབས་འདིར་བདེ་སྟོང་སྦྱོང་བའི་དོན་དུ་འདོད་བ་ཡིན་པའི་ཕྱིར་ཏེ། ཐབས་ཤེས་གྲུབ་པ་ལས། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམས་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས། བདེན་གཉིས་དབྱེར་མེད་དུ་སྦྱོར་ཚུལ་དང་། དེ་སྒྲུབ་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། གསུང་རབ་གཞན་ནས་གྲགས་པའི་བདེན་གཉིས་དང་། སྐབས་འདིའི་བདེན་གཉིས་མིང་འདྲ་ཡང་དོན་མི་གཅིག་སྟེ། འདིར་བདེན་པ་གཉིས་ཀྱི་ཐ་སྙད་དེ་རྫོགས་རིམ་པའི་ལམ་དང་འབྲས་བུའི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེ་ཡང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་ཉིད་རྟོགས་པའི་དོན་གྱི་འོད་གསལ་དེ་འདིར་དོན་དམ་དང་། དག་པའི་སྒྱུ་མའི་སྐུ་དེ་འདིར་ཀུན་རྫོབ་བདེན་པ་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་དེ་འདིར་བདེན་གཉིས་ཟུང་དུ་འཇུག་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་དེ་སྒྲུབ་བྱེད་ཀྱི་རིགས་པ་གང་ཞེ་ན། འདི་ལ་བཞི་ཡོད་དེ། གཟུགས་སྐུའི་རྒྱུ་ལ་བརྟེན་ནས་སྒྲུབ་པ། སྦྱང་གཞི་ལ་བརྟེན་ནས་སྒྲུབ་པ། ལྷ་བསྐྱེད་ཚུལ་ལ་བརྟེན་ནས་སྒྲུབ་པ། ཐབས་ཤེས་སྦྱོར་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར་ཏེ། དང་པོའི་དབང་དུ་བྱས་ན་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་བསྐྱེད་རིམ་དང་རྫོགས་རིམ་གྱི་རིམ་པ་གསུམ་པ་མན་ཆད་དུ་གཟུགས་སྐུའི་རྒྱུ་ཙམ་ཡོད་ཀྱང་། གཟུགས་སྐུ་དང་རྣམ་པ་ཤིན་ཏུ་མཐུན་པའི་རིགས་འདྲའི་རྒྱུ་ཁྱད་པར་ཅན་མེད་ལ། རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། དེའི་འོད་གསལ་གྱི་སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་དག་པའི་སྒྱུ་ལུས་དེ་རྡོ་རྗེའི་སྐུ་དངོས་ཡིན་ཞིང་། དེའི་རིགས་འདྲ་ཕྱི་མ་ཞིག་གིས་ནི་གཟུགས་སྐུའི་དངོས་ཀྱི་ཉེར་ལེན་ཁྱད་པར་ཅན་བྱེད་པ་ཡིན་ལ། གཉིས་པའི་དབང་དུ་བྱས་ན་སྦྱང་གཞི་ལ་འཆི་བ་འོད་གསལ་གྱི་རླུང་སེམས་ལས་བར་དོ་འགྲུབ་རུང་གི་རླུང་སེམས་དེ་ཉིད། འདིར་རྣལ་འབྱོར་བ་ལ་སྒྱུ་མའི་སྐུར་སྒྱུར་བར་བྱེད་པའི་ཕྱིར་ཏེ། རིམ་ལྔ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང་། གསུམ་པའི་དབང་དུ་བྱས་ན། བསྐྱེད་རིམ་མན་ཆད་དུ་ལྷ་བསྐྱེད་པའི་ཚེ་སྟོང་ཉིད་ཀྱི་ལྟ་བ་སྔོན་དུ་བཏང་ནས། སྟོང་པའི་ངང་ལས་ལྷར་ལྡང་བ་ཞིག་བཤད་ཀྱང་སྐབས་དེར་མོས་བློ་ཙམ་མ་གཏོགས། ལྷའི་སྐུ་དངོས་གནས་སུ་ལྡང་བ་མེད་ལ། རྫོགས་རིམ་གྱི་སྐབས་སུ་ནི་སྟོང་པར་ཞུགས་པའི་མཐར་ལྷའི་སྐུ་དངོས་གནས་སུ་ལྡང་བ་ཅིག་ཡོད་ཅིང་། དེ་མེད་ན་སྔར་དེ་ལྟར་བྱས་པ་ཐམས་ཅད་ཀྱི་དགོས་པའི་གཙོ་བོ་མི་འབྱུང་བས། དཔེ་དོན་གྱི་འོད་གསལ་ལས་དག་མ་དག་གི་ལྷའི་སྐུར་ལྡང་བ་ཡོད་པར་གྲུབ་ལ། བཞི་པའི་དབང་དུ་བྱས་ན་བསྐྱེད་རིམ་མན་ཆད་དུ་ཐབས་ཤེས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ལྷ་སྐུ་ཐོབ་པར་མི་ནུས་ལ། རྫོགས་རིམ་གྱི་ལྷན་སྐྱེས་འོད་གསལ་གྱི་རླུང་སེམས་དངོས་པོ་གཅིག་པ་ལ་རང་འབྲས་ཆོས་གཟུགས་ཀྱི་སྐུའི་ཉེར་ལེན་ཁྱད་པར་ཅན་ཡོད་པས། དེ་ལས་ཐབས་ཤེས་ངོ་བོ་དབྱེར་མེད་དུ་གྱུར་པའི་གཟུགས་ཀྱི་སྐུ་དངོས་སུ་འགྲུབ་པར་འགྱུར་པའི་ཕྱིར་རོ། །དེ་ལྟ་བུའི་སྐུ་དེ་ནི་ལུས་ལ་གནད་དུ་བསྣུན་པ་མེད་ན་མི་སྐྱེ་བ་ལ་དགོངས་ནས་གནད་དུ་བསྣུན་པའི་ཐབས་གཉིས་དགོས་ཏེ། ཕྱི་ཕྱག་རྒྱས་བརྟེན་པ་དང་། ནང་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་གཉིས་གསུངས་པའི་ཕྱིར་ཏེ། བསྐྱེད་རིམ་གྱི་སྐབས་སུ་སྦྱང་གཞི་སྐྱེ་ཤི་བ་དོའི་རིམ་པ་གསུམ་དང་མཐུན་པའི་ལམ་བསྒོམ་པ་ཡོད་ཀྱང་། གཙོ་བོར་རྫོགས་རིམ་གྱི་སྐབས་སུ་དེ་གསུམ་དང་རྣམ་པ་ཤིན་ཏུ་མཐུན་པའི་ལམ་སྒོམ་པར་བྱེད་པ་ཡིན་ལ། དེ་ཡང་གནད་དུ་བསྣུན་པའི་ཐབས་གཉིས་ལ་བརྟེན་ནས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཐིམ་པ་ལས་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་ཤིན་ཏུ་མཐུན་པའི་ལམ་དུས་ཀྱི་སྐུ་གསུམ་ལས་འབྲས་དུས་ཀྱིི་སྐུ་གསུམ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། དེའི་ཚུལ་འཆི་བའི་ཚེ་རླུང་གཞན་རྣམས་སྲོག་འཛིན་ཕྲ་བ་ལ་ཐིམ་ནས་འཆི་ཞིང་། འཆི་བ་འོད་གསལ་ལས་ལས་ཀྱི་རླུང་ཤར་ཏེ་དེ་དང་རྣམ་ཤེས་གཉིས་ལྷན་ཅིག་འཁོར་བར་སྐྱེ་བ་ཡིན་ཏེ། ལས་ཀྱི་རླུང་དེ་ལས་ཆགས་སོགས་ཀྱི་ཉོན་མོངས་རྣམས་སྐྱེ་ལ། དེས་ལས་དཀར་ནག་གཉིས་བསགས་ནས་ཡང་སྐྱེ་ཞིང་ཡང་འཆི་བ་སོགས་འཁོར་ལོ་བསྐོར་བ་བཞིན་འཁོར་བར་འཇུག་ཅིང་། དེའི་གཉེན་པོར་རིམ་ལྔ་བསྒོམས་པས་འཁོར་བ་ལས་ལྡོག་པར་འགྱུར་བའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེག་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །སྔོན་བཞིན་རྡོ་རྗེ་བཟླས་པ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། གནད་དུ་བསྣུན་པ་ནི་གོང་དུ་བཤད་བའི་རྩ་འཁོར་དེ་རྣམས་ཀྱི་དབུས་དང་། ཁྱད་པར་དུ་དྷཱུ་ཏཱིའི་ཡར་སྣ་མར་སྣ་གཉིས་དང་ལྟེ་བ་དང་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཡིན་ལ། དེ་ཡང་རྒྱུད་ཐ་དད་ནས་བཤད་པའི་རྗེས་སུ་འབྲང་སྟེ་གྲུབ་ཆེན་གྱི་བཞེད་ཚུལ་ཅུང་ཟད་མི་འདྲ་བ་ཡོད་དེ། དུས་འཁོར་ལ་ནི་དྷཱུ་ཏཱིའི་ཡར་སྣེར་སོར་སྡུད་དང་ལྟེེ་བར་བུམ་པ་ཅན་བསྒོམས་པ་ལ་བརྟེན་ནས་རླུང་དབུ་མའི་ནང་དུ་འཇུག་པར་བྱེད། ཌམྦྷི་བ་སོགས་ཀྱིས་ནི་ལྟེ་བར་གཏུམ་མོ་བསྒོམས་ནས་འཇུག དྲིལ་བུ་པས་ནི་སྙིང་ག་དང་དྷཱུ་ཏཱིའི་ཡར་སྣ་མར་སྣ་གསུམ་ལ་དམིགས་ནས་འཇུག །ལཱུ་ཧི་པས་ནི་གཙོ་བོར་ལྟེ་བའི་ཧཱུཾ་ཡིག་ལ་དམིགས་ནས་འཇུག གསང་འདུས་ཡེ་ཤེས་ཞབས་ལུགས་པ་ནི། དང་པོ་སྙིང་ཁ། དེ་ནས་དྷཱུ་ཏཱིའི་མར་སྣ། སླར་ཡང་སྙིང་གར་གནད་དུ་བསྣུན་ནས་འཇུག །འདུས་པ་འཕགས་ལུགས་པའི་སྐབས་འདིར་དང་པོར་དྷཱུ་ཏཱིའི་མར་སྣ། དེ་ནས་སྙིང་ཁར་གནད་དུ་བསྣུན་པ་ལ་བརྟེན་ནས་དབུ་མའི་ནང་དུ་འཇུག་པར་བྱེད་པའི་ཕྱིར། དེ་ཐམས་ཅད་ཀྱིས་ཀྱང་རླུང་དབུ་མར་བཅུག་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལ་ཁྱད་པར་མེད་དེ། དེ་ལྟར་བསྒོམས་པས་ལྟེ་གསང་གི་གཏུམ་མོ་སྤར་ཏེ་སྤྱི་བོ་ནས་བྱང་སེམས་ཞུ་ནས་དགའ་བཞི་འདྲེན་ནུས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ལུགས་དེ་ཐམས་ཅད་ཅིག་ཅར་དུ་བྱེད་དགོས་པ་མིན་ཡང་། རྒྱུད་དང་གྲུབ་ཆེན་སོ་སོའི་བཞེད་པ་མི་འདྲ་བ་རྣམས་ཀྱི་ཁྱད་པར་ཤེས་ན་ནི་གནད་ཆེ་བ་ཡིན་ནོ།། གཉིས་པ་དབྱེ་བ་བཤད་པ་ལ་གཉིས། དངོས་དང་། སྦྱོར་དྲུག་རིམ་ལྔར་སྡུད་ཚུལ་ལོ། །དང་པོ་ལ་ཇི་ལྟར་གསུངས་ཚུལ་ཡོད་དེ། རྩ་རྒྱུད་ལེའུ་དྲུག་པའི་སྔགས་ལ་ངེས་རྟོགས་ལུས་ཀྱི་ནི། ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ནས་སྤྱོད་བསྡུས་ལས། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པ་དང་དྲུག་ཏུ་མཛད། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་རྡོ་རྗེ་བཟླས་པ་རབ་སྦྱོར་བས། ཞེས་སོགས་ཀྱི་རྡོ་རྗེས་སུ་འབྲང་ནས་འཕགས་པའི་རིམ་ལྔ་དང་ཀླུ་བྱང་གི་རྣམ་གཞག་གཉིས་ལས་རྡོར་བཟླས་སམ་ངག་དབེན་དང་པོར་བྱས་པའི་རིམ་པ་ལྔ་བཤད། ཟླ་བས་ལེའུ་དྲུག་པའི་འགྲེལ་པར་རིམ་པ་དྲུག་ཏུ་བཤད་ཅིང་། ལེའུ་དང་པོའི་འགྲེལ་པར་བསྐྱེད་རིམ་དང་པོར་བྱས་པའི་རིམ་པ་ལྔར་བཤད། རྡོ་རྗེའི་འཕྲེང་བའི་གླིང་གཞིར་ལུས་དབེན་དང་ངག་དབེན་གཉིས་སེམས་དབེན་གྱི་སྔོན་འགྲོར་བྱས་ནས་རིམ་པ་བཞིར་ཡང་བཤད་ཅིང་། དེ་ལྟར་བཤད་ཚུལ་ཐ་དད་པ་དེ་དག་གི་དགོངས་པ་ནི་མི་འགལ་ཏེ། དབྱེ་བསྡུ་མཛད་པ་ཙམ་ཡིན་པའི་ཕྱིར་རོ།། གཉིས་པ་ནི། སྨོན་ལམ་ལས། སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང་། །འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ལྔ། །ཞེས་གསུངས་པ་ལྟར་ཡིན་ལ། སྤྱིར་སྦྱོར་དྲུག་ལ་དུས་འཁོར་ནས་བཤད་པའི་སྦྱོར་བ་ཡན་ལག་དྲུག་སོགས་དུ་མ་ཡོད་ཀྱང་འདིར་རྒྱུད་ཕྱི་མ་ལས་གསུངས་པའི་སྦྱོར་དྲུག་རིམ་ལྔར་སྡུད་ཚུལ་སྟོན་པས། དེའི་ཚུལ་ཡོད་དེ། ལུས་དབེན་རྗེས་ཐོབ་ཏུ་གང་སྣང་བདེ་སྟོང་གི་རྣམ་རོལ་ཏུ་བལྟ་བ་ལ་སོར་སྡུད་དང་། དེའི་གཟུང་རྣམ་ལྷར་ཤར་བ་ལ་དམིགས་པ་བསམ་གཏན་དུ་བཤད་པས། དེ་གཉིས་ལུས་དབེན་གྱི་ནང་དུ་འདུས། སྲོག་རྩོལ་གྱི་གཙོ་བོ་རྡོར་བཟླས་ངག་དབེན་གྱིས་བསྡུས། འཛིན་པ་ནི་དོན་གྱི་འོད་གསལ་དུ་འདུ། རྗེས་དྲན་གྱི་དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་བྱུང་བའི་ཉེར་ཐོབ་ནས་སྨིན་རྒྱུའི་བར་ལ་བཤད་ཅིང་། ཏིང་ངེ་འཛིན་ནི་དག་པའི་སྒྱུ་ལུས་ལ་བཤད་པས་དེ་གཉིས་ཟུང་འཇུག་གིས་བསྡུས། སེམས་དབེན་དང་རིམ་པ་གསུམ་པའི་སྒྱུ་ལུས་ནི་སྦྱོར་དྲུག་གི་ཚིག་ཟིན་ལ་མེད་ཀྱང་། དོན་གྱི་འོད་གསལ་གྱི་སྔོན་འགྲོའི་སྣང་བ་གསུམ་དང་སེམས་དབེན་གནད་མཚུངས་ཤིང་། དག་པའི་སྒྱུ་མའི་སྐུ་དང་རིམ་པ་གསུམ་པའི་སྒྱུ་ལུས་གཉིས་ཀྱང་མཚན་ཉིད་མཚུངས་པའི་ཚུལ་གྱིས་བསྡུས་པའི་ཕྱིར་རོ། །སྤྱིར་རིགས་ལྔ་དང་སྐུ་གསུམ་ལ་སྒྲས་བརྗོད་རུང་གི་སྒོ་ནས་དབྱེ་ན་དུ་མ་ཡོད་དེ། གཞི་དང་ལམ་གྱི་རིམ་ལྔ་གཉིས་དང། གཞི་ལམ་འབྲས་གསུམ་གྱི་སྐུ་གསུམ་གྱི་རྣམ་གཞག་ཀྱང་མཛད་པའི་ཕྱིར། འོ་ན། དེའི་ཚུལ་ཇི་ལྟར་ཡིན་ཞེ་ན། ཡོད་དེ། སྐྱེས་ནས་མ་ཤིའི་བར་དུ་རླུང་འབྱུང་འཇུག་བྱེད་པ་ནི་གཞིའི་རྡོར་བཟླས། འཆི་བ་འོད་གསལ་དུ་འཇུག་པའི་སྣང་མཆེད་ཐོབ་གསུམ་ནི་གཞིའི་སེམས་དབེན། འཆི་བ་འོད་གསལ་ནི་གཞིའི་འོད་གསལ། བར་དོའི་ལུས་ནི་གཞིའི་སྒྱུ་མའི་སྐུ་གཉིས་ཀྱི་རིམ་པ་དང་། འཆི་བ་འོད་གསལ་ནི་གཞིའི་ཆོས་སྐུ། བར་དོ་ནི་ལོངས་སྐུ། སྐྱེ་བ་ནི་སྦྲུལ་སྐུ་དང་། ཡང་། ཞག་གཅིག་གི་དབང་དུ་བྱས་ན་སད་དུས་ཀྱི་དབུགས་འབྱུང་འཇུག་ནི་ཞག་གཅིག་གི་རྡོར་བཟླས་ཀྱི་རིམ་པ། གཉིད་ལ་ཕྱོགས་པའི་སྣང་བ་གསུམ་ནི་དེའི་སེམས་དམིགས། གཉིད་ཀྱི་འོད་གསལ་ནི་དེའི་འོད་གསལ། རྨི་ལམ་གྱི་ལུས་ཁྱད་པར་ཅན་ནི་དེའི་སྒྱུ་ལུས། ལུས་ཁྱད་པར་ཅན་ཕུང་པོ་རྙིང་པ་ལ་ཞུགས་པ་ནི་ཞག་གཅིག་གི་སྤྲུལ་སྐུ་དང་། གཉིད་ཀྱི་འོད་གསལ་ནི་ཞག་གཅིག་གི་ཆོས་སྐུ། རྨི་ལམ་གྱི་ལུས་ཁྱད་པར་ཅན་ནི་དེའི་ལོངས་སྐུ། ལུས་དེ་ཕུང་པོ་རྙིང་པ་ལ་ཞུགས་ནས་སད་པ་ནི་དེའི་སྤྲུལ་སྐུར་འཇོག་པ་ཡིན་པའི་ཕྱིར་རོ། །གསུམ་པ་གྲངས་ངེས་ཚུལ་ནི། འདིར་རྫོགས་རིམ་གྱི་ལམ་ལ་རིམ་པ་ལྔར་གྲངས་ངེས་པ་ཡིན་ཏེ། མཐར་ཐུག་གི་འབྲས་བུ་བསྒྲུབ་པ་ལ་ལྟོས་ནས་ལྔ་པོ་དེ་དགོས་ཤིང་། དེ་ལས་མང་མི་དགོས་ལ། ཉུང་ན་མི་ནུས་པའི་ཕྱིར་རོ། །བཞི་པ་གོ་རིམ་ངེས་ཚུལ་ནི། གོ་རིམ་འཆད་པ་ལྟར་ངེས་པ་ཡིན་ཏེ། སྔ་མ་སྔ་མ་སྔོན་སུ་མ་སོང་ན་ཕྱི་མ་ཕྱི་མ་རྣམས་མི་འབྱུང་ཞིང་སོང་ན་འབྱུང་བའི་རྗེས་སུ་འགྲོ་ལྡོག་གྲུབ་པའི་ཕྱིར། དེ་ཡང་མི་སློབ་པའི་ཟུང་འཇུག་གི་སྔོན་དུ་སློབ་པའི་ཟུང་འཇུག་འགྲོ་དགོས་ཏེ། དེ་ཐོབ་པ་ལ་སྔོན་དུ་རིགས་འདྲའི་རྒྱུ་ཐབས་ཤེས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་གཞན་འགྲོ་དགོས་པའི་ཕྱིར། སློབ་པའི་ཟུང་འཇུག་གི་སྔོན་དུ་དོན་གྱི་འོད་གསལ་འགྲོ་དགོས་ཤིང་། དེའི་སྔོན་དུ་རིམ་པ་གསུམ་པའི་སྒྱུ་ལུས་འགྲོ་དགོས་ཏེ། ཟུང་འཇུག་ནི་རིགས་འདྲའི་རྒྱུ་དེ་འདྲ་བ་ལས་གྲུབ་པའི་སྐུ་ཅན་ཡིན་པའི་ཕྱིར་དང་། དེ་འདྲ་བའི་སྒྱུ་ལུས་དེ་བར་དོ་དང་རྣམ་པ་ཤིན་ཏུ་མཐུན་ཞིང་དེའི་སྔོན་དུ་འཆི་བ་དང་རྣམ་པ་ཤིན་ཏུ་མཐུན་པའི་སེམས་དབེན་གྱི་རྟོགས་པ་ཐོབ་དགོས། དེའི་སྔོན་དུ་ངག་དབེན་གྱིས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་དགོས། དེའི་སྔོན་དུ་དྷཱུ་ཏཱིའི་མར་སྣ་ལྟ་བུ་ལ་གནད་དུ་བསྣུན་པའི་སྒོ་ནས་བདེ་ཆེན་ལྷར་ཤར་བའི་ལུས་དབེན་ཁྱད་པར་ཅན་ཐོབ་དགོས་པའི་ཕྱིར། དེ་དག་གི་ཁྱད་པར་འོག་ཏུ་འཆད་པར་འགྱུར་རོ། །ལྔ་པ་ཕྱེ་བ་སོ་སོའི་དོན་བཤད་པ་ལ་གཉིས། དབེན་པ་གསུམ་གྱི་རྫོགས་རིམ་དང་། བདེན་པ་གཉིས་ཀྱི་རྫོགས་རིམ་མོ། །དང་པོ་ལ་གསུམ། ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་ཚུལ་ལོ། །དང་པོ་ལ་དྲུག ལུས་དབེན་རིམ་གཉིས་གང་ཡིན། བསྐྱེད་རིམ་དང་ལུས་དབེན་ཁྱད་པར་ཅན་གྱི་གོ་རིམ། ལུས་དབེན་གྱི་ངོས་འཛིན། དེའི་རབ་དབྱེ། དེ་སོར་བསམ་གྱི་ཡན་ལག་ཏུ་འགྱུར་ཚུལ། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། སྔ་མ་ཁ་ཅིག་ལུས་དབེན་རིལ་པོ་བསྐྱེད་རིམ་ཁོ་ན་དང་། ཡང་རྫོགས་རིམ་ཁོ་ནར་འདོད་པ་སོགས་ཡོད་ཀྱང་། རང་ལུགས་ནི་ལུས་དབེན་ལ་བསྐྱེད་རྫོགས་གཉིས་ཀའི་ཆ་ཡོད་དེ། ལུས་དབེན་ལ་སྤྱིར་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་མ་ཤར་གཉིས་ཡོད་པའི་དང་པོ་ལ་ཞུ་བ་དེས་སྟོང་ཉིད་རྟོགས་མ་རྟོགས་གཉིས། རྟོགས་པ་ལའང་རླུང་དབུ་མའི་ནང་དུ་ཐིམ་མ་ཐིམ་གཉིས་ཡོད་པ་ལས། སྤྱིར་སྟོང་ཉིད་རྟོགས་པ་དང་། ཞུ་བདེ་ཙམ་གྱིས་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་བ་ནི་བསྐྱེད་རིམ་ལའང་ཡོད་ཅིང་། དེ་ཡང་ལྷག་མོས་ལུས་ལ་བསྡུ་བ་དང་། ལུས་དཀྱིལ་དང་། ཉེར་བསྡུད་དང་། ཡུལ་སྣང་རྡོ་རྗེ་འཆང་དུ་བསྒོམ་པའི་སྐབས་སུ་ཡོད་ལ། རླུང་དབུ་མར་ཐིམ་པའི་སྒོ་ནས་ཞུ་བདེས་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་བའི་ཚུལ་གྱིས་ཕུང་སོགས་ལྷར་བསྒོམ་པའི་ལུས་དབེན་ནི་རྫོགས་རིམ་གྱི་ལུས་དབེན་དུ་འཇོག་པའི་ཕྱིར། དེའི་ཚུལ་ཡང་། ཚོན་རྩི་གཅིག་ཉིད་རི་མོ་མཁན་གྱི་དབང་གིས་རི་མོ་སྣ་ཚོགས་སུ་སྣང་བ་དང་། གར་མཁན་གཅིག་ཉིད་འབག་ཆས་ཀྱི་དབང་གིས་གཟུགས་སྣ་ཚོགས་སུ་འགྱུར་བ་ལྟར། བདེ་ཆེན་གྱི་གཟུང་རྣམ་གཅིག་ཉིད་རིགས་ལྔ་ལ་སོགས་པའི་ལྷའི་སྐུ་སྣ་ཚོགས་སུ་སྣང་བར་འགྱུར་ཏེ། ཇི་སྐད་དུ། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུ་དེ་ཉིད་འབྲས་དུས་སུ་དངོས་གནས་སུ་ཡོད་ལ། ལམ་དུས་སུ་ནི་བསྒོམས་སྟོབས་ཀྱིས་འབྱུང་ངོ་། །གཉིས་པ་བསྐྱེད་རིམ་དང་ལུས་དབེན་ཁྱད་པར་ཅན་གྱི་གོ་རིམ་ངེས་ཏེ། བསྐྱེད་རིམ་གྱི་སྐབས་སུ་ལུས་དབེན་ཡོད་ཀྱང་ཕལ་པའི་ཚུལ་གྱིས་འབྱུང་ལ། རླུང་དབུ་མར་ཐིམ་པ་ལས་བྱུང་བའི་ལུས་དབེན་ནི་རྫོགས་རིམ་ནས་འབྱུང་བ་ཡིན་པའི་ཕྱིར་ཏེ། སྤྱིར་བསྐྱེད་རིམ་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་ཡིན་ཞིང་། བྱེ་བྲག་ཏུ་བསྐྱེད་རིམ་པའི་འོག་སྒོར་ཕྲ་ཐིག་བསྒོམས་པ་ནི་རྫོགས་རིམ་གྱི་ཕྲ་མོའི་རྣལ་འབྱོར་གྱི་རྒྱུད་སྨིན་བྱེད་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། བསྐྱེད་རིམ་གྱི་སྐབས་སུ་དྷཱུ་ཏཱིའི་མར་སྣར་ཐིག་ལེ་སྔོན་པོ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་ཆེན་གྱི་ཡེ་ཤེས་ནས་སྐྱེས་པའི་ཚེ། ལུས་དབེན་རྫོགས་རིམ་དུ་འཕོས་པར་འཇོག་པའི་ཕྱིར་རོ། །གསུམ་པ་ལུས་དབེན་ངོས་འཛིན་ལ། སྔ་མ་ཁ་ཅིག རང་གི་ལུས་རགས་པ་ཉེར་ལྔའི་ངོ་བོར་ལྟ་བ་དེ་གཟུགས་ཀྱི་ལུས་དབེན་དང་། ལུས་མི་གཙང་བའི་རྫས་སོ་དྲུག་གི་ངོ་བོར་ལྟ་བ་དེ་རང་བཞིན་གྱི་ལུས་དབེན། ལུས་སེམས་ཙམ་གྱི་བདག་ཉིད་དུ་ལྟ་བ་དེ་རྣམ་ཤེས་ཀྱི་ལུས་དབེན། ལུས་ལྷར་བསྒོམས་པ་དེ་ཏིང་ངེ་འཛིན་གྱི་ལུས་དབེན་དུ་འདོད་ཀྱང་དང་པོ་གསུམ་མི་འཐད་ཅིང་། ཕྱི་མའི་དབང་དུ་བྱས་ན། དབེན་གཞི་དང་། དབེན་བྱེད་དང་། དབེན་ཚུལ་གསུམ་ལས་དང་པོ་ནི། རྣམ་སྨིན་གྱི་འབྱུང་ལུས་རགས་པ་སྤྱི་དང་། བྱེ་བྲག་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ་། ཡུལ་ལྔ། གཞིའི་ཡེ་ཤེས་ལྔ་སྟེ་ཉེར་ལྔ་པོ་དེ་ཡིན། དེ་རྣམས་ཅིའི་ཕྱིར་ལུས་ཞེས་བརྗོད་ཅེ་ན་ཡོད་དེ། ལུས་ཀྱི་སྐད་དོད་ཀཱ་ཡ་ཞེས་པ་ནི་ཚོགས་པ་དང་སྤུངས་པ་ལ་འཇུག་པས། ཤ་རུས་གདོས་བཅས་ཀྱི་ཕུང་པོ་ནི་ཤའི་ཁམ་ཚད་བསགས་པའམ་སྤུངས་པ་དང་། རགས་པ་ཉེར་ལྔའི་གཟུགས་ཅན་རྣམས་ཚོགས་པའམ་སྤུངས་པ་དང་། སེམས་སེམས་བྱུང་རྣམས་སྐད་ཅིག་སྔ་ཕྱིའི་ཚོགས་རྒྱུན་དུ་མ་དང་ལྡན་པས་ན་ལུས་ཞེས་བརྗོད་པ་ཡིན་པའི་ཕྱིར། དབེན་བྱེད་ནི་ལྷར་མོས་པ་ཡིན་ལ། ཇི་ལྟར་དབེན་པ་ནི། ཐ་མལ་གྱི་སྣང་ཞེན་བཀག་པའི་ཚུལ་གྱིས་ཡིན་ནོ། །བཞི་པ་ལ་བཞི། དམ་པ་རིགས་བརྒྱའི་ལུས་དབེན། དེ་ཉིད་རིགས་ལྔའི་ལུས་དབེན། གསང་བ་རིགས་གསུམ་གྱི་ལུས་དབེན། གསང་ཆེན་རིགས་གཅིག་གི་ལུས་དབེན་ནོ། །དང་པོ་ལ་བཞི་ལས། དང་པོ་ནི། རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་སྒྲགས། །ཞེས་གསུངས་པ་ལྟར་གཟུགས་སོགས་ཀྱི་ཕུང་པོ་ལྔ་པོ་རེ་རེ་ལའང་ཆ་ཤས་ལྔ་ལྔར་ཕྱེ་ནས། རིགས་ལྔ་རེ་རེ་ལའང་ལྔ་ལྔར་ཕྱེ་བའི་ཚུལ་གྱིས་སྒོམ་པར་བྱེད་པ་ནི་ཕུང་པོ་ལྔ་རིགས་སྔར་སྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཡང་དབྱིབས་ཀྱི་གཟུགས་དང་རྣམ་པའི་གཟུགས་དང་ཁ་དོག་གི་གཟུགས་དང་སྣང་བའི་གཟུགས་དང་རིག་བྱེད་མ་ཡིན་པའི་གཟུགས་ལྔ་ནི་རྣམ་སྣང་གི་རྣམ་སྣང་ནས་རྣམ་སྣང་གི་མི་བསྐྱོད་པའི་བར་དུ་སྒོམ་པར་བྱེད་པ་ཡིན་ལ། དེ་བཞིན་དུ་བཏང་སྙོམས་ཀྱི་ཚོར་བ། བདེ་བ། སྡུག་བསྔལ། པད་རླུང་ལས་བྱུང་བ། འདུས་མཁྲིས་ལས་བྱུང་བའི་ཚོར་བ་ལྔ་ནི་རིན་འབྱུང་གི་རྣམ་སྣང་སོགས་ལྔ་དང་། མི་གཡོ་བའི་འདུ་ཤེས་དང་རྐང་བཞི་རྐང་མེད་རྐང་མང་རྐང་གཉིས་ཀྱི་འདུ་ཤེས་ལྔ་ནི་འོད་དཔག་མེད་ཀྱི་རྣམ་སྣང་སོགས་ལྔ་དང་། ལུས་ཀྱི་འདུ་བྱེད་ཁམས་གསུམ་དག་ཐར་པ་ཡིད་ཀྱི་འདུ་བྱེད་ལྔ་ནི་དོན་གྲུབ་ཀྱི་རྣམ་སྣང་སོགས་ལྔ་དང་། མིག་གི་རྣམ་ཤེས་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་ཤེས་ལྔ་ནི་རིམ་པ་བཞིན་དུ་མི་བསྐྱོད་པའི་རྣམ་སྣང་ནས་མི་བསྐྱོད་པའི་མི་བསྐྱོད་པའི་བར་དུ་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི་རྒྱུད་ལས། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཞེས་སོགས་གསུངས་པ་ལྟར་ས་ལ་སོགས་པའི་ཁམས་བཞི་ཡུམ་བཞིར་སྒོམ་པར་བྱེད་པ་ནི་ཁམས་ཀྱི་ལུས་དབེན་ཡིན་ཏེ། ས་ཁམས་ལ་ཕྱི་ནང་གཉིས་ལས། ནང་ལ་སྐྲ་རུས་པ་སོགས་དང་། ཕྱི་ལ་རི་རབ་གླིང་བཞི་སྟེ་ཕྱི་ནང་ཚན་པ་ལྔ་ནི་རིམ་པ་བཞིན་དུ་སྤྱན་མའི་རྣམ་སྣང་སོགས་དང་། ཆུ་ལ་ཕྱི་ནང་གཉིས་ལས་ནང་ལ་བད་ཀན་མཆི་མ་སོགས་ལྔ་དང་། ཕྱི་ལ་འབབ་ཆུ་སོགས་ལྔ་ནི་མ་མཱ་ཀིའི་རྣམ་སྣང་སོགས་དང་། མེ་ལ་གཉིས་ལས་ནང་ལ་མགོ་བོའི་དྲོད་སོགས་ལྔ་དང་། ཕྱི་ལ་རྡོ་ལས་བྱུང་བའི་མེ་སོགས་ལྔ་ནི་གོས་དཀར་མོའི་རྣམ་སྣང་སོགས་དང་། རླུང་ལ་གཉིས་ལས་ནང་ལ་ཁྱབ་བྱེད་ལོགས་ལྔ་དང་། ཕྱི་ལ་སྟེང་རླུང་སོགས་ལྔ་ནི་སྒྲོལ་མའི་རྣམ་སྣང་སོགས་སྔར་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། གསུམ་པ་ནི་རྒྱུད་ལས། རྡོ་རྗེའི་སྐྱེ་མཆེད་བདག་ཉིད་ཀྱང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པ་ལྟར་དབང་པོ་དྲུག་སེམས་དཔའ་དྲུག་ཏུ་སྒོམ་པ་ནི་དབང་པོའི་ལུས་དབེན་ཡིན་ཏེ། དེ་ཡང་མིག་གིས་གཟུགས་གསུམ་འཛིན་པ་སོགས་ལྔ་ནི་ས་སྙིང་གི་རྣམ་སྣང་སོགས་དང་། རྣ་བའི་རང་བཞིན་སོགས་ལྔ་ནི་ཕྱག་རྡོར་གྱི་རྣམ་སྣང་སོགས་དང་། སྣའི་རང་བཞིན་སོགས་ལྔ་ནི་ནམ་སྙིང་གི་རྣམ་སྣང་སོགས་དང་། ལྕེའི་རང་བཞིན་སོགས་ལྔ་ནི་འཇིག་རྟེན་དབང་ཕྱུག་གི་རྣམ་སྣང་སོགས་དང་། ལུས་ཀྱི་དབང་པོ་སོགས་ལྔ་ནི་སྒྲིབ་སེལ་གྱི་རྣམ་སྣང་སོགས་ལྔར་སྒོམ་པ་ཡིན་ལ། གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ལྔ་ནི་འཇམ་དཔལ་གྱི་རྣམ་སྣང་ནས་དེའི་མི་བསྐྱོད་པའི་བར་དུ་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། བཞི་པ་ནི་རྒྱུད་ལས། གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པ་ལྟར་གཟུགས་སོགས་ལུས་ལྔ་རྡོ་རྗེ་མ་ལྔར་སྒོམ་པར་བྱེད་པ་ནི་ཡུལ་གྱི་ལུས་དབེན་ཡིན་ཏེ། དེ་ཡང་གཟུགས་སྤྱིི་ཙམ་པ་སོགས་ལྔ་ནི་གཟུགས་རྡོ་རྗེ་མའི་རྣམ་སྣང་སོགས་དང་། རྣ་བའི་ནང་གི་སྒྲ་སོགས་ལྔ་ནི་སྒྲ་རྡོ་རྗེ་མའི་རྣམ་སྣང་སོགས་དང་། དྲི་སྤྱི་ཙམ་པ་སོགས་ལྔ་ནི་དྲི་རྡོ་རྗེ་མའི་རྣམ་སྣང་སོགས་དང་། མངར་བའི་རོ་སོགས་ལྔ་ནི་རོ་རྡོ་རྗེ་མའི་རྣམ་སྣང་སོགས་ལྔ་དང་། ཕྱག་རྒྱ་དང་ལྷན་ཅིག་པའི་རེག་བྱ་སོགས་ལྔ་ནི་རེག་བྱ་རྡོ་རྗེ་མའི་རྣམ་སྣང་སོགས་ལྔར་སྒོམ་པར་བྱེད་དགོས་པ་ཡིན་པའི་ཕྱིར། རིགས་བརྒྱའི་ལྷ་རྣམས་ཀྱི་རྣམ་སྣང་གི་རྣམ་སྣང་དཀར་པོ་དང་དེའི་རིན་འབྱུང་སེར་པོ་ཡིན་པ་སོགས་སྐུ་མདོག་མི་འགྱུར་ཞིང་། ཕྱག་མཚན་ནི་རྣམ་སྣང་གི་རིགས་ལྔ་ཐམས་ཅད་གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་ཡིན་ལ། དེས་གཞན་ལའང་གོ་ནུས་སོ། །འདིར་རིགས་བརྒྱ་བཤད་པ་ནི་རྒྱུད་ཀྱི་དངོས་ཟིན་གྱི་དབང་དུ་བྱས་པ་ཡིན་གྱི། སྤྱིར་ཁྲོ་བོ་རྣམས་དང་བྱམས་པ་ཀུན་བཟང་ལའང་ལྔ་ལྔར་དབྱེར་རུང་བ་ཡིན་ཏེ། ལྷ་གཞན་ལ་རིགས་ལྔ་ལྔར་དབྱེར་རུང་ལ། དེ་བཅུ་གཉིས་ལ་ལྔ་ལྔར་འབྱེད་མི་རུང་བའི་ཁྱད་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་རིགས་བརྒྱ་པོ་དེ་བསྡུ་ན་རིགས་ལྔར་འདུ་བ་ཡིན་ཏེ། རྣམ་སྣང་ཉི་ཤུ་པོ་རྣམ་སྣང་གཅིག་ཏུ་སྡུད་པ་ནས་མི་བསྐྱོད་པ་ཉི་ཤུ་པོ་མི་བསྐྱོད་པ་གཅིག་ཏུ་བསྡུས་ཏེ་སྒོམ་པར་བྱེད་བའི་ཕྱིར་རོ། །གསུམ་པ་ནི་ལྔ་པོ་དེ་ཡང་རིགས་གསུམ་དུ་འདུ་བ་ཡིན་ཏེ། རིན་འབྱུང་སྐུ་རྡོ་རྗེ་རྣམ་སྣང་། དོན་གྲུབ་གསུང་རྡོ་རྗེ་འོད་དཔག་མེད། རྡོ་རྗེ་འཆང་ཐུགས་རྡོ་རྗེ་མི་བསྐྱོད་པར་བསྡུས་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ་རྣམས་དབེན་གཞི་ལུས་ངག་ཡིད་གསུམ་རྣམ་པར་དག་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འདུ་བའི་ཕྱིར་རོ། །བཞི་པ་ཡོད་དེ། རིགས་གསུམ་པོ་དེ་ཡང་རྡོ་རྗེ་འཆང་གཅིག་ཏུ་བསྡུས་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །མདོར་ན་སྔར་ཇི་སྐད་བཤད་པ་དེ་རྣམས་ནི་རིགས་བརྒྱ་དང་ལྔ་དང་གསུམ་དང་གཅིག་གི་ལུས་དབེན་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ཉིད་རྣམ་པ་ལྔ་རུ་བཤད། །གསལ་བ་རྣམ་པ་གསུམ་དུ་བཤད། །ལྷག་པའི་ལྷ་ནི་གསང་ཆེན་ཏེ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་ནི། ལུས་དབེན་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་མིག་སོགས་དབང་པོ་ལྔ་གཟུགས་སོགས་ཡུལ་ལྔ་ལ་འཇུག་པའི་ཚེ། ཡུལ་རྣམས་བདེ་སྟོང་གི་རྣམ་རོལ་དུ་ལྟ་ཞིང་ཡང་ཡང་ལོངས་སྤྱོད་པ་ནི་སོར་སྡུད་ཡིན་ཏེ། རྒྱུད་ཕྱི་མ་ལས། དབང་པོ་བཅུ་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། དབང་པོ་བཅུ་པོ་ཞེས་གསུངས་པ་ནི་དབང་པོ་ལྔ་དང་དེའི་ཡུལ་ལྔ་ལ་ཡང་དབང་པོའི་སྒྲས་བརྗོད་པ་ཡིན་ལ། འདོད་པ་ནི་འདིར་འདོད་བྱ་ཡུལ་ལྔ་དང་། སོ་སོར་ནི་ཡང་ཡང་གི་དོན་ཡིན་གྱི། ཐ་དད་པའི་སོ་སོ་བའི་དོན་མིན་ནོ། །སོར་སྡུད་ལ་བརྟེན་ནས་ཡུལ་ལྔ་ལྷར་སྒོམ་པའི་རྣལ་འབྱོར་ནི་བསམ་གཏན་ཡིན་ཏེ། རྒྱུད་ཕྱི་མ་ལས། འདོད་པ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་རུ་སྦྱོང་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། བསམ་གཏན་དེ་ལ་ནི་ཡན་ལག་ལྔ་ཡོད་དེ། དེའི་ཚེ་ལྷའི་ངོ་བོ་ལ་རྟོག་པ་ནི་རྟོག་པའི་ཡན་ལག་དང་། ཞིབ་ཏུ་དཔྱོད་པ་ནི་སྤྱོད་པའི་ཡན་ལག རྟོག་དཔྱོད་གཉིས་ཀྱིས་དྲངས་པའི་སྟོང་ཉིད་རྟོགས་པའི་བདེ་ཆེན་གྱི་ཡིད་བདེ་ནི་དགའ་བའི་ཡན་ལག དེ་དང་མཚུངས་ལྡན་གྱི་ཤིན་སྤྱངས་ཀྱི་བདེ་བ་ནི་བདེ་བའི་ཡན་ལག དགའ་བདེ་དེ་གཉིས་དང་འབྲེལ་བའི་སྟོང་པ་གསུམ་དང་། ཐམས་ཅད་སྟོང་པ་འོད་གསལ་ནི་སེམས་རྩེ་གཅིག་པའི་ཡན་ལག་ཡིན་ཏེ། རྒྱུད་ཕྱི་མ་ལས། གསང་བ་གསུམ་བྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །དགའ་ལ་རེག་པ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་ཞི། །ཐམས་ཅད་ནམ་མཁའ་ལ་རབ་གནས། །ཞེས་གསུངས་པའི་ཕྱིར། ཤེས་པ་དང་ཤེས་བྱ་བྱུང་བ་ཟད་པའི་དོན་ཡོད་དེ། ཤེས་པ་ནི་མིག་གི་རྣམ་ཤེས་སོགས་ཡུལ་ཅན་རྣམས་དང་ཤེས་བྱ་གཟུགས་སོགས་ཡུལ་རྣམས་ཏེ། དེ་ཟད་པ་ནི་གཟུང་འཛིན་རྒྱངས་ཆད་དུ་སྣང་བ་བཀག་ནས་སྟོང་པའི་འོད་གསལ་བསྒོམ་པར་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དྲུག་པ་ཇི་ལྟར་ཉམས་སུ་ལེན་ཚུལ་བཤད་པ་ལ་གསུམ། འོག་སྒོར་ཕྲ་མོ་བསྒོམས་པས་རླུང་འདུ་ཚུལ། ཞུ་བདེ་སྐྱེ་ཚུལ། སྐྱེས་པའི་ཚེ་མཉམ་རྗེས་སུ་སྐྱོང་ཚུལ་ལོ། །དང་པོ་ནི། རྫོགས་རིམ་སྒོམ་པའི་རྣལ་འབྱོར་པ་དེས། ལུས་དང་དུས་དང་ཡུལ་དང་རླུང་གི་གནད་བཞི་ལྡན་གྱིས་བསྒོམ་པར་བྱ་སྟེ། ལུས་གནད་ནི་རྣམ་སྣང་གི་ཆོས་བདུན་ལྡན་དང་། དུས་ནི་སྤྱིར་རྒྱུན་དང་ཁྱད་པར་ཐོ་རངས་རིག་པ་དྭངས་པའི་དུས་དང་ཕྱི་དྲོ་མེའི་རླུང་དུས་དང་། རླུང་ནི་འབྱུང་འཇུག་རན་པར་བྱེད་པ་དང་། ཡུལ་ནི་སྤྱིར་དྷཱུ་ཏཱིའི་ནང་དང་སྐབས་འདིར་དེའི་མར་སྣེའི་ནོར་བུའི་ནང་དུ་ཐིག་ལེ་ཕྲ་མོ་ལ་དམིགས་རྟེན་བྱས་ནས་སེམས་ཞུགས་པ་བཞིན་དུ་དམིགས་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལེའུ་གསུམ་པ་ལས། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། །ཞེས་དང་། ལེའུ་དྲུག་པར་ཡང་། ཨུཏྤལ་མཐིང་གའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་གྱིས། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཞེས་པ་གཉིས་ཀྱིས་བསྟན་ཅིང་། །དེའི་དོན་རྗེས་འདུས་པའི་སྨོན་ལམ་ལས། ནོར་བུ་ཐིག་ལེ་ཕྲ་མོར་སེམས་བརྟན་པས། །ཉི་མས་ཟླ་བ་བཞུས་པའི་བདུད་རྩིའི་རྒྱུན། །ལུགས་འབྱུང་ལུགས་ལྡོག་རིམ་པས་དྲངས་པ་ཡི། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། །དེ་ལྟར་བསྒོམས་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་གང་དུ་སེམས་བཟུང་བ་དེར་རླུང་ཡང་རིམ་གྱིས་འདུས་ཏེ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་དེ་འབྱུང་ཞིང་། དེ་ལ་བརྟེན་ནས་འོད་གསལ་ཡང་འཆར་ལ། དེའི་རྟགས་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། རླུང་ཞུགས་པའི་རྟགས་ལ་སྣ་བུག་གཉིས་ནས་མཉམ་རྒྱུ་ཤེད་མཚུངས་སུ་འབྱུང་། གནས་པ་ན་སྣ་བུག་གི་རྒྱུ་པ་ཆད། ཐིམ་པ་ལ། ས་ཁམས་ཐིམ་པས་སྨིག་རྒྱུ་ལྟ་བུ། ཆུ་ཐིམ་པས་དུ་བ། མེ་ཐིམ་པས་མེ་འཁྱེར། རླུང་ཐིམ་པས་མར་མེ་ལྟ་བུའི་སྣང་བ་འཆར་བའི་ཕྱིར་ཏེ། ཞལ་ལུང་ལས། དེ་ནས་གསང་བའི་ཐིག་ལེ་ཆེ། །རབ་ཏུ་ཕྲ་བ་གོང་མ་བཞིན། །རང་སེམས་དལ་བུ་དལ་བུས་བཟུང་། །དངོས་པོ་མེད་པའི་གནས་སུ་འགྱུར། །དེ་ཡང་བཟུང་བ་གོམས་པ་ཡིས། །ཕྱིན་ཅི་ལོགས་ནི་རྣམ་པར་ལྡོག །སྨིག་རྒྱུ་ལྟ་བུར་སྣང་བ་ནི། །རྟག་ནི་དང་པོར་ཤེས་པར་བྱ། །ཞེས་སོགས་དང་། རྒྱུད་ཕྱི་མ་ལས་ཀྱང་། མཚན་མའི་ཁམས་ནི་རྣམ་པ་ལྔར་། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡི། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སྤྱིར་གཏུམ་མོ་སྦར་ནས་བྱང་སེམས་སྤྱི་བོ་ནས་ཞུ་བ་ལ་ནི་ལམ་བསྒོམ་མི་དགོས་ཏེ། དེ་ནི་ལམ་མི་སྒོམ་པ་ལའང་འབྱུང་བའི་ཕྱིར་རོ། །ལམ་བསྒོམས་ནས་གཏུམ་མོ་སྦར་ཏེ་བྱང་སེམས་བཞུས་པའི་དགོས་པ་ནི། བདེ་བ་འབྱུང་པ་ཙམ་གྱི་ཆེད་མིན་གྱི། ལྷན་སྐྱེས་ཀྱི་བདེ་ཆེན་བསྐྱེད་པའི་ཆེད་དུ་ཡིན་ལ། དེ་རྫོགས་པར་སྐྱེ་བ་ལ་ནི་བྱང་སེམས་ལྟེ་བ་མན་ཆད་དང་། ཁྱད་པར་དུ་ནོར་བུའི་རྩེར་སླེབས་པ་རེ་ཞིག་འཛིན་ནུས་པ་གཅིག་དགོས་ཏེ། དེ་མེད་ན་ལྷན་སྐྱེས་མཚན་ཉིད་ཚང་བ་མི་སྐྱེ་བའི་ཕྱིར། རླུང་ཐིམ་བའི་དབང་གིས་བྱང་སེམས་ཞུ་བ་ནི། ལྷན་སྐྱེས་མ་སྐྱེས་བར་དུ་ཕྱིར་མི་འཕོ་སྟེ། དེ་ཕྱིར་བསྐྱོད་པའི་རླུང་གི་འཇུག་པ་ཞི་ནས་སྐབས་དེར་མ་སྐྱེས་པའི་ཕྱིར་རོ། །བྱང་སེམས་སྤྱི་བོ་ནས་མགྲིན་པ། དེ་ནས་སྙིང་ག །དེ་ནས་ལྟེ་བ། དེ་ནས་གསང་གནས་རྣམས་སུ་སླེབས་པ་ན་རིམ་པ་བཞིན་དུ་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་སྐྱེས་ཀྱི་དགའ་བ་སྟེེ་ལུགས་འབྱུང་དང་། དེ་ལས་ལྡོག་པའི་ལུགས་ལྡོག་གི་དགའ་བཞི་སྐྱེ་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་དང་། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་གསུངས་པའི་ཕྱིར། །ཡར་མར་གྱི་དགའ་བ་རེ་རེ་ལ་བཞི་བཞིར་ཕྱེ་ནས་བཅུ་དྲུག་དང་། གསུམ་གསུམ་དུ་ཕྱེ་ནས་བཅུ་གཉིས་སུ་འགྱུར་པ་ཡིན་ཏེ། བྱང་སེམས་དཀར་པོ་འབབ་པའི་ལྡོག་ཆ་ནས་བཅུ་དྲུག་དང་། དམར་པོ་འབབ་པའི་ལྡོག་ཆ་ནས་བཅུ་གཉིས་སུ་འཇོག་པའི་ཕྱིར་ཏེ། ཕྱག་ཆེན་ཐིག་ལེ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐེག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ནའང་། །ཉི་མ་བཅུ་གཉིས་རྣམས་སུ་བཤད། །ཅེས་གསུངས་པའི་ཕྱིར། དེའི་ཚུལ་ཡོད་དེ། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་བཞིར་ཕྱེ་བའི་ཆ་མཉམ་དང་པོར་བྱང་སེམས་སླེབས་པ་ན་དགའ་བ། གཉིས་པར་མཆོག་དགའ། གསུམ་པར་ཁྱད་དགའ། བཞི་པར་ལྷན་སྐྱེས་ཀྱི་དགའ་བ་མྱོང་བ་ཡིན་ལ་དེ་བཞིན་དུ་གནས་གཞན་ལའང་རིགས་འགྲེ་བ་དང་། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་གསུམ་དུ་ཕྱེ་ནས་དང་པོར་དགའ་བ་ཆུང་ངུ་། བར་བར་འབྲིང་། གསུམ་པར་དགའ་བ་ཆེན་པོ་མྱོང་བར་འཇོག་ཅིང་དེས་གཞན་གསུམ་ལའང་སྦྱོར་བ་ཡིན་པའི་ཕྱིར། ལུགས་ལྡོག་གི་ཚེ་བྱང་སེམས་དམིགས་པས་གྱེན་དུ་ཟློག་དགོས་ཏེ། རྡོར་འཕྲེང་ལས། དེ་ཉིད་སྟེང་དུ་རྒྱུ་བ་ནི། །རྣལ་འབྱོར་བས་ནི་སྒྲུབ་པར་བྱེད། །ཅེས་གསུངས་པའི་ཕྱིར། ཡས་བབས་ཀྱི་དགའ་བ་ལས་མས་བརྟན་གྱི་དགའ་བ་ཁྱད་པར་དུ་འཕགས་པ་ཡིན་ཏེ། མས་བརྟན་གྱི་དགའ་བཞི་གང་རུང་ལ་ལྷན་སྐྱེས་ཀྱིས་ཁྱབ་པའི་ཕྱིར་ཏེ། ཡས་བབས་ཀྱི་འོད་གསལ་གྱི་མཉམ་གཞག་གི་རྒྱུན་ལས་མ་ལངས་པར་མས་བརྟན་གྱི་དགའ་བཞི་འདྲེན་པར་བཤད་པའི་ཕྱིར་རོ། །མས་བརྟན་རྫོགས་པར་འདྲེན་པ་ལ་སྙིང་གའི་རྩ་མདུད་ལྷོད་དུ་འགྲོ་དགོས་ཏེ། དེ་མ་སོང་ན་མས་བརྟན་གྱི་ལྷན་སྐྱེས་རྫོགས་པར་འདྲེན་མི་ནུས་པའི་ཕྱིར་རོ། །གསུམ་པ་མཉམ་རྗེས་སུ་སྐྱོང་ཚུལ་ནི། ཕྲ་མོའི་རྣལ་འབྱོར་བཤད་པ་ལྟར་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་སྟོབས་ཀྱིས། བྱང་སེམས་དཀར་པོ་སྤྱི་བོ་ནས་དབུ་མའི་ནང་དུ་བབས་པས་རེག་བྱ་ཁྱད་པར་ཅན་སྐྱེ། དེས་གཟུང་དོན་དང་ལུས་དབང་ཁྱད་པར་ཅན་གྱིས་བདག་རྐྱེན་བྱས་ནས་དབང་ཤེས་ཀྱི་ངོ་བོར་གྱུར་པའི་ཚོར་བ་བདེ་བ་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ། བདེ་བ་དེ་ཉིད་ཀྱིས་སྟོང་ཉིད་རྟོགས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་ནས་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་ཆོས་ཐམས་ཅད་རྟོགས་པས་བཏགས་ཙམ་མ་གཏོགས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྣང་སྟོང་ཚོགས་པའི་སྒྱུ་མ་ལྟ་བུར་ལྟ་བ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཡང་ཆོས་ཅན་སྣ་ཚོགས་སུ་འཆར་བ་ནི་རོ་གཅིག་དུ་མར་འཆར་ཚུལ་དང་། སྣ་ཚོགས་པའི་ཆོས་ཅན་རྣམས་ཀྱང་སྟོང་པའི་ངང་དུ་རོ་གཅིག་ཏུ་ལྟ་བ་ནི་དུ་མ་རོ་གཅིག་ཏུ་འཆར་བའི་ཚུལ་ཡིན་པར་ཤེས་ནས་གང་ཤར་སྟོང་པའི་རྣམ་རོལ་ཡིན་པ་དེ་བཞིན་དུ། སྟོང་ཉིད་རྟོགས་པའི་བདེ་བའི་རྣམ་རོལ་ཡང་ཡིན་པར་ཤེས་ཤིང་། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་གཟུང་རྣམས་རིགས་བརྒྱ་ལ་སོགས་པའི་ལྷར་འཆར་བ་ལ་སློབ་པ་ཡིན་ཏེ། ས་ར་ཧས། བདེ་བ་ཆེན་པོའི་མཆོག་བདེ་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ད་ལྟ་འཁྲུལ་བ་ཆོད། །ཞེས་དང་། རྗེས་སྨོན་ལམ་ལས། དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །རིགས་བརྒྱ་རིགས་སྔ་རིགས་གསུམ་རིགས་གཅིག་ཏུ། །འཆད་པའི་སྐུ་ཡི་རྡོ་རྗེའི་ཏིང་འཛིན་གྱིས། །ལུས་དབེན་སོར་སྡུད་བསམ་གཏན་རྫོགས་པར་ཤོག །ཞེས་གསུངས་པའི་ཕྱིར། གཉིས་པ་ངག་དབེན་ལ་དྲུག །ལུས་དབེན་དང་ངག་དབེན་གྱི་གོ་རིམ། ངག་དབེན་བསྐྱེད་རིམ་དུ་འདོད་པ་དགག་པ། ངག་དབེན་གྱི་ཤེས་བྱ་རླུང་གི་དེ་ཉིད། སྔགས་ཀྱི་དེ་ཉིད། ངག་དབེན་སྲོག་རྩོལ་གྱི་ཡན་ལག་ཏུ་འགྱུར་ཚུལ། ངག་དབེན་ཇི་ལྟར་ཉམས་སུ་ཡིན་པའི་ཚུལ་ལོ། །དང་པོ་ནི། ལུས་དབེན་དང་ངག་དབེན་གྱི་གོ་རིམ་ངེས་ཏ ེ། ངག་དབེན་གསུང་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་དུ་ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར་འགྲོ་དགོས་པའི་ཕྱིིར་ཏེ། ངག་དབེན་གྱི་རྡོར་བཟླས་མཚན་ཉིད་པ་བྱེད་པ་པོ་ལ་ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར་ཐོབ་པ་ཞིག་དགོས་པའི་ཕྱིར་དང་། རྡོར་ཟླས་ཀྱིས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་བར་བྱེད་པ་ལ། དེའི་སྔོན་དུ་དྷཱུ་ཏཱིའི་མར་སྣ་སོགས་ཀྱི་རྩ་མདུད་གཞན་གྲོལ་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཞན་གྲོལ་ན་སྙིང་གའི་རྩ་མདུད་གྲོལ་སླ་ལ། མ་གྲོལ་ན་ནི་དེ་གྲོལ་དཀའ་བའི་ཕྱིར་རོ། །གཉིས་པ་ལ་ཁ་ཅིག་ངག་དབེན་བསྐྱེད་རིམ་དུ་འདོད་པ་ནི་མི་འཐད་དེ། སྐྱོད་བསྡུས་ལས། ངག་དབེན་བསྐྱེད་རིམ་པའི་མངོན་སུམ་གྱི་ཡུལ་མ་ཡིན་པར་དེ་ལས་འདས་པར་བཤད་པའི་ཕྱིར་དང་། རིམ་ལྔར་རྫོགས་རིམ་གྱི་རིམ་པ་ལྔ་བཤད་པའི་གོ་རིམ་གྱིས་ཀྱང་གནོད་པའི་ཕྱིར་རོ། །གསུམ་པ་ལ་བདུན། རླུང་ངག་རྡོར་བཟླས་གསུམ་ལ་རིམ་གྱིས་བསླབ་པའི་དོན། རླུང་གི་དེ་ཉིད་ཤེས་པ་དང་མ་ཤེས་པའི་སྐྱོན་ཡོན། རླུང་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། རླུང་རྣམས་ཇི་ལྟར་འཕོ་ཚུལ། རླུང་གི་བྱེད་ལས། དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་ཚུལ་ལོ། །དང་པོ་ནི། ཐོག་མར་རླུང་གི་དེ་ཉིད་དང་། དེ་ནས་སྔགས་ཀྱི་དེ་ཉིད་གཉིས་ཐོས་བསམ་གྱིས་ཤེས་པར་བྱས་ནས། དེ་རྗེས་རླུང་ངག་དབྱེར་མེད་ཀྱི་རྡོར་བཟླས་ལ་འཇུག་དགོས་པ་ཡིན་ཏེ། རིམ་ལྔ་ལས། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་བསྐྱེད་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་ལ་ནི་སློབ། །ཅེས་གསུངས་པའི་ཕྱིར། གཉིས་པ་ནི། རླུང་གི་དེ་ཉིད་ཤེས་ནས་བསྒོམས་པ་ལ་ཕན་ཡོན་ཆེན་པོ་དང་། མ་ཤེས་ཤིང་མ་བསྒོམས་ན་ཉེས་དམིགས་ཆེ་བ་ཡིན་ཏེ། རྣལ་འབྱོར་པས་ནི་རླུང་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། སྡོམ་འབྱུང་ལས། རླུང་གི་རྣལ་འབྱོར་མི་ཤེས་དང་། །གང་ཞིག་ཤེས་ཀྱང་མི་སྒོམ་པ། །དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། །ཉེར་འཚེ་འཁོར་བའི་སྲིན་བུར་འགྱུར། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། རླུང་བཅུ་མིང་གི་རྣམ་གྲངས་ཀྱི་སྒོ་ནས་བསྟན་ཚུལ་ཡོད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རླུང་བཅུ་ལ་ཀོ་ཊ་ཁྱ་ལ་སོགས་པ་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་ལ། རྡོ་རྗེའི་སྒོའི་རྒྱུད་ལས། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་དེ་རྩ་བའི་རླུང་ལྔ་དང་། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་སྒྲ་ཇི་བཞིན་པར་གསུངས་ཤིང་། རྒྱུད་རྡོར་འཕྲེང་དང་ལུང་སྟོན་གཉིས་ལས། རྩ་བའི་རླུང་ལྔ་སྒྲ་ཇི་བཞིན་པ་དང་། ཕྱི་མ་ལྔ་ལ། ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷས་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པའི་ཕྱིར་རོ། །བཞི་པ་ལ་གསུམ། རྩ་བའི་རླུང་གི་དོན། ཡན་ལག་གི་རླུང་གི་དོན། རླུང་གཉིས་ཐུན་མོང་བའི་དོན་བཤད་པའོ། །དང་པོ་ལ། སྔར་བཤད་པ་ལྟར་རྩ་བའི་རླུང་ལྔ་ནི་རིམ་པ་བཞིན་མགོན་པོ་ལྔའི་རླུང་དུ་འཇོག་ཚུལ་ཡོད་དེ། མི་བསྐྱོད་པ། རིན་འབྱུང་། དོན་གྲུབ། འདོད་དཔག་མེད། རྣམ་སྣང་གི་རླུང་དུ་འཇོག་པའི་ཕྱིར། དེ་ལྷ་མོའི་དབང་དུ་བྱས་ནས་སྦྱོར་ཚུལ་ཡོད་དེ། མ་མཱ་ཀི སྤྱན་མ། སྒྲོལ་མ། གོངས་དཀར། སྤྱན་མའི་རླུང་དུའང་འགྱུར་བའི་ཕྱིར། འབྱུང་བའི་དབང་དུ་བྱས་ནས་འཇོག་ཚུལ་ཡོད་དེ། ཆུ་ས་རླུང་མེ་ནམ་མཁའི་རླུང་ཡིན་པའི་ཕྱིར། ཁ་དོག་གི་རིམ་པར་འཇོག་ཚུལ་ཡོད་དེ། དཀར་སེར་ལྗང་དམར་སྔོན་པོ་ཡིན་པའི་ཕྱིར། གནས་ཀྱི་ཁྱད་པར་ཡོད་དེ། སྙིང་ཁ་གསང་གནས་ལྟེ་བ་མགྲིན་པ་ལུས་ཀྱི་ཚིགས་རྣམས་ལ་གནས་པའི་ཕྱིར། སྲོག་འཛིན་ལ་ཕྲ་རགས་གཉིས་ལས། ཤིན་ཏུ་ཕྲ་བ་ནི་སྙིང་གའི་དྷཱུ་ཏཱིའི་དབུས་ན་ཡོད་དེ། རྡོ་རྗེ་སྙིང་པོ་རྒྱན་ལས། སྙིང་གའི་དབུས་ན་མི་ཤིགས་པ། །གསལ་ཤིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་པའི་ཕྱིར། དེ་ནི་རླུང་མི་ཤིགས་པ་ཡིན་ལ། སྤྱིར་མི་ཤིགས་པ་དེ་ལ་དུ་མ་ཡོད་དེ། བྱང་སེམས་མི་ཤིགས་པ་དང་། གཞིའི་འོད་གསལ་དང་། སྲོག་འཛིན་ཕྲ་བ་རྣམས་སུ་ཡོད་པའི་ཕྱིར་རོ། །རྒྱུ་ཚུལ་གྱི་ཁྱད་པར་ཡོད་དེ། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་རྣམས་རིམ་པ་བཞིན་དུ་སྣ་བུག་གཉིས་ནས་ཞལ་བར་རྒྱུ་བ་དང་། གཉིས་ཀ་ནས་དྲག་ཏུ་རྒྱུ་བ་དང་། གཡོན་རྐྱང་ནས་དལ་བར་རྒྱུ་བ་དང་། གཡས་རྐྱང་ནས་དྲག་ཏུ་རྒྱུ་བ་དང་། གཞི་ལ་འཆི་དུས་མི་གཏོགས་མི་རྒྱུ་བའི་ཕྱིར། དེ་ནི་རེ་རེས་གཙོ་བྱས་ནས་རྒྱུ་བའི་ཚུལ་ཡིན་གྱི། གཅིག་གཙོ་བོ་དང་གཞན་གསུམ་འཁོར་དུ་བྱས་ནས་རྒྱུ་ཚུལ་ཡོད་དེ། གྱེན་རྒྱུ་ལྟ་བུ་གཅིག་ལ་མཚོན་ན། གྱེན་རྒྱུའི་ཁ་དོག་དམར་པོ་ཡིན་པས་དེའི་ཤན་གྱིས་སྲོག་འཛིན་ལ་དཀར་ལ་དམར་བའི་མདངས་ཆགས། ཐུར་སེལ་སེར་ལ་དམར། མཉམ་གནས་ལྗང་ལ་དམར་བ་སྟེ། འཇའ་ཚོན་བཞིན་དུ་བྱས་ནས་རྒྱུ་བའི་ཕྱིར་ཏེ། རྩ་རྒྱུད་ལེའུ་དྲུག་པ་ལས། འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་འཇུག་ལྡང་བྱེད་པའི་རྩ་བའི་གནས་ཡོད་དེ། རྡོར་འཕྲེང་ལས། ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨ་འགྲོ་འོང་སྟོན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། མགོན་པོ་བཞིའི་རླུང་བཞི་གང་རུང་རེས་གཙོ་བྱས་ནས་སྔར་ལྟར་དགུ་བརྒྱ་པ་ཕྲག་རེ་རྒྱུ་བ་དེ་ལ། ལྷ་མོ་བཞིས་བགོས་པའི་ཚེ་ཉིས་བརྒྱ་ཉེར་ལྔ་རེ་ཐོབ་ལ། དེའི་དབང་དུ་བྱས་པའི་རྒྱུ་ཚུལ་ཡོད་དེ། དེའི་ཚེ་མགོན་པོ་གང་གི་རླུང་ཡིན་པའི་མགོན་པོ་དེའི་ཡུམ་གྱི་རླུང་གིས་དང་པོར་བྱས་ནས་ལྷ་མོ་བཞིའི་རླུང་རིམ་པར་རྒྱུ་བའི་ཕྱིར་ཏེ། གྱེན་རྒྱུས་གཙོ་བོ་བྱས་ནས་རྒྱུ་བའི་ཚེ་ཉིས་བརྒྱ་ཉེར་ལྔ་པ་དང་པོ་གོས་དཀར་མོའི་རླུང་སྣ་བུའི་སྟེང་ལ་བརྡར་ནས་རྒྱུ་བ་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་པ་གཅིག་སྒྲོལ་མའི་རླུང་སྣ་བུག་གི་ལོགས་སུ་བརྡར་ནས་རྒྱུ་བ་དང་། དེ་ནས་གཉིས་བརྒྱ་ཉེར་ལྔ་པ་གཅིག་སྤྱན་མའི་རླུང་སྣ་བུག་གི་དབུས་ཐད་ནས་རྒྱུ་བ་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་པ་གཅིག་མ་མཱ་ཀིའི་རླུང་སྣ་བུག་གི་འོག་ངོས་སུ་བརྡར་ནས་རྒྱུ་ཞིང་། དེ་ཡང་འབྱུང་བ་ཆུང་བའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། ལུང་སྟོན་ལས། གོས་དཀར་ལ་སོགས་རིམ་བཞིན་དུ། །སྟེང་དང་གསེག་དང་ཐད་ཀའོ། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེང་སོ་སོའི་དཀྱིལ་འཁོར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་འབྱུང་ཆེན་གྱི་དབང་དུ་བྱས་པའི་མགོན་པོ་བཞིའི་རླུང་དུས་མཉམ་དུ་རྒྱུ་ཡང་། འབྱུང་ཆུང་གི་དབང་དུ་བྱས་པའི་ལྷ་མོ་བཞིའི་རླུང་རིམ་ཅན་ཁོ་ནར་རྒྱུ་སྟེ། གཅིག་རྗེས་སུ་གཅིག་རྒྱུ་བ་བཤད་མ་ཐག་པ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་རླུང་ལ་རྒྱུ་བ་ལ་སོགས་པའི་ལྔ་པོ་དེ་མགོན་པོ་ལྔའི་རླུང་དུ་འཇོག་ཚུལ་ཡོད་དེ། རྒྱུ་བ་རྣམ་སྣང་། རྣམ་པར་རྒྱུ་བ་རིན་འབྱུང་། ཡང་དག་པར་རྒྱུ་བ་འོད་དཔག་མེད། རབ་ཏུ་རྒྱུ་བ་དོན་གྲུབ། ངེས་པར་རྒྱུ་བ་མི་བསྐྱོད་པའི་རླུང་ཡིན་པའི་ཕྱིར། ལྷ་མོའི་དབང་དུ་བྱས་ནས་སྦྱོར་ཚུལ་ཡོད་དེ། རིམ་པ་བཞིན་གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེའི་རླུང་དང་། འབྱུང་བའི་དབང་དུ་བྱས་ནས་ཆུ་མེ་རླུང་ནམ་མཁའི་རླུང་། ཁ་དོག་ནི་དམར་སྔོ་སེར་དཀར་ལྗང་། གནས་ནི་སྙིང་གའི་སུམ་སྐོར་མ་ལ་སོགས་པའི་རྩ་འདབ་ལྔ་ནས་རིམ་གྱིས་བརྒྱུད་དེ། མིག་རྣ་བ་སྣ་ལྕེ་ལུས་དབང་གི་ཆ་རྣམས་སུ་རྒྱུ་བའི་ཕྱིར། ཡན་ལག་གི་རླུང་ལྔ་པོ་དེ་རྣམས་དང་སྲོག་འཛིན་རགས་པ་སྟེ་དྲུག་གི་སྟེང་ནས་གཟུང་འཛིན་གྱི་རྣམ་རྟོག་བསྐྱེད་པའི་ལྡོག་ཆ་ནས་རླུང་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། རླུང་རང་རང་ལ་བརྟེན་པའི་རྣམ་ཤེས་དྲུག་པོ་ཡུལ་དྲུག་པ་གཡོ་ཞིང་འཛིན་པའི་ཆ་ནས་འཛིན་པའི་རླུང་དྲུག་དང་། ཡུལ་དྲུག་གསལ་བར་སྣང་བ་དང་བཟུང་བའི་ཆ་ནས་གཟུང་བའི་རླུང་དྲུག་ཏུ་འཇོག་པའི་ཕྱིར། སྨོན་ལམ་ལས། གཟུང་དང་འཛིན་པའི་རྣམ་རྟོག་བསྐྱེད་པའི་རླུང་། །བཅུ་གཉིས་མི་ཤིགས་ཐིག་ལེར་སྡུད་པར་ཤོག །ཅེས་གསུངས་པ་ནི་འདི་བཅུ་གཉིས་ལ་དགོངས་པ་ཡིན་ནོ། །གསུམ་པ་རླུང་དེ་རྣམས་ཀྱིས་ཐུན་མོང་དུ་ཇི་ལྟར་བྱེད་པའི་ཚུལ་ཡོད་དེ། སྤྱིར་རླུང་བཅུ་མངལ་དུ་འཆགས་པར་བཤད་ཀྱང་ཕྱིར་མ་བཙས་བར་དུ་དབང་པོའི་སྒོར་འབྱུང་འཇུག་མི་བྱེད་ཅིང་། བཙས་ནས་ཨ་ཐུང་གི་གཞིར་གྱུར་ཏེ་ངག་སྨྲ་བརྗོད་ཀྱི་བྱ་བ་བྱེད་ལ། ཁྱད་པར་དུ་རྩ་བའི་རླུང་གིས་ནི་ལུས་གཡོ་འགུལ་གྱི་བྱ་བ་བྱེད། ཡན་ལག་གི་རླུང་གིས་ནི་དབང་ཤེས་ཡུལ་ལ་འཇུག་པའི་བྱ་བ་བྱེད་ཅིང་། རྣལ་འབྱོར་པ་ལ་ཡི་གེ་གསུམ་གྱི་གཞིར་གྲུབ་ནས་རྡོར་བཟླས་ཀྱི་བྱ་བ་བྱེད་པ་དང་། སྙིང་གའི་མི་ཤིགས་པ་ལ་ཐིམ་ནས་གཞི་ལ མ་གྱི་འོད་གསལ་འཆར་བ་སོགས་ཀྱི་བྱ་བ་བྱེད་པའི་ཕྱིར། རྣམ་ཤེས་ཡུལ་ལ་གཡོ་བ་རླུང་གིས་བྱེད་པས། རྣམ་ཤེས་ཀྱི་བཞོན་པ་ནི་འདིར་རླུང་ཡིན་ཏེ། རིམ་ལྔ་ལས། འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་དང་། ལུང་སྟོན་ལས། འགྲོ་བ་ཡུལ་སོགས་ལས་བྱེད་པ། །འདིར་ནི་དེ་ལ་བརྟེན་པ་ཡིན། །ཞེས་གསུངས་པའི་ཕྱིར། རྣམ་ཤེས་རླུང་གིས་གཡོ་བའི་དོན་ནི་རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཡུལ་ལ་འཇུག་པའི་རྒྱུ་མཚན་གྱིས་ཡིན་གྱི། གཟུགས་གཡོ་བ་བཞིན་དུ་རྣམ་ཤེས་ལ་གཡོ་འགུལ་བྱར་མེད་ལ། རྣམ་ཤེས་ཀྱི་བཞོན་པ་ཡིན་པའི་དོན་ནི། རླུང་དང་རྣམ་ཤེས་གཉིས་མི་རྟ་བཞིན་དུ་ངོ་བོ་ཐ་དད་པའི་ཚུལ་དུ་ཡོད་པས་མིན་གྱི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་གྱིས་རྟེན་དང་བརྟེན་པ་དཔེར་ན། མར་མེ་དང་དེའི་འོད་བཞིན་དུ་འགྲོགས་ནས་ཡུལ་ལ་འཇུག་པས་ཡིན་ནོ། །ཡང་ཞ་བོ་མིག་ཅན་དང་ལོང་པ་རྐང་ཅན་གྱི་དཔེ་ལྟར་ཕན་ཚུན་བརྟེན་ནས་ཡུལ་བགྲོོད་པ་ཡིན་ཡང་ངོ་བོ་ཐ་དད་མིན་ཞིང་། ཡུལ་གསལ་བར་འཆར་མི་འཆར་གཉིས་ཡོད་དོ། །ལྔ་པ་ལ་གསུམ། སྣ་བུག་གི་འཕོ་བ། དཀྱིལ་འཁོར་གྱི་འཕོ་བ། རྩ་འདབ་ཀྱི་འཕོ་བའོ། །དང་པོ་ནི། འདིར་ཞག་གཅིག་ལ་དབུགས་འབྱུང་འཇུག་གཉིས་ལ་གཅིག་ཏུ་བྱས་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བའི་དབང་དུ་བྱས་ཏེ་སྣ་བུག་གི་རྒྱུ་ཚུལ་ཡོད་དེ། སྲོག་ཐུར་གཉིས་ཀྱིས་གཙོ་བོ་བྱས་ནས་དགུ་བརྒྱ་བ་ཕྲག་བཅུ་གཉིས་རྒྱུ་བའི་ཚེ། སྣ་བུག་གཉིས་ག་ནས་དུས་མཉམ་དུ་རྒྱུ་བས་སྣ་བུག་མི་འཕོ་ལ། མི་མཉམ་གཉིས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་བཅུ་གཉིས་རྒྱུ་བའི་ཚེ་རེ་རེ་ལ་འཕོ་བ་དྲུག་དྲུག་སྟེ་བཅུ་གཉིས་སུ་འགྱུར་བའི་ཕྱིར། གཉིས་ལ་ཡོད་དེ། དཀྱིལ་འཁོར་ཆེ་བའི་དབང་དུ་བྱས་ན་བཞི་པོ་རེ་རེ་ལ་འཕོ་བ་དྲུག་དྲུག་སྟེ་ཉེར་བཞིར་ངེས་ལ། ཆུང་བའི་དབང་དུ་བྱས་ན། ཆེ་བའི་འཕོ་བ་རེ་རེའང་ཆུང་བའི་འཕོ་བ་བཞི་བཞི་སྟེ་འཕོ་ཆུང་གོ་དྲུག་ཏུ་འགྱུར་བའི་ཕྱིར། མ་རྒྱུད་སྡོམ་འབྱུང་དང་བརྟག་གཉིས་ལས་ཅུང་ཟད་མི་འདྲ་བ་ཞིག་བཤད་དེ། ཉིན་ཞག་གཅིག་ལ་དཀྱིལ་འཁོར་ཆེ་བའི་འཕོ་བ་བཅུ་དྲུག་དང་། དེ་ལ་ལྷ་མོ་བཞིས་བསྒྱུར་བས་འཕོ་ཆུང་དེ་བཞིར་བཤད་ཅིང་། དེ་ཡང་སྣ་བུག་གི་འཕོ་བ་བརྒྱད་དང་། སྣ་བུག་མི་འཕོ་ཡང་དཀྱིལ་འཁོར་གྱི་འཕོ་བ་བརྒྱད་དུ་འགྱུར་བའི་ཕྱིར། གསུམ་པ་ནི་མ་རྒྱུད་ནས་འབྱུང་བ་ལྟར་ཡིན་ཏེ། དེ་ཡང་ཕྱི་ལ་དབྱུག་གུ་དྲུག་རྩ་བཞི་ཡོད་པ་ལྟར། ནང་ལ་ཞག་གཅིག་གི་ནང་དུ་ལྟེ་བའི་རྩ་འདབ་རེ་བཞི་ནས་དབྱུག་གུ་རེ་བཞིའི་རླུང་རྒྱུ། ཕྱི་ལ་ཆུ་ཚོད་སོ་གཉིས་ཡོད་པ་ལྟར། ནང་ལ་སྤྱི་བོའི་རྩ་འདབ་སོ་གཉིས་ནས་ཆུ་ཚོད་སོ་གཉིས་ཀྱི་རླུང་རྒྱུ། ཕྱི་ལ་འཕོ་བ་བཅུ་དྲུག་ཡོད་པ་ལྟར། ནང་ལ་མགྲིན་པའི་རྩ་འདབ་བཅུ་དྲུག་ནས་འཕོ་བ་བཅུ་དྲུག་གི་རླུང་རྒྱུ། ཕྱི་ལ་ཐུན་ཚོད་བརྒྱད་ཡོད་པ་ལྟར་ནང་དུ་སྙིང་གའི་རྩ་འདབ་བརྒྱད་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ཞིང་། དེ་ཡང་ལྟེ་བ། སྤྱི་བོ། མགྲིན་པ། སྙིང་གའི་རྩ་འདབ་རྣམས་ལས་ཕྱི་མ་ལས་སྔ་མ་ཉིས་འགྱུར་ཡིན་པས། ལྟེ་བའི་རྩ་འདབ་གཉིས་ཀྱི་རྒྱུ་བ་རྫོགས་པ་ན་སྤྱི་བོའི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་དང་། སྤྱི་བོའི་རྩ་འདབ་གཉིས་རྫོགས་པ་དང་མགྲིན་པའི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་དང་། མགྲིན་པའི་རྩ་འདབ་གཉིས་རྫོགས་པ་དང་། སྙིང་གའི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་དུས་མཉམ་པའི་ཕྱིར་རོ། །འོ་ན་རླུང་བཞི་པོ་སྣ་བུག་གི་འཕོ་ཚུལ་སོགས་དེ་ལྟར་ཡིན་ན། རོ་རྐྱང་དབུ་མ་གསུམ་པོ་གང་ལས་རླུང་གང་རྒྱུ་བ་ཡིན་ཞེ་ན། ཡོད་དེ། གྱེན་རྒྱུ་གཙོ་བོར་རོ་མ་དང་། མཉམ་གནས་གཙོ་བོ་རྐྱང་མ་ནས་རྒྱུ་ཞིང་། སྲོག་ཐུར་གཉིས་རོ་རྐྱང་ནས་མཚུངས་པར་རྒྱུ་བའི་ཕྱིར། དེས་ན་རོ་རྐྱང་ནས་རླུང་རྒྱུ་བ་ལ་རེས་འཇོག་དང་དུས་མཉམ་དུ་རྒྱུ་བ་གཉིས་ཡོད་དེ། མེ་མཉམ་གཉིས་གང་རུང་གིས་གཙོ་བྱས་ནས་རྒྱུ་བའི་ཚེ་རེས་འཇོག་ཏུ་རྒྱུ་ལ། སྲོག་ཐུར་གཉིས་གང་རུང་གིས་གཙོ་བྱས་ནས་རྒྱུ་བའི་ཚེ་དུས་མཉམ་དུ་རྒྱུ་བའི་ཕྱིར། ཞག་རྣམས་ཀྱི་ཐོག་མར་རླུང་གང་རྒྱུ་ཚུལ་ཡོད་དེ། རླུང་ལྟས་མ་ལོག་པ་དང་ཁམས་སྙོམས་པའི་དབང་དུ་བྱས་ཏེ་དཀར་ཕྱོགས་ཀྱི་ཚེས་གཅིག་གཉིས་གསུམ་གྱི་སྔ་དྲོ་དང་པོ་མཉམ་གནས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་གཅིག་སྣ་བུག་གཡོན་རྐྱང་དང་། བཞི་སྔ་དྲུག་གི་སྔ་དྲོ་གྱེན་རྒྱུས་གཙོ་བྱས་ནས་གཡས་རྐྱང་ནས་རྒྱུ་བ་དང་། ཡང་ནག་ཕྱོགས་ཀྱི་གཅིག་གཉིས་གསུམ་གྱི་སྔ་དྲོ་དང་པོ་གྱེན་རྒྱུས་གཙོ་བྱས་ནས་གཡས་རྐྱང་ནས་དང་། བཞི་ལྔ་དྲུག་གི་སྔ་དྲོ་མཉམ་གནས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་གཅིག་གཡོན་རྐྱང་ནས་རྒྱུ་བ་དང་། དེ་བཞིན་དུ་དཀར་ནག་གི་ཕྱོགས་ལ་རེ་མོས་སུ་རྒྱུ་བའི་ཕྱིར་ཏེ། སྡོམ་འབྱུང་ལས། དཀར་པོ་རྣམས་ཀྱི་ཆོས་གཅིག་ནས། །ཡང་དག་བརྩམས་ཏེ་ཉིན་གསུམ་རླུང་། །ཟླ་བ་ལ་རྒྱུ་ཐུན་བྱེད་ལ། །དེ་ནས་ཉིན་གསུམ་ཉི་མ་ལ། །ཡོངས་རྒྱུའི་ཚུལ་གྱིས་ཇི་སྲིད་རླུང་། །དཀར་པོའི་ཚེས་ནི་བཅོ་ལྔའི་བར། །ཞེས་དང་། ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས། །བརྩམས་ཏེ་ཉི་མ་གསུམ་དུ་རླུང་། །ཉི་མར་བརྗོད་ལ་སྔ་དྲོ་རྒྱུ། །ཇི་སྲིད་ཚེས་ནི་བཅོ་ལྔའི་བར། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རླུང་ལྟས་དེ་ལོག་ན་སྐྱོན་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། དེ་ཉིད་ལས། ཉི་མ་དྲུག་ཅུ་ལོག་པ་ལས། །གལ་ཏེ་རླུང་ནི་རྒྱུ་བ་ན། །དེ་ཚེ་རྩོད་པ་ཆེན་པོ་འབྱུང་། །ཕྱོགས་གཅིག་ཕྱིན་ཅི་ལོག་པ་ལས། །ནད་ནི་ཆེན་པོ་ཀུན་ཏུ་འབྱུང་། །ཕྱོགས་གཉིས་ཕྱིན་ཅི་ལོག་པ་ལས། །སྙིང་སྡུག་གཉེན་རྣམས་རྒུད་པར་འགྱུར། །ཕྱོགས་གསུམ་ཕྱིན་ཅི་ལོག་པ་ལས། །ཟླ་དྲུག་རྣམས་ཀྱིས་འཆི་བར་འགྱུར། །ཞེས་གསུངས་པའི་ཕྱིར། འདིར་ཕྱོགས་ཞེས་པ་ནི་ཟླ་བ་གཅིག་གི་ཕྱེད་ལ་བྱེད་པ་ཡིན་ནོ། །རླུང་གང་རྒྱུ་བའི་ཚེ་བྱ་བ་གང་འགྲུབ་མི་འགྲུབ་ཡོད་དེ། ས་ཆུའི་རླུང་རྒྱུ་བའི་ཚེ་བྱ་བ་བཟང་པོ་ལ་ཞུགས་ན་འགྲུབ་ལ། མེ་རླུང་གཉིས་རྒྱུ་བའི་ཚེ་དྲག་པོའི་བྱ་བ་འགྲུབ་ཀྱི། ཞི་རྒྱས་ལྟ་བུ་མི་འགྲུབ་བའི་ཕྱིར། དྲི་བ་འདྲི་བའི་ཚེ་འགྲུབ་མི་འགྲུབ་ཀྱི་ཁྱད་པར་ཡོད་དེ། འདྲི་ཡུལ་དང་དྲི་བ་པོ་གཉིས་ཀའི་རླུང་རྒྱུ་ཚུལ་མཐུན་ན་དྲིས་པའི་དོན་དེ་འགྲུབ་ཀྱི། མི་མཐུན་ན་མི་འགྲུབ་པ་དང་། ཡང་རང་གི་དོན་ལ་རླུང་ནང་དུ་འཇུག་པའི་ཚེ་འདྲི་ན་འགྲུབ་ཅིང་། ཕྱིར་འབྱུང་བའི་ཚེ་མི་འགྲུབ་པ་དང་། གཞན་དོན་ལ་དེ་ལས་ལྡོག་པ་དང་། རླུང་ནང་དུ་གནས་པའི་དུས་སུ་འདྲི་ན་འགྲུབ་མི་འགྲུབ་མ་ངེས་པར་བཤད་པའི་ཕྱིར། དྲུག་པ་རླུང་གི་བྱེད་ལས་ལ་གཉིས་ཡོད་དེ། སྤྱི་དང་བྱེ་བྲག་གཉིས་ཡོད་པའི་ཕྱིར། དང་པོ་རླུང་གིས་འཇིག་རྟེན་པ་ལ་འཁོར་བའི་བྱ་བ་བྱེད་ཚུལ་ཡོད་དེ། སྐྱེ་འཆི་བར་དོ་གསུམ་པོ་དེ་རང་རྒྱུ་རླུང་གིས་བྱེད་པའི་ཕྱིར་ཏེ། ས་ཆུ་ལ་ཐིམ་པ་ནས། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་འཆི་རིམ་རྣམས་རླུང་གི་གཡོ་བ་ཇེ་ཞན་ཇེ་ཞན་དུ་སོང་བའི་སྒོ་ནས་འབྱུང་ལ། འཆི་བ་འོད་གསལ་ལས་བར་དོ་དང་ཉེར་ཐོབ་གྲུབ་པ་ཡང་རླུང་གིས་བྱེད་ཅིང་། དེ་ལས་མཆོད་པ། དེ་ལས་སྣང་བ། དེ་ལས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་སྐྱེ་བ་ཡང་རླུང་གི་གཡོ་བ་ཇེ་ཆེ་ཇེ་ཆེར་གྱུར་པའི་སྒོ་ནས་འབྱུང་བ་དང་། སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་དང་། ཉིང་མཚམས་སྦྱར་བའི་ཚེ་སྣང་བ་རྣམས་ཀྱི་ཐིམ་རིམ་དང་སྐྱེ་བའི་རིམ་པ་དང་། ལུས་འཕེལ་བའི་རིམ་པ་ཐམས་ཅད་རླུང་གིས་བྱེད་པའི་ཕྱིར་རོ། །དེ་ལྟར་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་ལས་ཉོན་མོངས་སྐྱེ་ཞིང་། དེས་ལས་དཀར་ནག་གཉིས་བསགས་ནས་འཁོར་བར་སྐྱེ་བས་འཁོར་བའི་འཇུག་རིམ་ནི་རླུང་གིས་བྱེད་དོ། །དེ་ནི་ཐུང་མོང་གི་བྱེད་ལས་ཡིན་ལ། སོ་སོའི་བྱེད་ལས་ཡོད་དེ། སྲོག་འཛིན་གྱིས་ཚེ་གནས་པ་དང་། རླུང་གཞན་དབང་པོའི་སྒོར་འདྲེན། ཐུར་སེལ་གྱིས་བཤང་གཅི་ཁུ་ཁྲག་སོགས་འཕེན་འཛིན་བྱེད། མཉམ་གནས་ཀྱིས་བཟའ་བཏུང་འཇུ་བ་དྭངས་སྙིགས་འབྱེད་ཅིང་དྭངས་མ་ལུས་ལ་འགྲེམ་པར་བྱེད། གྱེན་རྒྱུས་རླུང་སྟོད་དུ་འདྲེན་པ་དང་ནང་དུ་སྡུད་པ་དང་ངག་སྨྲ་བ་དང་། བཟའ་བ་དང་བཏུང་བའི་བྱ་བ་བྱེད། ཁྱབ་བྱེད་ཀྱིས་ལུས་གཡོ་བ་དང་འགྲོ་འོང་སོགས་ཀྱི་བྱ་བ་བྱེད། ཡན་ལག་གི་རླུང་ལྔས་ནི་རིམ་པ་བཞིན་དུ་གཟུགས་མཐོང་། སྒྲ་ཐོས། དྲི་སྣོམ། རོ་མྱོང་། རེག་བྱ་མྱོང་བའི་བྱ་བ་བྱེད་པའི་ཕྱིར། གཉིས་པ་རྣལ་འབྱོར་པ་ལ་བྱ་བ་ལྷག་པ་བྱེད་ཚུལ་ཡོད་དེ། རྡོར་བཟླས་བྱས་པས་དངོས་གྲུབ་རྣམ་པ་གཉིས་དང་། ཁྱད་པར་དུ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་སྒྱུ་མའི་སྐུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །བདུན་པ་དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་ཚུལ་ཡོད་དེ། ཟུང་འཇུག་གི་སྐུ་འགྲུབ་པ་ལ་སྔོན་དུ་སྒྱུ་ལུས་ཐོབ་དགོས་ཤིང་། དེ་འགྲུབ་པའི་ཆེད་དུ་ལུས་ལ་གནད་དུ་བསྣུན་ཚུལ་སྤྱི་དང་། ཁྱད་པར་དུ་རྡོར་བཟླས་བྱས་པ་ལ་བརྟེན་ནས་སྙིང་གའི་རྩ་མདུད་གྲོལ་ཏེ་དགའ་བཞི་སྤྱི་དང་འོད་གསལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་རྟོགས་དགོས། དེ་ལ་ནི་རླུང་དངོས་དང་བརྒྱུད་པའི་སྒོ་ནས་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །བཞི་པ་ལ་ལྔ། སྔགས་བཏུ་བ། སྔགས་ཀྱི་བརྡ། སྔགས་ཀྱི་དོན། སྔགས་ཀྱི་དོན་དམ་པ། སྔགས་ཀྱི་རྩ་བ་ཨ་ཐུང་བཤད་པའོ། །དང་པོ་ནི། དྲང་དོན་གྱི་སྔགས་བཏུ་བའི་གཞི་ནི་དབྱངས་གསལ་རྣམས་ཡིན་ཏེ། རྟོག་གསུམ་ལས། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། །གསང་སྔགས་འབྱུང་བའི་རྩ་བ་སྟེ། །ཞེས་གསུངས་པའི་ཕྱིར། བཏུས་པའི་སྔགས་ལ་སྤྱིར་སྙིང་པོ་ཉེ་སྙིང་རྩ་སྔགས་སོགས་མང་ཡང་འདིར་ནི་ཡི་གེ་གསུམ་བཏུ་བ་ཡིན་ལ། འཐུ་ཚུལ་ཡོད་དེ། ཨ་ཨུ་མ་གསུམ་ལས་ནི་ༀ་དང་། ཨ་ཨ་དང་རྣམ་བཅད་གསུམ་ལས་ཨཱཿ ཧ་ཨཱུ་མ་གསུམ་ལས་ནི་ཧཱུཾ་བཏུ་བ་ཡིན་ལ། དེ་རྣམས་འགྱུར་བ་ལས་ཡི་གེ་གསུམ་འབྱུང་བའི་ཕྱིར་དང་། སྔགས་གཞན་བཏུ་ཚུལ་རྒྱུད་སོ་སོ་ནས་བཤད་པ་ལྟར་ཡིན་པའི་ཕྱིར། བཏུ་གཞི་དང་བཏུས་པའི་སྔགས་རྣམས་རིགས་གསུམ་དུ་འདུ་བ་ཡིན་ཏེ། གསལ་བྱེད་དང་། ལྷ་མོའི་སྔགས་དང་། ༀ་ཡིག་རྣམས་སྐྱེས་པ་དང་། དབྱངས་དང་ལྷ་མོའི་སྔགས་དང་ཨཱཿརྣམས་ནི་བུད་མེད་དང་། རྀ་ལྀ་བཞི་དང་ལྷ་ཕོ་མོ་ཐུན་མོང་བའི་སྔགས་རྣམས་དང་། ཧཱུཾ་ནི་མ་ནིང་གི་ཡི་གེར་འཇོག་པའི་ཕྱིར། བཏུས་པའི་སྔགས་ཐམས་ཅད་ལས་ཡི་གེ་གསུམ་གཙོ་བོ་ཡིན་ཏེ། དེ་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ཡིན་པ་དང་། སྔགས་ཀྱི་ལྷ་རྣམས་ཀྱང་རྡོ་རྗེ་གསུམ་དུ་འདུ་བའི་ཕྱིར། དེས་ན་ཡི་གེ་གསུམ་དུ་སྔགས་ཐམས་ཅད་འདུ་བར་གསུངས་པ་ཡིན་ཏེ། དེ་ཡང་ཡིན་བསྡུས་ཀྱིས་བསྡུས་པ་མིན་གྱི། སྔགས་ཐམས་ཅད་ཀྱི་དངོས་གྲུབ་འགྲུབ་པའི་བྱེད་པའམ་ནུས་པ་ཡི་གེ་གསུམ་གྱི་རྡོར་བཟླས་བྱས་པའི་ནུས་པ་ལ་ཡོད་པ་ཤེས་པའི་ཆེད་ཡིན་པའི་ཕྱིར། ངེས་དོན་གྱི་སྔགས་བཏུ་གཞི་དང་བཏུ་ཚུལ་ཡོད་དེ། རྩ་ནང་སོ་སོ་ནས་དབྱངས་གསལ་གྱི་གདངས་མི་གསལ་བར་སྒྲོགས་པའི་རླུང་རྣམས་ནི་བཏུ་གཞི། རླུང་རྣམས་ལྡང་འཇུག་གནས་གསུམ་བྱེད་པ་སྤྱི་དང་དེ་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་རྡོར་བཟླས་ནི་བཏུས་པའི་ངེས་དོན་དང་བཏུ་ཚུལ་ཡིན་པའི་ཕྱིར། གཉིས་པ་སྔགས་ཀྱི་བརྡ་ནི་སྔགས་ཀྱི་མིང་སྟེ། དེ་ལ་ཡང་སྦྲུལ་དང་མཐའ་མེད་དང་མགོ་མེད་དང་བཏུས་པ་བཞི་དང་། སྙིང་པོ་དང་ཉེ་སྙིང་དང་འཕྲེང་སྔགས་སོགས་དུ་མ་ཡོད་ཀྱང་། འདིར་ལྔར་འཇུག་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་སྦྱར་བ་ནི་སྔགས་ཀྱི་བརྡ་ཡིན་ཏེ། ལུང་སྟོན་ལས། བརྡ་ཡི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། སྤྱིར་སྔགས་ཀྱི་དོན་ལ་དུ་མ་ཞིག་ཡོད་ཀྱང་། འདིར་ཡི་གེ་གསུམ་གྱི་སྔགས་དོན་འཆད་པ་ཡིན་ལ། དེ་ལ་ནི་མཚོན་དོན་དང་། དགོས་དོན་གཉིས་ལས། དགོས་དོན་ཡོད་དེ། རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་བྱས་པས། མི་ཤིགས་པའི་ཐིག་ལེ་ལ་རླུང་ཐིམ་པ་ལས་བྱུང་བའི་འོད་གསལ་གྱི་རླུང་སེམས་དེ་ཉིད་ཡོངས་སུ་གྱུར་བ་ལས་སྒྱུ་མའི་སྐུར་བཞེངས་པ་དེ་སྔགས་ཀྱི་དོན་ཡིན་པའི་ཕྱིར་ཏེ། ལུང་སྟོན་ལས། དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པའོ། །ཞེས་གསུངས་པའི་ཕྱིར། མཚོན་དོན་ལ་མང་དུ་ཡོད་དེ། སྐུ་གསུང་ཐུགས་མཚོན་པ་དང་། ལུས་ངག་ཡིད་གསུམ་མཚོན་པ་སོགས་དུ་མ་ཡོད་པའི་ཕྱིར། བཞི་པ་ནི། རྟག་ཆད་དང་བྲལ་བའི་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་དང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡི་ཤེས་གཉིས་རོ་མཉམ་ངོ་བོ་དབྱེར་མེད་དུ་གྱུར་བའི་ཚུལ་གྱིས་རྟོགས་པ་དེ་སྔགས་ཀྱི་དོན་དམ་པ་ཡིན་ཏེ། དེ་ཉིད་ལས། འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་དང་ཆད་པ་རྣམས་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པ། །རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོར་རང་རིག་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། སྔགས་ཐམས་ཅད་ཀྱི་རྩ་བ་ཨ་ཐུང་གི་དྲང་ངེས་ཤེས་དགོས་ཏེ། དེ་ཤེས་ན་སྔགས་ཐམས་ཅད་ཀྱི་ངེས་དོན་ཤེས་པར་འགྱུར་བའི་ཕྱིར། དྲང་དོན་གྱི་སྔགས་ཐམས་ཅད་ཀྱི་རྩ་བ་དྲང་དོན་གྱི་ཨ་ཐུང་ཡིན་ལ། ངེས་དོན་གྱི་སྔགས་ཐམས་ཅད་ཀྱི་རྩ་བ་ངེས་དོན་གྱི་ཨ་ཐུང་ཡིན་ཏེ། དེ་ཉིད་ལས། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། དེའི་དོན་སྤྱོད་བསྡུས་ལས་གསུངས་པ་ལྟར་བཤད་ན་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། གང་ཞིག་གང་ལ་ཅི་ཕྱིར་ཅི་ལྟར་འཇུག་པའི་ཚུལ་བཞི་ཡོད་དེ། གང་འཇུག་ན་དབྱངས་གསལ་གྱི་ཡི་གེས་བསྡུས་པའི་ངག་ཚིག་རྣམས་སོ། །གང་ལ་འཇུག་ན་རང་གི་བརྗོད་བྱའི་དོན་ལ་འཇུག །ཅིའི་ཕྱིར་འཇུག་ན་བརྗོད་བྱ་གོ་བའི་ཆེད་དང་ཨ་ཐུང་སྲོག་ཏུ་ཞུགས་པའི་ཚུལ་གྱིས་འཇུག །ཚུལ་ཇི་ལྟར་འཇུག་ན། དེ་ལྟར་ཞུགས་པ་ལ་བརྟེན་ནས་མིང་ཚིག་ཤོ་ལོ་ཀ་ལ་སོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཟག་གི་ངག་གི་ཕུང་པོ་རྣམས་འགྲུབ་པའི་ཚུལ་གིས་འཇུག་གོ །ཞེས་བྱ་ལ། གཉིས་པ་ངེས་དོན་ནི། གང་འཇུག་ན་དབྱངས་གསལ་གྱི་མཚོན་དོན་རྩ་བ་དང་ཡན་ལག་གི་རླུང་རྣམས་སོ། །གང་ལ་འཇུག་ན་ངེས་དོན་གྱི་ཨ་ཐུང་མི་ཤིགས་པའི་ཐིག་ལེ་ལའོ། །དགོས་པ་ཅིའི་ཕྱིར་འཇུག་ན་དོན་གྱི་འོད་གསལ་འདྲེན་པའི་ཕྱིར་དུའོ། །ཚུལ་ཇི་ལྟར་འཇུག་ན་ས་ཆུ་ལ་ཐིམ་པ་སོགས་འབྱུང་བའི་ཐིམ་རིམ་གྱིས་འཇུག་ཅེས་བྱ་བའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཞི་ལམ་གྱི་ངེས་དོན་གྱི་ཨ་ཐུང་ལས་བྱུང་བ་ཡིན་ཏེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ་ནས། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཞེས་དང་། སྤྱོད་བསྡུས་ལས་ཀྱང་། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང་། ཨ་རྒྱུར་གྱུར་པ་དང་། ཨ་ལས་ངེས་པར་འབྱུང་བའོ། །ཞེས་གསུངས་པའི་ཕྱིར། རྡོ་རྗེ་སྙིང་པོ་རྒྱན་ལས། སྙིང་གིའི་དབུས་ན་མི་ཤིགས་པ། །ཞེས་སོགས་སྔར་དྲངས་པའི་ལུང་དེས་ཀྱང་ངེས་དོན་གྱི་ཨ་ཐུང་སྙིང་གའི་མི་ཤིགས་པའི་རླུང་བསྟན་པ་ཡིན་ཏེ། ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་པའི་ཕྱིར། མི་ཤིགས་པ་ཕྲ་བའི་རླུང་ནི་རིགས་འདྲ་ནམ་ཡང་རྒྱུན་མི་ཆད་པའི་མི་ཤིགས་པ་ཡིན་ལ། ཐིག་ལེ་མི་ཤིགས་པ་ནི་འཆི་དུས་སུ་འཕོ་འཕྱུགས་བྱེད་དོ། །གཞུང་གཞན་དུ་མ་ལས། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿཞེས་སོགས་འབྱུང་བའི་སྔགས་དོན་ནི། ཨ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པའི་དོན་ཡིན་ལ། སྤྱོད་བསྡུས་སུ་ཡང་དེ་ཁུངས་སུ་མཛད་ཅིང་། དེའི་ངེས་དོན་ནི་སྤྱིར་འདུས་བྱས་རང་བཞིན་གྱིས་སྐྱེ་མེད་རྟོགས་པའི་ཤེས་རབ་དང་འདིར་བསྒོམས་སྟོབས་ཀྱིས་རླུང་ཐམས་ཅད་མི་ཤིགས་པའི་རླུང་ཕྲ་བ་ལ་ཐིམ་པ་ལས་རང་བཞིན་གྱིས་སྐྱེ་བ་མེད་པའི་སྟོང་པ་ཉིད་དང་དེ་རྟོགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་རོ་མཉམ་ངོ་བོ་དབྱེར་མེད་དུ་སོང་བ་ནི། སངས་རྒྱས་ཀྱི་ཆོས་ཁྱད་པར་ཅན་ཐམས་ཅད་དང་ཟུང་འཇུག་གི་སྐུ་འབྱུང་པའི་སྒོ་ཡིན་པའི་དོན་ཏེ། མཚན་བརྗོད་ཀྱི་ལུང་དོན་ཡང་དེ་ལྟར་རོ། །ངེས་དོན་གྱི་ཨ་ཐུང་རླུང་ཕྲ་བ་ནི་འོད་གསལ་འཆར་བའི་གཞི་ཡིན་པས་ཡིག་འབྲུའི་མཆོག་དང་། རྒྱུ་མཚན་དེས་དོན་ཆེ་བ་དང་དམ་པ་ཡིན་པ་དང་། ལུས་ཀྱི་ཁོང་ནས་འབྱུང་ཡང་དོན་དམ་པར་སྐྱེ་བ་མེད་པ་དང་། རྗོད་བྱེད་ཀྱི་ཚིག་རྒྱུ་མེད་པའོ། །འོན་ཀྱང་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཞེས་སོགས་རྐང་པ་གཉིས་ཀྱིས་ངེས་དོན་གྱི་ཨ་ཐུང་མི་ཤིགས་པའི་རླུང་ལས་རླུང་འགའ་ཞིག་དབྱངས་གསལ་གྱི་ངོ་བོར་གྱུར་ནས་མགྲིན་པར་སླེབས་པ་ན་སྒྲ་གསལ་པོར་སྨྲ་བར་འགྱུར་བས། དྲང་དོན་གྱི་ཨ་ཐུང་ཡང་ངག་ཚིག་གཞན་མ་ལུས་པའི་རྩ་བར་བསྟན་པ་ཡིན་ནོ། །འོ་ན་ལུང་སྟོན་གྱི་ཐུང་དུ་མ་ལུས་ངག་ཏུ་འགྱུར། ཞེས་པའི་དོན་ཨ་ཐུང་ངག་ཚིག་མ་ལུས་པའི་རྩ་བར་བསྟན་ཚུལ་དེ་ལྟར་ཡིན་ན། གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་པའི་དོན་གང་ཡིན་ཞེ་ན་ཡོད་དེ། ངེས་དོན་གྱི་ཨ་ཐུང་དེ་རིམ་གྱིས་ངག་ཚིག་ཐམས་ཅད་ཀྱི་རྩ་བར་འགྱུར་བས་སྐྱེ་རིམ་གྱི་ཚེ་གཅིག་མ་ཡིན་ལ། ངོ་བོའི་སྒོ་ནས་སམ་ཐིམ་རིམ་གྱི་མཐར་དུ མ་མ་ཡིན་ནོ། །ཞེས་པ་ཡིན་པའི་ཕྱིར་རོ། །ལྔ་པ་ངག་དབེན་སྲོག་རྩོལ་གྱི་ཡན་ལག་ཏུ་འགྱུར་ཚུལ་ནི། རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་བྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པ་བཞག །ཞེས་པས་སྲོག་རྩོལ་གསུམ་བསྒོམ་ཚུལ་བསྟན་ཏེ། རྐང་པ་དང་པོ་བ ཞིས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་དང་། དེ་ནས་རྐང་པ་གཉིས་ཀྱིས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་དང་། སྙིང་གར་ཞེས་པ་མན་གྱིས་སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམ་ཚུལ་བསྟན་པའི་ཕྱིར་ཏེ། གཞི་དུས་ཀྱི་ཡེ་ཤེས་ལྔ་དང་། འབྱུང་བ་ལྔའི་ངོ་བོར་གྱུར་བའི་རླུང་ཐིག་ལེའི་གཟུགས་རང་དང་ཕྱག་རྒྱའི་དྷཱུ་ཏཱིའི་མར་སྣ་འཕྲད་མཚམས་སུ་བསྒོམ་པ་དང་། རླུང་ཐིག་དེ་ཉིད་ཡི་གེ་གསུམ་གྱི་གདངས་དང་སྦྱར་ཏེ་སྟེང་སྒོར་རྡོར་བཟླས་བྱེད་པ་དང་། སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཐིག་ལེ་ཨ་ཐུང་དང་བཅས་པ་བསྒོམ་པར་བྱ་བའི་སྲོག་རྩོལ་གསུམ་རིམ་པར་བསྟན་པའི་ཕྱིར། དེ་ལྟར་བསྒོམས་པའི་རྣལ་འབྱོར་གསུམ་ལ་སྲོག་རྩོལ་ཞེས་བྱ་སྟེ། སྲོག་ནི་འདིར་ཚེ་གནས་པའི་རླུང་དང་། རྩོལ་བ་ནི་རིང་དུ་བསྲིང་བ་ལ་འཇུག་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། འོ་ན། སྔགས་རྫས་ཀྱི་ཐིག་ལེ་སྒོམ་པ་ན་རླུང་ལ་དངོས་སུ་དམིགས་པ་མི་འདུག་པས་སྲོག་རྩོལ་དུ་ཇི་ལྟར་འགྱུར་ཞེ་ན། སྐྱོན་མེད་དེ། རླུང་དབུ་མར་འཇུག་པའི་ཐབས་དངོས་ཡིན་པས་སྲོག་རྩོལ་དུ་འགྲོ་བའི་ཕྱིར་རོ། །དྲུག་པ་ལ་གསུམ། སྲོག་རྩོལ་གསུམ་སྒོམ་པའི་རིམ་པ། རྡོར་བཟླས་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ལས། དེ་ལྟར་བསྒོམས་པས་ཉམས་མྱོང་སྐྱེ་ཚུལ་ལོ། །དང་པོ་ལ་གསུམ། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམ་པའི་ཚུལ་ལོ། །དང་པོ་ནི། སྨོན་ལམ་ལས། ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །ཞེས་སོགས་ཀྱི་རྐང་པ་བཞིས་བསྟན་པ་ལྟར་ཏེ། འདི་ལ་གཉིས། སྔགས་ཐིག་ཉི་ཚེ་བ་དང་། སྔགས་འཁོར་སྒོམ་པའི་ཚུལ་ལོ། །དང་པོ་ནི་རྩ་རྒྱུད་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་སོགས་གསུངས་པའི་ལུང་ནི་གོང་དུ་དྲངས་ཟིན་ལ། དེའི་འགྲེལ་པ་ལས། རིན་པོ་ཆེ་ནི་མི་ཤིགས་པར་གྲགས་པ་སྟེ། སངས་རྒྱས་རིན་པོ་ཆེ་བསྐྱེད་པས་སོ། །ཞེས་སོགས་བཤད་པ་ལྟར་ཏེ། འདི་སྒོམ་པར་བྱེད་པ་ལ། གནས་གང་དུ། རྟེན་གང་གིས། ཚུལ་ཇི་ལྟར་དུ། དབྱིབས་དང་ཁ་དོག་གི་ཁྱད་པར། དེ་བ སྒོམ་པའི་ཕན་ཡོན་དང་ལྔའི། དང་པོ་ནི། རྩ་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། །ཞེས་སོགས་ཀྱིས་བསྟན། གཉིས་པ་ནི། ལུས་དབེན་གྱི་གསང་ཆེན་རྡོ་རྗེ་འཆང་གི་རྣལ་འབྱོར་ལ་གནས་པས་སྒོམ། གསུམ་པ་ནི་ལུས་དང་དུས་དང་ཡུལ་དང་རླུང་གི་གནད་བཞི་དང་ལྡན་པས་སྒོམ། བཞི་པ་ནི་ཀུ་ཀུ་རི་པས་ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་ལྟ་བུ་དང་། ཞལ་ལུང་ལས་དཀར་ལ་དམར་བའི་མདངས་ཅན་དང་། སྤྱོད་བསྡུས་དང་རིམ་ལྡང་ཨ་ཐུང་དང་བཅས་ཏེ་བསྒོམ་པར་བྱ་བར་བཤད་ཅིང་། རྡོ་རྗེ་འཕྲེང་བར་ཧཱུཾ་དང་བཅས་པར་བཤད་པས་རྒྱས་བསྡུས་སམ་གང་རུང་གིས་ཆོག་པའོ། །ལྔ་པ་ནི། དེ་བསྒོམས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་ཆེན་སྐྱེ་བར་མངོན་བརྗོད་དང་། དྲིལ་བུ་བས་ཀྱང་བཤད་དོ། །གཉིས་པ་སྔགས་ཀྱི་འཁོར་ལོ་སྒོམ་པ་རྒྱུད་དང་འཕགས་པ་ཡབ་སྲས་ཀྱིས་གསལ་བར་མ་བཤད་ཀྱང་། ནཱ་རོ་པས་བཤད་པ་ལྟར་ལེགས་པས། དེའི་ཚུལ་ནི་སྙིང་གར་རྩ་འདབ་བརྒྱད་པ་སུམ་རིམ་མམ། རྩ་འདབ་བརྒྱད་ཀྱི་ངོ་བོར་མོས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་སུམ་རིམ་གང་རུང་གི་ཕྱིའི་འདབ་མ་ལ་དབྱངས་ཡིག་བཅུ་གཉིས་སྣང་བ་མཚོན་བྱེད་ཁ་དོག་དཀར་པོ། བར་པ་ལ་མ་ཡིག་དང་ཀྵ་ཡིག་དོར་བའི་གསལ་བྱེད་མཆེད་པ་མཚོན་བྱེད་དམར་པོ། ནང་གི་ཕྱོགས་བཞིའི་འདབ་མ་ལ་ཉེར་ཐོབ་མཚོན་བྱེད་རྀ་ལྀ་བཞིན་ནག་པོ། ཡི་གེ་ཐམས་ཅད་ཐིག་ལེས་བརྒྱན་པ། རྩར་བསྒོམས་ན་ནང་དུ་ཕྱི་ནང་དང་། པད་འདབ་ལ་འཕྲེང་བསྒྲིགས་ཀྱི་རྣམ་པར་གསལ་གདབ་ཅིང་། དབུས་སུ་མི་ཤིགས་པའི་ཐིག་ལེ་ཨ་ཐུང་དང་བཅས་པ་ལ་སེམས་འཛིན་པ་སྟེ། དེ་ཡང་དྷཱུ་ཏཱིར་སྡུད་སླ་བའི་ཆེད་དུ་སྒོམ་པར་བྱེད་པ་ཡིན་གྱི། ངེས་པར་བསྒོམ་དགོས་པའི་ཡན་ལག་ནི་མིན་ཏེ། རྒྱུད་དང་འཕགས་པ་ཡབ་སྲས་ཀྱིས་མ་བཤད་ཅིང་མར་ལུགས་ཀྱི་གདམས་པ་གཅིག་ནས་སྔགས་འཁོར་མེད་པར་ཐིག་ལེ་ཨ་ཐུང་དང་བཅས་པ་ཙམ་ཞིག་བསྒོམ་པར་གསུངས་བའི་ཕྱིར་རོ། །གཉིས་པ་འོད་ཀྱི་ཐིག་ལེ་ནི། སྨོན་ལམ་ལས། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་གདངས། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། འདི་ལ་བཞི། དགོས་པ་གང་གི་ཕྱིར་རླུང་གང་ལ་རྡོར་བཟླས་བྱ་བ། གནས་གང་ནས། རླུང་ངག་དབྱེར་མེད་དུ་སྦྱོར་ཚུལ། རྡོར་བཟླས་ཀྱི་དབྱེ་བའོ། །དང་པོ་ནི། ཞི་རྒྱས་ཀྱི་དངོས་གྲུབ་ཀྱི་ཆེད་དུ་རྩ་བའི་རླུང་ལ་བྱེད་པ། མངོན་ཤེས་ཀྱི་ཆེད་དུ་ཡན་ལག་གི་རླུང་ལ་བྱེད་པ། སེམས་དབེན་གྱི་སྟོང་པ་རྣམས་བསྐྱེད་པའི་ཆེད་དུ་རླུང་དགུ་ལ་རྡོར་བཟླས་བྱེད་པ་གསུམ་ལས། འདིར་ཕྱི་མ་ཉིད་ཡིན་ནོ། །གཉིས་པ་དང་གསུམ་པ་ནི་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་དམིགས་ནས་རླུང་འཇུག་ལྡང་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་སྒོ་ནས་བྱེད་བ་ཡིན་གྱི། རླུང་སྔགས་ངོ་བོ་ཐ་དད་དུ་བྱས་པའི་ཚུལ་གྱིས་མིན་ཏེ། ཐ་དད་དུ་ཞེན་པ་ནི་རྡོར་བཟླས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལས། སློངས་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་དང་། དེའི་དོན་ལུང་དོན་ལས། ཐ་དད་ཡི་གེ་སློང ས་མོ་ཡིན། །དེ་འདོན་པ་ནི་ཟ་བ་སྟེ། ཞེས་གསུངས་པའི་ཕྱིར། འདིར་རླུང་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱོར་ཚུལ་ཡོད་དེ། རླུང་ནང་དུ་འཇུག་པའི་རང་གདངས་ༀ་གྱི་གདངས་དང་། གནས་པའི་རང་གདངས་ཨཱཿའི་གདངས་དང་། ཕྱིར་འབྱུང་བའི་རང་གདངས་ཧཱུཾ་གི་གདངས་སུ་ཤར་བར་མོས་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་འཇུག་སྡང་གནས་གསུམ་བྱེད་པ་ཡིན་པའི་ཕྱིར་རོ། །བཞི་པ་དབྱེ་བ་ལ་གསུམ་སྟེ། ཡུལ་དང་སྔགས་དང་གནས་ཀྱི་སྒོ་ནས་གསུམ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གི་རླུང་གི་རྡོར་བཟླས་གཉིས་ཡོད་པའི་ཕྱིར། དང་པོ་ལ་རྩ་བའི་རླུང་བཞི་དང་། གཉིས་པ་ལ་ཡན་ལག་གི་རླུང་ལྔར་ཡང་དབྱེའོ། །གཉིས་པ་ལ་གཉིས་ཏེ། ཧཱུཾ་ཧོ་སྟེ་ཡི་གེ་གཉིས་ཀྱི་རྡོར་བཟླས་དང་། ༀ་ཨཱཿཧཱུཾ་སྟེ་ཡི་གེ་གསུམ་གྱི་རྡོར་བཟླས་གཉིས་ཡོད་པའི་ཕྱིར། འདི་ལ་ཡི་གེ་གཉིས་ཀྱི་རྡོར་བཟླས་བྱེད་པའི་ཚེ་རླུང་འཇུག་ལྡང་གཉིས་དང་སྦྱོར་བ་ཡིན་ལ། ཡི་གེ་གསུམ་གྱི་རྡོར་བཟླས་ལ་འཇུག་ལྡང་གནས་གསུམ་དང་སྦྱོར་བ་ནི་བཤད་པ་ལྟར་རོ། །གལ་ཏེ་གཞི་ལ་རླུང་འཇུག་ལྡང་གཉིས་ལ་མ་གཏོགས་པའི་གནས་བཟུང་དུ་མེད་པས་ཇི་ལྟར་བྱ་སྙམ་ན། སྐྱོན་མེད་དེ། འཇུག་ལྡང་གང་རུང་གི་ཡུན་ཚད་དང་མཉམ་པའི་གནས་པ་རེ་ཆེད་དུ་བྱ་དགོས་པའི་ཕྱིར་རོ། །གཞན་ཡང་རྟེན་གྱི་སྒོ་ནས་གཉིས་ཏེ། བསྐྱེད་རིམ་པ་དང་། རྫོགས་རིམ་པའི་རྡོར་བཟླས་གཉིས་ཡོད་ཅིང་། ཕྱི་མ་ལ་ངག་དབེན། སེམས་དབེན། སྒྱུ་ལུས། ཟུང་འཇུག་གི་བཟླས་པ་དང་བཞི་ཡོད་པའི་ཕྱིར་རོ། །གསུམ་པ་རྫས་ཀྱི་ཐིག་ལེ་ནི། སྨོན་ལམ་ལས། ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདི་ལ་གཉིས། རང་དང་ལས་རྒྱ་གཉིས་དང་། རང་དང་ཡེ་རྒྱ་གཉིས་སྙོམས་པར་ཞུགས་པའི་བྱང་སེམས་དྷཱུ་ཏཱིའི་མར་སྣ་འཕྲད་མཚམས་སུ་ཐིག་ལེ་དམིགས་རྟེན་དུ་བྱས་ནས་སྒོམ་པའི་ཚུལ་གཉིས་ཡོད་པའི་ཕྱིར། དེ་ལྟར་སྒོམ་པར་བྱེད་པ་དེ་ནི་རླུང་དྷཱུ་ཏཱིར་སྡུད་པ་ཙམ་གྱི་ཕྱིར་མ་ཡིན་ཏེ། ལུས་དབེན་གྱི་སྐབས་སུ་རླུང་དྷཱུ་ཏཱིར་སྡུད་པའི་ནུས་པ་ཐོབ་པའི་ཕྱིར་དེས་ན་དེ་ལྟར་སྒོམ་པ་ལ་དགོས་པ་ཡོད་དེ། སྲོག་རྩོལ་སྔ་མ་གཉིས་ཀྱིས་རླུང་བསྡུས་པའི་བོགས་འདོན་དུ་སོང་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་བའི་ཐབས་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར། དེའི་ཚུལ་ཡོད་དེ། དེ་ལྟར་བསྒོམས་པས་བྱང་སེམས་ཞུ་བས་བདེ་བ་དང་སྟོང་པ་ཞི་བདེ་ལས་ཀྱང་ལྷག་པ་ཁྱད་པར་ཅན་འདྲེན་ནུས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་དགྲོལ་ནུས་བར་བསྟན་པ་དང་། དེ་དགྲོལ་བ་དེ་རྩ་མདུད་གཞན་དགྲོལ་བའི་གཙོ་བོར་བསྟན་པའོ། །དང་པོ་ནི། རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་དགྲོལ་བར་བྱེད་དགོས་ཏེ། རྡོར་འཕྲེང་ལས། སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། །རྣལ་འབྱོར་མདུད་པ་འགྲོལ་ནས་ནི། །རླུང་གི་དེ་ཉིད་དག་པ་སྟེ། ཁྱད་པར་དབྱེ་བའི་སྦྱོར་བ་ཡིས། །ཞེས་གསུངས་པའི་ཕྱིར། དགྲོལ་ཚུལ་ཡོད་དེ། དཔེར་ན། སྙུགས་མའི་སྦུབས་འགགས་པ་ཐུར་མས་སེལ་བ་ལྟར། རྡོར་བཟླས་ཀྱིས་རིམ་གྱིས་སྙིང་གའི་རྩ་མདུད་ལྷོད་བོར་བྱས་ནས་རྫོགས་པར་འགྲོལ་བར་བྱེད་ནུས་པའི་ཕྱིར། རྫོགས་པར་གྲོལ་བའི་ཚེ་སྙིང་གའི་པདྨ་དེ་ཉིད་གྱེན་དུ་ལོག་དགོས་པ་ཡིན་ཏེ། རྡོར་འཕྲེང་ལས། སྙིང་གའི་པདྨ་སྟེང་བལྟས་འཇིག །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས་ཀྱང་། གང་ཞིག་པདྨ་ཁ་སྦུབས་འདི། །སྐད་ཅིག་གིས་ནི་གྱེན་དུ་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་ཡང་སྙིང་གའི་རྩ་མདུད་ནི་རྡོར་བཟླས་ཀྱིས་རྫོགས་པར་འགྲོལ་དགོས་ཏེ། རྩ་མདུད་གཞན་ལས་སྙིང་གའི་རྩ་མདུད་དགྲོལ་དཀའ་ཞིང་། དེ་མ་གྲོལ་ན་སེམས་དབེན་མཐར་ཐུག་མི་སྐྱེ་ལ། དེ་སྐྱེ་བ་ལ་སྲོག་ཐུར་བསྲེ་དགོས། དེ་ལ་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་དགོས་ཞིང་། དེ་ནི་རྡོར་བཟླས་ཀྱིས་བྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་མདུད་གཞན་ལ་རོ་རྐྱང་གི་མདུད་པ་རེ་རེ་ལས་མེད། སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་མདུད་པ་གསུམ་གསུམ་གྱིས་དཀྲིས་པའི་ཕྱིར་ཏེ། རྡོར་འཕྲེེང་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཉིད་ལས། སྦྱོར་བ་དེ་ཡང་མི་ཤེས་པར། །རླུང་འཛིན་པ་ལ་རྣལ་འབྱོར་གྱིས། །ཐོབ་པར་དཀའ། ཞེས་དང་། དབུས་ཀྱི་མདུད་པ་དེ་ཡང་ནི། །དེ་ཕྱེ་ན་ནི་དངོས་གྲུབ་འགྱུར། །ཞེས་གསུངས་པའི་ཕྱིར། རྡོར་བཟླས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྡོ་རྗེའི་སྐད་དོད་བཛྲ་ཞེས་པ་ནི་མི་ཕྱེད་པའི་དོན་ཡིན་པས། རླུང་སྔགས་དབྱེར་མི་ཕྱེད་པའི་ཚུལ་གྱིས་བཟླ་བར་བྱ་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ལ། ཡི་གེ་གསུམ་གྱི་དྲང་ངེས་ཀྱི་སྔགས་བཏུ་ཤེས་དགོས་པས་འདི་ལ་གསུམ་སྟེ། དྲང་དོན་གྱི་ༀ་ནི་ཨ་ཨུ་མ་གསུམ་ལས་བྱུང་བ་དེ་བཞིན་དུ་སྙིང་གའི་སྲོག་འཛིན། མགྲིན་པའི་གྱེན་རྒྱུ། སྤྱི་བོའི་བྱང་སེམས་གསུམ་ནི་རིམ་པ་བཞིན་དུ་ཨ་ཨུ་མ་གསུམ་གྱི་ངེས་དོན། རླུང་གཉིས་དང་ཐིག་ལེ་དེ་གསུམ། སྤྱི་བོའི་རྩ་འཁོར་གྱི་དབུ་མའི་ནང་དུ་བསྡུད་པ་ནི། ༀ་ཡིག་སྤྱི་བོར་འགོད་པའི་ངེས་དོན། ཨཱཿ་ནི་ཨ་ཨ་ཧ་གསུམ་ལས་བྱུང་བ་དེ་བཞིན་དུ་སྙིང་གའི་སྲོག་འཛིན། མགྲིན་པའི་གྱེན་རྒྱུ། གསང་གནས་ཀྱི་ཐུར་སེལ་གསུམ་རིམ་པ་བཞིན་དུ་ཨ་ཨ་ཧ་གསུམ་གྱི་ངེས་དོན། རླུང་གསུམ་པོ་མགྲིན་པའི་རྩ་འཁོར་གྱི་དབུ་མའི་ནང་དུ་སྡུད་པ་ནི། ཨཱཿ་ཡིག་མགྲིན་པར་འགོད་པའི་ངེས་དོན། ཧཱུཾ་ནི་ཧ་ཨཱུ་མ་གསུམ་ལས་བྱུང་བ་དེ་བཞིན་དུ་ཐུར་སེལ། གྱེན་རྒྱུ། སྲོག་འཛིན་གསུམ་པོ་རིམ་པ་བཞིན་དུ་ཧ་ཨཱུ་མ་གསུམ་གྱི་ངེས་དོན། རླུང་གསུམ་པོ་སྙིང་གའི་རྩ་འཁོར་གྱི་དབུ་མའི་ནང་དུ་སྡུད་པ་ནི། ཧཱུཾ་ཡིག་སྙིང་གར་འགོད་པའི་ངེས་དོན་ཡིན་པས་སོ། །དྲང་དོན་གྱི་གཏུ་གཞིའི་ཡི་གེ་དེ་རྣམས་ལས་ཡི་གེ་གསུམ་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། ཨས་ཨུ་མཐོང་ནས་ཨོར་སོང་། དེ་ལ་མ་ཡིག་ཐིག་ལེར་བྱིན་པས་ༀ་དུ་སོང་། ཨས་ཨ་མཐོང་བས་འདྲ་བའི་ཡི་གེ་ལས་ཨཱ་རིང་པོར་སོང་། ཧ་དང་ས་དང་ར་སྲོག་མེད་རྣམ་བཅད་དུ་འགྲོ་བས་འདིར་ཧ་རྣམ་བཅད་དུ་སོང་བས་ཨཱཿཧ་སྲོག་མེད་ཨཱུ་རིང་པོ་ལ་བཙུག་པས་ཧཱུ་ཡིག་ཏུ་སོང་། དེ་ལམ་ཡིག་ཐིག་ལེར་བྱིན་པས་ཧཱུཾ་ཡིག་ཏུ་སོང་བ་ཡིན་པའི་ཕྱིར། གསུམ་པ་ཉམས་མྱོང་ཇི་ལྟར་སྐྱེ་ཚུལ་ལ་གཉིས། སྙིང་གར་མི་ཤིགས་པ་བསྒོམས་པའི་ཉམས་མྱོང་དང་། སྲོག་རྩོལ་ལྷག་མ་བསྒོམས་པའི་ཉམས་མྱོང་སྐྱེ་ཚུལ་ལོ། །དང་པོ་ནི་སྙིང་གར་མི་ཤིགས་པ་བསྒོམས་པ་ལས་མཚོན་ལ་ལྔའམ་བརྒྱད་འབྱུང་བ་ཡིན་ཏེ། ཞལ་ལུང་ལས་གསུངས་པ་ལྟར། ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་ལྔ་དང་། ཀུ་ཀུ་རི་བས་བཤད་པ་ལྟར་དེའི་སྟེང་དུ་སྣང་བ་གསུམ་དང་བཅས་པ་བརྒྱད་འབྱུང་བའི་ཕྱིར། གཉིས་པ་ལ་གསུམ། རྡོར་བཟླས་བྱས་པས་ཟླ་བ་སོ་སོའི་ཉམས་མྱོང་དང་། རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིའི་ཐིམ་པར་བྱེད་མུ་དང་། གཏུམ་མོ་སྤོར་ཚུལ་ལོ། །དང་པོ་ཡོད་དེ། རྡོར་བཟླས་བཤད་པ་བཞིན་ཟླ་བ་དྲུག་བྱེད་པའི་ཟླ་བ་དང་པོ་ལ་ཉིན་ཞག་གཅིག་གི་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ལྷག་ཆད་མེད་པར་སྙོམས་པར་བྱེད། ཟླ་བ་གཉིས་པ་ལ་རླུང་དེ་རྣམས་ཐུན་ཚོད་བརྒྱད་དུ་སྙོམས་པར་བྱེད། གསུམ་པ་ལ་རྩ་འཁོར་རྣམས་གསལ་བོར་མཐོང་། བཞི་པ་ལ་རླུང་གི་རྒྱུ་ལུགས་དང་ཁ་དོག་གསལ་བར་མཐོང་། ལྔ་པའི་རླུང་རྣམས་དབུ་མར་ཞུགས་ནས་ཐིམ་པར་རྩོམ། དྲུག་པ་ལ་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནས་སེམས་དབེན་གྱི་རྟོགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ཡོད་དེ། རྡོར་བཟླས་བྱེད་པའི་ཚེ་དང་པོར་འཇུག་ལྡང་གནས་གསུམ་ཡི་གེ་གསུམ་གྱི་གདངས་སུ་མོས་པ་ཙམ་དང་། དབུ་མའི་ནང་ནས་བྱེད་པ་ཡང་མོས་པ་ཙམ་ཡིན་ཡང་། དེ་ལྟར་མོས་པས་གོམས་པ་ན་མཚམས་ཞིག་ནས་གནས་པ་རིང་དུ་འགྲོ་ཞིང་འབྱུང་འཇུག་ཐུང་དུ་འགྲོ་བས། མཐར་གནས་པ་འབབ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། ལུང་སྟོན་ལས། གསུམ་པོ་དེ་ཉིད་གཅིག་གྱུར་པ། །འགྲོ་བ་མེད་ཅིང་འདྲ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། རྡོར་བཟླས་བྱས་པས་རླུང་ཐིམ་ནུས་ཀྱང་། དེས་གཏུམ་མོ་ཇི་ལྟར་སྦོར་ཞེ་ན། ཡོད་དེ། ཐུར་སེལ་ལ་རྡོར་བཟླས་བྱས་པས་གཏུམ་མོ་སྤར་ནས་བྱང་སེམས་འཇུ་ཞིང་བདེ་ཆེན་བསྐྱེད་པར་བྱེད་པའི་ཕྱིར་ཏེ། ཞལ་ལུང་ལས། སུམ་མདོར་ཡེ་ཤེས་མེ་འབར་བས། ཁམས་ཞུ་ནས་ནི། ཞེས་གསུངས་པའི་ཕྱིར་རོ། །སྲོག་རྩོལ་གསུམ་བསྒོམས་པའི་དགོས་པའི་སྐབས་དོན་ཡོད་དེ། སེམས་དབེན་སྐྱེ་བའི་ཆེད་ཡིན་པའི་ཕྱིར་ཏེ། སྨོན་ལམ་ལས། སྣ་རྩེ་གསུམ་དུ་ཐིག་ལེ་རྣམ་གསུམ་གྱི། །ཞེས་སོགས་རྐང་པ་བཞིས་དེ་ལྟར་བསྟན་པའི་ཕྱིར་རོ། །གསུམ་པ་སེམས་དབེན་ལ་ལྔ། སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཚུལ། སེམས་ཀྱི་རང་བཞིན་གསུང་རབ་ལས་བསྟན་ཚུལ། དེ་རྟོགས་པའི་ཐབས་ཁྱད་པར་ཅན་བླ་མེད་ཀྱི་རྒྱུད་ཡིན་ཚུལ། རྒྱུད་ཀྱི་དོན་སྣང་བ་དང་རང་བཞིན་བཤད་པ། དེ་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས་བཤད་པའོ། །དང་པོ་ནི། རྡོར་བཟླས་ལ་ལོ་བས་ནས་ཚེ་འདིར་འཚང་རྒྱ་བར་འདོད་པས། སེམས་ཀྱི་ཆོས་ཉིད་རྟོགས་པའི་སེམས་དབེན་ལ་བསླབ་པར་བྱ་དགོས་ཏེ། དེ་དགོས་པར་ཚད་ལྡན་གྱི་གཞུང་དུ་མ་ལས་གསུངས་པའི་ཕྱིར། གལ་ཏེ་སེམས་དབེན་གྱིས་སེམས་ཀྱི་རང་བཞིན་ཆོས་ཉིད་རྟོགས་ན། དོན་གྱི་འོད་གསལ་དང་ཁྱད་མེད་དུ་འགྱུར་ཞེ་ན། སྐྱོན་མེད་དེ། མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། དོན་གྱི་འོད་གསལ་གྱིས་དེ་མངོན་སུམ་དུ་རྟོགས་ཅིང་། སེམས་དབེན་གྱིས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཕྱིར། གཉིས་པ་སེམས་ཀྱི་ངང་ཚུལ་གསུང་རབ་ནས་བཤད་ཚུལ་ཡོད་དེ། ལང་དཀར་གཤེགས་པ་དང་། བཟང་སྐྱོང་གིས་ཞུས་པའི་མདོ་དང་། རྒྱུད་སྡེ་དུ་མ་ལས་ཀྱང་བཤད་པའི་ཕྱིར། མདོའི་དབང་དུ་བྱས་ན་བཟང་སྐྱོང་གིས་ཞུས་པ་དེར་སེམས་ཀྱི་ངོ་བོ་དང་སྐྱེ་བ་འཛ ིན་ཚུལ་ནི་ཤིན་ཏུ་རྒྱས་ལ་ཟབ་པ་ཞིག་སྣང་ངོ་། གསུམ་པ་ནི། སེམས་ཀྱི་རང་བཞིན་རྟོགས་པའི་ཐབས་ཁྱད་པར་ཅན་ནི་བླ་མེད་ཀྱི་རྒྱུད་ཡིན་ཏེ། འདུས་པ་ལ་སོགས་པའི་བླ་མེད་ཀྱི་རྒྱུད་དང་། དེའི་དགོངས་འགྲེལ་རྣམས་ལས་ནི་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་རྟོགས་པའི་ཚུལ་རྒྱས་པར་བསྟན་གྱི། རྒྱུད་སྡེ་འོག་མ་དང་མདོ་སྡེ་ལས་ནི་དེ་མི་སྟོན་པའི་ཕྱིར་རོ། །བཞི་པ་ལ་བཞི། སྣང་བ་གསུམ་བཤད་པ། རང་བཞིན་གྱི་རྟོག་པ་བཤད་པ། ཕྱི་ནང་གི་ཐབས་ཀྱིས་ཡེ་ཤེས་སྐྱེ་ཚུལ་བཤད་པ། བདེ་སྟོང་སྦྱོར་ཚུལ་བཤད་པའོ། །དང་པོ་ལ་གཉིས། སྣང་བ་གསུམ་གྱི་མིང་གི་རྣམ་གྲངས། སྣང་བ་གསུམ་སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ཡོད་དེ། རིམ་པ་བཞིན་དུ་ཤེས་རབ། ཐབས། ཐབས་ཤེས་འདྲེས་མ་དང་། སེམས་ཡིད་རྣམ་ཤེས་གསུམ་དང་། གཞན་དབང་ཀུན་བཏགས་ཡོངས་གྲུབ་གསུམ་དང་། ཞེ་སྡང་འདོད་ཆགས་གཏི་མུག་གསུམ་གྱི་མིང་གིས་སྣང་བ་མཆེད་བ་ཉེར་ཐོབ་གསུམ་བསྟན་པའི་ཕྱིར་རོ། །གཉིས་པ་དེ་གསུམ་གྱི་མཚན་ཉིད་ཡོད་དེ། འདི་གསུམ་ལའང་ལུགས་འབྱུང་ལུགས་ལྡོག་གི་སྣང་བ་གསུམ་གསུམ་ཡོད་ཀྱང་། ཐུན་མོང་དུ་སྟོན་གནམ་གཡའ་དག་པ་ལ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སངས་དཀར་ལམ་པའི་སྣང་བ་འཆར་གྱི། གཞན་མི་འཆར་བས་རབ་ཏུ་ཕྱེ་བའི་ཡིད་ཀྱི་ཤེས་པ་དེ་སྣང་བ་དང་པོའི་མཚན་ཉིད། སྟོན་གནམ་གཡའ་དག་ལ་ཉིད་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སངས་དམར་ལམ་པའི་སྣང་བ་འཆར་གྱི། གཞན་མི་འཆར་བས་རབ་ཏུ་ཕྱེ་བའི་ཡིད་ཀྱི་ཤེས་པ་དེ། མཆེད་པའི་མཚན་ཉིད། སྟོན་གནམ་གཡའ་དག་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སངས་ནག་ལམ་པའི་སྣང་བ་འཆར་གྱི། གཞན་མི་འཆར་བས་རབ་ཏུ་ཕྱེ་བའི་ཡིད་ཀྱི་ཤེས་པ་དེ། ཉེར་ཐོབ་ཀྱི་མཚན་ཉིད་དུ་རིགས་པའི་ཕྱིར། དེ་ལྟ་བུའི་སྟོང་པ་གསུམ་གྱི་སྣང་བ་འཆར་ཚུལ་ལ་དངོས་དང་། ཆ་འདྲ་གཉིས་ཡོད་དེ། གཞི་ལ་འཆི་དུས་སུ་མཚན་ཉིད་པ་དང་། གཉིད་དུས་སུ་ཆ་འདྲ་འཆར་ལ། ལམ་དུས་སུ་སེམས་དབེན་གྱི་སྐབས་ལྟ་བུ་ལ་མཚན་ཉིད་པ་འཆར་ཞིང་། དེའི་སྔོན་དུ་རྗེས་མཐུན་ཙམ་འཆར་བའི་ཕྱིར། སྣང་བ་དང་སྟོང་པའི་ཁྱད་པར་ཅི་ལྟར་ཡིན་ཞེ་ན། ཡོད་དེ། སྣང་བ་གསུམ་ནི་སྣང་བ་འཆར་ཚུལ་གྱིི་སྒོ་ནས་བཏགས་ལ། སྟོང་པ་ནི་ཀུན་རྟོགས་བཞོན་པའི་རླུང་དང་བཅས་པ་དེ་དང་དེས་སྟོང་པའི་སྒོ་ནས་བརྗོད་པའི་ཕྱིར། གཉིས་པ་ནི། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ་ཡོད་དེ། རིམ་ལྔ་ལས། ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་པ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོགས་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཞེས་གསུངས་པའི་ཕྱིར། མཆེད་པའི་རང་བཞིན་བཞི་བཅུ་ཡོད་དེ། དེ་ཉིད་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་ཤིན་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་རྒོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་དབྲོག་དང་སྟོབས་དང་ནི། སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲེག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་བསྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། ཉེར་ཐོབ་ཀྱི་རང་བཞིན་བདུན་ཡོད་དེ། ཆགས་པ་བར་ཐའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་པ་དང་། །མི་སྨྲར་གྱུར་དང་སྐྱོ་བ་དང་། ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །ཞེས་གསུངས་པ་ལྟར་ཡོད་པའི་ཕྱིར། ཁ་ཅིག་སྣང་བ་གསུམ་དང་དེ་དག་གི་རང་བཞིན་རྣམས་སྤེལ་ནས་སྐྱེ་བར་འདོད་པ་ནི་མི་འཐད་དེ། སྐྱེ་བའི་ཚེ་སྣང་བ་རྣམས་སྐྱེས་པའི་རྗེས་སུ་རང་བཞིན་གྱི་རྟོག་པ་སྐྱེ་ལ། ཐིམ་པའི་ཚེ་རང་བཞིན་རྣམས་ཐིམ་པའི་རྗེས་སུ་སྣང་བ་རྣམས་རིམ་གྱིས་ཐིམ་པ་ཡིན་པའི་ཕྱིར་རོ། །སྣང་བ་གསུམ་ལ་རང་བཞིན་དེ་ལྟར་འཇོག་པའི་རྒྱུ་མཚན་ཡོད་དེ། རང་བཞིན་དེ་རྣམས་རང་རྒྱུ་སྣང་པ་གསུམ་སོ་སོ་ལས་བྱུང་བའི་ལག་རྗེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །གསུམ་པ་ཡོད་དེ། ཕྱི་ནང་གི་རྐྱེན་གཉིས་ལས་ནང་རྐྱེན་རྡོར་བཟླས་དང་། སྡུད་རིམ་གཉིས་དགོས་ཤིང་། ཕྱི་རྐྱེན་ཚེ་འདིར་འཚང་རྒྱ་བ་ལ་སེམས་དབེན་གྱི་རྟོགས་པ་མཐའ་ཐུག་བསྐྱེད་དགོས། དེ་ལ་ལས་རྒྱ་དང་མཉམ་པར་སྦྱོར་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྡོར་བཟླས་ཀྱིས་ལས་རླུང་གི་རྒྱུ་བ་བཀག་ནས་སྟོང་པ་རྣམས་འདྲེན་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། རྡོ་རྗེ་བཟླས་པ་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ལས་རྒྱ་ལ་མ་བརྟེན་ན་སེམས་དབེན་མཐར་ཐུག་བསྐྱེད་མི་ནུས་པའི་ཕྱིར་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི། སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་བའོ། །ཞེས་སོགས་དང་། བྷ་ག་དང་ལིདྒ་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །ཞེས་དང་། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་གསུངས་པའི་ཕྱིར། གལ་ཏེ་སེམས་དབེན་མཐར་ཐུག་འདྲེན་པ་ལས་རྒྱལ་ལྟས་ན། ལས་རྒྱ་ཡང་ཡང་བསྟེན་དགོས་སམ་ཞེ་ན། ཡང་ཡང་བསྟེན་པ་ངེས་པར་དགོས་པ་ནི་མ་ཡིན་ཏེ། རིམ་ལྔ་ལས། ལན་གཅིག་ཙམ་ཞིག་མྱོང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་པ་ལྟར་ལན་གཅིག་མཚོན་པ་སྔོན་དུ་སོང་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས་སེམས་དབེན་མཐར་ཐུག་གི་རྣལ་འབྱོར་བསྐྱེད་ནུས་པའི་ཕྱིར། འོན་ཀྱང་མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི་ལས་རྒྱ་ལ་རགས་མ་ལས་པར་ཚེ་གཅིག་ལ་འཚང་རྒྱ་ནུས་པ་ཞིག་བཞེད་པར་སྣང་ངོ་། །བཞི་པ་ནི། ཐབས་དེ་ལྟ་བུ་ལ་བརྟེན་ནས་སྔར་བཤད་པ་ལྟར་བདེ་སྟོང་སྦྱར་ནས་བསྒོམ་པར་བྱ་ཞིང་། དེ་ཡང་སྟོང་པ་གསུམ་དང་འོད་གསལ་གྱི་སྐབས་སུ་བདེ་སྟོང་སྦྱར་ནས་སྒོམ་པར་བྱེད་ལ། སྟོང་པ་དང་པོ་གསུམ་གྱི་སྐབས་སུ་སྣང་ངོར་དཀར་དམར་ནག་ལམ་པའི་རྣམ་པ་འཆར་ཡང་། ངེས་ངོར་སྣང་བ་དེ་བཀག་ནས་སྟོང་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་པར་བྱེད་པ་ཡིན་ནོ། གལ་ཏེ་འདིར་འོད་གསལ་གྱི་སྟོང་པ་བསྒོམས་པ་ཡོད་ན། རྗེས་སྨོན་ལམ་ལས། སྟོང་པ་གསུམ་གྱི་སེམས་དབེན་སྐྱེ་བར་ཤོག །ཅེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་ཡོད་དེ། སྟོང་པ་བཞི་པ་ཉེར་ཐོབ་ཏུ་བསྡུས་ནས་བཤད་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་ཉེར་ཐོབ་ལ་དང་པོ་དྲན་པ་རྙེད་པ་ཅིག་དང་། བར་དུ་དྲན་མེད་ཅིག་དང་། མཐར་དྲན་མེད་སངས་པ་ཅིག་དང་གསུམ་ཡོད་པ་ལས་སྟོང་པ་བཞིར་ཕྱེ་བའི་ཚེ་དང་པོ་གཉིས་ཉེར་ཐོབ་དང་། ཕྱི་མ་འོད་གསལ་དུ་སྡུད་པ། གསུམ་དུ་ཕྱེ་བའི་ཚེ་གསུམ་པོ་སྟོང་ཆེན་དུ་སྡུད་པར་བཤད་པའི་ཕྱིར་རོ། །ལྔ་པ་ནི། སྣང་བ་གསུམ་ལམ་གྱི་ངོ་བོར་བསྐྱེད་ཚུལ་ཤེས་མ་ཤེས་ཀྱི་ཕན་ཡོན་དང་ཉེས་དམིགས་ཡོད་དེ། དེ་ཤེས་ཏེ་རྒྱུད་ལ་བསྐྱེད་ན་དཔེ་དོན་གྱི་འོད་གསལ་འཆར་བ་དང་། སྒྱུ་མའི་སྐུ་འགྲུབ་པར་འགྱུར་བ་སོགས་ཀྱི་ཕན་ཡོན་དང་། མ་ཤེས་ན་སྣང་བ་གསུམ་ལས་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་ཞིང་། དེས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ་བདེན་པ་གཉིས་ཀྱི་རྫོགས་རིམ་བཤད་པ་ལ་གཉིས། བདེན་གཉིས་སོ་སོའི་རྫོགས་རིམ་དང་། བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་མོ། །དང་པོ་ལ་གཉིས། ཀུན་རྫོབ་སྒྱུ་ལུས་དང་། དོན་ད མ་འོད་གསལ་ལོ། །དང་པོ་ལ་གཉིས། དངོས་དང་། དེ་དང་འབྲེལ་བའི་གདམས་པའོ། །དང་པོ་ལ་གཉིས། ཉན་པ་པོས་ཇི་ལྟར་བྱ་བ་དང་། འཆད་པ་པོས་བཤད་པའི་རིམ་པའོ། །དང་པོ་ནི། འདིར་བསྟན་སྒྱུ་ལུས་ཀྱི་གདམས་ངག་ཉན་པའི་སློབ་མའི་གཙོ་བོའམ་ཁྱད་པར་ཅན་ནི་ཁྱད་ཆོས་བཞི་དང་ལྡན་པ་ཞིག་དགོས་ཏེ། དབང་སྐུར་ཐོབ་ཅིང་བསྐྱེད་རིམ་མཐར་ཕྱིན་པ། རྒྱུད་སྡེའི་དོན་ལ་མཁས་པ། དབེན་པ་གསུམ་གྱི་རྫོགས་རིམ་ལ་ལོབས་པ། ཟུང་འཇུག་གི་རྫོགས་རིམ་ལ་མོས་པ་ཞིག་དགོས་པའི་ཕྱིར། དེས་དེ་ཉན་པའི་ཕྱིར་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། བླ་མ་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ་ཏེ། འོད་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་སོགས་ཀྱིས་བསྟོད་ཅིང་གསོལ་བ་འདེབས་དགོས་པའི་ཕྱིར། དེ་ཡང་བསྐྱེད་རིམ་ནས་དབེན་པ་གསུམ་གྱི་བར་ལྷ་སྐུ་མཚན་ཉིད་པ་མེད་འདུག་པས། ལྷ་སྐུ་མཚན་ཉིད་པ་ཇི་ལྟར་བསྐྱེད་ཅེས་འདྲི་བ་ཡིན་ནོ། །གཉིས་པ་ལ་གཉིས། སྒྱུ་ལུས་ཀྱི་སྔོན་དུ་ཇི་ལྟར་བྱ་བ་དང་། སྒྱུ་ལུས་ཀྱི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། སློབ་དཔོན་གྱིས་དེ་ལྟ་བུའི་ལྷ་སྐུ་ཁྱད་པར་ཅན་ཇི་ལྟར་བསྐྱེད་པའི་ཚུལ་བཤད་པར་བྱའི་ཉོན་ཅིག་ཅེས་པ་སྔོན་དུ་བཏང་ནས། དེའི་ཚུལ་ནི། བདག་བྱིན་བརླབ་ལས། བསྐལ་པ་དཔག་ཏུ་མེད་པར་ནི། །ཐོས་པའི་ཕ་རོལ་ཕྱིན་པས་ཀྱང་། །བླ་མའི་བཀའ་མེད་སྒྱུ་མ་ནི། །མངོན་དུ་བྱ་བར་མི་ནུས་སོ། །ཞེས་གསུངས་པ་ལྟ་བུའི་རྙེད་དཀའ་བའི་སྒྱུ་མའི་སྐུ་དེ་རྙེད་མ་རྙེད་པའི་སྐྱོན་ཡོན་ནི། རིམ་ལྔ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོགས་པ་ལ། །དེ་ཡི་ང ལ་བ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པ། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། མན་ངག་གི་གཞི་འདིང་བ་དང་། སྒྱུ་ལུས་བསྒྲུབ་ཚུལ་བཤད་པའོ། དང་པོ་ནི། གཞི་དུས་སུ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་དངོས་པོ་གཅིག་པ་དེ་སྒྱུ་ལུས་ཀྱི་སྒྲུ བ་གཞི་ཡིན་ཏེ། གཞིའི་སེམས་ཅན་འཆི་བའི་དུས་བྱས་ནས་ཕྱི་མ་གློ་བུར་དུ་རང་དབང་གིས་མི་འབྱུང་གི རང་རྒྱུ་འཆི་བ་འོད་གསལ་གྱི་རླུང་སེམས་ཚོགས་པ་ལས་བར་དོར་སྐྱེ་ཞིང་། དེ་ནས་སྐྱེ་སྲིད་དུ་འཇུག་པ་ཡིན་ལ། དེ་ཉིད་ཐབས་མཁས་ཀྱིས་ལམ་དུ་བསྒྱུར་ནུས་ན་རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བའི་ཕྱིར་ཏེ། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་བ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཡང་འགྲོ་བའི་སྐྱེ་འཆི་བར་དོ་སོགས་རང་རྒྱུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྣམ་འཕྲུལ་དང་། རླུང་སེམས་ཕྲ་མོ་དེ་འགྲོ་བ་སྣ་ཚོགས་སུ་སྐྱེ་བ་ཡིན་ཏེ། རྡོར་འཕྲེང་ལས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། །ཞེས་དང་། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང་། ལུང་སྟོན་ལས་ཀྱང་། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདིར་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །སླར་ཡང་རླུང་ལས་འགག་པ་ཡིན། །རྣམ་པར་རྟོག་པའི་སེམས་དེ་ནི། །འཁོར་པའི་རྒྱ་མཚོར་གནས་གྱུར་ཀྱང་། །དེ་ནི་ཕྱིན་ཅི་ལོག་སོང་བས། ཁྱི་དང་ཅེ་སྤྱང་གླང་པོ་དང་། །སེམས་དེ་རྟར་ཡང་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར། །གཞིའི་སེམས་ཅན་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་ཚོགས་པ་དེ་སྒྱུ་མའི་སྐུའི་སྒྲུབ་བཞི་ཡིན་ཏེ། སེམས་ཅན་གྱི་ལུས་སེམས་ལ་རགས་པ་གནས་སྐབས་པའི་ལུས་སེམས་དང་། ཕྲ་བ་གཉུག་མའི་ལུས་སེམས་གཉིས་ཡོད་པར་ངེས་ཤིང་། རགས་པའི་ལུས་སེམས་འདོར་ཡང་། ཕྲ་བའི་ལུས་སེམས་གཉིས་ཀྱི་རྒྱུན་ལས་སྒྱུ་མའི་སྐུ་སྒྲུབ་པར་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་ཅན་གྱི་ལུས་ལ་རྣམ་སྨིན་གྱི་འབྱུང་ལུས་རགས་པ་དང་། དེ་དང་འབྲེལ་བའི་སེམས་དང་། ཤིན་ཏུ་ཕྲ་བའི་རླུང་དང་དེ་དང་འབྲེལ་བའི་སེམས་ཕྲ་བ་གཉིས་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། རགས་པའི་ལུས་སེམས་གཉིས་ནི་ཆུ་ལ་ཚ་བ་ལྟར་གནས་པས་འདོར་རུང་ཡང་། ཕྲ་བའི་ལུས་སེམས་གཉིས་ནི་ཆུ་ལ་གཤེར་བ་བཞིན་གནས་ཏེ་འབྲལ་དུ་མི་རུང་བའི་ཕྱིར། གང་ཟག་གཅིག་ལ་ལུས་སེམས་ཕྲ་རགས་གཉིས་གཉིས་ཡོད་ཀྱང་རྒྱུད་ཐ་དད་པར་ནི་མི་འགྱུར་ཏེ། ཕྲ་རགས་གཉིས་སྤྱིར་རྟེན་བརྟེན་པ་ཡིན་ཞིང་། དེ་གཉིས་ལས་གང་གིས་བྱ་བ་གཙོ་བོར་བྱེད་པའི་ཚེ། ཅིག་ཤོས་བག་ལ་ཞ་བའི་ཚུལ་དུ་འབྱུང་བའི་ཕྱིར་དང་། དུས་ཐ་དད་པའི་དབང་གིས་ནི། ང་དུ་མ་སྲིད་ཀྱང་རྒྱུད་ཐ་དད་པར་མི་འགྱུར་བ་བཞིན་ཡིན་པའི་ཕྱིར། སྤྱིར་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་སྒྱུ་མའི་སྐུར་འགྱུར་ཞེས་པ་དང་། རླུང་སྒྱུ་མའི་སྐུར་འགྱུར་ཞེས་བཤད་པ་ཡོད་ཀྱང་སྦོམ་ཐོག་ནས་ཡིན་པས། ཞིབ་ཏུ་ན་ཤིན་ཏུ་ཕྲ་བའི་རླུང་སྒྱུ་མའི་སྐུའི་ལུས་དང་། ཤིན་ཏུ་ཕྲ་བའི་སེམས་སྒྱུ་ལུས་པའི་སེམས་སུ་འགྱུར་ཞེས་ཁྱད་པར་ཕྱེ་ནས་སྨྲ་བར་བྱའི། སྒྱུ་ལུས་པའི་གདགས་གཞིའི་རླུང་སེམས་གཉིས་སྒྱུ་ལུས་པར་ཁས་བླང་པར་མི་བྱ་སྟེ། རླུང་དང་ཤེས་པ་ཙམ་གང་ཟག་ཏུ། འགྱུར་མི་སྲིད་པས་སྒྱུ་ལུས་པར་མི་འཐད་པའི་ཕྱིར་རོ། །དེས་ན་གདགས་གཞི་རླུང་སེམས་ཕྲ་བ་གཉིས་ཚོགས་པའི་སྟེང་གི་ང་ཞིག་སྒྱུ་ལུས་པར་འདོད་རིགས་ཏེ། སྤྱིར་ལུས་སེམས་གཉིས་སམ་ཕུང་པོ་ལྔ་ཚོགས་པའི་སྟེང་ནས་ངའམ་གང་ཟག་ཏུ་འཇོག་པ་བཞིན་ནོ། །འོ་ན་རྗེས་གསལ་སྒྲོན་ལས། གང་ཟག་ཏུ་ཐ་སྙད་འདོགས་པའི་གཞིའི་གཙོ་བོ་རླུང་སེམས་གཉིས་ཡིན་མོད། ཅེས་གསུངས་པ་འདིས་ཕྲ་བའི་རླུང་སེམས་གཉིས་གང་ཟག་ཏུ་བཤད་པ་མིན་ནམ་ཞེ་ན་མིན་ཏེ། དེས་དེ་གཉིས་པོ་གང་ཟག་གི་གདགས་གཞིར་བསྟན་པས་གདགས་གཞི་བཏགས་ཆོས་སུ་མི་འཐད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གཞུང་ནས་བཤད་ཚུལ་དང་། སྒྲུབ་ཚུལ་ཡོན་ཏན་དང་བཅས་པའོ། །དང་པོ་ནི། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་སྐུ་ཞེས་དེ་ལ་བཤད། །ཅེས་སྒྱུ་ལུས་དེ་རླུང་སེམས་ཙམ་ལས་བསྒྲུབ་པར་བཤད་པ་ལྟར་རོ། །ཙམ་སྒྲས་ནི་འབྱུང་ལུས་རགས་པ་དང་ཀུན་རྟོག་ལྟ་བུ་གཅོད་ཀྱི། སྒྲུབ་གཞི་གཞན་གཅོད་པ་མིན་ནོ། །སྣང་བ་གསུམ་རྣལ་འབྱོར་བའི་སྒྱུ་ལུས་སུ་འགྱུར་བར་བཤད་པ་ནི་དེ་གསུམ་གྱི་བཞོན་པའི་རླུང་དང་བཅས་པ་ལ་དགོངས་སོ། །གཉིས་པ་ནི། སྒྱུ་ལུས་འགྲུབ་པ་ལ་བསྒོམས་སྟོབས་ཀྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་ནུས་པ་ཞིག་དགོས་ཏེ། གཞི་ལ་བར་དོ་འགྲུབ་པ་ལ་ལུས་ཕྲ་རགས་གཉིས་སོ་སོར་ཕྱེ་བ་སྔོན་དུ་འགྲོ་དགོས་པའི་ཕྱིར། ལུས་དེ་གཉིས་སོ་སོར་འབྱེད་པའི་ཐབས་ལ་འཕོ་བ་དང་། གྲོང་འཇུག་དང་། རྡོར་བཟླས་གསུམ་ཡོད་པ་ལས་འདིར་ཕྱི་མས་འབྱེད་དགོས་ཏེ། དང་པོ་གཉིས་ཀྱིས་ལྷ་སྐུ་འགྲུབ་མི་ནུས་པའི་ཕྱིར། རིམ་པ་གསུམ་པའི་སྒྱུ་ལུས་འདི་ལ་ཁྱད་པར་གྱི་ཆོས་དུ་མ་ཡོད་དེ། རྒྱུའི་ཁྱད་པར། དུས་ཀྱི་ཁྱད་པར། གནས་ཀྱི་ཁྱད་པར། ངོ་བོ། ཁ་དོག དབྱིབས། མཐོང་ཚུལ། ཡོན་ཏན། མཚོན་བྱེད། མཚན་གྱི་རྣམ་གྲངས། ཕན་ཡོན་གྱི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། རྒྱུའི་ཁྱད་པར་ཡོད་དེ། རང་རྒྱུ་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་རླུང་སེམས་ཙམ་གྱི་དངོས་ཀྱི་ཉེར་ལེན་ལས་བྱུང་བའི་ཕྱིར། དུས་ཀྱི་ཁྱད་པར་ཡོད་དེ། སེམས་དབེན་མཐར་ཐུག་གི་ལུགས་ལྡོག་གི་ཉེར་ཐོབ་དང་དུས་མཉམ་དུ་འབྱུང་བའི་ཕྱིར། གནས་ཀྱི་ཁྱད་པར་ཡོད་དེ། དྷཱུ་ཏཱིའི་དབུས་ཀྱི་ནང་ངམ་ཕྱི་རོལ་ཅི་རིགས་པར་ལྡང་བ་ཡིན་པའི་ཕྱིར། འདིར་མཁས་པ་ཁ་ཅིག་ནང་ལྡང་ཁོ་ན་དང་། འགའ་ཞིག་ནི་ཕྱི་ལྡང་ཁོ་ན་བཞེད་པའང་ཡོད་དོ། །ངོ་བོའི་ཁྱད་པར་ཡོད་དེ། ཤ་རུས་སོགས་དང་བྲལ་ཞིང་རླུང་སེམས་ཙམ་ལས་གྲུབ་པ་དང་དྭངས་ཤིང་ཐོགས་མེད་ཀྱི་སྐུ་ཅན་ཡིན་པའི་ཕྱིར། ཁ་དོག་གི་ཁྱད་པར་ཡོད་དེ། སྒྲུབ་གཞི་སྲོག་འཛིན་དང་མཐུན་པའི་དཀར་པོར་བཤད་པའི་ཕྱིར། དབྱིབས་ཀྱི་ཁྱད་པར་ཡོད་དེ། འདིར་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པ་ཅན་དུ་འགྱུར་པའི་ཕྱིར། མཐོང་ཚུལ་གྱི་ཁྱད་པར་ཡོད་དེ། སྒྱུ་ལུས་ཐོབ་བས་མངོན་སུམ་དུ་ཐོང་གི དེ་མ་ཐོབ་པའི་སོ་སྐྱེས་མངོན་སུམ་དུ་མི་མཐོང་བའི་ཕྱིར། ཡོན་ཏན་གྱི་ཁྱད་པར་ཡོད་དེ། མཚན་དཔེས་བརྒྱན་ཅིང་། ནམ་མཁའ་མཛོད་ལ་མངའ་བརྙེས་པ་དང་། ཚེ་དེ་ལ་འཚང་རྒྱ་ནུས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། མཚོན་བྱེད་ཀྱི་ཁྱད་པར་ཡོད་དེ། སྒྱུ་མ། ཆུ་ཟླ། མིག་ཡོར། སྨིག་རྒྱུ། རྨི་ལམ། བྲག་ཆ། དྲི་ཟའི་གྲོང་ཁྱེར། མིག་འཕྲུལ། འཇའ་ཚོན། གློག ཆུ་བུར། གཟུགས་བརྙན་ཏེ་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ཕྱིར། མཚན་གྱི་ཁྱད་པར་ཡོད་དེ། ཀུན་རྫོབ་བདེན་པ། སྒྱུ་མའི་སྐུ། བདག་བྱིན་རླབས། ལོངས་སྤྱོད་རྫོགས་སྐུ། རྡོ་རྗེའི་སྐུ། དྲི་ཟའི་སྒྲས་ཀྱང་བརྗོད་པའི་ཕྱིར། ཕན་ཡོན་གྱི་ཁྱད་པར་ཡོད་དེ། ཕན་ཡོན་གྱི་གཙོ་བོ་ནི་དེ་ཐོབ་ན་ཚེ་དེ་ལ་འཚང་རྒྱ་ནུས་པ་སོགས་ཡིན་ལ། དེར་མ་ཟད། སྒྱུ་ལུས་མ་ཐོབ་ཀྱང་དེའི་ཁྱད་པར་ཇི་ལྟ་བུ་ཡིན་པ། ལེགས་པར་ཤེས་ཤིང་མོས་པ་ཙམ་ཡང་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་དང་འདྲ་བའི་ཕན་ཡོན་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་འདྲ་བའི་ཕན་ཡོན་འབྱུང་བར་སྤྱོད་བསྡུས་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང་། དེའི་འབྲེལ་བར་རྗེ་ཉིད་ཀྱིས་གསལ་བར་བཤད་པའི་ཕྱིར་རོ། །གཉིས་པ་ནི། སྨོན་ལམ་ལས། སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང་། །སྣ་ཚོགས་སྤྲུལ་སྐུ་གསུམ་ལ་རེ་རེ་ཞིང་། །རྣམ་པ་གསུམ་གསུམ་བསྲེ་བ་རྣམ་པ་དགུ །ཡོངས་རྫོགས་མན་ངག་གནད་ལ་མཁས་གྱུར་ཏེ། །ཞེས་གསུངས་པ་ལྟར་འཆད་པ་ལ་གཉིས། གནས་སྐབས་གང་དུ་བསྲེ་བ་གང་སྒོམ་པ་དང་། བསྒོམ་ཚུལ་དངོས་སོ། །དང་པོ་ནི། རླུང་དྷཱུ་ཏཱིར་ཐིམ་པའི་སྟོང་པ་བཞི་འདྲེན་ནུས་པ་ནས་ཟུང་འཇུག་གི་བར་གཉིད་ཀྱི་འོད་གསལ་དང་བསྲེ་བ་དང་རྨི་ལམ་དང་བསྲེ་བ་དང་། ཡང་སེམས་དབེན་མན་ཆད་དུ་འཆི་བ་དང་བསྲེ་བ་དང་བར་དོ་དང་བསྲེ་བ་ཡིན་ཏེ། སྒྱུ་ལུས་ཐོབ་ན་འཆི་བ་དང་བར་དོའི་བསྲེ་བ་མི་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དབྱེ་བསྡུ་དང་། བསྲེ་བ་སོ་སོའི་རང་བཞིན་བཤད་པའོ། །དང་པོ་ལ་རྒྱས་པར་དབྱེ་ན། སད་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་དང་། གཉིད་དུས་ཀྱི་སྐུ་གསུམ་དང་། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བ་སྟེ་དགུ་ཡིན་ལ། དེ་རྣམས་བསྡུ་ན་གསུམ་དུའང་འགྱུར་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བསྲེ་བ་གསུམ་དུ་འགྱུར་བའི་ཕྱིར། གཉིས་པ་ལ་གསུམ་གྱི་དང་པོ་སད་དུས་ཀྱི་སྐུ་གསུམ་དང་བསྲེ་ཚུལ་ཡོད་དེ། གཉིད་དུ་མ་སོང་བའི་སྐབས་སུ་དགའ་བཞི་དང་སྟོང་བཞི་དྲངས་ནས་བདེ་སྟོང་སྦྱར་ནས་སྒོམ་པ་ནི་ཆོས་སྐུ་དང་བསྲེ་བ་འོད་གསལ་ལས་ལམ་དངོས་སམ། དངོས་གནས་ལ་སྒྱུ་མའི་སྐུར་ལངས་པ་རྡོ་རྗེ་འཆང་དུ་སྒོམ་པ་ནི་ལོངས་སྐུ་དང་བསྲེ་བ། དེ་ཉིད་ཕུང་པོ་རྙིང་པ་ལྟར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གཉིས་པ་གཉིས་དུས་ཀྱི་བསྲེ་བ་གསུམ་ཡོད་དེ། དེ་ཡང་སད་དུས་ཀྱི་བསྲེ་བ་བྱེད་ནུས་པ་ཞིག་གིས་གཉིད་ཀྱི་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱོར་བ་ནི་ཆོས་སྐུ་དང་བསྲེ་བ། འོད་གསལ་ལས་རྨི་ལམ་གྱི་ལུས་སྒྱུ་ལུས་སུ་ལངས་པ་རྡོ་རྗེ་འཆང་དུ་སྒོམ་པ་ནི་ལོངས་སྐུ་དང་བསྲེ་བ། དེ་ཕུང་པོ་རྙིང་པ་ལ་ཞུགས་ནས་སད་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གསུམ་པ་འཆི་དུས་ཀྱི་བསྲེ་བ་གསུམ་ཡོད་དེ། འཆི་དུས་ཀྱི་འཆི་བ་འོད་གསལ་ལ་ཆོས་སྐུ་དང་བསྲེ་བ། བར་དོར་སྒྱུ་མའི་སྐུར་ལངས་པར་མོས་པའམ། དངོས་གནས་སུ་ལངས་པ་ལོངས་སྐུ་དང་བསྲེ་བ། དེ་ཉིད་སྐྱེ་གནས་གཞན་དུ་སྐྱེ་བ་འཛིན་པ་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། བསྲེ་བ་ཕྱི་མ་གསུམ་ནི་ཚེ་འདིར་མཆོག་མི་འགྲུབ་ཀྱང་། བར་དོའམ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གཉིས་ཀ་དང་སྦྱར་བར་བྱ་སྟེ། སྨོན་ལམ་ལས། གལ་ཏེ་འདི་དང་བར་དོར་མཆོག་འགྲུབ་པའི། །ཞེས་པ་ནས། འཆི་ཚེ་ཡིད་ལ་དགའ་བ་རྒྱས་པར་ཤོག །ཞེས་གསུངས་པའི་ཕྱིར། འོན་ཀྱང་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་བསྲེ་བ་ལ་ནི་མོས་པ་ཡིད་བྱེད་ཙམ་གྱིས་བསྲེ་བ་བྱེད་ཚུལ་ཡང་ཡོད་དོ། །གཉིས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ལ་གཉིས། རིམ་ལྔ་དང་སྤྱོད་བསྡུས་ལས་བཤད་པའི་དོན་དང་། རྒྱུད་ཕྱི་མར་འཛིན་པའི་ཡན་ལག་ཏུ་གསུངས་པའི་དོན་ནོ། །དང་པོ་ལ་གསུམ། གོ་རིམ་ངེས་ཚུལ་སྣོད་རུང་དུ་བྱ་བ་དང་བཅས་པ། འོད་གསལ་གྱི་གདམས་ངག རིམ་པ་དེ་ལམ་གཞན་གྱི་མཐར་འོང་ཚུལ་ལོ། །དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཙམ་ནི་རིམ་པ་བཞི་པའི་འོད་གསལ་དུ་མི་འགྱུར་ཏེ། དེ་ནི་ཕར་ཕྱིན་ཐེག་པའི་བྱང་སེམས་དང་། ཉན་རང་འཕགས་པ་ལའང་ཡོད་པའི་ཕྱིར། དེས་ན་སྤྱིར་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པ་ལ་རིམ་པ་གསུམ་པའི་སྒྱུ་ལུས་སྔོན་དུ་འགྲོ་དགོས་པ་ནི་མིན་ནོ། །འོ་ན་ཇི་ལྟར་ཞེ་ན། རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱིས་ཉོན་སྒྲིབ་དངོས་སུ་སྤོང་ནུས་ཤིང་། ཤེས་སྒྲིབ་སྤོང་བའི་ནུས་པ་ཁྱད་པར་ཅན་ཐོབ་པ་ལ་སྒྱུ་ལུས་སྔོན་དུ་འགྲོ་དགོས་ཏེ། རིམ་པ་གསུམ་པའི་སྒྱུ་ལུས་དེ་ཐེག་པ་གཞན་གྱི་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་ཀྱི་དོད་ཐུབ་ཡིན་ལ། སྒྱུ་ལུས་དེ་འོད་གསལ་དུ་སྦྱངས་པའི་མཐུས་རིམ་པ་བཞི་པའི་འོད་གསལ་དེ་སྒྲིབ་གཉིས་སྦྱོར་བའི་ནུས་པ་ཤིན་ཏུ་མཐུ་ཆེན་དུ་འགྱུར་བས། སྐུ་གཉིས་འགྲུབ་པའི་རིགས་འདྲའི་རྒྱུ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཡང་ཆེས་སྟོབས་ལྡན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། སྐབས་འདིར་འོད་གསལ་གྱི་གདམས་ངག་ཉན་པའི་སློབ་མས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རིམ་ལྔར། བླ་མ་དེ་ནི་མཉེས་བྱས་ལ། །ཅི་ནུས་པས་ནི་མཆོད་པར་བྱ། །ཞེས་འབྱུང་བ་ལྟར། ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་ནས་གསོལ་བ་གདབ་ཅིང་། དབང་གསུམ་པ་དངོས་དབང་དུ་བསྐུར་ནས་འོད་གསལ་གྱི་གདམས་ངག་འབོགས་པ་ཡིན་པའི་ཕྱིར། འོད་གསལ་གྱི་གདམས་ངག་སྔར་ཐོབ་ཀྱང་འདིར་དོན་གྱི་འོད་གསལ་གྱི་ཆེད་དུ་ཡིན་ཏེ། གསལ་སྒྲོལ་ལས། སྔར་འོད་གསལ་གྱི་གདམས་ངག་བཤད་ཀྱང་འདིར་བཤད་མི་དགོས་པ་ག་ལ་ཡིན། ཞེས་གསུངས་པའི་ཕྱིར། འདིར་ཕྱི་ནང་གི་མངོན་བྱང་གཉིས་ཡོད་དེ། རིམ་པ་བཞི་པའི་དོན་གྱི་འོད་གསལ་ཏེ། སྣང་མཆེད་ཐོབ་གསུམ་འདས་པའི་མཐར་མངོན་དུ་བྱས་པའི་ཆ་ནས་ནང་གི་མངོན་བྱང་དང་། ཐོར་རས་ཀྱི་དུས་སུ་མངོན་དུ་བྱས་པའི་སྒོ་ནས་ཕྱིའི་མངོན་བྱང་དུ་འཇོག་པའི་ཕྱིར་ཏེ། རྩ་རྒྱུད་ལས། སྐྱ་རེངས་འཆར་བའི་དུས་སུ་ནི། །བསྒོམས་པའི་མཆོག་ནི་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེའི་ཚེ་བསམ་གཏན་གཉིས་ཀྱི་སྡུད་རིམ་གཙོ་བོར་བྱེད་པ་ཡིན་ཏེ། རང་གི་ལུས་ཀྱི་སྟོད་སྨད་ནས་སྙིང་གར་སྡུད་པའི་རིལ་འཛིན་དང་། སྣོད་བཅུད་སྡུད་པ་སྔོན་དུ་བཏང་ནས་རང་ཉིད་སྡུད་པའི་རྗེས་གཞིག་གི་བསམ་གཏན་གཉིས་གཙོ་བོར་སྒོམ་དགོས་པའི་ཕྱིར། །བསམ་གཏན་གཉིས་སྒོམ་པ་ལ་སེམས་དཔའ་སུམ་བརྩེགས་བྱེད་མི་བྱེད་གཉིས་ཡོད་ཀྱང་། བྱ་དགོས་པ་ཡིན་ཏེ། རང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བྱས་ཏེ། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་གསུམ་དུ་རིམ་པ་བཞིན་དུ་སྦྱར་ནས་སྒོམ་པ་བྱེད་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་སེམས་དཔའ་དང་། དེ་གསུམ་གྱི་ཐུགས་ཀར་ཡི་གེ་གསུམ་སྒོམ་པ་ནི་ཡེ་ཤེས་སེམས་དཔའ་དང་། དེ་གསུམ་གྱི་ཐིག་ལེའི་ནང་དུ་ཨ་ཐུང་སྒོམ་པ་ནི་ཏིང་ངེ་འཛིན་སེམས་དཔའ་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལས། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །བདག་གི་ལུས་ལ་སྣང་མཛད་བཞག །སྙིང་གར་ཡི་གེ་ༀ་བསམས་ལ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ། །ཞེས་དང་། དེ་བཞིན་དུ་འོད་དཔག་མེད་མི་བསྐྱོད་པ་གཉིས་ལའང་གསུང་ཐུགས་དང་སྦྱར་ནས་གསུངས་པའི་ཕྱིར། དེ་ལྟར་བསྒོམས་པས་དོན་གྱི་འོད་གསལ་སྐྱེས་པའི་ཚེ། མ་དག་པའི་སྒྱུ་ལུས་འཇའ་ཡལ་བ་ལྟར་དག་ནས་འགྲོ་ཞིང་། དེའི་ཚེ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ། བླ་མེད་ཀྱི་མཐོང་ལམ་ཐོབ་པ། དེའི་ས་དང་པོ་ཐོབ་པ། བདེན་འཛིན་ནམ་ཉོན་སྒྲིབ་ཀུན་བཏགས། ལྷན་སྐྱེས་གཉིས་ཀའི་དངོས་གཉེན་ཐོབ་པ་རྣམས་དུས་མཉམ་པའི་ཚུལ་གྱིས་འབྱུང་ངོ་། །སྤྱིར་འོད་གསལ་དེ་ལ་སྒྲས་བརྗོད་རིགས་པ་ཙམ་གྱི་དབང་དུ་བྱས་ན། ཡུལ་གྱི་འོད་གསལ་དང་། ཡུལ་ཅན་གྱི་འོད་གསལ་གཉིས་ཡོད་པའི་དང་པོ་དང་སྟོང་ཉིད་དོན་གཅིག གཉིས་པ་ལའང་སྤྱི་དོན། སྤས་དོན། མཐར་ཐུག་གི་འོད་གསལ་དང་གསུམ། དེར་མ་ཟད། གཞིའི་འོད་གསལ་དང་། ལམ་གྱི་འོད་གསལ་དང་། འབྲས་བུའི་འོད་གསལ་ཞེས་པའི་ཐ་སྙད་ཀྱང་ཡོད་དོ། །གསུམ་པ་ནི། ཁ་ཅིག་ཕར་ཕྱིན་ཐེག་པ་བསྔགས་བླ་མེད་ཀྱི་ལམ་དུ་འཇུག་དགོས་ན། ལམ་གྱི་སྐབས་གང་ནས་འཇུག་སྙམ་ན། འདི་ལ་མཁས་པ་ཁ་ཅིག །ས་དང་པོ་ནས་བཅུ་པའི་བར་གྱི་བྱང་སེམས་སྔགས་ལམ་དུ་འཇུག་པར་ཡོད་དོ་ཞེས་བཞེད། མཁས་པ་ཁ་ཅིག་ནི་ཚོགས་ལམ་ནས་འཇུག་པ་ཡོད་ལ། བྱང་འཕགས་རྣམས་ནི། ས་བཅུ་པ་ཁོ་ན་ནས་འཇུག་ཅིང་། དེ་ཡང་སྲིད་པ་ཐ་མ་ནས་འཇུག་གོ་གསུང་། སྦྱོར་ལམ་ཐོབ་ནས་བླ་མེད་ཀྱི་ལམ་འོག་མ་ནས་མི་འཇུག་པའི་རྒྱུ་མཚན་དུ་སྦྱོར་ལམ་ཆོས་མཆོག་གི་བར་གྱི་བྱང་སེམས་རྣམས་ཀྱིས་བསམ་གཏན་གྱི་དངོས་གཞི་ཐོབ་པས་འདོད་པ་ལ་འདོད་ཆགས་དང་བྲལ་བ་འདོད་ཀྱང་། དེ་ནི་མི་འཐད་དེ། དེ་ལྟ་ན་དེ་རྣམས་སྔགས་ལམ་དུ་གཏན་མི་འཇུག་པར་ཐལ་བའི་ཕྱིར་ཏེ། ས་བཅུ་པའི་མཐར་འཇུག་ན་ནི་དོན་གྱི་འོད་གསལ་ནས་འཇུག་དགོས་པས་དབང་གསུམ་པ་དངོས་དབང་དུ་བསྐུར་བ་ཡང་མི་འཐད་པའི་ཕྱིར་རོ། །དེར་མ་ཟད། སློབ་པའི་ཟུང་འཇུག་པས་ལས་རྒྱ་ལ་བརྟེན་པར་བཤད་པ་ཡང་མི་འཐད་པར་ཐལ་ཏེ། དེས་ཉོན་མོངས་སྤངས་ཟིན་པས་ཆགས་པ་དང་གཏན་ནས་བྲལ་ཟིན་པའི་ཕྱིར་རོ། །དེས་ན་ལུགས་སྔ་མ་ཉིད་འཐད་པར་སེམས་སོ། །ཕར་ཕྱིན་ཐེག་པ་པར་མ་ཟད། རྒྱུད་སྡེ་འོག་མ་པ་གསུམ་ཡང་བླ་མེད་དུ་འཇུག་དགོས་ཏེ། འདི་རྣམས་ལ་རང་རང་གི་རིགས་ངེས་མ་ངེས་གཉིས་སུ་དབྱེ་དགོས་པས་སོ། །སྔོན་སྟོན་པས་ལྷའི་བུ་མོ་ཐིག་ལེ་མཆོག་མར་བརྟེན་ནས་འོད་གསལ་མངོན་དུ་བྱས་ཏེ་བྱང་ཆུབ་ཐོབ་པའི་ཚུལ་བསྟན་པ་ནི་གཞན་དུ་ཤེས་པར་བྱའོ། །འོན་ཀྱང་མཐར་སྔགས་ལ་ཞུགས་པ་ནི་རང་ལམ་དོར་ནས་སྔགས་ལ་ཞུགས་པ་མ་ཡིན་ཏེ། རང་ལམ་གྱི་སྟེང་དུ་སྔགས་ལམ་གྱི་བསྣོན་མ་བྱས་པ་ཙམ་ཡིན་པའི་ཕྱིར་རོ། བསྐྱེད་རིམ་དང་། རིམ་པ་དང་པོ་གསུམ་སྔོན་དུ་མ་སོང་བར་རིམ་པ་བཞི་པ་མངོན་དུ་བྱེད་པ་ནི་འདི་ལ་དམིགས་བསལ་ཡིན་ནོ། །གཉིས་པ་ནི། རིམ་པ་བཞི་པའི་འོད་གསལ་དེ་ཡན་ལག་དྲུག་གི་ནང་ནས་གང་ཡིན་ཞེ་ན། འཛིན་པའི་ཡན་ལག་ཡིན་ཏེ། རྒྱུད་ཕྱི་མ་ལས། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་ནི། རིམ་སྔ་དང་སྤྱོད་བསྡུས་ལས་གསུངས་པ་ལྟར་ཟུང་འཇུག་འགྲུབ་ལུགས་སྟེ། འདི་ལ་གསུམ། དོན་གྱི་འོད་གསལ་ལས་ལྡན་ཚུལ་དང་། མཉམ་རྗེས་ཀྱི་བྱ་འདིར་ཟུང་འཇུག་གང་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་གང་ལྷ་འཇོག་ཚུལ་དང་བཅས་པ་དང་སྤྱོད་པ་དང་ས་ལམ་གྱི་རྣམ་གཞག་གོ །དང་པོ་ནི། རིམ་ལྔ་ལས། རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་རླབས་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུ་ལན་འགའ་བྱུང་། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། ཅེས་གསུངས་པ་ལྟར། དོན་གྱི་འོད་གསལ་ལས་ལངས་མ་ཐག་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་དག་པའི་སྒྱུ་མའི་སྐུ་སློབ་པའི་ཟུང་འཇུག་འགྲུབ་པར་འགྱུར་བ་ཡིན་ཏེ། སྤྱོད་བསྡུས་ལས་གཉིད་མྱུར་དུ་སད་པའི་དཔེས་གསུངས་པ་དང་། གཞི་ལ་འཆི་བ་འོད་གསལ་ལས་ལངས་མ་ཐག་བར་དོ་འགྲུབ་པ་དང་ཤིན་ཏུ་མཐུན་ཞིང་། རྒྱུད་ཕྱི་མ་ལས་ཀྱང་། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཅེས་བྱ་བ་བཤད། །ཅེས་གསུངས་པའི་ཕྱིར། དེའི་དུས་སུ་ཐོབ་པའི་ཟུང་འཇུག་དེ་སྤངས་པ་ཟུང་འཇུག་ཡིན་ཏེ། རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངན་འདས། རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་པའི་སྐབས་ནས་བསྟན་པའི་ཟུང་འཇུག་དེ་དེའི་ཚེ་གསར་དུ་ཐོབ་པའི་ཕྱིར། དེའི་རྗེས་སུ་དོན་གྱི་འོད་གསལ་གཞན་མངོན་དུ་མཛད་པ་ན་ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་དེ་ཐོབ་པ་ཡིན་ཏེ། དེ་ཉིད་ལས། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་གསུངས་པ་ལྟར་གྱི་ཟུང་འཇུག་དེ་ཐོབ་པ་ཡིན་པའི་ཕྱིར། འོ་ན་སྔགས་རིམ་སོགས་ལས། ལུགས་ལྡོག་གི་སྣང་བའི་མཐར་ཟུང་འཇུག་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་སྔོན་གྱི་མཁས་གྲུབ་འགའ་རེའི་བཞེད་ཚུལ་བཀོད་པ་ཡིན་གྱི། རང་ལུགས་ཀྱི་བཞེད་པ་མཐར་ཐུག་མིན་པའི་ཕྱིར་ཏེ། བཞེད་པ་མཐར་ཐུག་ནི་གསལ་སྒྲོན་མཐའ་དཔྱོད། དངོས་གྲུབ་སྙེ་མ་སོགས་ནས་བཤད་པ་ལྟར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རིམ་པ་བཞི་པའི་འོད་གསལ་གྱི་བཞོན་པར་གྱུར་པའི་ཟག་མེད་ཀྱི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་སྒྱུ་མའི་སྐུ་ཅན་རང་གི་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ནས་བཞེངས་པའི་སྤངས་པ་ཟུང་འཇུག་པ་དེས་སླར་ཡང་མཉམ་གཞག་ཏུ་ཞུགས་ནས་རྟོགས་པ་ཟུང་འཇུག་མངོན་དུ་བྱེད་ཅིང་། རྗེས་ཐོབ་ཀྱི་ཚེ་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལ་ཞུགས་ནས་སྤྲུལ་སྐུ་འཛིན་པ་ཡིན་ཏེ། ཀླུ་བྱང་གིས། ཡང་དག་མགོན་པོ་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ཡིན། །རིན་ཆེན་ཟ་མ་ཏོག་ཏུ་བཞག །ཅེས་གསུངས་པའི་ཕྱིར། སྤངས་པ་ཟུང་འཇུག་དེ་རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ཀྱི་ནང་ནས་རྗེས་དྲན་གྱིས་བསྡུས་པ་ཡིན་ཏེ། དེའི་ཚེ་བྱུང་བའི་ལུགས་ལྡོག་གི་སྣང་བ་གསུམ་པོ་རྗེས་དྲན་གྱིས་བསྡུས་པའི་ཕྱིར་ཏེ། སྨོན་ལམ་ལས། ལུགས་སྡོག་རྗེས་དྲན་ཟུང་འཇུག་ཏིང་འཛིན་དང་། །ཞེས་གསུངས་པའི་ཕྱིར། །འོན་ཀྱང་ལུང་འདི་ལྟ་བུ་ལ་བརྟེན་ནས་སློབ་པའི་ཟུང་འཇུག་ཐམས་ཅད་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བཞེད་པ་ཡང་སྣང་ངོ་། །རྟོགས་པ་ཟུང་འཇུག་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འཇོག་སྟེ། རྒྱུད་ཕྱི་མའི་ལུང་དང་། སྔར་གྱི་སྨོན་ལམ་གྱི་ལུང་དེས་འགྲུབ་པའི་ཕྱིར་རོ། །གསུམ་པ་ལ་གཉིས། སྤྱོད་པ་དང་། ས་ལམ་གྱི་རྣམ་གཞག་གོ །དང་པོ་ལ་གཉིས། སྤྱོད་པ་སྤྱི་དང་། བྱེ་བྲག་གོ །དང་པོ་ནི། སྤྱིར་སྤྱོད་པ་ལ་གསུམ་ཡོད་དེ། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་དུ་ཕྱིན་པའི་སྤྱོད་པ་དང་། ཟབ་མོ་ལ་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་གསུམ་བསྟན་པའི་ཕྱིར། ཕྱི་མ་ནི་རྒྱུད་སྡེ་བཞི་ཀའི་གདུལ་བྱའི་དབང་དུ་བྱས་ཤིང་། ཁྱད་པར་དུ་བླ་མེད་ཀྱི་དབང་དུ་མཛད་པ་ཡིན་ཏེ། དེས་ནི་འདོད་ཡོན་སྤྱི་དང་བྱེ་བྲག་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ཀ་ལ་ལོངས་སྤྱོད་དགོས་པའི་ཕྱིར། དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱི། བླ་མེད་ཀྱི་གདུལ་བྱས་ཆགས་བྲལ་གྱི་སྤྱོད་པ་བསྟེན་མི་རུང་བ་ཡང་མ་ཡིན་ཏེ། བླ་མེད་ཀྱི་ལམ་ཉམས་སུ་ལེན་པའི་རབ་བྱུང་གི་རྟེན་ཁྱད་པར་ཅན་ཡོད་པའི་ཕྱིར་ཏེ། ཇི་སྐད་དུ། ཕྱི་རུ་ཉན་ཐོས་སྤྱོད་པ་སྤྱོད། །ནང་དུ་གསང་བ་འདུས་ལ་དགའ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། བླ་མེད་ཀྱི་སྤྱོད་པ་ལ་དབྱེ་ན་གསུམ་ཡོད་དེ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ཡོད་པའི་ཕྱིར་ཏེ། སྨོན་ལམ་ལས། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །སྤྱོད་མཆོག་རྣམ་གསུམ་ཡོངས་སུ་རྫོགས་པར་ཤོག །ཅེས་གསུངས་པའི་ཕྱིར། ཡང་རྟེན་གྱི་སྒོ་ནས་བསྐྱེད་རྫོགས་གཉིས་ཀྱི་སྤྱོད་པ་དང་། དུས་ཀྱི་སྒོ་ནས་དབྱེ་བ་དང་། འབྲས་བུའི་སྒོ་ནས་དབྱེ་བ་དང་། བོགས་འབྱིན་པའི་སྤྱོད་པ་སོགས་ཡོད་དོ། །སྤྱོད་པ་གསུམ་གྱི་ཁྱད་པར་ཡོད་དེ། ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཅིང་། བརྡ་དང་བརྡའི་ལན་སོགས་བྱ་བའི་སྤྱོད་པ་དེ་སྤྲོས་བཅས་ཀྱི་སྤྱོད་པ་དང་། ལས་རྒྱ་དང་འདྲ་འབག་སོགས་ཡོད་ཅིང་། བརྡ་དང་དེའི་ལན་སོགས་བྱ་བ་མེད་པའི་སྤྱོད་པ་དེ་སྤྲོས་མེད་ཀྱི་སྤྱོད་པ་དང་། ཕྱིའི་སྤྱོད་པ་དེ་ཐམས་ཅད་སྤངས་ནས་ཡེ་རྒྱ་དང་སྙོམས་པར་འཇུག་ཅིང་། གཉིད་ཀྱི་འོད་གསལ་ཚིག་བསྒྲིལ་དུ་སྐྱོང་བའི་སྒོ་ནས་བདེ་སྟོང་གི་ཡེ་ཤེས་གཙོ་བོར་སྒོམ་པར་བྱེད་བའི་སྤྱོད་པ་དེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དོད་ཐུབ་ཀྱི་སྒོ་ནས་བཤད་པ་དང་། ངོ་བོའི་སྒོ་ནས་བཤད་པའོ། །དང་པོ་ནི་བླ་མེད་ཀྱི་རྒྱུད་དག་ལས་སའི་དབྱེ་བ་དུ་མ་བཤད་དེ། ས་བཅུ་དང་། བཅུ་གཅིག་དང་། བཅུ་གཉིས་དང་། བཅུ་གསུམ་དང་། བཅུ་བཞིར་བཤད་པ་ཡང་ཡོད་པའི་ཕྱིར། དེ་དག་ནི་དབྱེ་བསྡུ་མཛད་པ་ཙམ་ཡིན་གྱི། འགལ་བ་ནི་མེད་དེ། དེ་ཡང་ཡོངས་གྲགས་ཀྱི་ས་དང་པོ་ནས་ས་བཅུ་པའི་བར་དང་། དེའི་སྟེང་དུས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་བསྣན་པས་བཅུ་གཅིག དེའི་སྟེང་དུ་མོས་སྦྱོད་ཀྱི་ས་བསྣན་པས་བཅུ་གཉིས། སློབ་པའི་ས་དགུ་དང་། བཅུ་པ་ལ་བཅུ་པ་ཙམ་དང་། དེའི་ཁྱད་པར་གྱི་ལམ་དང་། བར་ཆད་མེད་པའི་ལམ་གསུམ་དང་། དེའི་སྟེང་དུ་ཀུན་ཏུ་འོད་བསྣན་པས་བཅུ་གསུམ། དེ་རྣམས་དེའི་སྟེང་དུ་མོས་སྤྱོད་ཀྱི་ས་བསྣན་པས་བཅུ་བཞིར་འཇོག་པའི་ཕྱིར། སྤྱོད་བསྡུས་འགྲེལ་པར་མི་འདྲ་བ་ཞིག་ཀྱང་ཡོད་དེ། སྦྱོར་ལམ་དྲོད་སོགས་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་ཕྱེ་ནས་བཅུ་གཉིས་དང་། དེའི་སྟེང་དུ་དོན་གྱི་འོད་གསལ་བསྣན་པས་བཅུ་གསུམ་དུ་བཤད་པའི་ཕྱིར། རིམས་གཉིས་ཀྱི་སྐབས་དང་སའི་དོད་ཐུབ་སྦྱོར་ཚུལ་ཡོད་དེ། བསྐྱེད་རིམ་མཐར་ཕྱིན་པ་ས་བརྒྱད་པའི་དོད་ཐུབ། ངག་དབེན་ནས་དགུ་པ། སེམས་དབེན་དང་སྒྱུ་ལུས་གཉིས་ས་བཅུ་པའི་དཀྱིལ་སྟོད། དོན་གྱི་འོད་གསལ་དང་ཟུང་འཇུག་ས་བཅུ་པའི་དཀྱིལ་སྨད་དང་དོད་ཐུབ་སྦྱོར་བ་ཡིན་པའི་ཕྱིར། དེ་ཡང་བསྐྱེད་རིམ་ས་བརྒྱད་པ་དང་སྦྱོར་ཏེ། སྣོད་བཅུད་ལ་དག་པའི་རྟེན་དང་བརྟེན་པར་འཆར་བའི་གསལ་སྣང་བརྟན་པོ་ཐོབ་པ་ནི། ས་བརྒྱད་པར་ཞིང་དག་སྦྱོར་ཐོབ་པ་དང་ཆོས་མཐུན་པའི་ཕྱིར། རྫོགས་རིམ་གྱི་ལུས་དབེན་དང་ངག་དབེན་གཉིས་ས་དགུ་པར་འཇོག་སྟེེ། ངག་གི་རྩ་བ་རླུང་ལ་དབང་ཐོབ་པ་ནི། ས་དགུ་པར་ཆོས་སྟོན་པ་ལ་དབང་བསྒྱུར་བ་དང་ཆོས་མཐུན་པའི་ཕྱིར། སེམས་དབེན་དང་རིམ་པ་གསུམ་པའི་སྒྱུ་ལུས་ནི་ས་བཅུ་པར་འཇོག་སྟེ། ཤིན་ཏུ་ཕྲ་བའི་རླུང་སེམས་ལྷར་དངོས་སུ་བསྒྱུར་ནུས་པ་དང་བསྒྱུར་བ་ནི་ས་བཅུ་པར་ལུས་དམན་པའི་རྒྱུར་འགྱུར་པ་ཡང་ལུས་ཕུན་གསུམ་ཚོགས་པ་འགྲུབ་པའི་རྒྱུར་བསྒྱུར་ནུས་པ་དང་། སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་དང་ཆོས་མཐུན་པའི་ཕྱིར། རིམ་པ་ཕྱི་མ་གཉིས་རིམ་པ་བཞིན་དུ་ས་བཅུ་པའི་སྨད་དང་དོད་ཐུབ་སྦྱོར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ནུས་པ་མཐུ་ཆེན་དུ་སོང་བ་ནི་ས་བཅུ་པའི་སྨད་ནས་ཚོགས་གཉིས་རྫོགས་པ་དང་ཆོས་མཐུན་ཞིང་། ཟུང་འཇུག་ཐོབ་ནས་ལམ་གཞན་ལ་གསར་དུ་བསླབ་མི་དགོས་པ་ནི་རྒྱུན་མཐའ་དང་ཆོས་མཐུན་པའི་ཕྱིར་རོ། །གཉིས་པ་ངོ་བོའི་སྒོ་ནས་འཇོག་ཚུལ་ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་ཏེ་དགའ་བཞི་འདྲེན་མི་ནུས་པ་ཚུན་ཆད་ཚོགས་ལམ། དེ་ནུས་པ་ནས་སྒྱུ་ལུས་བར་ཚུན་ཆད་སྦྱོར་ལམ། རིམ་པ་བཞི་པའི་དོན་གྱི་འོད་གསལ་མཐོང་ལམ། སློབ་པའི་ཟུང་འཇུག་སྒོམ་ལམ་དུ་འཇོག་ཅིང་། དེ་ལའང་ཤེས་སྒྲིབ་སྤོང་ཚུལ་གྱི་སྒོ་ནས་སྒོམ་ལམ་སྐོར་དགུར་འབྱེད་པ་ཡིན་པའི་ཕྱིར། མདོར་ན་སློབ་པའི་ཟུང་འཇུག་ཐོབ་ནས་བསྲེ་བ་དང་སྤྱོད་པ་གསུམ་ཅི་རིགས་ལ་གོམས་པར་བྱས་པའི་མཐར་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མཆོག་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟ་བུའི་གོ་འཕང་ཚེ་འདིར་མངོན་དུ་བྱེད་མི་ནུས་པ་ད་ལྟའི་གང་ཟག་གིས་ཀྱང་དེར་བགྲོད་པའི་ལམ་གྱི་རིམ་པ་སྤྱི་དང་བསྲེ་བའི་སྐོར་རྣམས་ལེགས་པར་ཤེས་པར་བྱས་ནས་ཡང་ཡང་ཡིད་ལ་གོམས་པར་བྱས་ནའང་ཁྱད་ཆེ་སྟེ། རྗེའི་གསལ་སྒྲོན་ལས། བསྲེ་བའི་གདམས་ངག་ལ་མཁས་པར་བྱ་སྟེ། དེ་ལེགས་པར་ཤེས་ན་དེ་ཙམ་མི་ནུས་པས་ཀྱང་ཡང་ཡང་ཡིད་ལ་བྱས་ན། རྨད་དུ་བྱུང་བའི་བག་ཆགས་བརྟན་པོ་འཇོག་པའི་ཕྱིར་རོ། །ཞེས་དང་། དེ་ཙམ་གྱི་ནུས་པ་མ་ཐོབ་པས་ནི་འཆི་བའི་དུས་སུ་འོང་བའི་རིམ་པ་རྣམས་ད་ལྟ་ནས་ཡང་ཡང་ཡིད་ལ་དྲན་ཏེ་རྒྱུན་ལྡན་དུ་གོམས་ན། གོམས་པའི་ཤུགས་ཀྱིས་འཆི་ཁར་དྲན་ཐུབ་ནས་འཆི་བའི་སྟོང་པ་རྣམས་ངོས་ཟིན་པ་འབྱུང་བར་མངོན་ཏེ་ཞེས་དང་། རྗེའི་གསུང་འབུམ་ཐོར་བུ་ལས་ཀྱང་། དེ་ལྟ་བུ་མ་ཐོབ་པ་ནའང་ད་ལྟར་གྱི་དུས་སུ་འཆི་བའི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་ཡིད་ལ་དྲན་པར་བྱས་ཏེ། ཞེས་པ་ནས། ད་གཟོད་འཆི་བའི་དུས་ཀྱི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་དང། བར་དོའི་དུས་སུ་བར་དོ་ངོས་ཟིན་པ་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། །ཞེས་གསུང་པའི་ཕྱིར་རོ།། །།སྨྲས་པ། རྒྱལ་བའི་གསུང་རབ་མ་ལུས་པའི། །ངེས་དོན་མཐར་ཐུག་བླ་མེད་རྒྱུད། །དེ་ཡི་ནང་ནས་ཆེས་ཟས་པ། །དཔལ་ལྡན་འདུས་པའི་རྒྱུད་དུ་གྲགས། །དོན་ཟབ་རིན་ཆེན་འོད་དཀར་ཅན། །ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ། །མཁས་གྲུབ་གདེངས་ཅན་དབང་རྣམས་ཀྱིས། །ལེགས་བཤད་གདེངས་ཀ་མཆོག་གིས་བཟུང་། །འོན་ཏེ་དུས་ཀྱི་ཆུ་འཛིན་གྱིས། །ཉེ་བར་སྒྲིབ་ལ་མངོན་ཕྱོགས་ཚེ། །རྒྱལ་བ་གཉིས་པར་གྲགས་པ་དེའི། །ལེགས་བཤད་ཉི་མའི་དཀྱིལ་འཁོར་ཤར། །མགོན་དེའི་ཐུགས་བཅུད་མཐར་ཐུག་པ། །རིམ་ལྔ་གསལ་བར་བྱེད་པའི་སྒྲོན། །དོན་འགྲེལ་མཁས་པའི་ལེགས་བཤད་ཀྱང་། །རྒྱུ་སྐར་བཞིན་དུ་རྣམ་པར་བཀྲ། །དེ་ལྟ་ན་ཡང་རང་སྐལ་དང་། མགོན་དེའི་བསྟན་དང་གཞན་ལ་ཡང་། །ཕན་སྲིད་སྙམ་ནས་ཟབ་མོའི་དོན། །ཅུང་ཟད་བརྗོད་པ་ཉིད་དུ་ཐལ། །ཚུལ་འདིར་མ་རྟོགས་ལོག་རྟོག་གིས། །ནོངས་པར་གྱུར་རྣམས་རབ་འཆགས་ཤིང་། །ལེགས་པར་བཤད་ལས་ཐོབ་པའི་དགེ །མདོ་སྔགས་བསྟན་པ་རྒྱས་ཕྱིར་བསྔོ། །ཅེས་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་པའི་སྒྲོན་མེའི་སྙིང་པོ་བསྡུས་པ་ཞེས་བྱ་བ་འདི་ནི། ཅོ་ནེའི་ཀཽའུ་ཤྲི་ཡེ་ཤེས་ཀྱིས་རང་དགོན་དུ་རྒྱུད་ཀྱི་འཆད་ཉན་གསར་དུ་བཙུགས་པའི་ཚེ། དེའི་བླ་མའི་གོ་སའི་ཐོག་མར་གྱུར་པ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རྗེ་ཡབ་སྲས་སོགས་མཁས་པ་དུ་མའི་མན་ངག་ལ་བརྟེན་ནས་སྦྱར་བ་སྟེ། ཕྱིས་དད་དང་རྣམ་དཔྱོད་ཕུན་སུམ་ཚོགས་པའི་གནས་བརྟན་ཆོས་རིན་ཆེན་ཞེས་བགྱི་བ་རྒྱུད་གྲྭར་ཞུགས་ནས་སྔགས་རམ་པའི་མཚན་གདགས་མཛད་པའི་ཚེ། གཞན་ལ་ཕན་པར་འགྱུར་སྲིད་སྙམ་ནས་དད་པས་པར་དུ་བསྒྲུབས་སོ། །བཀྲ་ཤིས།། །།


previousདཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་བའི་སྒྲོན་མེའི་སྙིང་པོ་བསྡུས་པ་སྐལ་ལྡན་དགྱེས་བྱེད།next