Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་པའི་རྣམ་བཤད།
   
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་པའི་རྣམ་བཤད།next

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་པའི་རྣམ་བཤད།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་པའི་རྣམ་བཤད་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བའི་ཡེ་ཤེས་གཅིག་གྱུར་འཇམ་པའི་དབྱངས་། །ཕྱི་ནང་གསང་བའི་གཤིན་རྗེ་ཀུན་འདུལ་ཕྱིར། ཁྲོས་པའི་གར་མཛད་བཅོམ་ལྡན་དུས་དགྲའི་དབང་། །བཀའ་སྡོད་ལས་ཀྱི་གཤིན་རྗེ་བཅས་ལ་འདུད། །འཇམ་དཔལ་ཞི་ཁྲོ་མི་ཡི་ཟློག་གར་ཅན། །བློ་བཟང་རྒྱལ་བ་གཉིས་པར་གྲགས་པ་དང་། །ཐུགས་སྲས་མཁས་གྲུབ་ཆོས་རྗེ་ཡབ་སྲས་སོགས། །ཆོས་འདིའི་བརྒྱུད་འཛིན་བླ་མ་རྣམས་ལ་འདུད། །གཤིན་རྗེ་གཤེད་ཀྱི་རིམ་པ་དང་པོའི་གནད། །ཕྱེ་བ་མང་ཡང་རྫོགས་རིམ་གནད་རྣམས་ནི། ཁུངས་བཅས་སྔོན་ཆད་ཕྱོགས་འདིར་མ་གསལ་པ། །བླ་མའི་དྲིན་ལས་ཅུང་ཟད་གསལ་བར་བྱ། །འདི་ལ་གཉིས། སྔོན་དུ་འགྲོ་བ་སྤྱིའི་རྣམ་གཞག་བཤད་པ་དང་། སྐབས་སུ་བབས་པའི་རྫོགས་རིམ་ཉིད་བཤད་པའོ། །དང་པོ་ལ་བཞི། རྒྱུད་གཉིས་ཀྱི་ཁྱད་པར་ཅུང་ཟད་བཤད་པ། འདིའི་རྫོགས་རིམ་རྒྱུད་དང་རྒྱ་གཞུང་གང་ལས་བསྟན་པ་དང་དོན་གྱིས་ཐོབ་ཚུལ། རྫོགས་རིམ་ལ་ཉེ་བར་མཁོ་བའི་རྩ་རླུང་ཐིག་ལེའི་རྣམ་གཞག །ཐབས་ཤེས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ནི། སྤྱིར་རྒྱུད་དེ་ལ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། བླ་མེད་ཀྱི་རྒྱུད་དང་བཞི། ཕྱི་མ་ལ་ནི་ཕ་མའི་རྒྱུད་གཉིས་ཏེ། ཕ་རྒྱུད་དང་ཐབས་རྒྱུད་གཉིས་དོན་གཅིག་ཅིང་། མ་རྒྱུད་དང་ཤེས་རབ་ཀྱི་རྒྱུད་གཉིས་དོན་གཅིག་གོ །རྒྱུད་གཉིས་ཀྱི་གྲངས་ཚད་ཀྱང་ཡོད་དེ། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། འདིར་རྣལ་འབྱོར་རྒྱུད་ནི་རྒྱུད་སྡེ་གསུམ་པ་ལ་བྱེད་པ་མིན་གྱི། བླ་མེད་ཀྱི་རྒྱུད་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐ་སྙད་མཛད་པ་ལྟར་ཡིན་ཏེ། རྒྱུད་གཉིས་ལས་ཕ་རྒྱུད་ནི་སྒྱུ་ལུས་རྩལ་དུ་བཏོན་ནས་་འཆད་པའི་སྒོ་ནས་དེར་བཞག་ལ། མ་རྒྱུད་ནི་ལུགས་འབྱུང་ལུགས་ལྡོག་གི་་དགའ་བཞི་རྩལ་དུ་བཏོན་ནས་འཆད་པའི་སྒོ་ནས་དེར་བཞག་པ་ཡིན་ཡང་། གཉིས་ཀའང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སམ་རྣལ་འབྱོར་གཙོ་བོར་སྟོན་པ་ལ་ཁྱད་པར་མེད་པས་དེའི་སྒོ་ནས་ནི་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་མའི་རྒྱུད་ཅེས་པའི་ཐ་སྙད་མཛད་པ་ཡིན་པའི་ཕྱིར་ཏེ། འདུས་པ་ཕྱི་མ་ལས། ཐབས་་དང་ཤེས་རབ་སྙོམས་འཇུག་པས། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཐབས་རྒྱུད་ལ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཐབས་རྒྱུད་གསུམ་ཡོད་པ་ལས། གསང་འདུས་ལྟ་བུ་འདོད་ཆགས་ཐབས་རྒྱུད་དང་། གཤིན་རྗེ་གཤེད་ཀྱི་སྐོར་རྣམས་དེའི་ཕྱོགས་མཐུན་གྱི་རྒྱུད་དུ་བཞག་ཀྱང་ངོ་བོའི་སྒོ་ནས་ཞེ་སྡང་ཐབས་རྒྱུད་དང་། རྡོ་རྗེ་ཨ་ར་ལིའི་རྒྱུད་ལྟ་བུ་གཏི་མུག་ཐབས་རྒྱུད་དུ་འཇོག་གོ །གཤིན་རྗེ་གཤེད་ཀྱི་རྒྱུད་ནི། དམར་ནག་འཇིགས་གསུམ་གྱི་རྒྱུད་རྣམས་ཡིན་ལ། འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་ཤོ་ལོ་ཀ་འབུམ་ཡོད་པ་ནི་ཨུ་རྒྱན་གྱི་ཡུལ་ན་བཞུགས་པ་རྒྱ་བོད་དུ་མ་འགྱུར་ཞིང་། ད་ལྟ་རྟོགས་བདུན་དུ་གྲགས་པའི་རྒྱུད་ནི་རྒྱུད་རྒྱས་བདེ་ནས་ལོགས་སུ་བྱུང་བའོ། །རྟོག་གསུམ་ནི་བཤད་རྒྱུད་དེ། འདི་ཡང་བཤད་རྒྱུད་ཀྱི་དུམ་བུ་འཁྲུལ་འཁོར་རྒྱས་པར་འཆད་པ་ཞིག་གོ །གཉིས་པ་ནི། འདིར་འཇིགས་བྱེད་ཀྱི་བསྐྱེད་རིམ་རྒྱས་པ་མཁས་གྲུབ་ཆོས་རྗེས་མཛད་པ་དང་། དེའི་འཕྲོ་ལུས་པ་རྗེ་དེ་ཉིད་ཀྱི་སྲས་མཁས་པ་ཆེན་པོ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་བས་མཛད་པ་ལ་བརྟེན་ནས་འཆད་པ་ཡིན་ལ། འོ་ན་འདིའི་རྫོགས་རིམ་རྒྱུད་དང་རྒྱ་གཞུང་གང་ལ་བརྟེན་ནས་འཆད་པ་ཡིན་ཞེ་ན། དེའི་ལན་དུ་ཁུངས་རྒྱས་པར་བཀོད་ན་མང་བར་འགྱུར་བས་བསྡུས་པའི་ཚུལ་གྱིས་དགོད་པར་བྱ་སྟེ། དེ་ཡང་འདི་ལྟར། རྟོག་བདུན་གྱི་རྟོག་པ་བདུན་པ་ལས། དེ་ནས་ཞུ་བའི་བསམ་གཏན་གྱི་རབ་ཏུ་སྦྱོར་བ་འབྱུང་བ། ཞེས་པ་ནས། འོ་མའི་ཤིང་བཞིན་དུ་ཞུ་བར་བྱེད་པ་ཐེ་ཚོམ་མེད་དོ། །ཞེས་པའི་བར་གྱིས་ཕྱག་རྒྱ་ལ་བརྟེན་ནས་བྱང་སེམས་བཞུ་བའི་རྫོགས་རིམ་ཇི་ལྟར་བསྟན་པ་མི་བསྐྱོད་པའི་འགྲེལ་བར་བཤད་པ་ལྟར་དང་། ཡང་། རྟོག་བདུན་ལས། མར་མེ་ཆེ་བ་བཟའ་ཞིང་ཞེས་གསུངས་ཏེ། དེས་ནི་རྩ་འཁོར་ལ་བརྟེན་པའི་གཏུམ་མོའི་རྫོགས་རིམ་བསྟན་པ་ཡིན་ལ། དགྲ་ནག་ལས་ཀྱང་། འོ་མ་ལ་སེམས་གོམས་བྱས་པས། ། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །ཞེས་པས་བྱང་སེམས་བཞུས་ནས་ཕྱག་ཆེན་བསྒྲུབ་ཚུལ་བསྟན་ཏོ། །གཞན་ཡང་གཤིན་རྗེ་གཤེད་དམར་པོའི་རྒྱུད་དང་། གྲུབ་ཆེན་བྷི་ར་ཝ་བས་མཛད་པའི་སྤྲོས་མེད་དང་། ཤནྟི་པས་མཛད་པའི་འཇིགས་བྱེད་ཀྱི་ཚོགས་འཁོར་དང་། ཨ་མོ་གྷ་བཛྲ་ཆེ་བས་མཛད་པའི་རྫོགས་རིམ་མདོར་བསྡུས་པ་དང་། དརྨན་ཨ་ཙཪྱས་མཛད་པའི་འཚོ་བའི་དེ་ཉིད་རྣམས་ལས་འདིའི་རྫོགས་རིམ་བསྒོམ་ཚུལ་བསྟན་པའང་ཤེས་པར་བྱའོ། །འདིར་ནི་གྲུབ་ཆེན་དཔལ་འཛིན་གྱིས་མཛད་པའི་རྣལ་འབྱོར་བཞིིའི་རིམ་པ་ཉིད་གཙོ་བོར་བྱ་དགོས་པ་ཡིན་ཏེ། འདིའི་དངོས་བསྟན་གཤིན་རྗེ་གཤེད་དམར་པོའི་རྫོགས་རིམ་གཙོ་བོར་སྟོན་པའི་དབང་་དུ་མཛད་ཀྱང་། འཇིགས་བྱེད་ཀྱི་རྫོགས་རིམ་རྣམས་ཀྱང་སྟོན་པས་དམར་ནག་འཇིགས་གསུམ་གྱི་རྫོགས་རིམ་རྣམས་ཐུན་མོང་དུ་སྟོན་པ་ཡིན་པའི་ཕྱིར་ཏེ། འདིའི་རྫོགས་རིམ་ཆོས་རྗེ་བློ་གྲོས་པས་མཁས་གྲུབ་རྗེའི་མན་ངག་ལྟར་འཆད་པ་ན་འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོ་ལས། དམར་ནག་འཇིགས་གསུམ་ལས་དམར་པོའི་རྒྱུད་དང་རྒྱ་གཞུང་རྣམས་ཀྱི་ནང་ནས་ནི་རྣལ་འབྱོར་བཞིའི་རིམ་པ་ཉིད་ལ་བརྟེན་ནས་བཤད་ན། འདིའི་རྫོགས་རིམ་ཀྱང་རྒྱས་པར་ཐོན་པར་་འགྱུར་རོ། །ཞེས་གསུངས་ཞེས་དང་། ཁྱད་པར་དུ་རྣལ་འབྱོར་བཞི་རིམ་་འདི་ནི་དངོས་སུ་ན་དམར་པོའི་རྫོགས་རིམ་སྟོན་བྱེད་དུ་སྦྱར་ནས་གསུངས་ཀྱང་། འདི་ཉིད་གྲུབ་ཆེན་ལ་ལི་ཏའི་མན་ངག་ལ་བརྟེན་ནས་དམར་པོའི་རྒྱུད་དང་། རྒྱུད་འབུམ་པ་ཞེས་གྲགས་པ་འཇིགས་བྱེད་ཀྱི་རྒྱུད་རྒྱས་པའི་རྫོགས་རིམ་གྱི་གནད་རྣམས་བསྡུས་ནས་སྟོན་པ་ཡིན་པས། དམར་ནག་འཇིགས་གསུམ་ཐམས་ཅད་ཀྱི་རྫོགས་རིམ་ཐུན་མོང་དུ་སྟོན་པའི་གཞུང་དུ་སྦྱར་བར་བྱའོ། །ཞེས་པ་ནི་བླ་མའི་ཞལ་གྱི་གདམས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གྲུབ་ཆེན་གྱི་གཞུང་དེས་རྣལ་འབྱོར་བཞི་འཆད་པའི་ཚུལ་བསྡུས་ཏེ་བཀོད་ན། དེ་ཉིད་ལས། རྣལ་འབྱོར་དམ་པ་བཞིར་བཤད་དེ། །དབྱིབས་དང་སྔགས་་དང་དམ་ཚིག་དང་། །རྣམ་དག་ཡེ་ཤེས་ཞེས་བྱ་བས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཞེས་མདོར་བསྟན་ནས་དེ་ཉིད་ཕྱེ་སྟེ་འཆད་པ་ལ། རིམ་པའམ་ཡང་ན་ཅིག་ཅར་དུ། སངས་རྒྱས་རྗེས་དྲན་བསྒོམ་པར་བྱ། ཞེས་སོགས་ཀྱི་ཐོག་མར་རང་དང་གཉུག་མའི་ལུས་ལྷར་བསྒོམ་དགོས་པར་བསྟན། འདི་ནི་བདག་ལས་ཐ་དད་མིན། ཞེས་སོགས་ཀྱིས་གཉུག་མའི་ལུས་ལས་སྒྱུ་ལུས་བསྒྲུབ་ཚུལ་བསྟན། ལུས་ཅན་ཀུན་གྱིས་དེ་མཐོང་དང་། །ཞེས་སོགས་ཀྱིས་སྒྱུ་ལུས་འོད་གསལ་དུ་འཇུག་ཚུལ་བསྟན། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཞེས་སོགས་ཀྱིས་སྒྱུ་ལུས་དཔེའི་སྒོ་ནས་བསྟན་ཏེ། དེ་་དག་ནི་དབྱིབས་ཀྱི་རྣལ་འབྱོར་རོ། །ཡང་། ལུས་ཅན་ཀུན་གྱི་སྲོག་གྱུར་། པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཞེས་སོགས་ཀྱིས་སྔགས་ཀྱི་རྣལ་འབྱོར་སྟོན་ཏེ། དེ་ཡང་རླུང་གི་རྣལ་འབྱོར་འགའ་ཞིག་དང་། རྡོར་བཟླས་དང་། བུམ་པ་ཅན་དང་། འཕོ་བའི་རིམ་པ་རྣམས་སྟོན་ནོ། །ཡང་། ཤེས་རབ་་ཐབས་ཀྱི་ཕྱག་རྒྱ་ལས། །ཤེས་སོགས་ཀྱིས་དམ་ཚིག་གི་རྣལ་འབྱོར་སྟོན་ཏེ། པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་རིགས་བཞིའི་མཚན་ཉིད་དང་། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་ཚུལ་རྣམས་དང་། ཕྱག་རྒྱ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཚུལ་རྣམས་སྟོན་ནོ། ། ཡང་། མཁའ་འགྲོའི་ཆུ་སྐྱེས་ཕོ་བྲང་དབུས། །ཞེས་སོགས་ཀྱིས་སྡུད་རིམ་བྱས་ནས་དོན་གྱི་འོད་གསལ་དང་། དེ་ལས་དག་པའི་སྒྱུ་ལུས་བསྐྱེད་ཚུལ་དང་། དེ་གཉིས་དབྱེར་མེད་དུ་སྦྱོར་བའི་སློབ་པའི་ཟུང་འཇུག་དང་། མཐར་མི་སློབ་པའི་ཟུང་འཇུག་འགྲུབ་ཚུལ་རྣམས་སྟོན་པ་ཡིན་ཏེ། དེ་རྣམས་ཉམས་ལེན་དུ་འཁྱེར་ཚུལ་འོག་ཏུ་འཆད་པར་འགྱུར་རོ། །དེར་མ་ཟད། འཇིགས་བྱེད་རང་གི་སྐུ་དང་ཕྱག་མཚན་གྱིས་མཚོན་ཚུལ་ལས་ཀྱང་རྫོགས་རིམ་སྟོན་པ་ཡིན་ཏེ། རྗེའི་གསུང་འབུམ་ཐོར་བུ་ལས་འབྱུང་བའི་་དོན་བསྡུས་ཏེ་བཤད་ན། རྭ་གཉིས་ཀྱིས་སྒྱུ་ལུས་དང་འོད་གསལ་མཚོན་ཞིང་གོ་བར་བྱེད་ལ། ཁྱད་པར་དུ་ཕྱག་མཚན་རྒྱུ་མ་དང་མེ་ཐབ་གཉིས་ཀྱིས་དེ་ལྟར་དུ་མཚོན་ཞིང་སྟོན། ཁ་ཊྭཱཾ་གས་ནི་བདེ་བ་འབར་འཛག་སྟོན་ཅིང་། དེ་་ཡང་མ་རྒྱུད་ནས་བཤད་པའི་བདེ་སྟོང་གི་རྣམ་གཞག་སྟོན། སྡིགས་མཛུབ་ཀྱིས་ཕ་རྒྱུད་མ་རྒྱུད་ཀྱི་གནད་མཐར་ཐུག་པ་ང་ལ་ཡོད་ཅེས་མཚོན་པ་དང་། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བར་མཚོན་ཞིང་སྟོན་པ་རྣམས་ཀྱིས་ཀྱང་རྫོགས་རིམ་གྱི་ལམ་རྣམས་རང་ལ་ཡོད་པར་་སྟོན་པའི་ཕྱིར་རོ། །གཞལ་ཡང་འཇིགས་བྱེད་ཀྱི་རྩ་རྒྱུད་རྒྱས་པའི་གླེང་བཞིའི་ལུང་དུས་འཁོར་འགྲེལ་ཆེན་དུ་དྲངས་པ་ལས། རྡོ་རྗེ་མཁའ་འགྲོའི་པདྨར་གནས། །ཞེས་སོགས་གསུངས་ཤིང་། དེ་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་གསང་བ་མཁའ་དབྱིབས་དང་། །བྷ་ག་ཆོས་འབྱུང་པདྨ་ལ། །ཞེས་སོགས་དང་། རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཞེས་སོགས་སྔ་ཕྱི་གཉིས་ཀྱིས་བསྟན་པའི་ཨེ་ཝཾ་གྱི་དོན་ཡིན་ལ། ཨེ་ཝཾ་གྱི་ངེས་དོན་ལ་ནི་རྫོགས་རིམ་གྱི་གཙོ་བོའི་དོན་རྣམས་ཚང་བ་ཡིན་པས། དེས་ཀྱང་འདིའི་རྫོགས་རིམ་བསྟན་ཏོ། །ཨེ་ཝཾ་གྱིས་མཚོན་པའི་རྫོགས་རིམ་ནི་བླ་མེད་ཀྱི་རྒྱུད་ཀུན་གྱིས་སྟོན་པ་ཡིན་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། སྤྱིར་བླ་མེད་ཀྱི་རྒྱུད་ཀྱི་དོན་གྱི་གནད་ཐམས་ཅད་ཨེ་ཝཾ་ལ་སོགས་པ་ཡི་གེ་བཞི་བཅུའི་གླེང་གཞིའི་དོན་དུ་འདུས་ལ། དེའི་དོན་གྱི་གཙོ་བོ་ཡང་ཐོག་མའི་ཡི་གེ་གཉིས་ཀྱི་དོན་དུ་འདུ་བ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། འདིིའི་རིམ་གཉིས་ཀྱི་རྣམ་གཞག་རང་ཉིད་ནས་གསལ་བར་མི་འབྱུང་བ་རྣམས་ནི་འདུས་པ་ནས་ཁ་སྐོང་དགོས་པ་ཡིན་ཏེ། འདིའི་བསྐྱེད་རིམ་མཁས་གྲུབ་རིན་པོ་ཆེས་མཛད་པ་ལས། རིམ་གཉིས་ཀྱི་ལམ་གྱི་ཆ་རྒྱུད་གཞན་ནས་ཁ་འགེངས་འོས་པ་དག་ནི། གཙོ་བོར་འདུས་པའི་སྐོར་ནས་འགེངས་པར་རིགས་ཅིང་། ཞེས་དང་། བློ་གྲོས་ཆོས་སྐྱོང་བས་མཛད་པ་ལས་ཀྱང་། དེ་ལྟར་ན་འདིའི་རྫོགས་རིམ་གྱི་ངོ་བོ་དང་སྐྱེ་ཚུལ་སོགས་ཀྱི་རིམ་པ་རྣམས་འདུས་པ་འཕགས་ལུགས་དང་མཐུན་ཚབས་ཤིན་ཏུ་ཆེ་བས། བླ་མ་དམ་པའི་མན་ངག་གིས་འདི་ལྟར་འཆད་ཤེས་ན། གཤིན་རྗེ་གཤེད་སྐོར་གྱི་རྒྱུད་རྣམས་གསང་བ་འདུས་པ་་དང་རྗེས་སུ་མཐུན་པའི་རྒྱུད་ཡིན་པར་གསུངས་པ་རྣམས་ཀྱི་དོན་ཡང་ལེགས་པར་རྙེད་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་འདིར་་འོད་གསལ་སྒྱུ་ལུས་གཉིས་དང་ཁྱད་པར་སྒྱུ་ལུས་ཀྱི་རྣམ་གཞག་རྣམས་རྒྱས་པར་གསང་འདུས་ནས་རྒྱས་འགེབས་རིགས་ཏེ། བློ་གྲོས་ཆོས་སྐྱོང་བས་མཛད་པ་་དེ་ལས། སྤྱོད་པའི་རྣམ་དབྱེ་ཞེས་པ་ནས། རིམ་ལྔ་གསལ་སྒྲོན་སོགས་རྗེ་་བླ་མའི་གསུངས་རབ་རྣམས་ན་ཤིན་ཏུ་གསལ་ཞིང་རྒྱས་པར་བཞུགས་པས་དེ་དག་ལས་ཤེས་པར་བྱའོ། །ཞེས་དང་། རིམ་ལྔ་གསལ་སྒྲོན་ལས་ཀྱང་། བདེ་སྟོང་དབྱེར་མེད་ཀྱི་ལམ་དང་། སྒྱུ་མའི་སྐུ་གཉིས་ལས་ཕྱི་མ་ཆེས་རྟོགས་་དཀའ་ལ། དེ་ཡང་ལུགས་མཆོག་ཏུ་གྱུར་པ་འདི་ནས་རྩད་བཅད་ནས་གཞན་ལ་འཁྱེར་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩ་རླུང་ཐིག་ལེའི་རྣམ་གཞག་བཤད་པ་ལ་གཉིས། དངོས་་དང་། དེ་དག་ལ་གནད་དུ་བསྣུན་པའི་སྒོ་མི་འདྲ་བ་བསྟན་པའོ། །དང་པོ་ལ་གསུམ། རྩ་དང་། རླུང་དང་། ཐིག་ལེའི་རྣམ་གཞག་བཤད་པའོ། །དང་པོ་ནི། མངལ་དུ་འཇུག་པའི་མདོ་ལས་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་པོ་རེ་རེར་རྩ་ཉིས་ཁྲི་ཉིས་ཁྲི་སྟེ་བརྒྱད་ཁྲི་འཆགས་པར་བཤད་ལ། བླ་མེད་ཀྱི་གཞུང་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་འཆགས་པར་བཤད་དོ། །རྩ་འཆགས་པའི་ཚེ་ཐོག་མར་སྙིང་གནས་འཆགས་ཤིང་། ཐིག་ལེ་ཡང་ཐོག་མར་སྙིང་གའི་རྩ་འཁོར་འོངས་ས་དེར་འཆགས་པ་ཡིན་ཏེ། རྣམ་ཤེས་མངལ་་དུ་འཇུག་པའི་ཚེ་ཐོག་མར་སྙིང་ག་འོངས་ས་ནས་འཇུག་ཅིང་། དེ་ནས་སྙིང་གའི་རྩ་འཁོར་སོགས་རིམ་གྱིས་གྲུབ་སྟེ་མཐར་འཆི་བའི་ཚེ་ཡང་ཐོག་མར་རྣམ་ཤེས་སྙིང་ག་ནས་འཕོ་བ་འཕགས་པ་ཐོགས་མེད་སོགས་དུ་མས་བཤད་པའི་ཕྱིར། སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་ཀྱི་ཇི་ལྟར་འགྲུབ་ཚུལ་ཡོད་དེ། སྙིང་གའི་རོ་རྐྱང་དབུ་མ་གསུམ། ཤར་གྱི་སུམ་སྐོར་མ། ལྷོའི་འདོད་མ་སྟེ་ལྔ་དུས་མཉམ་དུ་འཆགས། དེ་ནས་དབུ་མ་དང་ལྷན་ཅིག་ཏུ་གནས་པའི་བདུད་བྲལ་མ་དང་། ནུབ་ཀྱི་ཁྱིམ་ན། བྱང་གི་གཏུམ་མ་གསུམ་དུས་མཉམ་དུ་འཆགས་པའི་ཕྱིར། ཕྱོགས་ཀྱི་རྩ་རྣམས་ལས་མཚམས་ཀྱི་རྩ་རྣམས་གྱེས་པ་་ཡིན་ཏེ། ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོ་དང་། ལྷོའི་འདོད་མ་ལས་ལྷོ་ནུབ་དང་། ནུབ་ཀྱི་ཁྱིམ་མ་ལས་ནུབ་བྱང་དང་། བྱང་གི་གཏུམ་མ་ལས་བྱང་ཤར་གྱི་རྩ་འདབ་རྣམས་གྱེས་པའི་ཕྱིར། དེ་བརྒྱད་ལ་ནི་སྙིང་གའི་རྩ་འདབ་བརྒྱད་དང་ཐུན་ཚོད་བརྒྱད་ཀྱི་རྩ་ཞེས་བྱའོ། །དེ་ལྟར་ན་སྙིང་གའི་རྩ་འདབ་བརྒྱད་དང་། སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་དོན་མི་གཅིག་སྟེ། རོ་རྐྱང་དབུ་མ་གསུམ་དང་བདུད་བྲལ་མ་ནི་སྙིང་གའི་རྩ་བརྒྱུད་ཀྱི་ནང་ཚན་དུ་མི་་འདྲེན་པའི་ཕྱིར། ཕྱོགས་ཀྱི་རྩ་བཞི་ལ་འབྱུང་བའི་རྩ་ཞེས་བྱ་སྟེ། དེ་ལས་་ས་སོགས་འབྱུང་བ་བཞི་འབབ་པའི་ཕྱིར། མཚམས་ཀྱི་རྩ་བཞི་ལ་མཆོད་པའི་རྩ་ཞེས་བྱ་སྟེ། གཟུགས་དྲི་རོ་རེག་བྱ་སྟེ་མཆོད་པ་བཞི་འབབ་པའི་ཕྱིར། རྩ་བརྒྱད་པོ་རེ་རེའི་ནང་ནས་གཙོ་བོར་རླུང་འབབ་པ། གཙོ་བོར་ཁྲག་འབབ་པ། གཙོ་བོར་ཁུ་བ་འབབ་པ་གསུམ་གསུམ་དུ་གྱེས་ནས་གནས་ཉེར་བཞིར་གནས་པའི་རྩ་དེ་རྣམས་ལ་ནི་གནས་ཉེར་བཞིའི་རྩ་ཞེས་བྱའོ། །གནས་ཉེར་བཞི་པོ་གང་ཞེ་ན་ཡོད་དེ། སྐྲ་མཚམས་དང་སྤྱི་བོ་དང་རྣ་བ་གཡས་དང་གཡོན་དང་ལྟག་པ་དང་མིག་དབུས་དང་མིག་གཉིས་དང་ཕྲག་པ་གཉིས་ཏེ་བརྒྱད་དང་། མཆན་ཁུང་གཉིས་དང་ནུ་མ་གཉིས་དང་སྙིང་དང་ལྟེ་བ་དང་སྣ་རྩེ་དང་ཁ་དང་མགྲིན་པ་དང་འབྲས་བུ་གཉིས་ཏེ་བརྒྱད་དང་། རྟགས་ཀྱི་རྩེ་དང་བཤང་ལམ་་དང་བརླ་གཉིས་དང་བྱིན་པ་གཉིས་དང་སོར་མོ་བཅུ་དྲུག་དང་པོ་ལ་གོང་གཉིས་་དང་མཐེ་བོང་བཞི་དང་པུས་མོ་གཉིས་ཏེ་བརྒྱད་དེ། བརྒྱད་གསུམ་ཉི་ཤུ་བཞི་པོ་དེ་ལ་གནས་ཉེར་བཞི་ཞེས་བརྗོད་པའི་ཕྱིར། དེ་ཡང་བརྒྱད་ཚན་དང་པོའི་རྩ་རྣམས་ནས་གཙོ་བོ་རླུང་འབབ་པས་ཐུགས་ཀྱི་རྩ་དང་། བརྒྱད་ཚན་བར་པའི་རྩ་རྣམས་ནས་གཙོ་བོ་ཁྲག་འབབ་པས་གསུང་གི་རྩ་དང་། བརྒྱད་ཚན་ཐ་མའི་རྩ་རྣམས་ནས་གཙོ་བོར་ཁུ་བ་འབབ་པས་སྐུའི་རྩ་ཞེས་བྱའོ། །རྩ་དེ་རྣམས་ཀྱི་སྟེང་དུ་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་བསྣན་པས་སུམ་བཅུ་རྩ་གཉིས་པོ་དེ་ལ་རླུང་དང་བྱང་སེམས་འབབ་པའི་རྩ་ཞེས་བྱའོ། །འོན་ཀྱང་བདུད་བྲལ་མའི་ནང་ནས་དེ་འབབ་པར་གསུངས་པ་ནི་འཆི་བའི་དུས་དང་ལམ་་དུས་ལ་དགོངས་ཀྱི། ད་ལྟ་གཞི་ལ་དེའི་ནང་ནས་རླུང་དང་བྱང་སེམས་མི་འབབ་སྟེ། དེའི་ནང་ནས་དེ་མི་འབབ་པར་མ་ཟད། དེས་རྩ་གཞན་གྱི་ནང་ནས་རླུང་དང་བྱང་སེམས་འབབ་པའི་གེགས་བྱེད་པས་དེ་ལ་བདུད་བྲལ་མ་དང་། རྣལ་འབྱོར་མ་འགོག་པའི་རྩ་ཞེས་བཤད་པའི་ཕྱིར། གནས་ཉེར་བཞིའི་རྩ་དེ་ལས་ཁུ་ཁྲག་རླུང་གསུམ་གཙོ་བོར་འབབ་པའི་དབང་གིས་གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས། དེ་རེ་རེ་ལས་སྟོང་སྟོང་དུ་ཕྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་རེ་རེ་ལས་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་དུ་ཕྱེ་བའི་ཚན་པ་གཅིག་ནས་གཙོ་བོར་ཁུ་བ་དང་། ཚན་པ་གཅིག་ནས་གཙོ་བོར་ཁྲག་དང་། ཚན་པ་གཅིག་ནས་གཙོ་བོར་རླུང་འབབ་པ་གསུམ་ལ་རིམ་པ་བཞིན་དུ་སྐུ་གསུང་་ཐུགས་ཀྱི་རྩ་དང་། འཁོར་ལོ་གསུམ་གྱི་རྩ་ཞེས་བྱ་སྟེ། རྡོ་རྗེ་ཕྲེང་བ་ལས། གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ། དེ་ལས་འཁོར་ལོ་གསུམ་ཕྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ལས་སྟོང་དུ་རབ་ཕྱེ་བས། །སོ་སོར་སྤྲོ་བའི་བདག་ཉིད་ཅན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་གྲངས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། རྩ་རྣམས་ཀྱི་ནང་ནས་རྩ་བརྒྱ་ཉི་ཤུ་གཙོ་བོ་ཡིན་ཏེ། སྤྱི་བོའི་རྩ་འདབས་སོ་གཉིས། མགྲིན་པའི་བཅུ་དྲུག སྙིང་གའི་བརྒྱད། ལྟེ་བའི་དྲུག་ཅུ་རེ་བཞི་རྣམས་གཙོ་བོ་ཡིན་པའི་ཕྱིར་ཏེ། བརྟག་གཉིས་ལས། རྩ་ཡིག་གཙོ་བོ་བརྒྱ་ཉི་ཤུ། ཞེས་གསུངས་པའི་ཕྱིར། རྩའི་ནང་ནས་གནས་ཉེར་བཞིའི་རྩ་རྣམས་གཙོ་བོ་ཡིན་ཏེ། དེ་རྣམས་ཀྱིས་སྐྲ་སྤུ་སེན་མོ་སོགས་ཀྱི་རྒྱུ་ཕྱེད་པའི་ཕྱིར། དེའི་ནང་ནས་ཀྱང་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། དེ་གསུམ་གྱིས་རླུང་དང་རྣམ་ཤེས་ཀྱི་རྟེན་བྱེད་ཅིང་རྩ་གཞན་རྣམས་ཀྱང་དེ་གསུམ་ལ་བརྟེན་ནས་སྐྱེ་བའི་ཕྱིར། རོ་རྐྱང་དབུ་མ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་དེ། དབུ་མ་ལ། ཨ་ཝ་དྷཱུ་ཏཱི། སྒྲ་གཅན། གཉིས་སྤངས་ཀྱི་རྩ། མུན་པའི་རྩ། ཡིད་ཀྱི་རྩ། ཐུགས་ཀྱི་རྩ་ཞེས་བྱ་ལ། རོ་མ་ལ། ར་ས་ན། འཛིན་པའི་རྩ། ཉི་མའི་རྩ། རྡུལ་གྱི་རྩ། གསུང་གི་རྩ། ཤེས་རབ་ཀྱི་རྩ། གཡས་ཀྱི་རྩ་ཞེས་བྱ་ཞིང་། རྐྱང་མ་ལ། ལ་ལཱ་ན། གཟུང་བའི་རྩ། ཟླ་བའི་རྩ། སྙིང་སྟོབས་ཀྱི་རྩ། སྐུའི་རྩ། ཐབས་ཀྱི་རྩ། གཡོན་གྱི་རྩ་ཞེས་བྱ་བའི་ཕྱིར། འོན་ཀྱང་རོ་མ་ལ་ཐབས་ཀྱི་རྩ་དང་། རྐྱང་མ་ལ་ཤེས་རབ་ཀྱི་རྩ་ཞེས་བཤད་པའང་ཡོད་དེ་མི་་འགལ་ལོ།། གཉིས་པ་རླུང་འཆགས་ཚུལ་ཡོད་དེ། བར་དོ་མངལ་དུ་ཉིང་མཚམས་་སྦྱར་བའི་དུས་ཀྱི་རླུང་ནི་སྲོག་འཛིན་གྱི་རླུང་ཕྲ་བ་ཡིན་ལ། དེ་ལས་སྲོག་འཛིན་འགས་པ་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཉའི་དབྱིབས་ལྟ་བུར་ཡོད། དེ་ནི་ཟླ་བ་དང་པོའི་དབང་དུ་བྱས་པ་ཡིན། ཟླ་བ་གཉིས་པ་ལ་སྲོག་འཛིན་རགས་པ་དེ་ལས་ཐུར་སེལ་གྱི་རླུང་སྐྱེ་ཞིང་། སེམས་ཅན་དེའི་ལུས་འབུར་པོ་ལྔ་དོད་པར་རུས་སྦལ་གྱི་དབྱིབས་སུ་ཡོད། ཟླ་བ་གསུམ་པར་ཐུར་སེལ་ལས་མཉམ་གནས་སྐྱེ་ཞིང་། སེམས་ཅན་དེའི་ལུས་སྟོད་ཅུང་ཟད་སྒུར་པ་ཕག་རྒོད་ལྟ་བུ། ཟླ་བ་བཞི་པར་མཉམ་གནས་ལས་གྱེན་རྒྱུ་སྐྱེ་ཞིང་། སེམས་ཅན་དེའི་ལུས་སྟོད་ཅུང་ཟད་རྒྱས་པ་སེང་གེ་ལྟ་བུ། ཟླ་བ་ལྔ་པར་གྱེན་རྒྱུ་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་ཞིང་། སེམས་ཅན་དེའི་ལུས་མིའུ་ཐུང་ལྟ་བུ། ཟླ་བ་དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་རིམ་པ་བཞིན་དུ་མིག་རྣ་བ་སྣ་ལྕེ་ལུས་ཀྱི་སྒོར་རྒྱུ་བའི་རླུང་ཀླུ་དང་རུས་སྦལ་དང་རྩངས་པ་དང་ལྷས་བྱིན་དང་གཞུ་ལས་རྒྱལ་རྣམས་དང་། འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་ཁམས་རྣམས་རིམ་པར་འཆགས་པའི་ཕྱིར། རླུང་གི་རྣམ་གཞག་ཅུང་ཟད་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །གསུམ་པ་ཐིག་ལེ་འཆགས་པའི་ཚུལ་ཡོད་དེ། བར་དོའི་འཆི་བ་འོད་གསལ་གྱི་རླུང་སེམས་ཀྱི་རིགས་འདྲ་ཕྱི་མ་དང་། ཕ་མ་གཉིས་ཀྱི་ཁམས་དཀར་དམར་གྱི་དྭངས་མ་གཉིས་གཅིག་ཏུ་འདྲེས་ནས་གོང་བུ་གཅིག་ཏུ་གྱུར་པའི་་ཐིག་ལེ་དེ། སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་སྦུབས་སྟོང་ཅུང་ཟད་ཡོད་པ་་དེའི་ནང་ན་གནས་པའི་ཕྱིར། དེའི་མིང་གི་རྣམ་གྲངས་ཡོད་དེ། མི་ཤིགས་པའི་ཐིག་ལེ། ལྷན་སྐྱེས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ཐིག་ལེ་ཞེས་ཀྱང་བྱ་བའི་ཕྱིར། ཐིག་ལེ་དཀར་དམར་དེ་གཉིས་ལུས་ཟུང་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། དཀར་པོ་དེ་ལས་ཁུ་བ་རུས་པའམ་ཚིལ་རྐང་རྣམས་འབྱུང་ཞིང་། དམར་པོ་ལས་ཤ་ཁྲག་ལྤགས་པ་རྣམས་འབྱུང་བའི་ཕྱིར། མི་ཤིགས་པ་དེ་ལ་ཚེ་ཇི་སྲིད་་འཚོའི་བར་གྱི་མི་ཤིགས་པ་དང་། དུས་ནམ་ཡང་མི་ཤིགས་པ་གཉིས་ཡོད་དེ། ཐིག་ལེ་མི་ཤིགས་པ་དང་པོ་དང་། རླུང་སེམས་མི་ཤིགས་པ་གཉིས་པ་ཡིན་པའི་ཕྱིར། ཕྱི་མ་ལ་ཕྱེ་ན་གཉིས་སུ་འགྱུར་ཏེ། རླུང་དང་སེམས་མི་ཤིགས་པ་གཉིས་སུ་འགྱུར་བའི་ཕྱིར། རྩ་འཁོར་གང་ཁམས་དཀར་དམར་གང་འཕེལ་བའི་གནས་སུ་འགྱུར་ཚུལ་ཡོད་དེ། སྦྱི་བོ་དཔྲལ་བ་མགྲིན་པ་ནོར་བུའི་དབུས་རྣམས་ཁམས་དཀར་པོ་འཕེལ་བའི་གནས་དང་། དེའི་ནང་ནས་སྦྱི་བོའི་རྩ་འཁོར་ནི་ཁམས་དཀར་པོ་འཕེལ་པའི་གནས་ཀྱི་གཙོ་བོ་ཡིན་ལ། མགྲིན་པ་ལྟེ་བ་གསང་གནས་རྣམས་ནི་ཁམས་དམར་པོ་འཕེལ་བའི་གནས་དང་། དེའི་ནང་ནས་ལྟེ་བའི་འཁོར་ནི་ཁམས་དམར་པོ་འཕེལ་བའི་གནས་ཀྱི་གཙོ་བོ་ཡིན་ཞིང་། སྙིང་གའི་རྩ་འཁོར་ནི་ཁམས་དཀར་དམར་གཉིས་ཆ་མཉམ་དུ་འཕེལ་བའི་གནས་ཡིན་པའི་ཕྱིར། གནས་སྐབས་ཀྱི་དབང་དུ་བྱས་ན་བཞི་ཡོད་དེ། སྙིང་ག་དང་ནོར་བུའི་དབུས་ན་གཉིད་འཐུག་བསྐྱེད་པའི་ཐུགས་ཀྱི་ཐིག་ལེ། མགྲིན་པ་དང་གསང་གནས་ན་རྨི་ལམ་བསྐྱེད་པའི་གསུང་གི་ཐིག་ལེ། སྦྱི་བོ་་དང་ལྟེ་བ་ནས་ད་པ་བསྐྱེད་པའི་སྐུའི་ཐིག་ལེ། ལྟེ་བ་དང་གསང་གནས་སུ་བཞི་པའི་གནས་སྐབས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་ལེ་རྣམས་སུ་ཡོད་པའི་ཕྱིར། དེ་དག་ཇི་ལྟར་བསྐྱེད་པའི་ཚུལ་ཡོད་དེ། རྩ་འཁོར་དེ་དང་དེར་རླུང་འདུས་པ་ན་དེ་རྣམས་བསྐྱེད་པ་ཡིན་པའི་ཕྱིར། དང་པོར་འཆགས་པར་དུ་གནས་ནས་མཐར་ཇི་ལྟར་འཇིག་པའི་ཚུལ་ཡོད་དེ། རླུང་ཐིག་གཉིས་ཐོག་མར་སྙིང་ཁར་་འཆགས་པ་བཞིན་དུ་མཐར་འཆི་བའི་ཚེ་ཡང་སྙིང་གར་རིམ་གྱིས་སྡུད་པ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེགས་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་རྣམ་ཤེས་ལྷན་ཅིག་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གང་ལ་གནད་དུ་བསྣུན་པའི་གཞི་ནི་རྩ་འཁོར་རྣམས་་ཡིན་ལ། དེ་ཡང་སྦྱི་བོར་བདེ་ཆེན་གྱི་འཁོར་ལོ་ལྟེ་བ་གྲུ་གསུམ་པ་ཁ་ཐུར་དུ་ལྟ་བ། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་ལྟེ་བ་ཟླུམ་པོ་ཁ་སྟེང་དུ་ལྟ་བ། སྙིང་ག་ཆོས་ཀྱི་འཁོར་ལོ་ལྟེ་བ་ཟླུམ་པོ་ཁ་ཐུར་དུ་ལྟ་བ། ལྟེ་བར་སྤྲུལ་པའི་འཁོར་ལོ་ལྟེ་བ་གྲུ་གསུམ་པ་ཁ་སྟེང་དུ་ལྟ་བ་སྟེ་གྲངས་ནི་བཤད་ཟིན་ལ། གཞན་ཡང་གསང་གནས་སུ་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་སོ་གཉིས་དང་། དཔྲལ་བར་རླུང་འཁོར་རྩ་འདབ་དྲུག་པ་གཅིག་དང་། མགྲིན་པ་དང་སྙིང་གའི་བར་ན་མེ་འཁོར་རྩ་འདབ་གསུམ་པ་གཅིག་དང་། ནོར་བུའི་དབུས་ན་རྩ་འདབ་བརྒྱད་པ་གཅིག་རྣམས་སོ། །དེ་རྣམས་ལས་གང་གནད་དུ་བསྣུན་སའི་གཙོ་བོ་ཡིན་ཞེ་ན་ཡོད་དེ། སྤྱིར་རྩ་འཁོར་དེ་རྣམས་དང་ཁྱད་པར་དུ་དྷཱུ་ཏཱིའི་ཡར་སྣ་མར་སྣ་གཉིས་དང་སྙིང་ཁ་རྣམས་ན་རླུང་དབུ་མར་འཇུག་པའི་སྒོ་ཁྱད་པར་བར་ཡོད་པས་གནད་དུ་བསྣུན་སའི་གཙོ་བོ་ཡིན་པའི་ཕྱིར། སྐབས་འདིར་གང་གཙོ་བོ་ཡིན་པ་ཡོད་དེ། སྙིང་ག་དང་ལྟེ་བའི་རྩ་འཁོར་གཉིས་གཙོ་བོ་ཡིན་པའི་ཕྱིར། རླུང་དབུ་མར་འཇུག་པའི་ཐབས་ཀྱི་གཙོ་བོ་ཡང་དུ་མ་ཡོད་དེ། རྡོར་བཟླས་དང་བུམ་པ་ཅན་དང་ལྟ་བ་དང་གསང་གནས་གཉིས་སུ་གཏུམ་མོའི་རྣལ་འབྱོར་དང་། སྙིང་ག་དང་དྷཱུ་ཏཱིའི་མར་སྣར་ཐིག་ལེའི་རྣལ་འབྱོར་བསྒོམ་པ་རྣམས་སུ་ཡོད་པའི་ཕྱིར། གཞུང་ནས་བཤད་ཚུལ་ཐ་དད་པའི་དབང་གིས་གྲུབ་ཆེན་རྣམས་ཀྱིས་ཀྱང་བཞེད་ཚུལ་མི་འདྲ་བ་ཡོད་དེ། ཌོཾ་བི་པ་དང་། ནག་པོ་སྤྱོད་པ་དང་། ནཱ་རོ་ཆོས་དྲུག་པ་ནི་གཙོ་བོར་ལྟེ་བར་གཏུམ་མོ་བསྒོམས་པ་ལ་བརྟེན་ནས་རླུང་དང་དབུ་མར་འཇུག་པར་བྱེད། ལཱུ་ཧི་པ་ནི་ལྟེ་བར་ཧཱུཾ་ཡིག་བསྒོམས་པ་ལ་བརྟེན་ནས་བྱེད། དྲིལ་བུ་པ་ནི་ཐོག་མར་སྙིང་ག་དང་། དེ་ནས་དྷཱུ་ཏཱིའི་མར་སྣ་དང་། དེ་ནས་ཡར་སྣ་སོགས་ལ་གནད་དུ་བསྣུན་ནས་བྱེད། མཚོ་སྐྱེས་དང་ཀུ་ཀུ་རི་པ་ནི་སྙིང་གར་རྡོར་བཟླས་བསྒོམས་ནས་བྱེད། ཡེ་ཤེས་ཞབས་ལུགས་པ་ནི་དང་པོར་སྙིང་ག་དང་། དེ་ནས་དྷཱུ་ཏཱིའི་མར་སྣ་དང་། དེ་ནས་སྙིང་ཁར་གནད་དུ་བསྣུན་ནས་བྱེད། འདུས་པ་འཕགས་ལུགས་པ་ནི་དང་པོར་དྷཱུ་ཏཱིའི་མར་སྣ་དང་། དེ་ནས་སྙིང་ཁར་གནད་དུ་བསྣུན་ནས་བྱེད། ལུགས་འདིར་དང་པོར་ལྟེ་བ་དང་། དེ་ནས་སྙིང་ཁར་རྡོར་བཟླས་བྱས་པ་ལ་བརྟེན་ནས་རླུང་དབུ་མར་འཇུག་པར་བྱེད་པའི་ཕྱིར། དེ་ལྟར་མི་འདྲ་བ་དེ་ཐམས་ཅད་ཀྱང་རང་གིས་གང་ལ་བརྟེན་པའི་རྒྱུད་དེའི་དགོངས་པ་ཡིན་པས། ཐབས་དེས་ལྟེ་གསང་གི་གཏུམ་མོ་སྦར་ཏེ་སྦྱི་བོ་ནས་བྱང་སེམས་ཞུ་བ་བབས་པ་ལས་དགའ་བཞི་དྲངས་ནས་བདེ་སྟོང་སྦྱོར་བ་ལ་ནི་འདྲ་བ་ཡིན་ལ། དེ་ལྟར་ཤེས་ན་ནི་བླ་མེད་ཀྱི་རྫོགས་རིམ་མི་འདྲ་བ་མཐའ་དག་ལ་མཁས་པར་འགྱུར་བ་་ཡིན་ནོ། །བཞི་པ་ལ་གཉིས། ཐབས་ཤེས་ཀྱི་ཁྱད་པར་བཤད་པ་དང་། དེ་ཨེ་ཝཾ་གཉིས་ཀྱི་དོན་དུ་འགྱུར་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་། དེ་དག་བསྐྱེད་པ་ལ་ལུས་ལ་གནད་དུ་བསྣུན་དགོས་པར་བསྟན་པའོ། །དང་པོ་ལ་གཉིས། བདེ་སྟོང་དབྱེར་མེད་དང་། བདེན་གཉིས་དབྱེར་མེད་ཀྱི་དོན་བཤད་པའོ། །དང་པོ་ལ་གསུམ། སྟོང་པ་བཤད་པ། བདེ་བ་བཤད་པ། བདེ་སྟོང་དབྱེར་མེད་དུ་སྦྱོར་ཚུལ་བཤད་པའོ། །དང་པོ་ལ་སྤྱིར་བྱེ་བྲག་སྨྲ་བ་མདོ་སྡེ་པ་རང་རྒྱུད་པས་ཀྱང་འདོད་པའི་གང་ཟག་རང་རྒྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་ནས། ཐལ་འགྱུར་བས་འདོད་པ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ཀྱི་བར་བཞི་ཡོད་ཀྱང་། འདིར་ནི་ཐལ་འགྱུར་བས་འདོད་པ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དེ། བདེ་སྟོང་སྦྱོར་རྒྱུའི་སྟོང་ཉིད་དུ་འདོད་པ་ཡིན་ནོ། །གཉིས་པ་བདེ་བ་ལའང་ཤིན་སྦྱངས་ཀྱི་བདེ་བ་དང་། བསམ་གཏན་གྱི་དངོས་གཞིའི་བདེ་བ་དང་། སྟོང་ཉིད་རྟོགས་པའི་བདེ་བ་དང་། རླུང་བསྒོམས་པའི་བདེ་བ་དང་། གཏུམ་མོ་ཕལ་པ་འབར་ནས་བྱང་སེམས་བཞུས་པའི་བདེ་བ་དང་། ཕྱག་རྒྱ་གཉིས་ལ་བརྟེན་པའི་བདེ་བ་ཙམ་ནི་སྐབས་འདིར་་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མིན་གྱི། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་རྫོགས་རིམ་པའི་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་བདེ་བ་དེ་ཉིད། སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་ཡིན་ནོ། །གསུམ་པ་བདེ་སྟོང་སྦྱོར་ཚུལ་ཡང་ཆོས་ཅན་དང་ཆོས་ཉིད་ངོ་བོ་གཅིག་ཏུ་་སྦྱོར་བ་དང་། སྟོང་ཉིད་རྟོགས་པའི་བློ་དང་བདེ་བ་གཉིས་ངོ་བོ་ཐ་དད་པའི་ཚུལ་གྱིས་ཟིན་བྱ་ཟིན་བྱེད་དུ་སྦྱོར་བ་ཙམ་ནི་འདིར་བདེ་སྟོང་སྦྱོར་བའི་དོན་མིན་གྱི། སྟོང་ཉིད་རྟོགས་པའི་བློ་དེ་ཉིད་བདེ་བ་དང་ངོ་བོ་གཅིག་ཏུ་སོང་བའི་སྒོ་ནས་ཡུལ་ཡུལ་ཅན་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཉིད། འདིར་བདེ་སྟོང་་དང་དབྱེར་མེད་དུ་སྦྱོར་བའི་དོན་ཡིན་ནོ། །དེ་ལྟར་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་དགོས་ཀྱི། བདེ་བ་དང་བྲལ་བའི་སྟོང་ཉིད་རྟོགས་པའི་བློ་དང་། སྟོང་ཉིད་རྟོགས་པ་དང་བྲལ་བའི་བདེ་བ་ཙམ་གྱིས་ནི་མི་ཆོ ག་སྟེ། གྲུབ་ཆེན་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་་འདི་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་པའི་ཕྱིར། འདིའི་སྙིང་རྗེ་ནི་སྤྱི་དོན་གྱི་སྙིང་རྗེ་ཙམ་མིན་གྱི། བདེ་ཆེན་ལ་སྙིང་རྗེའི་ཐ་སྙད་བྱས་པ་ཡིན་ལ། མྱ་ངན་འདས་མི་གནས་ཞེས་པའང་སྤྱིར་མྱང་འདས་ལ་མི་གནས་པའི་དོན་མིན་གྱི། ཞི་མཐའ་དམན་པའི་མྱང་འདས་ལ་གནས་པར་མི་་འགྱུར་བའི་དོན་ནོ། །གཉིས་པ་ལ་གཉིས། ངོས་བཟུང་བ་དང་། རིགས་པས་བསྒྲུབ་ཚུལ་ལོ། ། དང་པོ་ནི། སྐབས་འདིར་ཐུན་མོང་དུ་གྲགས་པའི་བདེན་པ་གཉིས་ལ་མི་བྱེད་ཀྱི། འདིར་བདེན་གཉིས་སོ་སོའི་དབང་དུ་བྱས་ན་ཤེས་རབ་དོན་དམ་བདེན་པ་དོན་གྱི་འོད་གསལ་དང་། ཐབས་ཀུན་རྫོབ་བདེན་པ་དག་པ་སྒྱུ་མའི་སྐུ་སྟེ། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་བདེན་གཉིས་ཟུང་འཇུག་སྟེ། དེ་ལ་ནི་སློབ་མི་སློབ་ཀྱི་ཟུང་འཇུག་གི་སྐུ་གཉིས་ཡོད་དོ། །གཉིས་པ་ལ་བཞི་སྟེ། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ལ་བརྟེན་ནས་སྒྲུབ་པ། སྦྱང་གཞིའི་གནད་ལ་བརྟེན་ནས་སྒྲུབ་པ། ལྟ་བ་སྐྱེད་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་པ། ཐབས་ཤེས་དབྱེར་མེད་དུ་སྦྱོར་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གདུལ་བྱའི་དོན་དུ་གཉེར་བྱའི་གཙོ་བོ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་ལ། དེ་ནི་ལམ་རྣམ་པ་ཤིན་ཏུ་མཐུན་པའི་དངོས་ཀྱི་རྒྱུ་ཞིག་ལ་བརྟེན་ནས་བསྒྲུབ་དགོས་ཤིང་། དེ་འདྲ་བ་ནི་ཕར་ཕྱིན་ཐེག་པ་དང་། རྒྱུད་སྡེ་འོག་མ་གསུམ་་དང་། བསྐྱེད་རིམ་དང་། དབེན་པ་གསུམ་དང་། རིམ་པ་གསུམ་པའི་སྐབས་སུའང་མེད་པའི་ཕྱིར། རེ་རེ་ནས་གྲུབ་སྟེ། ཕར་ཕྱིན་ཐེག་པས་གཟུགས་སྐུ་དེ་རང་དང་རྣམ་པ་མཐུན་པའི་ལས་ཀྱིས་བསྒྲུབ་པར་མི་འདོད། རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་དེ་དང་རྣམ་པ་མཐུན་པའི་ལམ་བསྒོམ་པ་ཡོད་ཀྱང་དེ་ཙམ་གྱིས་གཟུགས་སྐུ་ཐོབ་པར་མི་ནུས། བསྐྱེད་རིམ་གྱི་སྐབས་སུ་ལྷའི་གསལ་སྣང་བརྟན་པོ་ཡོད་ཀྱང་རང་གི་ལུས་སེམས་ཕྲ་རགས་གང་ཡང་ལྷ་སྐུར་མ་་སོང་། དབེན་པ་གསུམ་གྱི་སྐབས་སུ་ཡིད་ངོའི་ལྷ་སྐུ་ཙམ་ཞིག་ཏུ་ཟད། རིམ་པ་གསུམ་པའི་སྐུ་དེ་ཡང་དོན་གྱི་འོད་གསལ་སྐྱེས་པའི་ཚེ་འཇའ་ཡལ་བ་ལྟར་འགྱུར་བའི་ཕྱིར། དེ་ལྟར་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་བཞོན་པར་གྱུར་བའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་བྱུང་བའི་དག་པ་སྒྱུ་མའི་སྐུ་དེ་གཟུགས་སྐུ་དང་རྣམ་པ་ཤིན་ཏུ་མཐུན་པའི་རྡོ་རྗེའི་སྐུ་དངོས་ཡིན་པས། དེའི་རིགས་འདྲ་ཕྱི་མ་ཞིག་གིས་རང་འབྲས་གཟུགས་སྐུའི་དངོས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པར་འགྲུབ་བོ། །གཉིས་པ་གྲུབ་སྟེ། གཞི་ལ་འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་་འོད་ཟེར་ལྔ་པས་ཉེར་ལེན་དང་། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བར་དོ་རླུང་གི་ལུས་ཅན་ཞིག་རྣམ་སྨིན་གྱི་ཕུང་པོའི་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ནས་འགྲུབ་པ་དེ་བཞིན་དུ། ལམ་དུས་སུ་དཔེ་དོན་གྱི་འོད་གསལ་གྱི་བཞོན་པའི་རླུང་དང་སེམས་གཉིས་ལ་བརྟེན་ནས་དག་མ་དག་གི་སྒྱུ་མའི་སྐུ་གཉིས་གྲུབ་པར་འགྱུར་བ་ཡང་ཤེས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱུད་སྡེ་འོག་མ་གསུམ་ནས་དབེན་པ་གསུམ་གྱི་བར་དུ་སྟོང་ཉིད་བསྒོམས་པའི་མཐར་ལྷའི་སྐུར་ལྡང་བ་ཞིག་ཡོད་ཀྱང་ལྷར་དངོས་གནས་སུ་འགྱུར་བ་མེད་ཅིང་། རིག་པ་དེས་རྫོགས་རིམ་གྱི་སྐབས་སུ་ལྷ་སྐུར་དངོས་གནས་ལ་ལྡང་བ་ཞིག་ཡོད་པར་འགྲུབ་ལ། གཞན་དུ་ན་སྔར་སྟོང་ཉིད་བསྒོམས་ནས་ལྷར་བསྐྱེད་པ་ཡང་་དོན་མེད་དུ་ཐལ་བའི་ཕྱིར། བཞི་པ་གྲུབ་སྟེ། ཕར་ཕྱིན་ཐེག་པར་སྐུ་གཉིས་ཀྱི་རྒྱུའི་གཙོ་བོ་ཁྱད་པར་ཅན་གྱི་དབང་དུ་བྱས་པའི་ཐབས་ཤེས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་མེད་ལ། བླ་མེད་ཀྱི་འོད་གསལ་ལྷན་སྐྱེས་ཀྱི་བདེ་ཆེན་བསྒོམས་པའི་སྟེང་ན་ཆོས་སྐུའི་ཉེར་ལེན་གྱི་རྒྱུའི་གཙོ་བོར་མ་ཟད། གཟུགས་སྐུའི་ཉེར་ལེན་གྱི་རྒྱུའི་གཙོ་བོ་ཐབས་ཀྱི་ཆ་ཡང་ཚང་བ་ཤིན་ཏུ་གསལ་བའི་ཕྱིར། དེ་ཡང་དཔེ་དོན་གྱི་འོད་གསལ་ལས་དག་མ་དག་གི་སྒྱུ་མའི་སྐུ་བསྒྲུབ་ཚུལ་ཤེས་ན་འབྱུང་བ་ཡིན་ནོ། །གཉིས་པ་ལ་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་སྐྱེ་བ་ལ་ལུས་ལ་གནད་དུ་བསྣུན་དགོས་ཏེ། ལུས་ལ་གནད་དུ་བསྣུན་པ་དང་བྲལ་ན་དེ་མི་སྐྱེ་བའི་ཕྱིར། གནད་དུ་བསྣུན་པ་ལ་ནི་ཕྱི་ཕྱག་རྒྱ་ལ་བརྟེན་པ་དང་། ནང་རྩ་རླུང་ཐིག་ལེ་ལ་བརྟེན་པ་གཉིས་གསུངས་ཤིང་། ཐབས་དེ་གཉིས་གང་རུང་ལ་བརྟེན་ནས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། གཏུམ་མོ་སྦར་ནས་བྱང་སེམས་བཞུས་པའི་བདེ་བས་སྟོང་ཉིད་རྟོགས་པའི་བདེ་སྟོང་དབྱེར་མེད་་དུ་སྦྱོར་བ་ནི་གདམས་ངག་ཐམས་ཅད་ཀྱི་གནད་བསྡུས་པ་ཡིན་ཏེ། ས་ར་ཧས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང་། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་་དག་གནས་དེར་སེམས་ནི་དབུགས་ཕྱུངས་ཤིག །མདའ་བསྣུན་གྱིས་ནི་མན་ངག་མཐའ་དག་བརྟེན་ནས་སོང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཨེ་ཝཾ་གྱི་དོན་ལ་དྲང་ངེས་ཀྱི་བཤད་པ་གཉིས་ཡོད་པའི་ངེས་དོན་གྱི་དབང་དུ་བྱས་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཨེ་ཡིག་གི་མཚོན་དོན་དང་། ལྷན་སྐྱེས་ཀྱི་བདེ་བ་དེ་ཝ་ཡིག་གི་མཚོན་དོན་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་ལ། དེ་ནི་བདེ་་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་གྱི་དོན་མཚོན་ཚུལ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པའི་མཚོན་བྱེད་དང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ལ་དེ་བཞིན་གཤེགས་པའི་རྒྱ། །གཉིས་མེད་ཡེ་ཤེས་མཚོན་པ་ནི། །རྒྱུད་རྣམས་ཀུན་གྱི་གླེང་གཞིར་གསུངས། །ཞེས་གསུངས་པའི་ཕྱིར། ཡང་བདེ་་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཨེ་ཡིག་གི་དོན་དང་། སྒྱུ་མའི་སྐུ་དེ་ཝ་ཡིག་གི་་དོན་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་ནི་ཐིག་ལེའི་དོན་ཏེ། དེ་ལའང་ལམ་དུས་དང་འབྲས་དུས་ལ་སྦྱར་བ་གཉིས་ཡོད་དོ། །དྲང་དོན་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གྱི་དོན་ལ་ཕྱི་ནང་གཉིས་ལས། ཕྱི་ལ་སྦྱར་ན་ཨེས་ཕྱག་རྒྱའི་པདྨ་དང་། ཝས་ཡབ་ཀྱི་རྡོ་རྗེ་ནོར་བུ་དང་། ཐིག་ལེས་དེ་གཉིས་ཕན་ཚུན་སྦྱོར་བ་དེ་མཚོན་ལ། ནང་ལ་སྦྱར་ན། ཨེས་སྦྱི་བོ་དང་ལྟེ་བའིི་རྩ་འཁོར། ཝས་མགྲིན་པ་དང་སྙིང་གའི་རྩ་འཁོར། ཐིག་ལེས་སྤྱིི་བོ་་དང་མགྲིན་པའི་རྩ་འཁོར་ཐབས་ཤེས་སུ་ཕྱོགས་པ་དང་། སྙིང་ག་དང་ལྟེ་བའི་་འཁོར་ཐབས་ཤེས་སུ་ཕྱོགས་པ་དེ་མཚོན་ནོ། །གཉིས་པ་སྐབས་སུ་བབས་པའི་རྫོགས་རིམ་བཤད་པ་ལ་གསུམ། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི་སྔར་རྩ་རླུང་ཐིག་ལེའི་རྣམ་གཞག་བཤད་པ་དེ་་ཡིན་ལ། འདིར་ཡང་ཅུང་ཟད་བརྗོད་ན་གསུམ། ལུས་ཀྱི་གནས་ཚུལ་དང་། སེམས་ཀྱི་གནས་ཚུལ་དང་། ལུས་སེམས་ཐུན་མོང་བའི་གནས་ཚུལ་ལོ། །དང་པོ་ལའང་གསུམ། རགས་པ། ཕྲ་བ། ཤིན་ཏུ་ཕྲ་བའོ། །དང་པོ་ནི། རྣམ་སྨིན་གྱི་འབྱུང་ལུས་རགས་པ་འདི་ལྟ་བུ། གཉིས་པ་ནི། རྩ་རླུང་་ཐིག་ལེ་ལྟ་བུ། གསུམ་པ་ནི་སྟོང་པ་གསུམ་དང་གཞི་ལམ་གྱི་འོད་གསལ་གྱི་བཞོན་པའི་རླུང་ཕྲ་བ་ལྟ་བུ་ཡིན། གཉིས་པ་སེམས་ཀྱི་གནས་ཚུལ་ལའང་རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ། དང་པོ་ནི། མིག་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་ཤེས་ལྟ་བུ། གཉིས་པ་ནི་ཀུན་རྟོག་བརྒྱད་ཅུ་དང་རྩ་ཉོན་དང་ཉེ་ཉོན་ལྟ་བུ། གསུམ་པ་ནི་སྟོང་པ་གསུམ་དང་ཐམས་ཅད་སྟོང་པ་འོད་གསལ་གྱི་སེམས་ལྟ་བུ་ཡིན། གསུམ་པ་ལུས་སེམས་ཐུན་མོང་བའི་གནས་ཚུལ་ནི། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་ངོ་བོ་གཅིག་པ་སྟེ་དེ་ཡང་འཆི་བ་འོད་གསལ་གྱི་རླུང་སེམས་དངོས་པོ་གཅིག་པ་ལྟ་བུའོ། །གཉིས་པ་ལམ་བགྲོད་པའི་རིམ་པ་ལ་ནི། རྡོར་སེམས་ཀྱི་སྒོམ་བཟླས་་དང་། བླ་མའི་རྣལ་འབྱོར་གཉིས་འཁྲིད་ཀྱི་སྔོན་འགྲོར་བྱེད་དགོས་པས་དེ་ནི་གཞན་དུ་ཤེས་པར་བྱ་ལ། འདིར་ནི་འཁྲིད་དམིགས་ཙམ་གཙོ་བོར་མི་བྱེད་ཀྱི། གཞུང་དོན་བཤད་པ་དང་འབྲེལ་བར་འཆད་པ་ཡིན་ནོ། །འོན་ཀྱང་སྔོན་འགྲོ་་སྤྱོད་ལམ་ཇི་ལྟ་བུ་དང་། རླུང་རོ་བསལ་ཚུལ་གཉིས་ལས། དང་པོ་ནི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མི་གཉིས་སྣ་རྩེར་གཏད་བྱས་ལ། །སྣ་ནི་ལྟེ་བའི་ཚད་དུ་བཞག །ཕྲག་གོང་མཉམ་ལ་ལྕེ་རྐན་སྦྱར། །མཆུ་དང་སོ་ནི་བདེ་བར་བཞག །དབུགས་ཀྱི་འབྱུང་རྔུབ་གློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་བ། །ཇི་ལྟ་བ་བཞིན་འབྱུང་རྔུབ་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་པ། །ཞེས་གནད་བཞིའི་ནང་ནས། །ལུས་དང་རླུང་གི་གནད་གཉིས་བསྟན་པ་ལྟར་ཡིན་ལ། དེ་ཡང་གནད་བཞི་ནི་རིམ་ལྔ་བསྡུས་པ་གསལ་བ་ལས། ལུས་དང་དུས་དང་ཡུལ་རླུང་གི །གནད་ནི་རྣམ་པ་བཞིར་ཤེས་བྱ། །ཞེས་འབྱུང་བ་ལྟར་ཏེ། ལུས་ཀྱི་གནད་ནི་བཤད་མ་ཐག་པའི་རྣམ་སྣང་གི་ཆོས་བདུན་ལྡན་དང་། དུས་ནི་སྤྱིར་དུས་ཐམས་ཅད་དུ། ཁྱད་པར་ཐོ་རངས་རིག་པ་དྭངས་པའི་དུས་་དང་། ཕྱི་དྲོ་མེ་རླུང་རྒྱུ་བའི་དུས་སུ་བསྐོམ། ཡུལ་ནི་སྙིང་ག་སོགས་མང་དུ་གསུངས་ཀྱང་འདིར་རང་ལྷར་གསལ་བའི་ལྟེ་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་དམིགས་ནས་བྱེད། རླུང་གི་གནད་ནི་དབུགས་ཀྱི་འབྱུང་རྔུབ་གློད་པ་སོགས་སྔར་ལྟར་རོ། །གཉིས་པ་རླུང་རོ་བསལ་ཚུལ་ནི། རང་འཇིགས་བྱེད་དུ་གསལ་བའི་ལུས་ཀྱི་ནང་དབུགས་ཐད་ཀྱི་སྒལ་ཚིགས་ལ་ཉེ་བར་དབུས་སུ་དབུ་མ་ཕྱི་སྔོ་ལ་ནང་དམར་བ་ཡར་སྣེ་སྨིན་མཚམས་ཀྱི་མཛོད་སྤུའི་ཐད་དང་། དེའི་གཡས་སུ་རོ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ། གཉིས་ཀའི་ཡར་སྣེ་དོན་ལ་སྨིན་མཚམས་སུ་དབུ་མའི་གཡས་གཡོན་དུ་ཡོད་ཀྱང་། བསྒོམ་པའི་ཚེ་སྣ་བུག་གཡས་གཡོན་དུ་གནས་པར་བསམ་པ་དང་། གསུམ་ཀའི་མར་སྣ་རྟགས་ཀྱི་རྩེ་མོར་མཉམ་མོ། །དེ་བཞིན་དུ་སྤྱི་བོ་ལ་སོགས་པའི་རྩ་འཁོར་རྣམས་བཤད་པ་ལྟར་གསལ་གདབ། འོན་ཀྱང་དོན་ལ་ནི་རྩ་འཁོར་གྱི་ཐད་དུ་མདུད་པ་བཅིངས་ཡོད་པ་རྣམས་ལ་ནི། འདིར་བསྒོམ་པའི་ཚེ་མདུད་པ་མ་བཅིངས་པར་་སོག་སྤུག་གི་རྣམ་པ་ཅན་དུ་བྱའོ། །རོ་མའི་མར་སྣེ་རྐྱང་མའི་ནང་དུ་བཅུག་སྟེ། རང་གི་སྣ་བུག་གཡས་ནས་རླུང་ནང་དུ་བརྔུབས་པས་རོ་མའི་ནང་བརྒྱུད་དེ་རྐྱང་མའི་ནང་དུ་དྲངས། སྣ་བུག་གཡོན་ནས་ལན་གསུམ་ཕྱིར་བུས་པས་རྐྱང་མའི་ནང་གི་རྩ་སྐྱོན་ཐམས་ཅད་སྦྱངས་ནས་ཕྱིར་ཐོན་པར་བསམ། ཡང་རྐྱང་མའི་མར་སྣེ་རོ་མའི་ནང་དུ་བཅུག་པར་མོས་ཏེ། རང་གི་སྣ་བུག་གཡོན་ནས་རླུང་ནང་དུ་བརྔུབས་པས་རོ་མའི་ནང་དུ་ཡར་དྲངས། སྣ་བུག་གཡོན་ནས་ལན་གསུམ་ཕྱིར་བུས་པས་རོ་མའི་ནང་གི་རྩ་སྐྱོན་ཐམས་ཅད་སྦྱངས་ནས་ཕྱིར་ཐོན་པར་བསམ། ཡང་རོ་རྐྱང་གཉིས་ཀྱི་མར་སྣེ་དབུ་མའི་ནང་དུ་སྔར་ལྟར་བཙུད་་དེ། སྣ་བུག་གཉིས་ཀ་ནས་མཉམ་དུ་རླུང་ནང་དུ་བརྔུབས་པས་དབུ་མའི་ནང་་དུ་ཡར་དྲངས། སྟེང་གི་སྣ་སྒོར་སླེབས་པ་ན་སྣ་བུག་གཉིས་ནས་མཉམ་དུ་ལན་གསུམ་ཕྱིར་བུས་པས། དབུ་མའི་ནང་གི་རྩ་རེངས་པ། ཁུམ་པ། ཞར་པ་་སོགས་ཀྱི་སྐྱོན་ཐམས་ཅད་སྦྱངས་ནས། དབུ་མའི་ནང་ཐམས་ཅད་དྭངས་ཤིང་སྣུམ་ཕྲོམ་པ་ཞིག་ཏུ་གྱུར་པར་བསམ་མོ། །རྒྱ་གཞུང་འགའ་ཞིག་ཏུ་རླུང་སྦྱོར་མི་འདྲ་བ་གཞན་མང་པོ་ཞིག་ཀྱང་བཤད་དེ། དེ་ནས་དངོས་གཞི་བཤད་པ་ལ་བཞི། སྔགས་ཀྱི་རྣལ་འབྱོར། དམ་ཚིག་གི་རྣལ་འབྱོར། དབྱིབས་ཀྱི་རྣལ་འབྱོར། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དེ་ཡང་གྲུབ་ཆེན་གྱི་གཞུང་ལས། དབྱིབས་དང་སྔགས་དང་དམ་ཚིག་དང་། །རྣམ་དག་ཡེ་ཤེས་ཞེས་བྱ་བས། །ཞེས་དབྱིབས་ཀྱི་རྣལ་འབྱོར་སྔོན་དུ་གསུངས་པ་ནི་བཤད་པའི་རིམ་པ་ཡིན་ལ། འདིར་སྔགས་ཀྱི་རྣལ་འབྱོར་སྔོན་དུ་འཆད་པ་ནི་བསྒོམ་པའི་རིམ་པ་ཡིན་ནོ། །རྣལ་འབྱོར་བཞིའི་ལམ་གྱིས་ནི་འདུས་པའི་ཟབ་ལམ་རིམ་པ་ལྔའི་གནད་ཐམས་ཅད་བསྡུས་པ་ཡིན་ཏེ། རྗེ་དགེ་འདུན་རྒྱ་མཚོའི་གསུང་ལས། ཟབ་ལམ་རིམ་པ་ལྔ་ཡི་གདན་ཀྱི་དོན། །མ་ལུས་བསྡུས་པ་རྣལ་འབྱོར་རྣམ་པ་བཞི། །སྤྱོད་པ་གསུམ་དང་བཅས་པའི་ལམ་བཟང་གིས། །སྐུ་གསུམ་གོ་འཕང་ཚེ་འདིར་ཐོབ་པར་ཤོག །ཅེས་གསུངས་པའི་ཕྱིར། སྨོན་ལམ་འདི་ནི་རྗེ་ཡབ་སྲས་ཀྱི་དགོངས་པ་ལྟར་གསུངས་འདུག་པས་འདི་དང་བསྟུན་ནས་བཤད་པར་བྱ་སྟེ། དང་པོ་སྔགས་ཀྱི་རྣལ་འབྱོར་འཆད་པ་ལ་གཉིས། སྔོན་དུ་ལྟེ་བར་གཞན་དུ་བསྣུན་ཚུལ། དེ་ནས་བུམ་པ་ཅན་དང་སྙིང་གར་རྡོ་བཟླས་བྱ་ཚུལ་ལོ། །དང་པོ་ནི། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་རྗེས་སུ། གྲུབ་ཆེན་གྱི་གཞུང་ལས། མཁའ་འགྲོའི་ཕོ་བྲང་ཆུ་སྐྱེས་དབུས། །ཞེས་སོགས་ཀྱིས་བསྟན་པ་ལྟར། སྨོན་ལམ་ལས། སྤྲུལ་པའི་འཁོར་ལོ་འདོད་ལྷ་ཡབ་ཡུམ་ལ། །སེམས་གཞོལ་རྗེས་གཞིག་སྡུད་རིམ་མཆོག་གིས་ནི། །བླ་ཉིའི་རྒྱུ་བ་སྒྲ་གཅན་ལམ་བཀག་པས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །ཅེས་གསུངས་བའི་དོན་ནི། །རང་འདོད་ལྷ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་སམ་ཞལ་གཅིག་ཕྱག་གཉིས་པ་ཡུམ་བཅས་གང་རུང་བསྒོམས་པའི་རྩ་གསུམ་འཁོར་ལོ་བཞི་དང་། ཁྱད་པར་ལྟེ་བའི་རྩ་འཁོར་གསལ་བཏབ་སྟེ་རྩ་ལམ་ཇི་ལྟར་སྦྱོང་ཚུལ་ནི་ཁྲིད་ཡིག་ཏུ་འབྱུང་བ་ལྟར་བྱས་ནས། ལྟེ་བའི་རྩ་འཁོར་གྱི་དབུས་སུ་དྷཱུ་ཏཱིའི་ནང་དུ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་ཚོན་གང་བ་ཞིག་གསལ་གདབ་ཅིང་། ཡབ་ཀྱི་ཐུགས་གར་ཉི་གདན་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་འོད་འཕྲོ་བ་ཞིག་ལྷའི་ངོ་བོར་བསམས་ཏེ་སེམས་ཞུགས་པ་བཞིན་བྱས་ནས་བསྒོམ། དེ་ནས་ལྟེ་བའི་འཇིགས་བྱེད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོའི་ཚོགས་སྤྲོས་ཏེ། དམ་ཚིག་པའི་སྐུ་གང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་སྣོད་ཀྱི་འཇིག་རྟེན་ལ་འཕོག་པས་་དག་པའི་ཞིང་དང་འོད་ཀྱི་རང་བཞིན་དུ་གྱུར། བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་འཕོག་པས་སྒྲིབ་པ་སྦྱངས་ནས་འཇིགས་བྱེད་དུ་བྱས། དེ་ནས་སྣོད་བཅུད་དང་བཅུད་ཐམས་ཅད་དུར་ཁྲོད་གཞལ་ཡས་ཁང་བསྒོམས་པ་ཡིན་ན་རིམ་གྱིས་བསྡུས་ཏེ་དེ་རྣམས་འཁོར་བསྒོམས་པ་ཡོད་ན་དེར་བསྡུ་བར་ཡང་བཤད། དེ་དམ་ཚིག་སེམས་དཔའ་ཡབ་ཡུམ། དེ་ཡང་རིམ་གྱིས་བསྡུས་ནས་འཇམ་དཔལ་བསྒོམས་པ་ཡོད་ན་དེར་བསྡུ་བར་ཡང་གསུངས། ཁྲིད་ཡིག་ལྟར་ན་འདིར་དེ་མེད་ཀྱང་རུང་བར་སྣང་བས་དམ་ཚིག་པ་ལྟེ་བའི་ཡེ་ཤེས་སེམས་དཔའ་་ཡབ་ཡུམ་ལ་བསྡུ་ཞིང་། དེ་ཡང་ལྟེ་བའི་ཧཱུཾ་ཡིག་ལ་ཐིམ་དེ་ཉིད་ཀྱ ང་ཞབས་ཀྱུ་ནས་ནཱ་དའི་བར་བསྡུས་ཏེ་ནཱ་ད་ལ་སེམས་འཛིན་པའམ། ནཱ་ད་ཡང་མི་དམིགས་པར་བྱས་ནས་དེའི་ཐད་ཀ་མ་འཕྱུགས་པར་བྱས་ཏེ་སེམས་བཟུངས་ཀྱང་ཆོག་སྟེ། གཞུང་དེ་ཉིད་ལས། ཇི་ལྟར་དབུགས་ཀྱི་མེ་ལོང་ལ། ཞེས་སོགས་གསུངས། བློ་གྲོས་ཆོས་སྐྱོང་བས་ཧཱུཾ་ཡིག་དེ་ཐིག་ལེ་ཡུངས་འབྲུ་ཙམ་་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་པའི་ནང་དུ་སེམས་འཛིན་པར་བཤད་་དེ། གཞུང་དེ་ཉིད་ལས། ཡུངས་ཀར་ཙམ་དུ་བརྟག་བྱ་གང་། ཞེས་སོགས་ཀྱིས་བསྟན་པས་མི་འགལ། དེ་ལྟར་ལྟེ་བར་གནང་དུ་བསྣུན་ནས་བསྒོམས་པས་ལྟེ་བའི་དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱེད་པ་འབྱུང་བ་ཡིན་ཏེ། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་གང་དུ་སེམས་བཟུང་བ་དེས་རླུང་ཡང་སྡུད་ནུས་པའི་ཕྱིར་རོ། །དེ་ཡང་དང་པོ་ཞུགས། དེ་ནས་གནས། དེ་ནས་ཐིམ་པ་འོངས་ཤིང་། ཞུགས་པའི་རྟགས་སུ་སྣ་བུག་གཉིས་ནས་རླུང་མཉམ་རྒྱུ་ཤེད་མཚུངས་ཅན་དུ་འབྲེངས་པ་དེ་འབྱུང་། གནས་པའི་རྟགས་སུ་སྣ་བུག་གཉིས་ནས་རླུང་གི་རྒྱུ་བ་ཆད་ཅིང་ལྟོ་བ་མི་འགུལ། ཐིམ་པའི་རྟགས་སུ་ས་ཆུ་ལ་ཐིམ་པ་ན་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར་ཏེ། དེ་ནི་་སོགས་ཀའི་དུས་སུ་རི་ཐང་མཚམས་སུ་བལྟས་པ་ན་ཆུ་སྔོ་ཁྲབ་ཁྲབ་རྒྱུགས་པའི་སྣང་བ་འཆར་བ་ལྟ་བུ། ཆུ་མེ་ལ་ཐིམ་པ་ན་དུ་བ་ལྟ་བུའི་སྣང་བ་འཆར་ཏེ། དེ་ནི་དུ་བ་ཕྲ་མོ་སྔོ་སངས་ཀྱི་རྣམ་པ་ལྟ་བུ། མེ་རླུང་ལ་ཐིམ་པ་ན་མེ་འཁྱེར་ལྟ་བུའི་སྣང་བ་འཆར་ཏེ། ད་ནི་རྩྭ་ཕུང་མེར་བསྲེགས་པའི་མེ་ཆ་དག་ཕྲ་མོ་ནམ་མཁར་གཏོར་བས་དམར་ཁྲེམ་ཁྲེམ་འབྱུང་བ་ལྟ་བུ། ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཕལ་ཆེར་དབུ་མའི་ནང་དུ་ཐིམ་པ་ན་མར་མེ་འབར་བ་ལྟ་བུའི་སྣང་བ་འཆར། ཀུན་རྟོག་གཡོ་བྱེད་ཀྱི་རླུང་རྣམས་སྣང་བ་ལ་ཐིམ་པ་ན་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟར་དཀར་ལམ་པའི་སྣང་བ་འཆར། སྣང་བ་མཆེད་པ་ལ་ཐིམ་པ་ན་་སྟོན་དུས་ཀྱི་ནམ་མཁར་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དམར་སྐྱའམ་དམར་ལམ་པའི་སྣང་བ་འཆར། མཆེད་པ་ཉེར་ཐོབ་ལ་ཐིམ་པ་ན་སྟོན་་དུས་ཀྱི་ནམ་མཁའ་གཡའ་དག་པ་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུ་ནག་ལམ་པའི་སྣང་བ་འཆར་ཏེ། འདི་ལ་ཐོག་མར་དྲན་པ་མ་ཉམས་པ་དང་། དེ་ནས་དྲན་མེད་དུ་འགྲོ་བ་གཉིས་ཡོད། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་འོད་གསལ་རང་དུས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་སློང་བྱེད་གསུམ་པོ་དེ་མེད་པར་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་འཆར་བ་སྟེ། དེ་རྣམས་ཀྱི་དུས་སུ་ཡུལ་སྣང་གཞན་གང་ཡང་ཡིད་ངོར་མི་འཆར་བར་སྣང་བ་དེ་དང་དེ་རྣམས་འཆར་བའོ། །དེ་ལྟ་བུའི་སྣང་བ་གསུམ་དང་ཁྱད་པར་འོད་གསལ་གྱི་དུས་སུ་སྟོང་ཉིད་ཀྱི་ལྟ་བ་དྲན་ཏེ་བདེ་སྟོང་སྦྱར་ནས་ཅི་ནུས་སུ་བསྒོམ། འོད་གསལ་དེ་ལ་མཉམ་པར་བཞག་བཞིན་པ་དང་། ཡང་དེ་ལས་འཇིགས་བྱེད་དུ་ལངས་ནས་འཇིགས་བྱེད་དུ་བསྒོམས་པའི་རྩ་འཁོར་བཞི་དང་། སྤྱི་བོའི་རྩ་འཁོར་གསལ་བཏབ་སྟེ། རྟོག་བདུན་ལས་བཤད་པ་ལྟར་གཏུམ་མོ་སྦར་ནས་བྱང་སེམས་བཞུས་པ་ལས་དགའ་བཞི་འདྲེན་པར་བྱ་ཚུལ་ནི། སྦྱི་བོའི་རྩ་འཁོར་ནང་དུ་ཟླ་གདན་དང་། དེའི་འོག་ནས་བྱང་སེམས་ཀྱི་ངོ་བོ་ཧཾ་་ཡིག་དཀར་པོ་མགོ་ཐུར་དུ་བལྟ་ཞིང་། རྩ་བ་ཟླ་གདན་ལ་ཟུག་པ་དང་། མགྲིན་པའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་གཏུམ་མོའི་ངོ་བོ་ཨ་ཡིག་དམར་པོ་དང་། ཡང་སྙིང་གའི་དྷཱུ་ཏཱིའི་ནང་དུ་བྱང་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་དཀར་པོ། ལྟེ་བའི་དྷཱུ་ཏཱིའི་མར་སྣེར་ཉི་གདན་ལ་གཏུམ་མོའི་ངོ་བོ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ཟླ་ཚེས་་ཐིག་ལེ་དང་བཅས་པ་ཞིག་བསྒོམས་ལ། རང་གི་རླུང་ནང་དུ་བརྔུབས་པས་རོ་རྐྱང་གཉིས་ཀྱི་ནང་བརྒྱུད་དེ་དབུ་མའིི་མར་སྣེ་ནས་ཞུགས། ཡུམ་གྱི་དྷཱུ་ཏཱིའི་མར་སྣེ་ནས་ཀྱང་རླུང་བྱུང་སྟེ་རང་གི་དྷཱུ་ཏཱིའི་ནང་དུ་དྲངས། རླུང་དེ་གཉིས་བསྡོམས་པས། ཉི་གདན་ཨ་ཐུང་དང་བཅས་པ་བུས་ཏེ་དམར་ཧར་ཧར་གྱུར་ནས་མེ་འབར་ལ་ཁད་བྱས། སླར་ཡང་བུས་པས་མེ་རྒྱ་ཁབ་ཙམ་འབར། དེ་ཉིད་ཆེར་འབར་ནས་བྱའི་སྒྲོ་རྐང་ལྟར་སོང་སྟེ། སྙིང་ག་མགྲིན་པ་སྦྱི་བོ་རྣམས་་སུ་རིམ་གྱིས་སླེབས་པ་ན། སྦྱི་བོའི་ཧཾ་ཡིག་མར་ཞུ་བ་ལྟར་རིམ་གྱིས་ཞུས་ནས་སྦྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་བ་འདྲེན་པ་ནི་ཡས་བབས་ཀྱི་དགའ་བཞི་དང་། ཡང་དམིགས་པས་གྱེན་དུ་བཟློག་ནས་རྟགས་ཀྱི་རྩེ་ནས་ལྟེ་བ་དང་། དེ་ནས་སྙིང་ག་དང་། དེ་ནས་མགྲིན་པ་དང་། དེ་ནས་སྤྱི་བོའི་བར་རིམ་པ་བཞིན་དུ་དགའ་བ་དང་མཆོག་དགའ་དང་ཁྱད་དགའ་་དང་ལྷན་སྐྱེས་ཀྱི་དགའ་བ་འདྲེན་པ་ནི་ལུགས་ལྡོག་གི་དགའ་བཞི་སྟེ། དེ་ལྟ་བུའི་དགའ་བཞི་ཟུང་གཅིག་དྲངས་ནས་དགའ་བ་བཞིན་དང་། ཁྱད་པར་ལྷན་སྐྱེས་ཀྱི་དུས་སུ་བདེ་བས་སྟོང་པ་ངེས་པའི་བདེ་སྟོང་སྦྱར་ནས་བསྒོམ་པར་བྱའོ། །དགའ་བཞི་འདྲེན་ཚུལ་ནི་དེ་ལྟར་ཡིན་ཏེ། རྡོ་རྗེ་འཕྲེང་པ་ལས། རྡོ་རྗེ་ལུགས་འབྱུང་བཤད་བྱ་སྟེ། །འདི་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་དང་། དེ་ཉིད་ལས། སྤྲུལ་པའི་འཁོར་ལོ་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་གསུངས་པའི་ཕྱིར། འོད་གསལ་ལས་ལྡང་བ་ན་འཇིགས་བྱེད་ཡབ་ཡུམ་གྱི་སྐུར་ལྡང་སྙམ་པའི་འཕེན་པ་བཏང་ནས་ལྡང་ངོ་། །འདིར་བསྲེ་བའི་སྐོར་ཉམས་སུ་ལེན་པར་བཤད་ཀྱང་དེའི་ཚུལ་ནི་འོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །མཉམ་གཞག་ཏུ་བདེ་སྟོང་བསྒོམས་ཏེ་རྗེས་ཐོབ་ཏུ་ལངས་པའི་ཚེ་གང་སྣང་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་ལ་བསླབ་པར་བྱ་ཞིང་། དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ན། སྟོང་པ་དེའི་རྣམ་འཕྲུལ་དུ་བལྟ་བ་དང་། དེ་བཞིན་དུ་གང་ཤར་ཐམས་ཅད་ཀྱང་བདེ་ཆེན་གྱི་རྣམ་རོལ་ཏུ་བལྟ་བར་བྱ་སྟེ། དེའི་ཚེ་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷའི་སྐུར་འཆར་བ་ལ་གོམས་པར་བྱེད་པ་ཡིན་ནོ། །འདི་ནི་འདུས་པའི་ལུགས་ཀྱི་ལུས་དབེན་གྱི་དོན་གྲུབ་ཏུ་འགྱུར་བ་ཡིན་ཏེ། བློ་གྲོས་ཆོས་སྐྱོང་བས་འདིའི་རྫོགས་རིམ་འཆད་པའི་སྐབས་ལས། འདི་ནི་འདུས་པ་འཕགས་ལུགས་ཀྱི་ལུས་དབེན་གྱི་རིམ་པའི་དོད་ཐུབ་འབྱུང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བུམ་པ་ཅན་དང་སྙིང་བར་རྡོར་བཟླས་བྱ་ཚུལ་ནི། རྒྱ་གཞུང་་དེ་ཉིད་ལས། དག་པའི་སྦྱོར་བས་དག་བྱ་སྟེ། །ཞེས་སོགས་དང་། སྨོན་ལམ་ལས། ཆོས་ཀྱི་འཁོར་ལོར་སྔགས་ཀྱི་རྣལ་འབྱོར་མཆོག །བུམ་པ་ཅན་་དང་རྡོ་རྗེའི་བཟླས་པ་ཡིས། །སྙིང་གའི་རྩ་མདུད་མ་ལུས་གྲོལ་བྱས་ནས་ནས། །ལྷན་སྐྱེས་བདེ་བས་ཡིད་ལ་མྱོས་ཐོབ་ཤོག །ཅེས་གསུངས་པ་ལྟར་འཆད་པ་ལ་གཉིས། བུམ་པ་ཅན་བསྒོམ་ཚུལ་དང་། སྙིང་གར་རྡོར་བཟླས་བྱ་ཚུལ་ལོ། །དང་པོ་ལ་གྲུབ་ཆེན་གྱི་གཞུང་དེས་རླུང་སྦྱོར་མི་འདྲ་བ་གཞན་བསྟན་པར་འདོད་པའི་ཚུལ་ཡོད་ཀྱང་། རྗེ་ཡབ་སྲས་ཀྱི་ལུགས་ལ་བུམ་པ་ཅན་བསྒོམ་ཚུལ་བསྟན་པར་བཞེད་པས་དེ་ལྟར་ན། འདིར་རང་ཉིད་འཇིགས་བྱེད་དུ་བསྒོམས་པའི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཐིག་ལེ་དཀར་པོ་སྲན་མ་ཕྱེད་གཤགས་ཙམ་སྟེང་དང་། ཐིག་ལེ་དམར་པོ་དེ་ལྟ་བུ་ཞིག་འོག་ཏུ་གའུ་ཁ་སྦྱོར་གྱི་ཚུལ་བྱས། དེའི་ལྟེ་བར་ཧཱུཾ་ཡིག་དཀར་པོ་ཡུངས་འབྲུ་ཙམ་ཞིག་གསལ་བཏབ་ནས་་སེམས་བཟུང་སྟེ། སྣ་བུག་གཉིས་ནས་རླུང་ནང་དུ་ཅུང་ཟད་བ རྔུབས་རྗེས། མཆི་མ་སྒྲ་མེད་ཞིག་མེད་པ་དང་མཉམ་དུ་སྟེང་རླུང་སྲོག་འཛིན་མར་མནན། ཡང་འོག་སྒོ་བཙུམས་པ་དང་མཉམ་དུ་འོག་རླུང་ཐུར་སེལ་ཡར་དྲངས། དེ་གཉིས་ཀ་སྙིང་གའི་ཧཱུཾ་ཡིག་ལ་ཐིམ་པར་བསམས་ལ། ལག་པ་ལན་གསུམ་དུ་མཉེད་པ་གནས་གསུམ་དུ་རེག་པ། སེ་གོལ་ལན་གསུམ་གདབ་པའི་ཡུན་ལ་་ཐོག་མར་སུམ་ཅུ་རྩ་དྲུག །དེ་ནས་དེ་ལས་ཉིས་འགྱུར། དེ་ནས་དེའི་སུམ་་འགྱུར་ཙམ་མཉམ་པར་བཞག །རླུང་མི་ཐུབ་ན་ཁ་ནས་དལ་བུས་གཏོང་། དེ་ལྟར་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང་། འོད་གསལ་གྱི་བར་འདྲེན། ཡང་སྔར་ལྟར་གཏུམ་མོ་སྦར་ནས་དགའ་བཞི་ལུགས་་འབྱུང་ལུགས་ལྡོག་ཏུ་འདྲེན་པ་དང་། བསྲེ་བའི་སྒོར་རྣམས་ཀྱང་ཉམས་སུ་ལེན་ནོ། །གཉིས་པ་སྙིང་གར་རྡོར་བཟླས་བྱ་ཚུལ་ནི། གཞུང་དེ་ཉིད་ལས། སྙིང་གའི་ཧཱུཾ་ཡིག་དཀར་པོ་ལས། །ཞེས་དང་། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །སྲིད་དང་རྣམ་གྲོལ་ཐོབ་བྱེད་པའོ། །ཞེས་གསུངས་པའི་དང་པོས་རྡོར་བཟླས་་དང་། ཕྱི་མས་རླུང་གི་ཁྱེད་ལས་སྟོན་པས་འདི་ལ་གཉིས། རླུང་གི་དབྱེ་བ་་སོགས་བཤད་པ་དང་། རྡོར་བཟླས་ཉམས་སུ་ལེན་ཚུལ་བཤད་པའོ། །དང་པོ་ལ་ལྔ། རླུང་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། ཇི་ལྟར་འཕོ་ཚུལ། བྱེད་ལས། དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་པའི་ཚུལ་ལོ། །དང་པོ་ནི། རླུང་དེ་ལ་དབྱེ་ན་བཅུ་ཡོད་དེ། རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་དང་ལྔ་པོ་དེ་རྩ་བའི་རླུང་དུ་འཇོག་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་ལྔ་ནི་ཡན་ལག་གི་རླུང་དུ་འཇོག་པའི་ཕྱིར། ཕྱི་མ་ལྔའི་མིང་གི་རྣམ་གྲངས་ཡོད་དེ། རྡོ་རྗེ་འཕྲེང་བ་ལས། ཀླུ་་དང་རུས་སྦལ་རྩངས་པ་དང་། ། ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། རྩ་བ་དང་། ཡན་ལག་གི་རླུང་སོ་སོའི་དོན་་དང་། རླུང་གཉིས་ཐུན་མོང་པའི་དོན་བཤད་པའོ། །དང་པོ་ནི། གློག་་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་ལྔའི་རྩ་བའི་གནས་ཀྱི་དབང་དུ་བྱས་ན་རིམ་བཞིན། སྙིང་ཁ། གསང་གནས། ལྟེ་བ། མགྲིན་པ། ལུས་ཀྱི་ཚིགས་རྣམས་དང་། མགོན་པོའི་དབང་དུ་བྱས་ནས་མི་བསྐྱོད་པ་རིན་འབྱུང་། དོན་གྲུབ། འོད་དཔག་མེད་རྣམ་སྣང་གི་རླུང་དང་། ལྷ་མོའི་དབང་དུ་བྱས་ན། མ་མཱ་ཀི སྤྱན་མ། སྒྲོལ་མ། གོས་དཀར་མོ། ཡང་སྤྱན་མའི་རིགས་ཀྱི་རླུང་། འབྱུང་བའི་དབང་དུ་བྱས་ན། ཆུ་ས་རླུང་མེ་ནམ་མཁའི་རླུང་། ཁ་དོག་གི་དབང་དུ་བྱས་ན། དཀར་པོ། སེར་པོ། ལྗང་ཁུ། དམར་པོ། སྔོན་པོ། རྒྱུ་ཚུལ་གྱི་དབང་དུ་བྱས་ན་སྣ་བུག་གཉིས་ཀ་ནས་དལ་བར་རྒྱུ་བ། དྲག་ཏུ་རྒྱུ་བ་དང་། གཡོན་རྐྱང་ནས་དལ་བར་རྒྱུ་བ། གཡས་རྐྱང་ནས་དྲག་ཏུ་རྒྱུ་བ་དང་། འཆི་དུས་མ་གཏོགས་སྣ་སྒོར་མི་རྒྱུ་བའོ། །དེ་ལྟར་གསུངས་པ་ནི་རླུང་བཞི་པོ་རེ་རེས་གཙོ་བོ་བྱས་ནས་རྒྱུ་བའི་དབང་དུ་བྱས་ཀྱི། དེར་མ་ངེས་ཏེ། རྩ་བའི་རླུང་བཞི་གང་རུང་རེས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་རེ་རྒྱུ་བའི་ཚེ་གཞན་གསུམ་ཡང་འཁོར་དུ་བྱས་ནས་རྒྱུ་བའི་ཕྱིར། དེ་ཡང་གྱེན་རྒྱུས་གཙོ་བྱས་ནས་རྒྱུ་བའི་ཚེ་གྱེན་རྒྱུ་དམར་པོའི་དབང་གིས་སྲོག་འཛིན་དཀར་ལ་དམར་བ། ཐུར་སེལ་སེར་ལ་དམར་བ། མཉམ་གནས་ལྗང་ལ་དམར་བའི་མདངས་ཅན་དུ་བྱས་ནས་རྒྱུ་ལ། མགོན་པོ་བཞིའི་རླུང་གང་རུང་གིས་གཙོ་བྱས་ནས་དགུ་བརྒྱ་བ་ཕྲག་རེ་རྒྱུ་བ་ལ། ལྷ་མོ་བཞིས་བགོས་པས་ཉིས་བརྒྱ་ཉེར་ལྔ་རེ་འབྱུང་ལ། དེ་ཡང་མཚོན་ན་གྱེན་རྒྱུས་གཙོ་བྱས་ནས་དགུ་བརྒྱ་རྒྱུ་བའི་ཚེ། ཉིས་བརྒྱ་ཉེར་ལྔ་པ་དང་པོ་གོས་དཀར་མོའི་རླུང་སྣ་བུག་གི་སྟེང་ལ་བརྡར་ནས་རྒྱུ་བ་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་སྒྲོལ་མའི་རླུང་སྣ་བུག་གི་ལོགས་ལ་བརྡར་ནས་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་སྤྱན་མའི་རླུང་སྣ་བུག་གི་དབུས་ནས་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་མ་མཱ་་ཀིའི་རླུང་སྣ་བུག་གི་འོག་ངོས་ལ་བརྡར་ནས་རྒྱུ་བ་ཡིན་ཏེ། ལུང་སྟོན་ལས། གོས་དཀར་ལ་སོགས་རིམ་བཞིན་དུ། སྟེང་དང་གསེག་དང་ཐད་ཀ་འོག །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་ལྔ་ནི་མགོན་པོའི་དབང་དུ་བྱས་ན་རིམ་བཞིན་དུ་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པའི་རླུང་། ལྷ་མོའི་དབང་དུ་བྱས་ན་གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མའི་རླུང་། འབྱུང་བའི་དབང་དུ་བྱས་ན་ས་ཆུ་མེ་རླུང་ནམ་མཁའི་རླུང་། ཁ་དོག་གི་དབང་་དུ་བྱས་ན་དམར་སྔོ་སེར་དཀར་ལྗང་། གནས་ཀྱི་དབང་དུ་བྱས་ན་སྲོག་འཛིན་གྱི་ཆ་ཤས་ཡིན་པས་སྙིང་གར་གནས་ཤིང་། དེ་ཡང་སྙིང་གའི་ཟླ་བའི་ཆ་དང་། སྣང་བ་དང་། བསྙེན་བཀུར་དང་། ལྐོག་ཤལ་དང་། མཆིན་པ་མ་སྟེ་རྩ་་འདབ་ལྔ་ལས་རྒྱུ་བར་གསུངས་ཏེ། དེ་ནི་བདུད་བྲལ་མ་སོགས་ལྔ་དང་དོན་གཅིག་གོ །སྙིང་ག་ནས་བྱུང་བའི་ལན་ལག་གི་རླུང་ལྔ་དང་སྲོག་འཛིན་རགས་པ་དང་དྲུག་ནི། གཟུང་འཛིན་གྱི་རླུང་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། མིག་གི་རྣམ་ཤེས་སོགས་དྲུག་པོ་དེ་ལུས་གཟུགས་སོགས་དྲུག་ལ་གཡོ་བར་བྱེད་པས་འཛིན་པའི་རླུང་དྲུག་དང་། གཟུགས་སོགས་དྲུག་གསལ་བར་བྱེད་པའི་ཆ་ནས་གཟུང་བའི་རླུང་དྲུག་སྟེ་བཅུ་གཉིས་སུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། རླུང་བཅུ་པོ་མངལ་དུ་འཆགས་ཀྱང་མ་བཙས་བར་དུ་སྣ་སྒོར་འབྱུང་འཇུག་མི་བྱེད་ཅིང་། ཕྱིར་བཙས་པ་ན་འབྱུང་འཇུག་བྱེད་ལ། བཅུ་པོ་དེ་ནི་ཨ་ཐུང་གི་གཞིར་གྱུར་ནས་ངག་སྨྲ་བའི་རྒྱུ་བྱེད་པ་དང་། ཡི་གེ་གསུམ་གྱི་གཞིར་གྱུར་ནས་རྡོར་བཟླས་ཀྱི་རྒྱུ་བྱེད་པ་དང་། མི་ཤིགས་པ་ལ་ཐིམ་ནས་འོད་གསལ་འཆར་བའི་གཞི་བྱེད་དོ། ཁྱད་པར་དུ་རླུང་གིས་རྣམ་ཤེས་ཀྱི་བཞོན་པ་བྱེད་པ་ཡིན་ཏེ། གྲུབ་ཆེན་གྱི་གཞུང་སྔར་དྲངས་པ་ལྟར་དང་། རིམ་ལྔ་ལས་ཀྱང་། འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་གསུངས་པའི་ཕྱིར། བཞོན་པར་འགྱུར་བའི་ཚུལ་ཡོད་དེ། རླུང་གྲོགས་སུ་ཡོད་པའི་དབང་གིས་རྣམ་ཤེས་ཡུལ་ལ་འཇུག་གི དེ་མེད་ན་རྣམ་ཤེས་ཡུལ་ལ་གཡོ་མི་ནུས་པའི་ཕྱིར་ཏེ། མེད་ན་དེའི་རྟེན་མེད་པའི་ཕྱིར་རོ། །གསུམ་པ་ལ་གསུམ། སྣ་བུག་གི་འཕོ་བ། དཀྱིལ་འཁོར་གྱི་འཕོ་བ། རྩ་འདབ་ཀྱི་འཕོ་བའོ། །དང་པོ་ནི། ཉིན་ཞག་གཅིག་ལ་རླུང་དགུ་བརྒྱ་པ་ཞག་ཉེར་བཞི་རྒྱུ་བའི་ཕྱེད་སྲོག་ཐུར་གཉིས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་པ་བཅུ་གཉིས་རྒྱུ་བའི་ཚེ་སྣ་བུག་གཉིས་ཀ་ནས་མཉམ་རྒྱུ་བྱེད་པས་སྣ་བུག་གི་འཕོ་བ་མེད་ལ། དེའི་ཕྱེད་མེ་མཉམ་གཉིས་ཀྱིས་གཙོ་བྱས་ནས་དེ་ལྟར་རྒྱུ་བའི་ཚེ་དགུ་བརྒྱ་རེ་ལ་འཕོ་བ་རེ་བྱས་པའི་འཕོ་བ་དྲུག་དྲུག་སྟེ་བཅུ་གཉིས་སུ་འགྱུར་རོ། །གཉིས་པ་ནི། དཀྱིལ་འཁོར་ཆེ་བའི་དབང་དུ་བྱས་ན་དཀྱིལ་འཁོར་བཞི་པོ་རེ་རེ་ལ་འཕོ་བ་དྲུག་དྲུག་སྟེ་དྲུག་བཞི་ཉི་ཤུ་རྩ་བཞིར་སྔར་ལྟར་འགྱུར་རོ། ། དཀྱིལ་འཁོར་ཆེ་བའི་འཕོ་བ་རེ་རེར་ཆུང་པའི་འཕོ་བ་བཞི་བཞི་སྟེ་གོ་དྲུག སྡོམ་འབྱུང་དང་བརྟག་གཉིས་ལས་ཉིན་ཞག་གཅིག་ལ་དཀྱིལ་འཁོར་ཆེ་བའི་འཕོ་བ་བཅུ་དྲུག དེ་ལ་ལྷ་མོ་བཞིས་བསྒྱུར་བས་འཕོ་ཆུང་རེ་རེ་བཞིར་བཤད་པས། བཅུ་དྲུག་ཏུ་འབྱེད་ཚུལ་ཡང་སྣ་བུག་གི་འཕོ་བ་བརྒྱད་དང་། མི་འཕོ་བ་བརྒྱད་་དེ་བཅུ་དྲུག་གོ །གསུམ་པ་ནི། ཕྱི་ལ་དབྱུག་གུ་དྲུག་ཅུ་རྩ་བཞི་ཡོད་པ་ལྟར། ནང་དུ་ཉིན་ཞག་གཅིག་ལ་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ནས་དབྱུག་གུ་རེ་བཞིའི་རླུང་རྒྱུ། ཕྱིི་ལ་ཆུ་ཚོད་སོ་གཉིས་ཡོད་པ་ལྟར། ནང་དུ་སྤྱི་བོའི་རྩ་འདབ་སོ་གཉིས་ནས་ཆུ་ཚོད་སོ་གཉིས་ཀྱི་རླུང་རྒྱུ། ཕྱི་ལ་འཕོ་བ་བཅུ་དྲུག་ཡོད་པ་ལྟར། ནང་དུ་མགྲིན་པའི་རྩ་འདབ་བཅུ་དྲུག་ནས་འཕོ་བ་བཅུ་དྲུག་གི་རླུང་རྒྱུ། ཕྱི་ལ་་ཐུན་ཚོད་བརྒྱད་ཡོད་པ་ལྟར། ནང་དུ་སྙིང་གའི་རྩ་འདབ་བརྒྱད་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་སྟེ། ཉིན་ཞག་གཅིག་ལ་རླུང་འབྱུང་འཇུག་གཉིས་གཅིག་ཏུ་བྱས་པའི་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལྷག་ཆད་མེད་པར་རྒྱུའོ། །དེ་ཡང་ལྟེ་བའི་རྩ་འདབ་གཉིས་ཀྱི་རྒྱུ་བ་རྫོགས་པ་ན་སྤྱི་བོའི་རྩ་འདབ་གཉིས་པར་འཕོ། སྤྱི་བོའི་རྩ་འདབ་གཉིས་ཀྱི་རྒྱུ་བ་རྫོགས་པ་ན་མགྲིན་པའི་རྩ་འདབ་གཉིས་པར་འཕོ། མགྲིན་པའི་རྩ་འདབ་གཉིས་ཀྱི་རྒྱུ་བ་རྫོགས་པ་ན་སྙིང་གི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་ཡིན་ནོ། །བཞི་པ་བྱེད་ལས་ནི། རླུང་ཕྲ་བ་དང་རྣམ་ཤེས་འདྲེས་པ་དེས་འཇིག་རྟེན་པ་ལ་འཁོར་བའི་བྱ་བ་དང་། རྣལ་འབྱོར་པ་ལ་ཐར་པའི་བྱ་བ་བྱེད་པ་ཡིན་ཞིང་། དེའི་དང་པོ་ཤེས་ན་འཁོར་བའི་འཇུག་རིམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་དེ་ཤེས། དེ་ཤེས་ན་རྣལ་འབྱོར་བ་ལ་ཐར་པའི་བྱ་བ་བྱེད་ཚུལ་དེ་ཤེས། དེ་ཤེས་ན་འཁོར་བ་ལས་ལྡོག་པའི་རིམ་པ་ཡང་ཤེས་པར་འགྱུར་རོ། །འོ་ན་རླུང་གིས་འཇིག་རྟེན་པ་ལ་འཁོར་བའི་བྱ་བ་བྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ལས་ཉོན་གྱི་དབང་གིས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བའི་ཆ་ནི་འཁོར་བ་ཡིན་ལ། དེ་ནི་རླུང་གིས་བྱེད་པ་ཡིན་ཏེ། སེམས་ཅན་་འཆི་བའི་ཚེ། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་ཐོབ་ལ། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་འོད་གསལ་དེ་ནི་འཆི་བ་འོད་གསལ་ཡིན་ལ། དེ་ཡང་རླུང་གི་གཡོ་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཇེ་ཞན་ཇེ་ཞན་དུ་སོང་བའི་སྒོ་ནས་འབྱུང་ངོ་། །ས་ཆུ་ལ་ཐིམ་ཞེས་པ་ནི་ས་ཁམས་རགས་པས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་པས་དེ་ལྟར་བརྗོད་པ་ཡིན་གྱི། དེའི་ཆོས་ཁམས་མེད་པ་ནི་མིན་ཏེ། གཟུགས་ཕུང་ཡོད་པའི་ཕྱིར་དང་། དེ་བཞིན་དུ་རླུང་ཐིམ་པའི་བར་ལ་སྦྱོར་ཞིང་། ཐིམ་པ་ཡང་ངོ་བོའི་སྒོ་ནས་དངོས་སུ་ཐིམ་པ་མིན་གྱི། སྔ་མ་ཕྱི་མ་ལ་འཕོས་པ་འདྲ་བ་ཞིག་འབྱུང་བས་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །སྐྱེ་བའི་ཚེ་ཡང་འཆི་བ་འོད་གསལ་ལས་ཉེར་ཐོབ་སོགས་འབྱུང་བ་ནི་རླུང་གི་གཡོ་བ་སྔ་མ་ལས་ཕྱི་མ་ཇེ་རགས་སུ་སོང་བའི་སྒོ་ནས་འབྱུང་ངོ་། །དེ་ལྟར་ན་རླུང་གིས་་ཀུན་རྟོགས་བརྒྱད་ཅུ་དང་ཉོན་མོངས་རྣམས་བསྐྱེད་ཅིང་། དེས་ལས་བསགས་ནས་འཁོར་བར་སྐྱེ་བར་འགྱུར་བས་ན་སྐྱེ་འཆིའི་རིམ་པ་ལ་རླུང་གིས་བྱེད་པར་འགྲུབ་བོ། །དེ་ནི་འཁོར་བའི་འཇུག་རིམ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ལ། ཐུན་མོང་བ་ནི་མ་རིག་པའི་དབང་གིས་ལས་བསགས། དེའི་དབང་གིས་འཁོར་བར་འཁོར་བ་ནི་གོང་དང་འདྲའོ། །ལས་རླུང་འཁོར་བ་འགྲུབ་པའི་རྒྱུར་ཁས་ལེན་པའི་ཚེ་མ་རིག་པའི་ལྷན་ཅིག་བྱེད་རྐྱེན་བྱས་པའི་སྒོ་ནས་འཁོར་བ་འགྲུབ་པར་འདོད་པ་ཡིན་གྱི། ལས་རླུང་དེ་ཉིད་འཁོར་བའི་རྩ་བར་འདོད་མི་ནུས་ཏེ། འཁོར་བའི་རྩ་བ་ནི་མ་རིག་པ་ཁོ་ནར་ངེས་པའི་ཕྱིར་ཏེ། འཁོར་བའི་རྩ་བ་ལ་འཛིན་སྟངས་མི་མཐུན་པ་གཉིས་མེད་པའི་ཕྱིར། བྱེད་ལས་དེ་དག་ནི་ཐུན་མོང་བའི་དབང་དུ་བྱས་ལ། སོ་སོའི་བྱེད་ལས་ཡོད་དེ། སྲོག་་འཛིན་གྱིས་ཚེ་གནས་པ་དང་། ཡན་ལག་གི་རླུང་རྣམས་དབང་པོའི་སྒོར་འདྲེན། ཐུར་སེལ་གྱིས་བཤང་གཅི་ཁུ་ཁྲག་རྣམས་ལུས་ཀྱི་སྨད་དང་ཁྱད་པར་་དུ་འོག་སྒོར་འདྲེན། མཉམ་གནས་ཀྱིས་བཟའ་བཏུང་ལ་ལོངས་སྤྱོད་པ་རྣམས་ལྟེ་བར་འཇུ་བ་དང་། ཟས་ཀྱི་དྭངས་མ་རྣམས་སྙིང་ཁར་འདྲེན། གྱེན་རྒྱུས་བལྡད་པ་དང་། མྱོང་བ་དང་། འོག་རླུང་སྟེང་དང་ཕྱི་རླུང་ནང་དུ་སྡུད་པ་དང་། ངག་སྨྲ་བརྗོད་ཀྱི་བྱ་བ་བྱེད། ཁྱབ་བྱེད་ཀྱི་ལུས་གཡོ་འགུལ་སྤྱི་དང་་འགྲོ་འོང་སོགས་ཀྱི་བྱ་བ་བྱེད། ཡན་ལག་གི་རླུང་ལྔས་རིམ་པ་བཞིན་དུ། མིག་གིས་གཟུགས་མཐོང་། རྣ་བས་སྒྲ་ཐོས། སྣས་དྲི་ཚོར། ལྕེས་རོ་མྱོང་། ལུས་ཀྱིས་རེག་བྱ་འཛིན་པའི་བྱ་བ་རྣམས་བྱེད་པའི་ཕྱིར། དེ་ལྟ་བུ་ནི་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཀ་ལ་བྱེད་ཅིང་། རྣལ་འབྱོར་པ་ལ་བྱ་བ་བྱེད་ཚུལ་ཡོད་དེ། རྩ་བའི་རླུང་བཞི་ལ་རྡོར་བཟླས་བྱས་པས་ཞི་སོགས་་ཐུན་མོང་གི་དངོས་གྲུབ་འགྲུབ་པ་དང་། རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་འབྱུང་བས་མཆོག་གི་དངོས་གྲུབ་ཀྱི་རྒྱུ་ཡང་བྱེད་པའི་ཕྱིར། ལྔ་པ་ནི། རླུང་གི་ངོ་བོ་དང་བྱེད་ལས་ཤེས་པ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་པ་ཞིག་ཀྱང་འབྱུང་བ་ཡིན་ཏེ། དེ་ལྟར་ཤེས་ན་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་དང་། སྒྱུ་མའི་སྐུ་གཉིས་བསྐྱེད་པ་ལ་རླུང་དངོས་སམ་སེམས་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་བསྒོམ་དགོས་པར་ཤེས་པ་དེ་འབྱུང་ཞིང་། དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཀྱང་མ་འཕྱུགས་པ་ཞིག་འོང་བའི་ཕྱིར་ཏེ། དེ་ཤེས་པ་ལས་འཁོར་བའི་འཇུག་རིམ་གཉིས་ཤེས་པ་དེ་འབྱུང་ལ། འཁོར་བའི་འཇུག་རིམ་ཐུན་མོང་བ་ཤེས་ན་མ་རིག་པ་འཁོར་བའི་རྩ་བར་ཤེས་ཏེ་དེའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པ་ལ་འབད་པ་ཞིག་འོང་། ཐུན་མོང་མ་ཡིན་པ་ཤེས་ན་ཀུན་རྟོག་གཡོ་བྱེད་ཀྱི་རླུང་འཁོར་བ་་འགྲུབ་པའི་རྐྱེན་དུ་ཤེས་ནས་དེའི་གཉེན་པོ་ལུས་ལ་གནད་དུ་བསྣུན་པའི་ཐབས་ལ་འཇུག་པ་ཅིག་འོང་བའི་ཕྱིར་རོ། །གཉིས་པ་སྙིང་གར་རྡོར་བཟླས་བྱ་ཚུལ་ལ། འདུས་པ་ནས་འབྱུང་བ་ལྟར་ཡི་གེ་གསུམ་འཐུ་ཚུལ་རྒྱས་པར་བཤད་པའང་སྐབས་སུ་བབས་མོད། འདིར་ཅུང་ཟད་བཤད་ན། བཤད་རྒྱུད་རྟོག་གསུམ་ལས། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། ། གསང་སྔགས་འབྱུང་བའི་རྩ་བ་སྟེ། །ཞེས་གསུངས་པ་ལྟར། དབྱངས་བཅུ་དྲུག་དང་། གསལ་བྱེད་སོ་གསུམ་རྣམས་སྔགས་བཏུ་བའི་གཞི་་ཡིན་ལ། དེ་ལས་བཏུས་པའི་སྔགས་ལ་སྙིང་པོ་ཉེ་སྙིང་རྩ་སྔགས་སོགས་མང་་ཡང་། འདིར་ༀ་ཨཱཿཧཱུཾ་གསུམ་འཐུ་བ་ཡིན་ཞིང་དེ་ལའང་དྲང་ངེས་གཉིས་ཡོད་ཀྱང་དྲང་དོན་གྱི་འཐུ་ཚུལ་ཙམ་བཤད་ན་ༀ་ལ་ཨ་ཨུ་མ་གསུམ་ཡོད་པའི་ཨུ་དེ་ཨ་ལ་བྱིན་པས་ཨོ་དང་། མ་ཡིག་ཐིག་ལེར་བྱིན་པས་ༀ་མོ། །ཨཱཿལ་ཨ་ཐུང་གཉིས་དང་ཧ་སྲོག་མེད་གཅིག་སྟེ་གསུམ་ཡོད་པའི་ཨ་ཕྱི་མ་སྔ་མ་ལ་བྱིན་པས་ཨཱ་་དང་། ཧ་རྣམ་བཅད་དུ་བྱས་པས་ཨཱཿའོ། །སྒྲོན་གསལ་གྱི་དགོངས་པ་རྗེས་བཀྲལ་བ་ལྟར་ན་ཧ་རྣམ་བཅད་དུ་སོང་བ་ཡིན་ལ། མཁས་པ་ཁ་ཅིག་ས་རྣམ་བཅད་དུ་བྱས་པ་ནི་དེ་དང་མི་མཐུན་ཡང་། མཚམས་སྦྱོར་ལྔ་པ་ལས། ར་ས་ངག་གིས་རྣམ་བཅད་དོ། །ཞེས་འབྱུང་བ་དང་མཐུན་ནོ། །ཧཱུཾ་ལ་ཧ་ཨཱུ་མ་གསུམ་ཡོད་པའི་ཨཱུ་ཧ་ལ་བྱིན་པས་ཧཱུ་དང་། མ་ཡིག་ཐིག་ལེར་བརྒྱན་པས་ཧཱུཾ་མོ། །སྔགས་ཀྱི་ལྷ་ཐམས་ཅད་རྡོ་རྗེ་གསུམ་དུ་འདུ་བས་སྔགས་ཀྱི་ཡི་གེ་རྣམས་བྱེད་ལས་ཀྱི་སྒོ་ནས་ཡི་གེ་གསུམ་དུ་འདུ་སྟེ། ༀ་ཨཱཿཧཱུཾ་གསུམ་རིམ་པ་བཞིན་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་ཡིན་པ་དང་། ཡི་གེ་གསུམ་གྱིི་རྡོར་བཟླས་ཀྱིས་སྔགས་ཐམས་ཅད་ཀྱི་བྱེད་ལས་བསྒྲུབ་ནུས་པའི་ཕྱིར། མཚོན་དོན་ནི། ༀ་གྱི་ཨ་ཨུ་མ་གསུམ་གྱིས་སྲོག་འཛིན་གྱེན་རྒྱུ་བྱང་སེམས་དཀར་པོ་གསུམ་རིམ་པར་མཚོན་ལ། ཨཱཿའི་ཨ་གཉིས་དང་ཧས་ནི་སྲོག་འཛིན་གྱེན་རྒྱུ་་ཐུར་སེལ་གསུམ་དང་། ཧཱུཾ་གི་ཧ་ཨཱུ་མ་གསུམ་གྱིས་ཐུར་སེལ་གྱེན་རྒྱུ་སྲོག་འཛིན་གསུམ་མཚོན་ཏེ། དེའི་དགོས་པ་ཕལ་ཆེར་ནི་གཞན་དུ་ཤེས་པར་བྱ་ཞིང་། དགོས་པའི་གཙོ་བོ་ནི་ཡི་གེ་གསུམ་གྱི་རྡོར་བཟླས་བྱས་པས་སྒྱུ་མའི་སྐུ་་འགྲུབ་པའི་ཆེད་དུ་ཡིན་ནོ། །རྡོར་བཟླས་བྱ་ཚུལ་དངོས་ལ་ནི། སྤྲི་འགྲོའི་ཚུལ་དུ་བྱེད་པ་དང་། མན་ངག་གིས་བྱེད་པ་གཉིས་ལས། དང་པོ་ནི། རང་ཉིད་འཇིགས་བྱེད་དུ་གསལ་བའི་ཐུགས་ཀའི་དམིགས་རྟེན་ཧཱུཾ་དང་བཅས་པ་གསལ་བཏབ་ནས་དེ་ལ་སེམས་བཟུང་སྟེ། རླུང་ཕྱི་རྒྱུ་བའི་ཚེ་རླུང་གི་རང་གདངས་ཧཱུཾ་གྱི་རང་གདངས་སུ་མོས་པ་དང་། ནང་དུ་འཇུག་པའི་ཚེ་རླུང་གི་རང་གདངས། ༀ་གྱི་རང་གདངས་སུ་ཤར་བའི་སྒོ་ནས་འཇུག་པ་དང་། དེ་ནས་རླུང་ནང་དུ་ལྡང་འཇུག་གང་རུང་གི་ཡུན་ཚད་ཅིག་བཟུང་སྟེ། གནས་པའི་རང་གདངས་ཨཿའི་རང་གདངས་སུ་མོས་པའི་ཚུལ་གྱིས་བྱ་བ་ཡིན་ནོ། །དེ་ཡང་ངག་གིས་བརྗོད་པའམ། ཡིད་ཀྱིས་འདོན་པ་ཙམ་མིན་གྱི། འཇུག་ལྡང་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་དུ་མོས་ནས་བྱེད་པ་ཡིན་ནོ། །དེའི་ཚེ་རླུང་སྔགས་ངོ་བོ་དབྱེར་མེད་དུ་མོས་དགོས་ཏེ། རླུང་སྔགས་ངོ་བོ་ཐ་དད་དུ་ཞེན་པ་དེ་རྡོར་བཟླས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཏེ། འདུས་པའི་རྩ་རྒྱུད་ལས། སློང་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་པའི་ངེས་དོན་འཆད་པ་ན། ལུང་སྟོན་ལས། ཐ་དད་ཡི་གེ་སློང་མོ་ཡིན། །དེ་འདོན་པ་ནི་ཟ་བ་སྟེ། ཞེས་དེའི་ཚེ་རླུང་སྔགས་ངོ་བོ་ཐ་དད་དུ་མི་ལྟ་བར་བཤད་པའི་ཕྱིར། ཡི་གེ་གསུམ་རླུང་ལྡང་འཇུག་གནས་གསུམ་དང་སྦྱོར་ཚུལ་སྔར་བཤད་པ་ལྟར་ཡིན་ཏེ། ཞལ་ལུང་ལས། དེ་ལས་ཧཱུཾ་ཡིག་དབྱུང་བ་དང་། །ༀ་གྱིས་སྡུད་དང་ཨ་ཡིས་གནས། ཞེས་གསུངས་པའི་ཕྱིར། དེ་ཡང་དང་པོར་རླུང་འཇུག་ལྡང་གནས་གསུམ་ཚད་མཉམ་པའི་རྡོར་བཟླས་བྱས་པས་གོམས་པར་རང་ཤུགས་ཀྱིས་གནས་པ་ཞིག་འོང་ལ། དེ་ནས་གནས་པ་རྗེ་རིང་དང་འཇུག་ལྡང་གཉིས་ཇེ་ཐུང་དུ་སོང་ནས་མཐར་གནས་པ་འབའ་ཞིག་ཏུ་འགྱུར་ཞིང་། གནས་རྗེས་སུ་ཐིམ་པར་འགྱུར་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། བརྡ་ཡི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཅེས་པ་ནས། གསུམ་པོ་་དེ་ཉིད་གཅིག་གྱུར་པ། །འགྲོ་བ་མེད་ཅིང་འོང་བ་མེད། །ཅེས་གསུངས་པའི་ཕྱིར། དེ་ལྟར་བྱས་པས་རྡོར་བཟླས་ཀྱིས་ཐུར་སེལ་གྱི་རླུང་གཡོས་ནས་ལྟེ་བའི་གཏུམ་མོ་སྦར་ཏེ་སྤྱི་བོའི་བྱང་སེམས་བཞུས་པ་ལས་དེ་ཆེན་སྐྱེ་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། རླུང་གི་དེ་ཉིད་ཡང་དག་ལྡན། །ཡི་གེ་ཧཱུཾ་གིས་བསྐུལ་ནས་ནི། །མེ་ཡི་འཁོར་ལོ་སད་པར་བྱེད། །ཅེས་དང་། ཞལ་ལུང་ལས། སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོར་ཡེ་ཤེས་མེ་འབར་བས། །ཁམས་ཞུ་ནས་ནི། ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དེ་ཡི་མེ་འབར་་ཡང་དག་གིས། །བདེ་ཆེན་འཁོར་ལོ་བཞུ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་བྱུང་བ་ན་བདེ་སྟོང་གི་ཡེ་ཤེས་སྐྱེ་བར་འགྱུར་བ་ཡིན་ཏེ། ཞལ་ལུང་ལས། དེ་ལ་དེ་ཉིད་རབ་བཟུང་བས། །འཇུག་དང་གནས་དང་སྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བ། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག །ཅེས་གསུངས་པའི་ཕྱིར། རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་་འགྲོལ་ནུས་པ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། །རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། །ཞེས་གསུངས་པའི་ཕྱིར། འགྲོལ་ཚུལ་ཡོད་དེ། སྙུག་སྦུབས་སས་འགགས་པ་ཐུར་མ་རིང་པོས་དེའི་ནང་་དུ་འབྱུང་འཇུག་མང་དུ་བྱས་པས་སངས་པར་འགྱུར་བ་དེ་བཞིན་དུ། སྙིང་གའི་དྷཱུ་ཏཱིའི་ནང་དུ་ལྡང་འཇུག་གནས་གསུམ་གྱི་དམིགས་པ་ཡང་ཡང་བྱས་སྟོབས་ཀྱིས་སྙིང་གིའི་རྩ་མདུད་རིམ་གྱིས་ལྷོད་པོར་སོང་སྟེ་མཐར་རྩ་མདུད་རྣམས་གྲོལ་བར་བྱེད་པ་ཡིན་པའི་ཕྱིར། གྲོལ་བའི་ཚེ་སྙིང་གའི་རྩ་འདབ་དེ་ཉིད་གྱེན་དུ་ལོག་དགོས་པ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། གང་ཕྱིར་དེར་ནི་བཟླས་བྱས་པས། །སྙིང་གའི་པདྨ་སྟེང་བལྟས་འཇིག །ཞེས་གསུངས་པའི་ཕྱིར། རྩ་མདུད་རྣམས་ཀྱི་ནང་ནས་སྙིང་གའི་རྩ་མདུད་དེ་འབྱེད་དཀའ་བ་ཡིན་ཏེ། རྩ་འཁོར་གཞན་གྱི་ཐད་ན་རོ་རྐྱང་གིས་གཡས་གཡོན་ནས་འཁྱུད་པའི་མདུད་པ་རེ་རེ་སྟེ་གཉིས་རེ་ལས་མེད། སྙིང་གི་དྷཱུ་ཏཱིི་ལ་རོ་རྐྱང་གིས་གཡས་གཡོན་ནས་འཁྱུད་པའི་མདུད་པ་གསུམ་གསུམ་སྟེ་དྲུག་གིས་བསྡམས་ནས་ཡོད་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། དེ་ལ་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་གསུངས་པའི་ཕྱིར། གཞན་ཡང་རྡོར་བཟླས་ལ་ངོ་བོའི་སྒོ་ནས་ཧཱུཾ་ཧོ་གཉིས་ཀྱིི་རྡོར་བཟླས་དང་། ཡི་གེ་གསུམ་གྱི་རྡོར་བཟླས་གཉིས་ཡོད་ལ། རླུང་གི་དབྱེ་བས་རྩ་བ་དང་ཡན་ལག་གི་རླུང་གི་རྡོར་བཟླས་གཉིས། གནས་ཀྱི་དབྱེ་བས་སྟེང་འགྲོ་དང་འོག་འགྲོའི་རྡོར་བཟླས་གཉིས་རྣམས་སུ་ཡོད་དོ། །མན་ངག་གིས་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པའི་ཚེ། ཧཱུཾ་གི་ནཱ་ད་ལས་རླུང་སྦོས་རིང་གིི་དུད་པ་ལྟ་བུ་ཕྲ་མོ་ཞིག་ཐོབ་པ་ཧཱུཾ་གི་གདངས་སུ་མོས་ནས། དེ་ༀ་གྱི་གདངས་ཀྱིས་དམིགས་རྟེན་ལ་ཐིམ་པ་དང་། ཨཱཿའི་གདངས་ཀྱིས་གནས་པར་བསམ་པའོ། །གཙོ་བོ་ནི་གོང་དུ་བཤད་པ་ལྟར་སྟེང་་འགྲོའི་རྡོར་བཟླས་བྱས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བ་་དང་། རྟགས་ནི་སྔར་ལྟར་རོ། དེའི་ཚེ་ལྟེ་གསང་གི་གཏུམ་མོ་སྦོར་བ་ཡང་སྔར་བཞིན་བྱས་ནས་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་ཏེ་བདེ་སྟོང་་སྦྱར་ནས་བསྒོམ་པ་དང་བསྲེ་བའི་སྐོར་རྣམས་ཀྱང་བྱའོ། །རྡོར་བཟླས་ཀྱི་སྐོར་་འདི་འདུས་པའི་ལུགས་ལ་ངག་བདེན་གྱི་སྐབས་སུ་འབྱུང་བས་འདིར་ཡང་དེ་དང་འདྲའོ། །གཉིས་པ་དམ་ཚིག་གི་རྣལ་འབྱོར་ནི། རྒྱ་གཞུང་དེ་ཉིད་ལས་ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བླ་མའི་མན་ངག་རིམ་པ་ཡིས། །སྲིད་པའི་སྡུག་བསྔལ་གཞོམ་འདོད་པས། །མི་འགྱུར་བདེ་བ་བསྒོམ་པར་བྱ། །ཞེས་་དང་། སྨོན་ལམ་ལས། སླར་ཡང་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་གྱིས། །ནང་གི་རྗེས་གཞིག་བསམ་གཏན་རིམ་པ་དང་། །ཕྱག་རྒྱ་གཉིས་དང་སྦྱོར་བའི་་ཐབས་མཁས་ལས། །སེམས་དབེན་མཐར་ཐུག་ཏིང་འཛིན་འདྲེན་པར་ཤོག །ཅེས་གསུངས་པ་ལྟར་ཡིན་ལ། དེ་ཡང་སྤྱིར་རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་གྲོལ་བར་བྱེད་ནུས་པས་སེམས་དབེན་གྱི་སྟོང་པ་གསུམ་འདྲེན་ནུས་ཀྱང་། དེ་ཙམ་གྱིས་སེམས་དབེན་མཐར་ཐུག་འདྲེན་མི་ནུས་པས་འདིར་དེ་འདྲེན་པའི་ཆེད་དུ་ཕྱི་ནང་གི་ཐབས་ལ་བརྟེན་ནས་སྣང་བའི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པ་་ཡིན་པས་འདི་ལ་གཉིས། རྗེས་གཞིག་གི་སྡུད་རིམ་བཤད་པ་དང་། ཕྱག་རྒྱ་ལ་བརྟེན་ནས་སྣང་བའི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་ཚུལ་ལོ། །དང་པོ་ནི་སྔར་ལྟར་རྡོར་བཟླས་བྱས་པས་རྩ་མདུད་ལྷོད་པོར་སོང་ནས་རླུང་གཞན་བཞི་སྙིང་གའི་མི་ཤིགས་པ་ལ་སྡུད་ནུས་ཀྱང་། ཁྱབ་བྱེད་སྡུད་དཀའ་བས་དེ་མ་བསྡུས་པར་དུ་སེམས་དབེན་གྱི་ཡེ་ཤེས་མཐར་ཐུག་མི་འཆར་བས་ན། དེ་བསྡུ་བའི་ཕྱིར་དུ་སྔ་མའི་བོགས་འདོན་ལྟ་བུར་རང་ལྷ་ཡབ་ཡུམ་དུ་གསལ་བའི་སྙིང་གའི་ཧཱུཾ་་ཡིག་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་འཕོག་པས། སྣོད་ཀྱི་སྐྱོན་ཐམས་ཅད་སྦྱངས་ནས་དག་པའི་ཞིང་དང་འོད་ཀྱི་རང་བཞིན་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་འཇིགས་བྱེད་ཡབ་ཡུམ་དུ་གྱུར་བར་བསམ་ལ། དེ་ནས་སྣོད་བཅུད་དང་བཅུད་རང་ཡབ་ཡུམ་དང་། རང་སྙིང་གའི་ཧཱུཾ་ཡིག་ལ་་ཐིམ་པར་མོས་ཏེ་སེམས་ཞུགས་པ་བཞིན་བྱས་ནས་བསྒོམས་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང་། གཏུམ་མོ་སྦར་ཏེ་དགའ་བཞི་ལུགས་འབྱུ ང་ལུགས་ལྡོག་ཏུ་འདྲེན་ཚུལ་དང་བསྲེ་བ་སོགས་ནི་སྔར་ལྟར་རོ། །གཉིས་པ་ལ་གཉིས། ཕྱི་ཕྱག་རྒྱ་ལ་བརྟེན་དགོས་པ་དང་། དེ་ལས་སྣང་བའི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་ཚུལ་ལོ། །དང་པོ་ནི། རྒྱ་གཞུང་དེ་ཉིད་ལས། འདིར་ཕྱིའི་ཕྱག་རྒྱ་ལ་རིགས་བཞིར་བཤད་ནས། ཕྱག་རྒྱ་མ་ལ་བརྟེན་པ་ནི་འདིར་མི་རུང་བའི་དམ་ཚིག་ཡིན་པས། དམ་ཚིག་གི་རྣལ་འབྱོར་་དུ་བཤད་ལ། བླ་མ་ཁ་ཅིག་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པའི་རིམ་པར་བསྡུས་ནས་བཤད་དེ་གང་བྱས་ཀྱང་མི་འགལ་ཡང་། དང་པོ་ལྟར་བྱས་ན་སེམས་དབེན་མཐར་ཐུག་བསྐྱེད་པ་ནི་ལས་རྒྱ་ལ་ལྟོས་པ་ཡིན་ཏེ། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། ། གསལ་བར་བདེ་ལས་མཚོན་པར་འགྱུར། །ཞེས་དང་། སྤྱོད་བསྡུས་ལས་ཀྱང་། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིངྒ་་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་་དོ། །ཞེས་གསུངས་པའི་ཕྱིར། ལས་རྒྱ་ལ་དབྱེ་ན་པདྨ་ཅན། གླང་པོ་ཅན། དུང་ཅན་མ། རི་དྭགས་ཅན་མ་དང་བཞི། དེ་བཞི་ཡང་ཙརྩི་ཀ་དང་། ཕག་མོ་དང་། དབྱངས་ཅན་མ་དང་། གཽ་རི་དང་བཞིའི་རིགས་སུ་བཤད་ལ། སོ་སོའི་མཚན་ཉིད་ཀྱང་རྒྱ་གཞུང་ཉིད་ལས། པདྨ་ཅན་གྱི་མཚན་ཉིད་ནི། །བཞིན་ནི་ཀུན་ནས་ཟླུམ་པོ་སྟེ། །ཞེས་སོགས་ཀྱིས་བསྟན་ཅིང་། ལུས་ཐུན་མོང་བའི་མཚན་ཉིད་ནི། བཅུ་དྲུག་ལོན་མ་སྐལ་བཟང་མ། །ཞེས་སོགས་ཀྱིས་འཆད། རྣལ་འབྱོར་པས་ནི་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་པ། །ཞེས་སོགས་ཀྱིས་ཕྱག་རྒྱ་སྲོག་རྩོལ་དུ་སོང་ནས་བྱང་་སེམས་བབས་པ་ལས་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་ཚུལ་བསྟན་ཏོ། །གཉིས་པ་ལ་གཉིས། དངོས་དང་། སྣང་བའི་རང་བཞིན་བཤད་པའོ། ། དང་པོ་ནི། དེ་ལྟར་ལས་རྒྱའི་མཚན་ཉིད་ཤེས་པར་བྱས་ནས། དེ་ལ་རིམ་གཉིས་ཀྱི་ལམ་བསྟན་པས་ཉམས་སུ་བླངས་ཏེ་རྒྱུད་སྨིན་པ་ན་བསྟེན་དགོས་ལ། དེ་འདྲ་བའི་ཕྱག་རྒྱའི་དྷཱུ་ཏཱིའི་མར་སྣ་རང་གི་དྷཱུ་ཏཱིའི་ནང་དུ་བཅུག་་སྟེ་སྙོམས་པར་འཇུག་བཞིན་པའི་ངང་ནས། སྙིང་གའི་སྡུད་རིམ་དང་། ཁྱབ་བྱེད་ལ་དམིགས་པའི་རྡོར་བཟླས་དང་། ཁ་སྦྱོར་བུམ་པ་ཅན་བསྒོམས་པས། རླུང་དགུ་དང་ཁྱབ་བྱེད་ཀྱི་རླུང་ཕལ་ཆེར་སྙིང་གའི་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ནུས་པ་འབྱུང་ལ། དེ་ལས་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར་ཞིང་། གཏུམ་མོ་སྦར་ཏེ་སྟོང་བཞི་དགའ་བཞི་ཁྱད་པར་ཅན་གྱི་ངོ་བོར་བསྐྱེད་ནུས་པ་དེ་འབྱུང་བས། དེའི་ཚེ་བཞི་ཀ་དང་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ། སྐབས་འདིར་བསྲེ་བའི་སྐོར་རྣམས་ཀྱང་བྱེད་དོ། །འོད་གསལ་ལས་ལྡང་བ་རྩོམ་པ་ན་ཕུང་པོ་རྙིང་པ་ལས་གོས་ལོགས་སུ་སྒྱུ་མའི་སྐུར་ལྡང་སྙམ་པའི་འཕེན་པ་ཡང་ཡང་བཏང་ནས། འོད་གསལ་ལས་ལངས་པའི་ཚེ་རེ་ཞིག་ལྷ་སྐུར་མོས་པ་ཡིད་བྱེད་ཀྱིས་ལྡང་བ་འབྱུང་ཡང་། དེ་ལ་གོམས་པར་བྱས་པའི་ཐར་དངོས་གནས་ལ་ལྡང་ནུས་ཏེ་འཆད་པར་འགྱུར་རོ། །སྣང་བ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་དེ། ཡུལ་སྣང་མེ་འདྲ་བ་གསུམ་འཆར་བའི་དབང་དུ་བྱས་ནས་སྣང་བ་དང་མཆེད་པ་དང་ཉེར་ཐོབ་ཅེས་བརྗོད་ལ། དེ་ཡང་སྔར་བཤད་པ་ལྟར་ཟླ་འོད་ལྟར་དཀར་ལམ་བའི་སྣང་བ་འཆར་བས་ན་སྣང་བ་དང་། དེ་སྔར་ལས་ཉི་འོད་བཞིན་དུ་གསལ་བར་སོང་ན་མཆེད་པ་དང་། དེ་ནས་སྲོད་ཀྱི་སྨག་བཞིན་དུ་མི་གསལ་ཞིང་འོད་གསལ་དང་ཉེ་བར་སོང་བས་ན་ཉེར་ཐོབ་དང་། སྣང་བ་དང་པོ་དེ་ཀུན་རྟོག་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་དང་། མཆེད་པ་དེ་སྣང་བ་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་ཤིན་ཏུ་སྟོང་པ་དང་། ཉེར་ཐོབ་དེ་མཆེད་པ་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་ཆེན་པོ་ཞེས་བརྗོད་པའི་ཕྱིར། དེ་འདྲ་བའི་སྣང་བ་གསུམ་པོ་དེ་འཆི་དུས་དང་། ལམ་དུས་སུ་ནི་སྙིང་གའི་དྷཱུ་ཏཱིར་རླུང་ཐིམ་པ་ལས་མཚན་ཉིད་ཚང་བར་འཚར་ལ། གཉིད་དུས་་དང་། ལམ་དུས་ཀྱི་སྐབས་གཞན་འགའ་ཞིག་གི་ཚེ་སྣ་བུག་གི་རྒྱུ་བ་ཕྲ་མོ་མི་ལྡོག་པས་རྫོགས་པར་མི་འཆར་ཡང་ཆ་འདྲ་ཙམ་འཆར་རོ། །གཉིས་པ་སྣང་བ་གསུམ་གྱི་རང་བཞིན་ཀུན་རྟོག་དེ་ལ་བརྒྱད་ཅུ་ཡོད་དེ། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ་དང་། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ་དང་། ཉེར་ཐོབ་ཀྱི་རང་བཞིན་གྱི་རྟོག་པ་བདུན་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཆགས་བྲལ་ཡུལ་མི་འདོད་པའི་བློ་ནས། ཕྲག་དོག་གིས་བར་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྔར་མ་ཐོབ་པའི་ཡུལ་ལ་ཆགས་པ་ནས། གྱ་གྱུ་མི་དྲང་བའི་བར་བཞི་བཅུ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། ཆགས་སྡང་ཆ་མཉམ་པའི་བློ་ནས། ཐེ་ཚོམ་གྱི་བར་བདུན་ཡོད་པའི་ཕྱིར། དེ་དག་གི་ཁྱད་པར་རྒྱས་པར་ནི་གཞན་དུ་བལྟའོ། །དེ་ཡང་སྐྱེ་བའི་ཚེ་སྣང་བའི་རྗེས་སུ་རང་བཞིན་གྱི་རྟོག་པ་ཅི་རིགས་པར་སྐྱེ་ཡང་། འགག་པའི་ཚེ་སྣང་བ་ཐིམ་པའི་སྔོན་དུ་རང་བཞིན་རྣམས་འགག་དགོས་ཏེ། སྣང་བ་་དང་པོ་སྐྱེས་པ་ན་ཀུན་རྟོག་བརྒྱད་ཅུའི་བཞོན་པར་གྱུར་པའི་རླུང་རགས་པ་རྣམས་ཐིམ་པའི་ཕྱིར། དེས་ན་སྣང་བ་གསུམ་དང་དེ་གསུམ་གྱི་རང་བཞིན་རྣམས་སྤེེལ་ནས་སྐྱེ་བ་མིན་ནོ། །རྟོག་པ་དེ་རྣམས་སྣང་བ་གསུམ་གྱི་རང་བཞིན་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། རྟོག་པ་ཚན་པ་གསུམ་ལ་རླུང་གི་གཡོ་བ་ཤས་ཆེ་ཆུང་བར་མ་གསུམ་ཡོད་ལ། དེ་ཡང་སྣང་བ་གསུམ་གྱི་བཞོན་པར་གྱུར་པའི་རླུང་ལ་ཤས་ཆེ་ཆུང་བར་མ་གསུམ་ཡོད་པའི་ལག་རྗེས་ཡིན་པས་ན་དེའི་དབང་གིས་བཞག་པ་ཡིན་པའི་ཕྱིར། དེ་རྣམས་ལ་སྣང་བ་གསུམ་གྱི་རང་བཞིན་ནམ་མཚན་ཉིད་དུ་བརྗོད་པ་ནི་ངོ་བོ་གཅིག་པའི་སྒོ་ནས་མཚོན་བྱེད་དུ་བྱས་པ་མིན་གྱི། ངོ་བོ་ཐ་དད་པའི་མཚོན་བྱེད་ཡིན་ཏེ། དཔེར་ན་བྱ་རོག་གིས་ཁང་བཟང་མཚོན་པ་བཞིན་ནོ། །མདོར་ན་སེམས་དབེན་གྱི་ཡེ་ཤེས་རྣམས་རྫོགས་པར་བསྐྱེད་པ་ལ་ནང་རྐྱེན་རྡོར་བཟླས་དང་། ཕྱི་རྐྱེན་ཕྱག་རྒྱ་ལ་བརྟེན་པ་དགོས་ཤིང་། ཕྱག་རྒྱ་ལའང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ལས་ཡེ་རྒྱ་ལ་བརྟེན་ནས་ཀུན་རྟོག་བརྒྱད་ཅུ་བཞོན་པའི་རླུང་དང་བཅས་པ་ཐིམ་ནས་སེམས་དབེན་ཙམ་བསྐྱེད་ནུས་ཀྱང་། སེམས་དབེན་མཐར་ཐུག་བསྐྱེད་མི་ནུས་པས་དེ་ལ་ནི་ལས་རྒྱ་དགོས་སོ། །དེ་ཡང་ཡུལ་རྟེན་གཉིས་ཀ་རྒྱུད་ནས་བཤད་པ་ལྟར་མཚན་ཉིད་ཚང་དགོས་ཀྱི། གང་བྱུང་གིས་མི་ཆོག་གོ །འོན་ཀྱང་མཁས་གྲུབ་ནོར་བཟང་པས་ནིི་ཡེ་རྒྱ་ཙམ་ལ་བརྟེན་ནས་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་བསྐྱེད་ནུས་པ་ཞིག་ཀྱང་བཞེད་དེ་དཔྱད་པར་བྱའོ། །དེ་ལྟར་ཕྱི་ནང་གི་ཐབས་དེ་གཉིས་ལ་བརྟེན་ནས་རླུང་ཐམས་ཅད་འཆི་བའི་དུས་་སུ་ཐིམ་རིམ་ཇི་ལྟར་འབྱུང་བ་དེ་བཞིན་དུ་སྙིང་ཁར་བསྡུས་ནས། དཔེའི་འོད་གསལ་ལྔ་ཕྱི་རྣམས་འཆིི་བ་འོད་གསལ་བཞིན་དུ་བསྐྱེད་པ་ནི་སེམས་དབེན་གྱི་རིམ་པར་འགྱུར་ཏེ་དེ་ནི་འདུས་པ་འཕགས་ལུགས་ཀྱི་སེམས་དབེན་དང་འདྲའོ། །གསུམ་པ་དབྱིབས་ཀྱི་རྣལ་འབྱོར་ནི། གྲུབ་ཆེན་གྱི་གཞུང་དེ་ལས། འོད་གསལ་པ་ལ་དེ་བསམས་ནས། །དེ་ལས་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་དང་། སྨོན་ལམ་ལས་ཀྱང་། འཆི་རིམ་ཇི་བཞིན་རླུང་རྣམས་མ་ལུས་པ། །སྙིང་ཁར་ཐིམ་པའི་འོད་གསལ་དེ་ཉིད་ལས། །དབྱིབས་ཀྱི་རྣལ་འབྱོར་མཚན་དཔེའི་དྲ་བ་ཅན། །སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་ཤོག །ཞེས་གསུངས། འདི་ལ་གཉིས། འགྲུབ་ཚུལ་དངོས་དང་། དེའི་ཡན་ལག་བཤད་པའོ། །དང་པོ་ནི། ཕྱི་ནང་གི་ཐབས་དེ་ལ་བརྟེན་ནས་ས་ཆུ་ཆུ་མེ་མེ་རླུང་དང་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཐམས་ཅད་སྣང་བ། དེ་མཆེད་པ། དེ་ཉེར་ཐོབ། དེ་འོད་གསལ་ལ་སྔར་བཤད་པ་ལྟར་ཐིམ་ནས་དཔེའི་འོད་གསལ་མཐར་ཐུག་ཤར་བ་དང་། དཔེའི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། འོད་གསལ་གྱི་སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ལུགས་ལྡོག་ཏུ་ལངས་པའི་ཚེ་ཉེར་ཐོབ་གྲུབ་པ་དང་མཉམ་་དུ། ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་སྟེ་སྒྱུ་ལུས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་དངོས་གནས་ལ་བཞེངས་པ་དེ་འབྱུང་ལ། དེ་ནས་མཆོད་པ། དེ་ནས་སྣང་བ། དེ་ནས་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་ལ། དེ་ཡང་སྣང་བ་གསུམ་ནི་མྱུར་བའི་ཚུལ་གྱིས་སྐྱེའོ། །སྒྱུ་ལུས་གྲུབ་མ་ཐག་པའི་གནས་ནི་སྙིང་གའི་རྩ་་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་ཡིན་ཏེ། དཔེའི་འོད་གསལ་ལ་མཐར་ཐུག་འཆར་བའི་གནས་དེ་ལྟར་ཡིན་པའི་ཕྱིར་ཏེ། རྗེས། འོད་གསལ་ཉི་མ་སྙིང་་དབུས་འཆར་བར་ཤོག །ཞེས་གསུངས་པའི་ཕྱིར། འོན་ཀྱང་མཁས་པ་ཁ་ཅིག་སྒྱུ་ལུས་ཐོག་མར་ལུས་ཀྱི་ཕྱི་རོལ་ཏུ་འགྲུབ་པར་བཞེད་ལ། ཁ་ཅིག་ཕྱི་ནང་གང་དུ་ལྡང་བ་འདོད་པ་དེ་བཞིན་དུ་འགྱུར་བར་འདོད་དེ་མི་འདྲའོ། ། གང་ལྟར་ཡང་གཞིའི་བར་དོ་ཇི་ལྟར་འགྲུབ་པ་དེ་བཞིན་དུ་འབྱུང་ལ། ནང་ལྡང་འདོད་ནའང་གྲུབ་མ་ཐག་ནས་ཕྱིར་ཐོན་པར་འགྱུར་བ་ཡིན་ནོ། །སྒྱུ་མའི་སྐུ་དེ་ནི་འདུས་པ་ལྟར་སྒྱུ་མ། ཆུ་ཟླ། མིག་གཡོར། མིག་འཕྲུལ། སྨིག་སྒྱུ། རྨི་ལམ། བྲག་ཅ། དྲི་ཟའི་གྲོང་ཁྱེར། འཇའ་ཚོན། གློག ཆུ་བུར། མེ་ལོང་གི་གཟུགས་བརྙན་ཏེ་དཔེ་བཅུ་གཉིས་ཀྱིས་མཚོན་དུའང་ཡོད་མོད། འདིར་དཔེ་ལྔའི་སྒོ་ནས་མཚོན་པ་ཡིན་ཏེ། རྨི་ལམ། སྒྱུ་མ། ཆུ་ཟླ། ཆུ་བུར། མེ་ལོང་ནང་གི་གཟུགས་བརྙན་དང་ལྔས་མཚོན་པའི་ཕྱིར། དེ་ཡང་སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ཡང་། སླར་དེ་ལ་འཇུག་་དགོས་པ་ཞིག་ཡིན་པ་ནི། དཔེར་ན། རྨི་ལམ་གྱི་ལུས་ཁྱད་པར་ཅན་ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་ནས་སླར་དེ་ལ་འཇུག་པ་བཞིན་དང་། སྐུ་དེ་རླུང་་སེམས་ཀྱི་རང་བཞིན་ཅན་ཡིན་ཡང་བཞིན་ལག་གི་རྣམ་པ་ཅན་དུ་སྣང་བ་ནི་སྒྱུ་མའི་མི་བཞིན་དང་། སྐུ་དེ་ངོ་བོ་གཅིག་ཡིན་ཡང་གདུལ་བྱ་གང་དུ་ཡོད་པ་དེར་སྤྲུལ་པ་འབྱུང་བ་ནི་ཟླ་བ་གཅིག་ཡིན་ཡང་གཟུགས་བརྙན་ཆུ་དུ་མར་འཆར་བ་བཞིན་དང་། སྐུ་དེ་རང་རྒྱུ་དཔེའི་འོད་གསལ་ལས་བྱུང་བ་ནི། ཆུ་ལས་ཆུ་བུར་འབྱུང་བ་བཞིན་དང་། སྐུ་དེ་ཡན་ལག་ཐམས་ཅད་རྫོགས་པར་ཅིག་ཅར་དུ་གྲུབ་པ་ནི། མེ་ལོང་ནང་དུ་ལྷའི་གཟུགས་བརྙན་ཞལ་ཕྱག་ཐམས་ཅད་ཅིག་ཅར་དུ་སྣང་བ་བཞིན་ནོ། །སྐུ་དེ་ནི་སྒྲུབ་གཞི་རང་རྒྱུ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པ་ཡིན་ཏེ། རིམ་ལྔ་ལས། སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་ཐ་མལ་པ་ལ་འཁོར་བའི་རྒྱུར་འགྱུར་བའི་ཤིན་ཏུ་ཕྲ་བའི་རླུང་སེམས་དེ། རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་འགྱུར་བར་གསུངས་ཤིང་། ཡང་དེ་ཉིད་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་སྐུ་ཞེས་དེ་ལ་བཤད། །ཅེས་སྣང་བ་གསུམ་རླུང་དང་བཅས་པ་ལས་སྒྱུ་མའི་སྐུ་འགྲུབ་པར་བཤད་པའི་ཕྱིར། ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་ཐ་མལ་པ་ལ་འཆི་བ་འོད་གསལ་གྱི་རླུང་སེམས་སུ་གྱུར་ནས་ལུས་སྣ་ཚོགས་སྐྱེ་འགག་བྱེད་པའི་རྒྱུར་འགྱུར་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། སྙིང་པོར་གྱུར་པར་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། །ཞེས་དང་། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང་། ལུང་སྟོན་ལས་ཀྱང་། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདིར་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །ཞེས་དང་། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས་པའི་ཕྱིར། །སྒྱུ་ལུས་ཀྱི་སྐོར་འདི་འདུས་པའི་ལུགས་ཀྱི་རིམ་པ་གསུམ་པའི་སྒྱུ་ལུས་སྒྲུབ་ཚུལ་དང་ཤིན་ཏུ་མཐུན་པས་རྒྱས་པར་ནི་དེ་ལས་ཤེས་པར་བྱ་སྟེ། འདིར་མཚོན་པ་ཙམ་མོ། །གཉིས་པ་བསྲེ་བའི་སྐོར་ཅུང་ཟད་འཆད་པ་ལ་གཉིས། དབྱེ་བ་དང་། རང་བཞིན་ནོ། །དང་པོ་ནི། བསྲེ་བ་ལ་རྒྱས་པར་ཕྱེ་ན་དགུ་ཡོད་དེ། སད་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་དང་། གཉིད་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་་དང་། འཆི་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་རྣམས་སུ་ཡོད་པའི་ཕྱིར། དེ་ནི་བསྡུ་ན་གསུམ་དུ་འགྱུར་ཏེ། ཆོས་ལོངས་སྤྲུལ་སྐུའི་བསྲེ་བ་གསུམ་དུ་འགྱུར་བའི་ཕྱིར། གཉིས་པ་ལ་གསུམ། སད་དུས་ཀྱི། གཉིད་དུས་ཀྱི། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བའོ། །དང་པོ་ལ་སད་དུས་ཀྱི་ཆོས་སྐུ་དང་བསྲེ་ཚུལ་ཡོད་དེ། ལུས་དབེན་ཐོབ་ནས་ཟུང་འཇུག་གི་བར་སད་པའི་གནས་སྐབས་སུ་་དགའ་བཞི་དྲངས་ཏེ། བདེ་སྟོང་སྦྱར་ནས་བསྒོམ་པ་ཡིན་པའི་ཕྱིར། སད་་དུས་ཀྱི་ལོངས་སྐུ་དང་བསྲེ་ཚུལ་ཡོད་དེ། འོད་གསལ་དེ་ལས་ལྷའི་སྐུར་ཡིད་ངོར་རམ་དངོས་གནས་ལ་ལྡང་བ་ཡིན་པའི་ཕྱིར། སད་དུས་ཀྱི་སྤྲུལ་སྐུ་དང་བསྲེ་ཚུལ་ཡོད་དེ། ལྡང་བའི་སྐུ་དེ་ཉིད་རྣམ་སྨིན་གྱི་ཕུང་པོ་རྙིང་པ་འཇིགས་བྱེད་དུ་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་པའི་ཕྱིར། གཉིས་པ་གཉིད་དུས་ཀྱི་ཆོས་སྐུ་དང་བསྲེ་ཚུལ་ཡོད་དེ། དེ་གཉིད་ཀྱི་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་ཡིན་པའི་ཕྱིར། གཉིད་དུས་ཀྱི་ལོངས་སྐུ་དང་བསྲེ་ཚུལ་ཡོད་དེ། གཉིད་ཀྱི་འོད་གསལ་ལས་ལྷའི་སྐུར་ཡིད་ངོར་རམ་དངོས་གནས་ལ་ལྡང་བ་ཡིན་པའི་ཕྱིར། གཉིད་སད་པ་སྤྲུལ་སྐུ་དང་བསྲེ་ཚུལ་ཡོད་དེ། ལྡང་བའི་སྐུ་དེ་ཉིད་ཕུང་པོ་རྙིང་པ་ལྷར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་ནས་སད་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་འཆི་དུས་ཀྱི་ཆོས་སྐུ་དང་བསྲེ་ཚུལ་ཡོད་དེ། འཆི་བ་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་ཡིན་པའི་ཕྱིར། བར་དོ་ལོངས་སྐུ་དང་བསྲེ་ཚུལ་ཡོད་དེ། བར་དོར་ལྷའི་སྐུར་ཡིད་ངོར་རམ་བར་དོ་འབྱུང་བའི་དོད་དུ་ལྷའི་སྐུར་དངོས་གནས་ལ་ལྡང་བ་ཡིན་པའི་ཕྱིར། སྐྱེ་བ་སྤྲུལ་སྐུ་དང་བསྲེ་ཚུལ་ཡོད་དེ། བསམ་བཞིན་དུ་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བ་ཡིན་པའི་ཕྱིར། རིམ་པ་གསུམ་པའི་སྒྱུ་མའི་སྐུ་འདི་ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ་ཡིན་ཀྱང་། རྡོ་རྗེའི་སྐུ་བཏགས་པ་ཙམ་ཡིན་གྱི། མཚན་ཉིད་པ་མ་ཡིན་ཏེ། དོན་གྱི་འོད་གསལ་སྐྱེས་པའི་ཚེ་རིགས་འདྲ་རྒྱུན་ཆད་པར་་འགྱུར་བའི་ཕྱིར། དོན་གྱི་འོད་གསལ་གྱི་སྔོན་དུ་སྒྱུ་མའི་སྐུ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་ཡོད་དེ། དོན་གྱི་འོད་གསལ་དེ་ཤེས་སྒྲིབ་སྦྱོང་བའི་ནུས་པ་མཐུ་ཅན་དུ་འགྱུར་པ་ལ་དེ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རིམ་པ་གསུམ་པའི་རྒྱུ་མའི་སྐུ་འདི་ཕར་ཕྱིན་ཐེག་པའི་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་བསགས་པའི་དོད་དུ་འགྱུར་ཞིང་། འདི་སྦྱངས་པ་ལས་བྱུང་བའི་དོན་གྱི་འོད་གསལ་དེས་ཉོན་སྒྲིབ་དངོས་སུ་སྤོང་ནུས་ཤིང་། ཤེས་སྒྲིབ་ཀྱང་སྦྱོང་བའི་ནུས་པ་ཕུལ་དུ་བྱུང་བ་ཡང་ཐོབ་པའི་ཕྱིར་རོ། །བཞི་པ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་བཤད་པ་ལ་གཉིས་ཏེ། དོན་གྱི་ལྷན་སྐྱེས་བཤད་པ་དང་། དེ་ལས་ཟུང་འཇུག་གི་སྐུ་འགྲུབ་ཚུལ་བཤད་པའོ། །དང་པོ་ནི། གཞུང་དེ་ཉིད་ལས། མཁའ་འགྲོའི་ཕོ་བྲང་ཞེས་སོགས་དང་། རྣལ་འབྱོར་བཞིའི་རིམ་པ་ལས། གང་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །ཞེས་སོགས་དང་། སྨོན་ལམ་ལས། དབང་པོའི་གཞུ་ལྟར་དྭངས་པའི་སྐུ་དེ་ཉིད། །ནམ་མཁའི་དབྱིངས་སུ་ཆུ་འཛིན་ཞུ་བ་བཞིན། །སྦྱངས་པའི་རྣམ་དག་ཡེ་ཤེས་རྣལ་འབྱོར་གྱིས། །བདེན་པར་འཛིན་པའི་ས་བོན་དྲུངས་འབྱིན་ཤོག །ཅེས་གསུངས། དེ་ནི། བདག་གི་ཐུགས་ཀའི་ས་བོན་ལས། །ཞེས་སོགས་ཀྱིས་བསྟན་པ་ལྟར། རྣལ་འབྱོར་པ་ངེས་དོན་གྱི་འོད་གསལ་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན། ཕྱི་རྐྱེན་ལས་རྒྱ་དང་སྙོམས་པར་འཇུག་ཅིང་། ནང་རྐྱེན་རང་གི་སྙིང་གའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པ་སྣོད་བཅུད་ཐམས་ཅད་ལ་་འཕོག་པས་འོད་དུ་གྱུར། དེ་ནས་སྣོད་བཅུད་དང་བཅུད་རང་ལ་ཐིམ་པ་སོགས་སྔར་བཞིན་བསྒོམ་པ་ནི་རྗེས་གཞིག་གི་བསམ་གཏན་དང་། ཡང་སྣོད་སྔོན་དུ་མི་སྡུད་པར་རང་གི་ལུས་ཀྱི་སྟོད་སྨད་ནས་ནཱ་དའི་བར་དང་། དེ་ལ་འོད་གསལ་དུ་ཐིམ་པར་བསྒོམ་པ་ནི་རིལ་འཛིན་གྱི་བསམ་གཏན་ཏེ། དེ་གཉིས་ཀྱི་སྒོ་ནས་སྒྱུ་ལུས་འོད་གསལ་དུ་འཇུག་པའི་སྡུད་རིམ་ཡང་ཡང་བྱས་པས་གོམས་པ་ན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང་འབྱུང་བའི་ཐིམ་རིམ་རྣམས་ཀྱང་འཆི་རིམ་བཞིན་དུ་འབྱུང་ཞིང་། སྣང་མཆེད་ཐོབ་གསུམ་གྱི་མཐར་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ནི་རིམ་པ་བཞི་པའི་་དོན་གྱི་ལྷན་སྐྱེས་སྐྱེས་པ་ཡིན་ལ། དེ་སྐྱེས་པ་དང་མཉམ་དུ་རིམ་པ་གསུམ་པའི་སྒྱུ་མའི་ལུས་དེ་ཉིད་འཇའ་ཡལ་བ་ལྟར་དག་ནས་ཡལ་འགྲོ་བ་ཡིན་ནོ། །དེའི་ཚེ་འཕགས་ལམ་གསར་དུ་ཐོབ་ཅིང་། དེ་ནི་མཐོང་ལམ་ཡིན་ཀྱང་། ཉོན་སྒྲིབ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀའི་དངོས་གཉེན་བར་ཆད་མེད་ལམ་ཡིན་ནོ། །གཉིས་པ་ནི། གཞུང་དེ་ཉིད་ལས། བསམ་པ་རྫོགས་མཛད་ཟུང་འཇུག་སྐུ། །ཞེས་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་སོགས་་དང་། སྨོན་ལམ་ལས། དོན་གྱི་ལྷན་ཅིག་སྐྱེས་པ་དེ་ཉིད་ལས། །མཚན་་དཔེས་བརྒྱན་པའི་ཡོངས་སུ་དག་པའི་སྐུ། །དོན་དམ་འོད་གསལ་ཐུགས་དང་མཉམ་སྦྱོར་བའི། །ཟུང་དུ་འཇུག་པའི་རྣལ་འབྱོར་མཆོག་འགྲུབ་ཤོག །ཅེས་པས་སློབ་པའི་ཟུང་འཇུག་གི་གཙོ་བོ་འགྲུབ་ཚུལ་བསྟན་ནས། དེའི་རྒྱུན་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་ཀྱང་འགྲུབ་པར་འགྱུར་བ་ནི། ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན། ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ནས། །མཐའ་དག་འགྲོ་འདི་གོ་འཕང་དེ་ཉིད་ལ། །སྐད་ཅིག་ཉིད་ལ་བདེ་བླག་འགོད་པར་ཤོག །ཅེས་གསུངས་སོ། །འདི་ལ་གཉིས། སློབ་པའི་ཟུང་འཇུག་འགྲུབ་ཚུལ་དང་། །སྦྱོང་བའི་རྣམ་གཞག་བསྟན་པའོ། །དང་པོ་ནི། དོན་གྱི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། འོད་གསལ་དེའི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས། དག་པའི་སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་བའི་ཚུལ་གྱིས་འགྲུབ་ཅིང་། དེ་ཡང་འདིར་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་སམ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོའི་རྣམ་པ་ཅན་དུ་བཞེངས་པར་འགྱུར་བ་ཡིན་ནོ། །ཁྲིད་ཡིག་ལས་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་རྣམ་པར་བཞེངས་པར་ཡང་བཤད། སྐུ་མདོག་དཀར་བ་ནི་སྒྲུབ་གཞི་སྲོག་འཛིན་ཁ་དོག་དཀར་བའི་རྒྱུ་མཚན་གྱིས་ཡིན་ནོ། །འགྲུབ་པའི་གནས་དང་མཚོན་ཚུལ་ནི་སྔར་བཞིན་ཡིན་ལ། སྐུ་འདི་ནི་རིགས་འདྲ་ནམ་ཡང་རྒྱུན་མི་ཆད་པའི་རྡོ་རྗེའི་སྐུ་དངོས་ཡིན་ནོ། །དུས་ནི་སྔར་རིམ་པ་གསུམ་པའི་སྒྱུ་ལུས་ལྟར་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་འབྱུང་ཞིང་། ད་ནས་མཆེད་པ་སོགས་ཀྱང་རིམ་གྱིས་འབྱུང་། དེ་ནི་ཟུང་འཇུག་ཕལ་པ་སྤངས་པ་ཟུང་འཇུག་གམ། དག་པའི་སྒྱུ་ལུས་ཐོབ་པ་་ཡིན་ལ། དེའི་ཚེ་གང་ཟག་དེ་ཉིད་དགྲ་བཅོམ་པར་སོང་བ་དང་། ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་དུས་མཉམ་མོ། །ཟུང་འཇུག་པ་དེས་སླར་་ཡང་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་ནམ་རྟོགས་པ་དེའི་ཚེ། ཟུང་འཇུག་གི་གཙོ་བོ་རྟོག་པ་ཟུང་འཇུག་དེ་ཉིད་ཐོབ་པ་ཡིན་ནོ། །འོན་ཀྱང་མཉམ་གཞག་ལས་ལངས་པ་ན་སྤངས་བཟུང་འཇུག་པར་འགྱུར་བ་ཡིན་གྱི། རྟོགས་བཟུང་འཇུག་པ་ནི་མ་ཡིན་ཏེ། རྗེས་ཐོབ་ཏུ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པ་མེད་པའི་ཕྱིར་རོ། །ཟུང་འཇུག་གི་སྐོར་འདི་ནི་འདུས་པ་་འཕགས་ལུགས་དང་ཤིན་ཏུ་འདྲ་བས་རྒྱས་པར་དེ་ནས་ཤེས་པར་བྱའོ། །གཉིས་པ་ནི་སྤྱོད་པ་ལ་ད བྱེ་བ་དུས་ཆོག་ཕན་ཡོན་སོགས་མང་པོ་ཞིག་ཡོད་པ་རྣམས་འདིར་འཆད་དགོས་པར་གསུངས་ཀྱང་མང་དུ་དོགས་པས་ཅུང་ཟད་བཤད་ན། སྤྱིར་སྤྱོད་པ་དེ་ལ་གསུམ་ཡོད་དེ། ཆགས་བྲལ་གྱི་སྤྱོད་པ། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། འདོད་ཆགས་ཀྱི་སྤྱོད་པ་གསུམ་ཡོད་པའི་ཕྱིར། སྐབས་འདིའི་སྤྱོད་པ་དེ་ལ་གསུམ་ཡོད་དེ། སྤྲོས་བཅས། སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར་ཏེ། རིམ་པ་བཞིན་དུ་ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཅིང་། བརྡ་དང་དེའི་ལན་བྱ་བ་་སོགས་དགོས་པའི་སྤྲོས་བཅས་ཀྱི་སྤྱོད་པ་དང་། ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཀྱང་། བརྡ་དང་དེའི་ལན་བྱ་བ་སོགས་ཀྱི་སྤྲོས་པ་དང་བྲལ་བའི་སྤྲོས་མེད་ཀྱི་སྤྱོད་པ་དང་། དེ་ཐམས་ཅད་སྤངས་ནས་ཡེ་རྒྱ་དང་སྙོམས་པར་འཇུག་ཅིང་། གཉིད་ཀྱི་འོད་གསལ་ཆིག་དྲིལ་བུ་བསྒོམ་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར་རོ། །དེ་ནས་མི་སློབ་པའི་ཟུང་འཇུག་་འགྲུབ་ལུགས་ནི་འབྲས་བུ་མངོན་དུ་བྱེད་ཚུལ་གྱི་ནང་དུ་འདུ་བས་ལོགས་སུ་འཆད་མི་དགོས་སོ། །གསུམ་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། སློབ་པའི་ཟུང་འཇུག་་ཐོབ་མ་ཐག་པ་ནས་ཉོན་སྒྲིབ་སྤངས་ཟིན་པས། དེ་ནས་བཟུང་སྟེ་མི་སློབ་མའི་ཟུང་འཇུག་མ་ཐོབ་བར་དུ་ཤེས་སྒྲིབ་སྤོང་བའི་ཕྱིར་དུ་བརྩོན་དགོས་ལ། དེའི་ཚུལ་ནི་སྤྱོད་པ་གསུམ་གང་རུང་ལ་བརྟེན་ནས་དོན་གྱི་འོད་གསལ་ཡང་ཡང་དྲངས་ཏེ། དེ་ལམ་སྒོམ་ལམ་སྐོར་དགུར་ཕྱེ་བའི་དང་པོ་བརྒྱད་ཀྱིས་ཤེས་སྒྲིབ་སྐོར་་དགུར་ཕྱེ་བའི་དང་པོ་བརྒྱད་སྤངས་ཟིན་ནས་མི་སློབ་པའི་ཟུང་འཇུག་འགྲུབ་ཏུ་ཉེ་བའི་མཚན་མ་ཁྱད་པར་ཅན་མཐོང་བ་ན། སློབ་པའི་ཟུང་འཇུག་པ་དེས་ཕྱིའི་ཟླ་འོད་ཉི་འོད་སྲོད་ཀྱི་སྨག་འཐུག་པོ་གསུམ་དང་བྲལ་བའི་ཐོ་རངས་ཀྱི་དུས་སུ་ནང་གི་དཀར་དམར་ནག་ལམ་པའི་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་མངོན་བྱང་ཐམས་ཅད་སྟོང་པ་འོད་གསལ་རྒྱུན་མཐའི་ཡེ་ཤེས་མངོན་དུ་བྱས་ཏེ། ཡེ་ཤེས་དེས་ཤེས་སྒྲིབ་ཆུང་ངུའི་ཆུང་ངུ་དངོས་སུ་སྤངས་པ། རྣམ་མཁྱེན་སྐད་གཅིག་དང་པོ་ཐོབ་པ། མི་སློབ་པའི་ཟུང་འཇུག་ཐོབ་པ། སངས་རྒྱས་པ་རྣམས་དུས་མཉམ་པའི་ཚུལ་གྱིས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་མི་སློབ་པའི་ཟུང་འཇུག་གི་སྐུ་དེ་ཐོབ་པ་ལ། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་གཉིས་སྔོན་དུ་འགྲོ་དགོས། དེ་ལ་དབྱིབས་ཀྱི་རྣལ་འབྱོར་མ་དག་པའི་སྒྱུ་ལུས་སྔོན་དུ་འགྲོ་དགོས། དེ་ལ་དམ་ཚིག་གི་རྣལ་འབྱོར་འཆི་རིམ་བཞིན་དུ་རླུང་རྣམས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བསྡུས་ཏེ་ཐིམ་པ་ལས་བྱུང་བའི་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་སྔོན་དུ་འགྲོ་དགོས། དེ་ལ་སྔགས་ཀྱི་རྣལ་འབྱོར་རྡོར་བཟླས་དང་སྙིང་གའི་སྡུད་རིམ་བསྒོམ་པ་སྔོན་དུ་འགྲོ་དགོས། དེ་ལ་བསྐྱེད་རིམ་མཐར་ཕྱིན་པ་སྔོན་དུ་འགྲོ་དགོས། དེ་ལ་དབང་བསྐུར་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་བསྲུང་པ་སྔོན་དུ་འགྲོ་དགོས། དེ་ལ་ལམ་་ཐུན་མོང་པས་རྒྱུད་ལེགས་པར་སྦྱངས་པ་རྣམས་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དེ་རྣམས་ལས་སྔ་མ་སྔ་མ་མེད་ན་ཕྱི་མ་ཕྱི་མ་རྣམས་མི་འབྱུང་ལ། ཡོད་ན་ཕྱི་མ་ཕྱི་མ་རྣམས་ཀྱང་ཚུལ་བཞིན་དུ་འབྱུང་བས། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ནུས་པའི་ཕྱིར་རོ། །དེ་དག་ནི་ཐེག་པ་འདིའི་ཆེད་དུ་བྱ་བའི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་དབང་དུ་བྱས་པ་ཡིན་ལ། ད་ལྟའི་གང་ཟག་གིས་ཀྱང་ཐ་ན་སྨོན་ལམ་ཡན་ཆད་ཀྱི་སྒོ་ནས་ལམ་འདི་ལ་བག་ཆགས་བཟང་པོ་རེ་འཇོག་པ་ཡང་གནད་ཆེ་བར་རྗེ་ཉིད་ཀྱིས་གསུངས་སོ།། །།སྨྲས་པ། གསང་ཆེན་རྣལ་འབྱོར་བླ་མེད་རྒྱུད་ཀུན་ལས། །འཕྲུལ་་འཁོར་མཐར་ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །རྣམ་པ་མང་ཡང་འདི་ཡི་རྩ་བའི་རྒྱུད། ། རྒྱུད་པ་འབུམ་ཕྲག་གཅིག་པ་ཞེས་སུ་གྲགས། །དེ་ལས་ཕྱུང་བ་རྟོག་པ་བདུན་པ་དང་། །དམར་ནག་གཉིས་ཀྱི་རྒྱུད་ལ་བརྟེན་ནས་ནི། །གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་བཤད་པ་ལྟར། །རྣལ་འབྱོར་བཞི་ཡི་རྣམ་གཞག་ཅུང་ཟད་ཕྱེ། །ཚུལ་འདི་མཁས་པའི་མན་ངག་ལ་བརྟེན་ནས། བླ་མ་་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །རིམ་གཉིས་བསྟན་པ་རྣམ་པར་རྒྱས་པའི་ཆེད། །གུས་པས་བགྱིས་པ་ཡིན་གྱི་གཞན་དུ་མིན། །དེ་ལྟར་རྣལ་འབྱོར་བཞི་ཡི་རིམ་པ་འདིར། །མ་བཤད་ལོག་པར་བཤད་པའི་ཆ་གང་ཡིན། །བདག་བློའི་སྐྱོན་ཏེ་ལེགས་པར་བཤད་པའི་ཆ། ། ལྷ་དང་བླ་མ་དམ་པའི་དྲིན་ལས་ཡིན། །འདིར་འབད་དགེ་ལེགས་ཟླ་ཟེར་འབུམ་འཁྱུད་པ། །གངས་རིའི་ཏོག་ལྟར་གང་ཞིག་ཐོབ་པ་དེ། །སྐྱེ་ཀུན་འཇམ་དཔལ་ཞི་ཁྲོས་རྗེས་འཛིན་ཅིང་། །ཟུང་འཇུག་གོ་འཕང་མཆོག་དེ་ཐོབ་ཕྱིར་བསྔོ།། ཞེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་པ་གཉིས་པའི་རྣམ་པར་བཤད་པ་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་འདི་ནི། བསྟན་པའི་མངའ་བདག་ཏུ་གྱུར་པ་ལྷ་བཙུན་གང་གིས་རང་དགོན་དུ་སྔགས་དང་མཚན་ཉིད་ཀྱི་འཆད་ཉན་བཙུགས་པའི་ཚེ། དེ་གཉིས་ཀྱི་བླ་མའི་གོ་སར་གནས་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། སྔར་སློབ་དཔོན་རྡོ་རྗེ་འཆང་བློ་བཟང་སྦྱིན་པ་དང་། ཁྲོ་ཆེན་བློ་བཟང་དར་རྒྱས་རྣམ་པ་གཉིས་ཀྱི་དྲུང་དུ་ཆོས་འདིའི་་དབང་འཁྲིད་སོགས་ལེགས་པར་མནོས་ཤིང་། དོན་ཅུང་ཟད་ཤེས་པའི་སྒོ་ནས་ཉམས་ལེན་ཕྱོགས་ཙམ་ཞིག་བགྱིས་པའི་མཐུ་དང་། ཁྱད་པར་འདིའི་རྫོགས་རིམ་གྱི་འཁྲིད་ཙམ་ཞིག་སྣང་ཡང་། འདིར་གཞུང་ཆེ་བ་ནས་བཤད་ཚུལ་སོགས་ཇི་ལྟར་ཡིན་པ་དང་། ཁ་སྐོང་དགོས་པ་དག་གིས་ཁ་བསྐངས་ནས་རྗེ་དང་མཁས་གྲུབ་ཡབ་སྲས་ཀྱིས་ཕྱེ་བ་བཞིན་གསལ་བར་བཤད་པ་མི་འདུག་པས། འདིར་རྒྱུད་དོན་གྲུབ་ཆེན་གྱིས་བཀྲལ་བའི་རྗེས་སུ་འབྲང་སྟེ་རྗེ་ཡབ་སྲས་དང་ཆོས་རྗེ་བློ་གྲོས་ཆོས་སྐྱོང་སོགས་ཀྱི་མན་ངག་ལ་བརྟེན་ནས། གཞུང་ནས་བཤད་ཚུལ་དང་། འདུས་པ་དང་ཐུན་མོང་བའི་རྣམ་གཞག་ཁ་འགེང་འོས་པ་དག་གིས་ཁ་བསྐངས་ནས་ཅོ་ནེའི་གཟིམས་ཁང་ཉིད་དུ་སྦྱར་བ་སྟེ། འདིས་ཀྱང་རྗེས་བླ་མའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག། །། བཀྲ་ཤིས།། །།


previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་པའི་རྣམ་བཤད།next