Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་སྙིང་པོ་རིན་ཆེན་སྙེ་མ།
   
   
   


 
previousའཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་སྙིང་པོ་རིན་ཆེན་སྙེ་མ།next

འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་སྙིང་པོ་རིན་ཆེན་སྙེ་མ།

འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་སྙིང་པོ་རིན་ཆེན་སྙེ་མ་ཞེས་བྱ་བ་བཞུགས།

ན་མོ་མཛྙུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། ། དྲག་པོའི་སྐུར་བསྟན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །སྙིགས་་དུས་བཤེས་གཉེན་ཚུལ་བཟུང་བཙོང་ཁ་པ། །དབྱེར་མེད་ཞབས་པད་སྦྱི་བོས་གུས་པས་བསྟེན། ། འཇམ་དཔལ་ཁྲོས་པའི་གཤིན་རྗེ་གཤེད་མང་ཡང་། །འདིར་ནི་འཇིགས་མཛད་ཆེན་པོ་དཔའ་གཅིག་གི །རིམ་གཉིས་ལས་བརྩམས་ལམ་གྱི་རྣམ་གཞག་འགལ། །དམ་པའི་མན་ངག་ཇི་བཞིན་མདོར་བསྡུས་བཤད། །འདི་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་གྱི་རྣམ་ཞག་བཤད་པའོ། །དང་པོ་ལ་གཉིས། འདི་རྒྱུད་གང་ལས་བཤད་པ་དང་། བསྐྱེད་རིམ་གྱི་རྣམ་གཞག་དངོས་སོ། །དང་པོ་ནི། རྡོ་རྗེ་འཇིགས་བྱེད་རང་གི་རྩ་རྒྱུད་དང་། རྟོག་བདུན་དང་། ཁ་སྦྱོར་ལ་སོགས་པའི་རྒྱུད་དུ་མ་ལས་བཤད་ཅིང་། ཁྱད་པར་དུ་སྔ་མ་གཉིས་ཀྱིས་བསྟན་པའི་དོན་ཡིན་པས། བཅུ་གསུམ་མའི་དང་པོའི་སྦྱོར་བ་ཙམ་ལོགས་སུ་ཕྱུང་བ་མིན་ནོ། །གཉིས་པ་ནི། གནས་ཡིད་དང་མཐུན་པར་བྲིས་སྐུ་སོགས་ཚོགས་པར་བྱས་ནས་ཉམས་སུ་ལེན་པར་བྱ་སྟེ། འདི་ལ་གསུམ། ཐུན་གྱི་ཐོག་མ་དང་། ངོ་བོ་དང་། མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་བཞི། ནང་མཆོད་བྱིན་བརླབ། སྔོན་འགྲོ་གཏོར་མའི་རིམ་པ། བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་ཚུལ། རྡོར་སེམས་ཀྱི་སྒོམ་བཟླས་སོ། །དང་པོ་ནི། སྔོན་དུ་པདྨ་དང་ཉི་མའི་གདན་ལ་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་བསྐྱེད་པར་བྱ་ཞིང་དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། འོག་ནས་འབྱུང་བའི་མཆོད་རྫས་རྣམས་བྱིན་གྱིས་བརླབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ནང་མཆོད་བྱིན་གྱིས་བརླབ་ཚུལ་དངོས་ལ་བཞི། བསང་སྦྱང་བསྐྱེད་པ་བྱིན་གྱིས་བརླབ་པའོ། །དང་པོ་ནི། ༀ་ཧྲཱིཿཥྚྲཱིཿསོགས་བརྗོད་པའི་སྒོ་ནས་བྱ་བ་ཡིན་ཏེ། སྔགས་དེ་བརྗོད་པ་དང་མཉམ་དུ་ཐུགས་ཀ་ནས་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གྲི་ཐོད་འཛིན་པའི་ཚོགས་སྤྲོས་ནས་རྫས་ལ་གནས་པའི་བགེགས་རྣམས་བསྐྲད་པར་བསམ་པ་ཡིན་པའི་ཕྱིར། སྦྱང་ཚུལ་ཡོད་དེ། སྭཱ་བྷཱ་ཝའི་སྔགས་བརྗོད་པའི་སྒོ་ནས་རྫས་སྣོད་དང་བཅས་པ་རང་བཞིན་གིས་སྟོང་པའི་འོད་གསལ་དུ་དག་པར་བྱ་བ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། རྫས་ལ་ཐ་མལ་གྱི་སྣང་ཞེན་བསལ་ཏེ་སྟོང་ཉིད་ཀྱི་རྣམ་འཕྲུལ་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར། བསྐྱེད་ཚུལ་ཡོད་དེ། སྟོང་པའི་ངང་ལས་ཡཾ་ལས་རླུང་དང་རཾ་ལས་མེའི་དཀྱིལ་འཁོར་ཟུར་གཅིག་རང་ངོས་སུ་བསྟན་པ་ནས་བརྩམས་ཏེ་ཟུར་གསུམ་གྱི་སྟེང་དུ་ཨ་རེ་རེ་དང་། དེ་ལས་མི་མགོའི་སྐྱེད་པུ་གསུམ་གྱི་དབུས་སུ་ཨ་དཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། ཕྱོགས་བཞི་དང་་དབུས་སུ་གཤེགས་པ་ལྔའི་ས་བོན་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་རིམ་པ་བཞིན་བ་ལང་ཁྱི་གླང་ཆེན་རྟ་མིའི་ཤ་རྣམས་གོ་ཀུ་ད་ཧ་ནས་མཚན་པ་དང་། མཚམས་བཞི་དང་་དབུས་སུ་གཤེགས་མ་ལྔའི་ས་བོན་ལཾ་མཾ་ཏཾ་བཾ་ལས་དྲི་ཆེན་རཀྟ་བྱང་སེམས་རྐང་མར་དྲི་ཆུ་རྣམས་བི་ར་ཤུ་མ་མུས་མཚན་པར་བསྐྱེད་ཅིང་། དབྱིབས་ནི་ཚང་མའམ་གཏུབ་པ་གང་རུང་དུ་བསམ་པར་བྱ་བ་ཡིན་པའི་ཕྱིར། བྱིན་གྱིས་བརླབ་པའི་ཚུལ་ཡོད་དེ། སྦྱང་རྟོགས་སྤར་གསུམ་བྱས་པའི་སྒོ་ནས་ཡིན་པའི་ཕྱིར། དེ་ཡང་ཡོད་དེ། རྫས་ཀྱི་སྟེང་དུ་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསྐྱེད་དེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ་རླུང་གཡོས་པ་ནས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་པོར་སྦར་ཞིང་སྤེལ་ནས། ངག་ཏུ་ཡི་གེ་གསུམ་ལན་གསུམ་བརྗོད་པའི་སྒོ་ནས་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར། འདི་ལྟ་དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་འཇུག་པ་དང་འདྲ་སྟེ། རྫས་རྣམས་དེ་དང་དེར་བསྐྱེད་པ་ནི་དམ་ཚིག་པའི་རྫས་ཡིན་ལ། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་རྣམས་བཀུག་ནས་ཡི་གེ་གསུམ་དང་དེ་གསུམ་རྫས་རྣམས་ལ་ཐིམ་པར་བསམ་པ་ནི་དམ་ཚིག་པའི་རྫས་ལ་ཡེ་ཤེས་ཀྱི་རྫས་འཇུག་པ་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། སྒྱེེད་བུ་གསུམ་གྱིས་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་དང་། ཐོད་པ་ཕྱི་དཀར་བས་ཁམས་དཀར་པོ་དང་བདེ་བ། ནང་དམར་བས་ཁམས་དམར་པོ་དང་སྟོང་པ། དེ་གཉིས་ཚང་བའི་ཐོད་པས་ཁམས་དཀར་དམར་གྱི་འདུ་འཕྲོད་ལ་བརྟེན་པའི་བདེ་ཆེན་གྱི་ཡེ་ཤེས་མཚོན་པའི་ཕྱིར། རྫས་དེ་རྣམས་རིགས་ལྔ་དང་ཡུམ་ལྔའི་་ས་བོན་ལས་བསྐྱེད་པའི་རྒྱུ་མཚན་ཡོད་དེ། རིགས་ལྔ་དང་ཡེ་ཤེས་ལྔ་དང་། ཡུམ་ལྔ་དང་ཚད་མེད་བཞི་སོ་སོ་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་མོས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་རྣམས་བདུད་རྩིའི་རྫས་སུ་འཇོག་པའི་རྒྱུ་མཚན་ཡོད་་དེ། ལྷ་ལ་མཆོད་ཅིང་རང་ཉིད་ཀྱིས་ལོངས་སྤྱད་པས་བདེ་ཆེན་སྐྱེ་བ་དང་འཆི་མེད་འགྲུབ་པ་སོགས་ཀྱི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་མཆོད་པ་བྱིན་གྱིས་བརླབ་ཚུལ་ནི་འོག་ནས་འབྱུང་བ་ལྟར་དང་། གཏོར་མ་ནི་ནང་ཆོད་ལྟར་བྱ་བ་ཡིན་ལ། གཏོར་མགྲོན་སྤྱན་འདྲེན་པ་ལ་རྒྱས་འབྲིང་བསྡུས་གསུམ་བྱེད་ཚུལ་ལས་བསྡུ་ན་འདི་ལྟར་བྱ་བ་ཡིན་ཏེ། རང་གི་ཐུགས་ཀའི་ཧཱུཾ་གིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ཏེ་རང་གི་སྟེང་འོག་ཕྱོགས་མཚམས་རྣམས་སམ། མདུན་དུ་ཆོས་རྒྱལ་འཁོར་བཅས་དབུས་སུ་བྱས་པའི་སྟེང་འོག་ཕྱོགས་མཚམས་རྣམས་སུ་་འཁོད་པ་ལ་ཐ་མལ་གྱི་སྣང་ཞེན་དགག་པའི་ཆེད་དུ་སྐད་ཅིག་གིས་འོད་གསལ་་དུ་བཅུག་པའི་སྟོང་པའི་ངང་ལས་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་རེ་རེར་གྱུར་པར་བསམས་ནས། རྩ་སྔགས་ཚར་གཅིག་གིས་བྱིན་གྱིས་བརླབ་པ་་དང་ཕུད་ཀྱིས་འཇིགས་བྱེད་ལ་མཆོད་ཅིང་། བྷུ་ཙ་རའི་སྔགས་ལན་གསུམ་བརྗོད་པའི་སྒོ་ནས་འབུལ་བ་དང་བཅོམ་ལྡན་ཆོས་རྗེ་སོགས་ཀྱིས་འཕྲིན་ལས་བཅོམ་ནས་ཡིག་བརྒྱ་བརྗོད་དེ་རང་གནས་སུ་གཤེགས་པར་བསམ་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ལ། བདག་བསྐྱེད་མཆོད་པ་བསངས་སྦྱངས་ནི་སྔར་ལྟར་ཡིན་ལ། བསྐྱེད་ཅིང་བྱིན་གྱིས་བརླབ་པའི་ཚུལ་ཡོད་དེ། མཆོད་རྫས་རྣམས་སྟོང་པར་སྦྱངས་པའི་སྟོང་པའི་ངང་ལས་ཨ་རེ་རེ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་མཆོད་པའི་གྲངས་དང་མཉམ་པར་རེ། དེ་རྣམས་ཀྱི་ནང་དུ་ཧཱུཾ་རེ་རེ། ཧཱུཾ་རྣམས་འོད་དུ་ཞུ་ནས་ངོ་བོ་བདེ་སྟོང་གི་ཡེ་ཤེས་ལ། རྣམ་པ་མཆོད་ཡོན་ལ་་སོགས་པའི་མཆོད་རྫས་སོ་སོའི་རྣམ་པར་ཤར་བ། བྱེད་ལས་མགྲོན་གྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པའི་ཁྱད་ཆོས་གསུམ་ལྡན་དུ་མོས་ནས། མཆོས་རྫས་རང་མིང་ཡི་གེ་གསུམ་དང་སྤེལ་ཏེ་བྱིན་གྱིས་བརླབ་པར་བྱ་བ་ཡིན་པའི་ཕྱིར། མིང་རྣམས་ཡི་གེ་གསུམ་དང་སྤེལ་བའི་རྒྱུ་མཚན་ཡོད་དེ། རྡོ་རྗེ་གསུམ་གྱི་ས་བོན་ཡི་གེ་གསུམ་གྱིས་རྫས་རྣམས་བྱིན་གྱིས་བརླབ་ནུས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། བཞི་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི་ལོགས་སུ་ཤེས་པར་བྱའོ། ། གཉིས་པ་མཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་ཡན་ལག་དང་བཅས་པ། རྟེན་ཞལ་ཡས་ཁང་བསྐྱེད་ནས་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ཚུལ། སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ཚུལ་ལོ། །དང་པོ་ལ་གསུམ། འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་་དུ་སྐྱེ་བ་ལེན་པའི་རྒྱུར་ལས་གསོག་པ་དང་ཆོས་མཐུན་པར་ཚོགས་ཞིང་མཆོད་ཅིང་སྡོམ་པ་འཛིན་ཚུལ། འཆི་བ་འོད་གསལ་མངོན་དུ་བྱེད་པ་དང་ཆོས་མཐུན་པར་སྟོང་ཉིད་བསྒོམ་ཚུལ། འབྱུང་བཞི་བསྐྱེད་དེ་སྲུང་འཁོར་བསྒོམ་པའི་ཚུལ་ལོ། ། དང་པོ་ལ་ཚོགས་ཞིང་སྦྱན་འདྲེན་པའི་ཚུལ་ཡོད་དེ། རང་ཉིད་འཇིགས་བྱེད་དུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ཁམས་མུ་མེད་པ་སྟེ་མཐའ་མེད་པ་ཐམས་ཅད་གསལ་བར་བྱས། དེ་དག་ན་བཞུགས་པའི་སངས་རྒྱས་རིགས་ལྔ་ལ་སོགས་པས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས། བླ་མ་ནི་འཇིགས་བྱེད་ཀྱི་རྩ་ཞལ་གྱི་ཚངས་སྟེང་སྲིན་ཞལ་གྱི་མདུན་དུ་བཞུགས་པར་བསམ་པ་ཡིན་པའི་ཕྱིར། གནས་གང་ནས་སྤྱན་འདྲེན་པའི་ཚུལ་ཡོད་དེ། ཆོས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་ལོངས་སྐུའི་རྣམ་པར་སྤྱན་འདྲེན་པ་དང་། ལོངས་སྐུ་ལ་རང་བཞིན་གྱི་གནས་་སུ་བྱས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་དང་། འོག་མིན་དང་། ལོངས་སྤྲུལ་ཀྱི་ཞིང་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་རྣམས་ལས་འདིར་ཕྱི་མ་ལྟར་བྱ་བ་ཡིན་པའི་ཕྱིར། འོད་ཟེར་རང་གི་སྙིང་ཁར་ཐིམ་པར་བསམ་པར་བྱ་ཞིང་། དེའི་དགོས་པ་ཡོད་དེ། རྫོགས་རིམ་གྱི་སྐབས་སུ་རླུང་རྣམས་་དེར་ཐིམ་པའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར། དེ་ནས་ཕྱག་་འཚལ་བའི་ཚུལ་ཡོད་དེ། གང་གི་དྲིན་གྱིས་བདེ་ཆེན་གནས། །ཞེས་སོགས་རྐང་པ་བཞི་ལ་བླ་མ་དང་། གཟུགས་མཆོག་སོགས་རྐང་པ་བཞིས་གཙོ་བོ་འཁོར་བཅས་ལ་གུས་པས་ཕྱག་འཚལ་བ་ཡིན་པའི་ཕྱིར། མཆོད་པའི་ཚུལ་ཡོད་དེ། རང་གི་སྙིང་ག་ནས་ཙརྩི་ཀ་སོགས་ལྷ་མོ་བཞི་མང་དུ་སྤྲོས་ཏེ། ༀ་ཧྲཱིཿཥྚྲཱིཿཧ་སོགས་ཀྱིས་མཆོད་ནས་མཐར་སྙིང་ཁར་སྡུད་པ་ཡིན་པའི་ཕྱིར། དེ་ནས་བཤགས་པ་སོགས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྡིག་པ་རྣམས་ནི་སོགས་རྐང་པ་གསུམ་གྱིས་སྡིག་བཤགས་དང་། དེ་བཞིན་བསོད་ནམས་རྗེས་ཡི་རང་། །ཞེས་པས་རྗེས་སུ་ཡི་རང་བ་དང་། བདག་གི་བདེ་འབྲོ་ཡོངས་སུ་བསྔོ། །ཞེས་པས་བསྔོ་བ་དང་། དཀོན་མཆོག་གསུམ་ལ་ཞེས་པའི་རྐང་པ་དང་པོས་སྐྱབས་འགྲོ་དང་། ཕྱི་མ་གསུམ་གྱིས་སྨོན་སེམས་བསྐྱེད། ཡོན་ཏན་རྒྱ་མཚོ་སོགས་རྐང་པ་གཉིས་ཀྱིས་ལུས་འབུལ། ཡང་དག་རྫོགས་པའི་སོགས་རྐང་པ་བཞིས་འཇུག་སེམས་བསྐྱེད་པ་ཡིན་པའི་ཕྱིར། སྤྲོ་ན་རིགས་ལྔའི་སྡོམ་བཟུང་བྱ་ཚུལ་ཡོད་དེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་ཞེས་སོགས་རྐང་པ་་དང་པོ་གཉིས་ཀྱིས་སྙན་གསན་ཕབ་ནས་ཅི་བྱ་སྙམ་ན། དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ཡན་གྱིས་སེམས་བསྐྱེད་དེ། ཚུལ་ཁྲིམས་གྱི་ནི་་སོགས་བརྒྱད་ཀྱིས་རྣམ་སྣང་གི་རིགས་ཀྱི་སྡོམ་པ་དང་། རྡོ་རྗེ་རིགས་མཆོག་་སོགས་བཞིས་མི་བསྐྱོད་པའི་རིགས་ཀྱི་སྡོམ་པ་དང་། རིན་ཆེན་རིགས་མཆོག་་སོགས་བཞིས་རིན་འབྱུང་གི་རིགས་ཀྱི་སྡོམ་པ་དང་། བྱང་ཆུབ་ཆེན་པོ་སོགས་བཞིས་འོད་དཔག་མེད་ཀྱི་རིགས་ཀྱི་སྡོམ་པ་དང་། ལས་ཀྱི་རིགས་མཆོག་སོགས་བཞིས་དོན་གྲུབ་ཀྱི་རིགས་ཀྱི་སྡོམ་པའི་བསླབ་བྱ་ལ་བསླབ་ཚུལ་བསྟན་ཅིང་། བྱང་ཆུབ་སེམས་ནི་སོགས་གཉིས་ཀྱིས་སེམས་བསྐྱེད་དང་། སེམས་ཅན་ཀུན་གྱི་སོགས་གཉིས་ཀྱིས་སྡོམ་པ་བཟུང་བའི་མཇུག་བསྡུས་ནས། དེ་ནས་བཞིས་མ་བསྒྲལ་བ་ཚངས་པ་སོགས་དང་མ་གྲོལ་བ་ཉན་རང་དགྲ་བཅོམ་་དང་དབུགས་མ་ཕྱིན་པའི་སྡུག་བསྔལ་ཅན་རྣམས་དེ་ལས་ཐར་བར་བྱས་ནས་མི་གནས་པའི་མྱང་འདས་ལ་འགོད་པར་དམ་བཅའ་བ་ཡིན་པའི་ཕྱིར། དེ་ནས་ཚད་མེད་བཞི་བསྒོམ་ཚུལ་ཡོད་དེ། དང་པོ་གསུམ་སྤྱི་ལྟར་ཡིན་ལ། བཏང་སྙོམས་ནི་སེམས་ཅན་ཐམས་ཅད་རྙེད་མ་རྙེད་སོགས་འཇིག་རྟེན་གྱི་ཆོས་བརྒྱད་པོར་ཆགས་སྡང་བྲལ་བའི་མགོ་སྙོམས་དང་། གཟུང་འཛིན་གྱི་རྣམ་རྟོག་གིས་མི་ཕྱེད་པའི་བཏང་སྙོམས་ལ་འགོད་པར་བསམ་པ་ཡིན་པའི་ཕྱིར། མཐར་ཚོགས་ཞིང་རྣམས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རང་ལ་བསྟིམ་པ་དང་། རང་གནས་སུ་གཤེགས་པ་སོགས་དུ་མ་ཡོད་ཀྱང་འདིར་འོག་ཏུ་ཆོས་གཞན་དང་ལྷན་ཅིག་རང་བཞིན་གྱིས་མི་དམིགས་པར་བསམ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། སྦྱང་གཞི་དང་། དེ་དང་མཐུན་པར་སྟོང་ཉིད་བསྒོམ་ཚུལ་ལོ། །དང་པོ་ཡོད་དེ། འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་རིམ་གྱིས་འཆི་བ་འོད་གསལ་མངོན་དུ་བྱེད་པའི་ཚེ་ས་ཆུ་མེ་རླུང་རྣམས་རིམ་གྱིས་ཐིམ་སྟོབས་ཀྱིས་ཕྱི་ནང་གི་རྟགས་རྣམས་འཆར་ཞིང་། དཀར་དམར་ནག་ལམ་པའི་སྣང་མཆེད་ཐོབ་གསུམ་གྱི་མཐར་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་སྟོང་སང་ལྟ་བུའི་སྣང་བ་འཆར་བ་ཞིག་འབྱུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས། སྔགས་ཀྱི་དོན་བཤད་པའི་སྒོ་ནས་སྟོང་ཉིད་བསྒོམ་པ་དངོས་དང་། ཆོས་མཐུན་སྦྱོར་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ༀ་སྭཱ་བྷཱ་ཝ་སོགས་དང་། ༀ་ཤཱུནྱ་ཏཱ་སོགས་ཀྱི་སྔགས་གཉིས་ཀྱི་དོན་དྲན་པའི་སྒོ་ནས་སྟོང་ཉིད་བསྒོམ་པའི་ཕྱིར། སྔགས་གཉིས་ཀྱི་དོན་ཡོད་དེ། ༀ་གྱི་ཨ་ཨུ་མ་གསུམ་གྱིས་སྐུ་གསུང་ཐུགས་གསུམ་སོ་སོར་མཚོན། ༀ་ཉིད་ཀྱིས་དེ་གསུམ་དབྱེར་མེད་མི་ཕྱེད་པ་མཚོན་ཞིང་། སྭཱ་བྷ་ཝ་ནི་རང་བཞིན་གྱིས། ཤུདྡྷ་ནི་རྣམ་པར་དག་པ། སརྦ་དྷརྨཱཿཆོས་ཐམས་ཅད་དེ་བཟུང་བའི་ཆོས་དང་། སྭཱ་བྷཱ་ཝ་ཤུདྡྷ་ནི་སྔར་བཞིན། ཨ་ཧཾ་ནི་ངའོ་སྟེ་འཛིན་པའི་ཆོས་ཐམས་ཅད་དེ། མདོར་ན་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྒོམ་པར་བྱ་བ་དང་། ཤཱུནྱ་ཏ་ནི་སྟོང་ཉིད། ཛྙ་ན་ནི་ཡེ་ཤེས། བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད། སྭཱ་བྷཱ་ཝ་ནི་རང་བཞིན་གྱིས། ཨཏྨ་ཀོ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་སྟེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་དབྱེར་མེད་མི་ཕྱེད་པའི་བདག་ཉིད་དེ་ངའོ་ཞེས་ཆོས་སྐུ་ལ་ང་རྒྱལ་བཞག་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དེ་གཉིས་ཀྱི་་དོན་ཐུན་མོང་དུ་འདི་ལྟར་བསམ་པར་བྱ་བ་ཡིན་ཏེ། རང་དང་ཚོགས་ཞིང་ལྷ་་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་མིང་བརྡ་དང་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པའི་ཕྱིར་རྟེན་འབྲེལ་ཡིན་ལ། རྟེན་འབྲེལ་ཡིན་པའི་ཕྱིར་རང་བཞིན་གྱིས་གྲུབ་པའི་རྟག་མཐའ། ཐ་སྙད་དུ་མེད་པའི་ཆད་མཐའ། དེ་གཉིས་སུའང་རང་བཞིན་གྱིས་གྲུབ་པ་དང་། གཉིས་ཀ་མ་ཡིན་པར་ཡང་རང་བཞིན་གྱིས་གྲུབ་པའི་མཐའ་བཞི་དང་བྲལ་བར་བཤད་པ་ལྟར་རམ། ཕྱི་མ་གཉིས་ལ་ཅུང་མི་འདྲ་བ་ནི་དེ་གཉིས་སུ་གྲུབ་པའི་རྟག་མཐའ་དང་གང་རུང་དུ་མ་གྲུབ་པའི་ཆད་མཐའ་སྟེ་ཆོས་ཐམས་ཅད་རྟག་ཆད་ཀྱི་མཐའ་བཞི་དང་བྲལ་བ་བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ཡོད་དེ། སྔགས་གཉིས་ཀྱི་དོན་དྲན་པའི་སྒོ་ནས་སྟོང་ཉིད་སྒོམ་པ་འདི་ལ་འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། སྦྱང་གཞི་་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ཞིག་གཟུགས་སོགས་རགས་པ་ཉེར་ལྔ་རིམ་གྱིས་ཐིམ་ནས་འཆི་བ་འོད་གསལ་མངོན་དུ་བྱེད་པ་དང་ཆོས་མཐུན་ཞིང་རང་ཉིད་ཀྱི་འཆི་བ་སྦྱོང་བར་བྱེད་རྫོགས་རིམ་གྱི་སྐབས་སུ་བསྒོམས་་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དཔེ་་དོན་གྱི་འོད་གསལ་མངོན་དུ་བྱས་པ་དང་རྣམ་པ་མཐུན་ཞིང་། དེ་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་དང་རྣམ་པ་མཐུན་ཞིང་དེ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །འདིར་སྟོང་ཉིད་བསྒོམ་པ་ལ་དགོས་པ་ཡོད་དེ། འཆི་བ་ཆོས་སྐུར་འཁྱེར་བ་དང་། སྟོང་ཉིད་རྟོགས་ཟིན་བརྟན་པ་དང་། ཡེ་ཤེས་ཀྱི་ཚོགས་གསོག་པ་་དང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུང་རྣམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་འཆར་བ་དང་། བདེན་འཛིན་སྤོང་བ་དང་། དོན་དམ་པའི་སྲུང་འཁོར་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། འབྱུང་བཞི་བསྐྱེད་དེ་ཐུན་མོང་བའི་སྲུང་འཁོར་བསྒོམ་པ་དང་། ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་ཚུལ་ལོ། །དང་པོ་ལ་འབྱུང་བཞི་བསྐྱེད་ཚུལ་ཡོད་དེ། སྟོང་པའི་ངང་ལས་ཡི་གེ་ཡཾ་སྔོན་པོ་ཞིག་བྱུང་བ་ཡོངས་སུ་གྱུར་པ་ལས་རླུང་དཀྱིལ་དུ་བའི་མདོག་ཅན་གཞུ་གདུང་བ་ལྟ་བུ་བཅད་ཁ་ཕར་བསྟན་པའི་མཆོག་མ་གཉིས་སུ་རྒྱལ་མཚན། དེའི་སྟེང་དུ་རཾ་དམར་པོ་ལས་མེ་དཀྱིལ་དམར་པོ་ཟུར་གསུམ་པ་ཟུར་གཅིག་མདུན་དུ་བསྟན་ཅིང་མེ་འབར་བས་མཚན་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ་དབུས་སུ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་སེར་པོ་ལས་ས་དཀྱིལ་་སེར་པོ་གྲུ་བཞི་གྲྭ་བཞིར་རྡོ་རྗེས་མཚན་པ་སྟེ། ཡི་གེ་ཉལ་འགྲེང་གང་རུང་དུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པའི་དགོས་པ་ཡོད་དེ། གཞི་ལ་སྣོད་སྔ་མ་སྟོང་ནས་ཕྱི་མ་རླུང་དཀྱིལ་ནས་རིམ་གྱིས་འཆགས་པ་དང་ཆོས་མཐུན་སྦྱོར་བའི་ཆེད་ཡིན་པའི་ཕྱིར། གཞི་ལ་མེ་དཀྱིལ་དངོས་སུ་མེད་ཀྱང་སྐྱོན་མེད་དེ། དཀྱིལ་འཁོར་གཞན་གསུམ་ལ་མེ་རྡུལ་ཕྲ་མོ་ཡོད་པའི་ཕྱིར། དེ་ནས་ཐུན་མོང་བའི་སྲུང་འཁོར་བསྒོམ་ཚུལ་ཡོད་དེ། ས་དཀྱིལ་གྱི་སྟེང་དུ་ཧཱུཾ་སྔོན་པོ། དེ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་ཧཱུཾ་གིས་མཚན་པ་ལས་སྟེང་་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས། འོག་ཏུ་རྡོ་རྗེའི་ས་གཞི། ལོགས་སུ་རྡོ་རྗེའི་རྭ་བ། སྟེང་དུ་རྡོ་རྗེའི་གུར། གུར་དང་ར་བའི་བར་མཚམས་སུ་རྡོ་རྗེ་བླ་བྲེ་རྣམས་རྡོ་རྗེའི་རང་བཞིན། རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོངས་་སེང་དུ་རྡོ་རྗེ་ཆུང་བའི་རྡུལ་ཕྲ་རབ་ཀྱིས་གཏམས་པ། ཐམས་ཅད་ཀྱང་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་དུ། དེ་རྣམས་ལས་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་པར་འཇིག་དུས་ཀྱི་མེ་ལྟར་ཕྱོགས་མཚམས་ཐམས་ཅད་་དུ་འཕྲོ་བ་ཞིག་ཏུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། སྲུང་འཁོར་བསྐྱེད་ཚུལ་དང་། ཁྲོ་བོ་འགོད་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རྭ་བའི་དབུས་སུ་བྷྲུཾ་སེར་པོ། དེ་ཡོངས་སུ་གྱུར་པ་ལས་བཀའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་མགྱོགས་པར་་འཁོར་བ་དབྱིབས་མདུད་ལྕགས་སྦུབས་ཡངས་པ་གཉིས་སྤྲད་པ་ལྟ་བུའི་སྟེང་འོག་གི་རྩིབས་གཉིས་མདུང་རྩེ་གཅིག་པ་ལྟ་བུ་དང་། ལྟེ་བའི་འཕྲད་མཚམས་ཀྱི་ཕྱོགས་མཚམས་སུ་ཡུ་བ་ཟུག་པའི་རྩིབས་བརྒྱད་རལ་གྲི་སོ་གཉིས་མ་ལྟ་བུ། ལྟེ་བའི་ནང་གི་དབུས་དང་། སྟེང་འོག་གི་ནང་གསུམ་དང་ཕྱོགས་མཚམས་སུ་རྩིབས་ལ་ཅུང་ཟད་མ་རེག་པར་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ་བརྩེགས་པའི་ཚུལ་གྱིས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། དབུས་ཀྱི་གདན་ལ་རང་ཉིད་གནོད་མཛེས་རྒྱལ་པོ་ཡབ་ཡུམ་མངོན་རྟོགས་ལྟར་བསྐྱེད་པའི་སྦྱོར་མཚམས་སམ་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཁྲོ་བཅུའི་རྣམ་པར་སྤྱན་དྲངས། རང་གི་ཞལ་དུ་ཞུགས་པ་ཞུ་ནས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོང་བ་ལས་རང་མདོག་ཅན་གྱི་ཐིག་ལེར་བཅུར་གྱུར། དེ་ལས་ཧཱུཾ་རིང་པོ་བཅུར་གྱུར་པ་ཞུ་བ་ལས་གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ་སྒྲུབ་་ཐབས་ལྟར་བསྐྱེད་ནས་ཧཱུཾ་རེ་རེ་བརྗོད་ཅིང་ཕྱུང་སྟེ་རྩིབས་ཀྱི་ནང་གི་སྟེང་འོག་དང་ཕྱིའི་ཕྱོགས་མཚམས་སུ་འགོད་པ་དང་། དེའི་ཚེ་འཁོར་ལོ་འཁོར་ཡང་ཁྲོ་བོ་རྣམས་མི་འཁོར་ཞིང་། ཕྱོགས་བཟུང་ནས་གདུག་པ་ཅན་རྣམས་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་བསམ་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པ་ལ་དགོས་པ་ཡོད་དེ། བགེགས་ཀྱིས་མི་ཚུགས་པའི་ཚད་ཡིན་པའིི་ཕྱིར་རོ། །གཉིས་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། ལམ་ཁྱེར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ལ་གཉིས། གཞལ་ཡས་ཁང་གི་རྟེན་གཞི་དང་། དེ་དངོས་བསྐྱེད་ཚུལ་ལོ། །དང་པོ་ལ་ཐོག་མར་ཆོས་འབྱུང་བསྐྱེད་ཚུལ་ཡོད་དེ། རང་ཉིད་གནོད་མཛེས་སུ་གནས་པ་ཡོངས་སུ་གྱུར་པ་ལས་རྡོར་སེམས་སུ་བསྐྱེད་པ་ཞུ་བ་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་་འོག་ཕྲ་ཞིང་སྟོད་ཡངས་པ། དབྱིབས་ཤེས་རབ་མའི་བྷ་གའམ། དམར་གཏོར་མགོ་མཇུག་བཟློག་པ་ལྟ་བུ་ཟུར་གཅིག་མདུན་ངོས་སུ་བསྟན་པར་བསམ་པ་ཡིན་པའི་ཕྱིར། མཚོན་དོན་ཡོད་དེ། ཕྱི་དཀར་བས་བདེ་བ། ནང་དམར་བས་སྟོང་པ། ཆོས་འབྱུང་ཉིད་ཀྱིས་བདེ་སྟོང་དབྱེར་མེད། ཟུར་གསུམ་གྱིས་རྣམ་ཐར་སྒོ་གསུམ། བྷ་གའི་དབྱིབས་ཀྱིས་ལྷན་སྐྱེས་ཀྱི་བདེ་བ། འོག་ཕྲ་བས་མོས་སྤྱོད་དུ་ཡོན་ཏན་ཕྲ་བ། སྟོད་ཡངས་པས་ས་གོང་མ་ཡོན་ཏན་ཇེ་རྒྱས་སུ་སོང་བ་དེ་མཚོན་པའི་ཕྱིར་རོ། །སྣ་ཚོགས་པདྨ་དང་རྡོ་རྗེ་བསྐྱེད་ཚུལ་ཡོད་དེ། ཆོས་འབྱུང་གི་འོག་ཟུར་ནས་བཾ་ལྗང་ཁུ། དེ་ལས་སྣ་ཚོགས་པདྨ་ལྟེ་བ་ཡངས་ཤིང་འདབ་མ་རྣམས་དཀྱུས་ཐུང་བ་ཁ་དོག་སྣ་ལྔ་པ། འདབ་མའི་གྲངས་ནི་རེ་བཞི་སོ་གཅིག་བཅུ་དྲུག་པ་གང་རུང་། འདབ་མའི་ཤར་མཐའ་ནས་ནུབ་མཐའི་བར་སྒོ་ཚད་ཉེར་གཅིག ལྟེ་བའི་མཐའ་ནས་མཐའི་བར་སྒོ་ཚད་ཉི་ཤུ་བ། དེའི་ལྟེ་བར་ཧཱུཾ་སྔོན་པོ་ལས་སྣ་ཚོགས་རྡོ་རྗེའི་རྭ་རྩེ་ནས་རྭ་རྩེའི་བར་པདྨའི་ལྟེ་བ་དང་ཚད་མཉམ་ལ། རྭ་ཉི་ཤུ་བ་སོགས་གང་རུང་། རྭ་རྣམས་ཕྱོགས་མདོག་གམ་རྭ་ཁྲ་གང་རུང་ལྟེ་བ་སྔོན་པོ། དབྱིབས་བྲེ་ལེབ་ཁ་སྦུབས་པ་ལྟ་བུ། ལྟེ་བའི་རྒྱར་སྒོ་ཚད་བཅུ་གཉིས། རྭ་དབུས་མ་རྣམས་ཀྱི་རྩ་བ་ལ་ཆ་ཕྲན་གསུམ་དང་དབུས་ལ་ཆ་ཕྲན་བཞི་རྩེར་ཆ་ཕྲན་གཅིག །ཕྱོགས་རྭའི་རྩ་བར་ཆ་ཕྲན་གཉིས་སྦམ་ལ་གསུམ་རྩེར་ཆ་ཕྲན་གསུམ་གཉིས་རྭའི་སྲིད་ལ་ཆ་ཕྲན་བཅུ་དྲུག །རྭའི་འཐོན་མཚམས་ནི་ཚངས་ཐིག་ནས་གཡས་གཡོན་དུ་ཆ་ཕྲན་དྲུག་དྲུག་སོང་བ་ན་ནང་མཐའ་འཐོན་པ་སོགས་ཡིན་པའི་ཕྱིར། སྣ་ཚོགས་པདྨ་དང་རྡོ་རྗེའི་མཚོན་དོན་ཡོད་དེ། པདྨས་འཁོར་བའི་སྐྱོན་གྱིས་མ་གོས་པ་་དང་། རྡོ་རྗེས་འཕྲིན་ལས་བཞི་དང་། ཡེ་ཤེས་ལྔ་མཚོན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གཞལ་ཡས་ཁང་དངོས་བསྐྱེད་ཚུལ་དང་། དེའི་ཡན་ལག་གོ །དང་པོ་ཇི་ལྟར་བསྐྱེད་པའི་ཚུལ་ཡོད་དེ། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་དཀར་པོ་ལས་རྡོ་རྗེའི་ཡུ་བ་ཅན་གྱི་འཁོར་ལོ་དཀར་པོ་ལྟེ་བ་ལ་བྷྲུཾ་གྱིས་མཚན་པ། ད་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་སྒྲུབ་ཐབས་ལྟར་་དང་། དེ་ལས་གཞལ་ཡས་ཁང་བསྐྱེད་པ་ཡིན་པའི་ཕྱིར། དེ་ཡང་ཇི་ལྟ་བུ་ཞེ་ན་ཡོད་དེ། རྩིག་པ་རིམ་པ་ལྔ་ཕྱི་ནས་ནང་དུ་དཀར་སེར་དམར་ལྗང་སྔོ་བ། ལྔ་བསྡོམས་པའི་ཞེང་ཆ་ཕྲན་གཅིག་དང་དཔངས་ཆ་ཕྲན་བཅུ་གསུམ། དེའི་་སྟེང་དུ་ཕ་གུ་དཔངས་ཆ་ཕྲན་གཅིག་དང་ཞེང་ཆ་ཕྲན་ཕྱེད་གཉིས་ལས་ཕྱེད་ཕྱིར་་འཕགས་པའི་ཕྱི་ངོས་སུ་རིན་པོ་ཆེ་དབྱིབས་དང་ཁ་དོག་སྣ་ཚོགས་པ། དེའི་ཀ་ཆུང་བྲེ་གཞུ་སོགས་བྱས་པའི་སྟེང་དུ་གསེར་གྱི་སྐ་རགས་ལེབ་མོ་རིམ་པ་བཞི་བའི་ཞེང་ཆ་ཕྲན་གཅིག་དང་། བཞི་བསྡོམས་པའི་དཔངས་ཆ་ཕྲན་གཉིས། དེའི་ཕྱི་ངོས་སུ་བྱ་འདབ་ཞིང་ཆ་ཕྲན་གཉིས་པའི་ཕྱི་ངོས་སུ་ཤར་བུ་དཀར་པོ། དེའི་སྟེང་དུ་མཐར་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་དང་དཔངས་ཞེང་གཉིས་ཀར་ཆ་ཕྲན་རེ། ཕྱོགས་བཞིའི་རྩ་ཐིག་དང་ཚངས་ཐིག་ཕྲད་མཚམས་ནས་གཡས་གཡོན་དུ་ཆ་ཕྲན་གཉིས་རེ་སོང་བ་ན་སྒོ་ཚད་གཅིག་ནི་སྒོ་འཁྱུད། དེ་ནས་གཡས་གཡོན་དུ་ཆ་ཕྲན་རེ་སོང་བ་སྒོ་འགྲམ། དེ་ནས་ཕྱིར་ཆ་ཕྲན་གཉིས་སོང་བ་སྒོ་ལོགས་ཀྱི་ནང་ངོས། ཕྱོགས་བཞིའི་རྩ་ཐིག་གི་དཀྱིལ་ནས་ནང་དུ་ཆ་ཕྲན་རེ་སོང་བའམ་དེ་ལས་ལྷག་ཀྱང་རུང་བར་སེམས་ལ། གཡས་གཡོན་དུ་ཆ་ཕྲན་ལྔ་ལྔ་སོང་བར་རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ་དཔངས་ཆ་ཕྲན་གཅིག་པ་ལ། ཀ་བ་ཞེང་ཆ་ཕྲན་གཅིག་དང་དཔངས་ཆ་ཕྲན་བཅུ་གསུམ་ཡོད་པ་ཕྱོགས་རེ་རེར་གཉིས་གཉིས་ཏེ་བརྒྱད་བཙུགས་པ། དེ་དག་གི་་སྟེང་དུ་བྲེ་གཞུ་གདུང་འཁོར་དང་ཕྱོགས་བཞིར་གདུང་བཞི་མིག་མངས་རིས་སུ་རྒྱུགས་པ་ལ་ལྕམ་བཀལ་བའི་ཕྱི་སྣེ་ལ་དྲ་བ་དྲ་ཕྱེད་བྱ་ཞིང་ཐོག་འབུབ། རྒྱ་ཐོངས་ཀྱི་ཁ་གདངས་ཀྱི་སྟེང་དུ་ཀ་ཆུང་སོགས་བྱས་པའི་སྟེང་དུ་ཐོག་བྱས་ཏེ་རྒྱ་ཕིབ་འབུབས་པ་དང་། ཕྱོགས་བཞིའི་མདའ་ཡབ་ཀྱི་སྟེང་དུ་རྒྱལ་མཚན་དང་བ་དན། ཟུར་བཞིར་གདུགས། རྩིག་པའི་འོག་གི་ཕྱི་མཐར་རུ་ཞེང་ཆ་ཕྲན་གཉིས་པའི་འདོད་སྣམ་ལ་མཆོད་པའི་ལྷ་མོ་སྒོ་དང་སྒོ་འཁྱུད་ཀྱི་ཕྱི་མཚམས་དང་རྩིག་པའི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ། སྒོ་མདུན་གྱི་གཡས་གཡོན་དུ་ཀ་བ་གཉིས་གཉིས་ཏེ་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་པ་དང་། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་སོགས་པ་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཕྱི་རོལ་ཏུ་རྡོ་རྗེའི་དྲ་བ་མེ་རི་དང་བཅས་པ་དང་། དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཀྱི་རྣམ་གཞག་རྣམས་བཅུ་གསུམ་མའི་བསྐྱེད་རིམ་དུ་བཤད་ཟིན་པ་ལྟར་བྱ་བ་ཡིན་པའི་ཕྱིར། འོ་ན་བཅུ་གསུམ་མ་ལ་རེའུ་མིག་དགུ་ཡོད་པ་ལྟར་་འདིར་བྱའམ་ཞེ་ན། བདག་གི་བླ་མ་མཁས་པ་དག་འདིར་དེ་བྱ་བར་བཞེད་ཀྱང་། ཁོ་བོ་ནི་དེ་དགག་མི་ནུས་མོད། སྐབས་འདིར་དེ་མ་བྱས་ན་འཐད་པར་སེམས་ཏེ། བཅུ་གསུམ་མ་གསུམ་གྱི་གཞལ་ཡས་ཁང་གི་རྣམ་གཞག་ནི་་སྤྱིར་ཐུན་མོང་བ་ཡིན་ཀྱང་། དེ་གསུམ་ལ་རེའུ་མིག་རྣམས་སུ་འགོད་རྒྱུ་འདུག་པས་བྱ་བར་མཚུངས་ལ། འདི་ལ་དེ་མི་འདུག་པས་རེའུ་མིག་དགུ་མི་དགོས་པ་་འདིའི་སྒོས་ཆོས་སུ་འདོད་རིགས་པའི་ཕྱིར། གཞན་དུ་ན་རེའུ་མིག་ཏུ་འགོད་རྒྱུ་བསྟན་དགོས་པར་སེམས་སོ། །དེ་རྣམས་ཀྱི་དགོས་པ་དང་མཚོན་ཚུལ་ཡོད་་དེ། གཞལ་ཡས་ཁང་ནི་ལྷའི་བཞུགས་གནས་ཀྱི་དོན་དུ་དང་། མ་དག་པའི་སྣོད་སྤྱངས་ནས་དག་པའི་ཞིང་འགྲུབ་པ་དང་། དེ་རྣམ་སྣང་གི་ས་བོན་ལས་བསྐྱེད་པ་ནི་རྣམ་སྣང་རྣམ་པར་དག་པ་དང་། གྲུ་བཞིས་སངས་རྒྱས་དང་སེམས་ཅན་གྱི་དེ་ཁོ་ན་ཉིད་མི་མཉམ་པ་མེད་པ་མཚོན་ཞིང་། སྒོ་བཞིས་དྲན་པ་ཉེར་གཞག་བཞི། ཡང་དག་སྤོང་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ་དག་པ་མཚོན། རྟ་བབས་ཀྱིས་བསམ་གཏན་བཞི། མཆོད་ལྷས་ཏིང་ངེ་འཛིན་བཞི། རིན་པོ་ཆེས་གདུལ་བྱའི་རེ་བ་སྐོང་བ། དྲིལ་ཆུང་གིས་ཆོས་སྟོན་པ། ནང་གི་རྡོར་འཕྲེང་གིས་ཆོས་ཀྱི་འཁོར་ལོ་བསྐོར་བ། རྡོར་རས་བགེགས་ཀྱིས་མི་ཚུགས་པ། མེ་རིས་ཡེ་ཤེས་ཀྱི་སྣང་བ་འབར་བ། དུར་ཁྲོད་ཀྱིས་བདག་མེད་དང་འཁོར་བའི་ཉེས་དམིགས། ཆུས་བྱང་ཆུབ་ཀྱི་་སེམས། ཀླུས་ཕར་ཕྱིན། ཤིང་གིས་རྩ། མེས་གཏུམ་མོ། སྤྲིན་གྱིས་བྱང་སེམས་དཀར་པོ། མཆོད་རྟེན་གྱི་ཆོས་སྐུ། གྲུབ་ཐོབ་ཀྱིས་དེ་མངོན་དུ་བྱེད་པའི་གང་ཟག་མཚོན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གདན་དང་། ལམ་ཁྱེར་བཤད་པའོ། །དང་པོ་ཡོད་དེ། རྡོར་འཕྲེང་གི་དབུས་སུ་ཡཾ་སྔོན་པོ། དེ་ལས་རླུང་དཀྱིལ་ཁ་དོག་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་དབྱིབས་ཟླུམ་པོ་གཡོ་བཞིན་པ་ཞིག་ཏུ་གྱུར་པར་བསམ་པ་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། ཁ་དོག་ནག་པོས་མངོན་སྤྱོད་ཀྱི་ལས་དང་། ཅུང་ཟད་དམར་བས་དབང་གི་ལས་དང་གཏུམ་མོའང་མཚོན་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། ཆོས་མཐུན་སྦྱོར་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རླུང་དཀྱིལ་གྱི་སྟེང་དུ་དབྱངས་ཡིག་གི་་དང་པོ་ཨ་ཐུང་ཞིག་བྱུང་བར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་་དཀྱིལ་འཁོར་ཉ་གང་བ་འོད་ཟེར་སྟེང་དུ་འཕྲོ་བ། དེའི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་དྷཱིཿཡིག་སེར་པོ་རང་སྒྲ་སྒྲོགས་པ་འོད་ཟེར་འབར་བ་ཞིག་དང་། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་རལ་གྲིི་སོ་གཉིས་མའི་དབུས་སུ་དྷཱིཿསེར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་རྒྱུའི་ལྷ་གཤེགས་པ་ལྔ། གཤེགས་མ་ལྔ། སེམས་དཔའ་བཅུ་དྲུག སེམས་མ་བཞི། ཁྲོ་བོ་བཅུའི་ངོ་བོར་གྱུར་པ་ཐམས་ཅད་འཇམ་དཔལ་རིག་ལྔའི་རྣམ་པ་ཅན་ཤར་དང་ཤར་ལྷོ་བ་གཉིས་སོགས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བ། ཕྱག་གཡས་རྣམས་རིམ་པ་ལྟར་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་འཁོར་ལོ་དང་། གཡོན་རྣམས་པོ་ཏི་འཛིན་པའི་རྣམ་པར་སྤྱན་དྲངས་ནས་རལ་གྲི་དྷཱི༔ཡིག་དང་བཅས་པ་ལ་ཐིམ་པས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཞིག་ཁྲོས་པ་ལྟ་བུ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་རལ་གྲི་་འཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པས་གླེགས་བམ་ཐུགས་ཀར་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། རླུང་སེམས་ཀྱི་རང་བཞིན་ཅན་ཞིག་ལ་ང་རྒྱལ་བཞག་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཆོས་མཐུན་ཇི་ལྟར་སྦྱོར་བ་དང་དགོས་པ་ཡོད་དེ། ཚུལ་དེ་གཞི་ལ་འཛམ་བུའི་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ཞིག་གིས་འཆི་བ་་འོད་གསལ་ལ་མངོན་དུ་བྱས་ནས། འོད་གསལ་དེ་ལས་ལངས་པ་དང་མཉམ་་དུ་འོད་གསལ་དེའི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བཞིན་ལག་གི་རྣམ་པ་ཅན་གྱི་བར་དོའི་ལུས་འགྲུབ་པ་དང་ཆོས་མཐུན་ཞིང་རང་ཉིད་ལ་འབྱུང་འགྱུར་གྱི་བར་དོ་སྦྱོང་བར་བྱེད། ལམ་དུས་སུ་དཔེ་དོན་གྱི་འོད་གསལ་ལས་ལངས་པ་་དང་མཉམ་དུ་སྒྱུ་མའི་སྐུ་གཉིས་འགྲུབ་པ་དང་རྣམ་པ་མཐུན་ཞིང་དེའི་དགེ་རྩ་སྨིན་བྱེད་དུ་འགྱུར། འབྲས་དུས་ཀྱི་ལོངས་སྐུ་དངོས་དང་རྣམ་པ་མཐུན་ཞིང་དེ་་འགྲུབ་པའི་རྒྱུ་བྱེད་པའི་ཕྱིར་རོ། །རྣལ་འབྱོར་འདི་ལ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། བསྡུ་ན་རང་ཉིད་ལ་འབྱུང་འགྱུར་གྱི་བར་་དོ་སྦྱོང་ཞིང་ལམ་འབྲས་ཀྱི་ལོངས་སྐུ་འགྲུབ་པའི་རྒྱུ་བྱེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས། འབྲས་བུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔས་བསྐྱེད་ཚུལ་དང་། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་སོགས་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། བསྐྱེད་ཅིང་ཆོས་མཐུན་སྦྱོར་བ་དང་། གསལ་གདབ་པའི་ཚུལ་ལོ། །དང་པོ་ནི། ཐོག་མར་སེམས་ཅན་རྣམས་ཞི་བས་འདུལ་བའི་ཚུལ་ཡོད་དེ། འཇམ་དཔལ་གྱི་ཐུགས་ཀར་ཨ་ཡིག་ལས་ཉི་མའི་དཀྱིལ་འཁོར་ཞིག་བྱུང་བར་བསམས་ལ། སེམས་ཅན་ཐམས་ཅད་ཞི་བས་གདུལ་བར་བྱའོ་སྙམ་པའི་འཕེན་པས་ཉི་མའི་དཀྱིལ་འཁོར་དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་སོགས་ཞི་བར་བྱས་པའི་སྒོ་ནས་དེ་རྣམས་ཀྱི་དོན་མཛད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འཇམ་དཔལ་རིགས་ལྔའི་རྣམ་པར་སྤྱན་དྲངས། དེ་རྣམས་འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པས་ཉི་དཀྱིལ་དེ་འོད་ཟེར་དཔག་ཚད་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་་འཁོར་དུ་གྱུར་པར་བསམ་པ་ཡིན་པའི་ཕྱིར། དེ་ནས་ས་བོན་གྱི་སྒོ་ནས་ཞི་བས་མི་ཐུལ་བའི་སེམས་ཅན་གདུག་པ་ཅན་ཆུང་ངུ་འདུལ་བའི་ཚུལ་ཡོད་དེ། ཉི་དཀྱིལ་གྱི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ་ཞིག་བྱུང་། ཧཱུཾ་ཡིག་ལས་ཧཱུཾ་ཞེས་པའི་རང་སྒྲ་འབྲུག་ལྟར་སྒྲོགས་པས་གདུག་པ་ཅན་དེ་རྣམས་བཏུལ་ཏེ་དོན་བྱས་ནས་ཧཱུཾ་ལ་ཐིམ་པ་ན། ཧཱུཾ་ཡིག་དེ་ཉིད་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ། ཕྱོགས་རྭ་རྣམས་དབུས་རྭ་ལ་མ་རེག་པར་ཤིན་ཏུ་གདེངས་པའི་ལྟེ་བ་ལ་ཧཱུྃ་ཡིག་རང་སྒྲ་སྒྲོགས་པས་མཚན་པ་ཞིག་ཏུ་གྱུར་པར་བསམ་པ་ཡིན་པའི་ཕྱིར། དེ་ནས་ཕྱག་མཚན་གྱི་སྒོ་ནས་གདུག་པ་ཅན་འབྲིང་བོ་འདུལ་བའི་ཚུལ་་ཡོད་དེ། རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་སྤྲོ་ཞིང་རྣམས་སངས་རྒྱས་་སོགས་སུ་བསྒྱུར་བ་དང་། རྡོ་རྗེ་ལས་སྔར་བཞིན་སངས་རྒྱས་སོགས་ཏེ་ཚན་པ་བཞི་དང་རྡོ་རྗེ་འཇིགས་བྱེད་ཡུམ་བཅས་སམ། ཡུམ་མེད་ཀྱི་ཚོགས་སྤྲོས་ནས་གདུག་པ་ཅན་དེ་རྣམས་བཏུལ་དེ་ཉི་མ་ལ་གནས་པའི་སྤྲུལ་པས་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བར་གྱུར་པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱོང་ཞིང་སྨིན་པར་བྱས་ནས། རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ལ་བཀོད་དེ། སྔར་སྤྲོས་པ་རྣམས་དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ཧཱུཾ་དང་བཅས་པ་ལ་ཐིམ་པར་བསམ་པ་ཡིན་པའི་ཕྱིར། དེ་ནས་དེས་མ་ཐུལ་བའི་གདུག་པ་ཅན་ཆེན་པོ་འདུལ་བའི་ཆེད་དུ་འབྲས་བུ་རྡོ་རྗེ་འཛིན་པའི་སྐུར་བཞེངས་པའི་ཚུལ་ཡོད་དེ། སྔར་ལྟར་ཐིམ་པས་ཟླ་ཉི་རྡོ་རྗེ་ཧཱུཾ་དང་བཅས་པ་་འདྲེས་ཏེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ་འཆད་འགྱུར་ལྟར་འཇིགས་བྱེད་ཆེན་པོའི་སྐུར་ལྡང་བར་བསམ་པ་ཡིན་པའི་ཕྱིར། ཆོས་མཐུན་སྦྱོར་ཚུལ་དང་དགོས་པ་ཡོད་དེ། སྦྱང་གཞི་ལ་ཕ་མའི་ཁུ་ཁྲག་གི་་དབུས་སུ་བར་དོ་ཞུགས་ནས་སྐྱེ་བ་བཟུང་བ་དང་ཆོས་མཐུན་ཞིང་། རང་ཉིད་ལ་འབྱུང་འགྱུར་གྱི་མ་དག་པའི་སྐྱེ་བ་སྦྱོང་བར་བྱེད། ལམ་དུས་སུ་སྒྱུ་མའི་སྐུ་གཉིས་ཀྱིས་རགས་པའི་སྤྲུལ་སྐུ་འཛིན་པ་དང་ཆོས་མཐུན་ཞིང་། དེ་འགྲུབ་པའི་དགེ་རྩ་སྨིན་པར་བྱེད། འབྲས་དུས་སུ་ལོངས་སྐུས་རགས་པའི་སྤྲུལ་སྐུ་བཟུང་བ་དང་ཆོས་མཐུན་ཞིང་། ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམས་པས་སྤྲུལ་སྐུ་དངོས་གནས་པ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །འདི་ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། རང་ཉིད་ལ་འབྱུང་འགྱུར་གྱི་མ་དག་པའི་སྐྱེ་བ་སྦྱོང་ཞིང་རྒྱལ་བའི་སྤྲུལ་སྐུ་འགྲུབ་པའིི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར། མངོན་བྱང་ལྔའི་སྒོ་ནས་བྱང་ཆུབ་པ་དང་ཡང་ཆོས་མཐུན་ཏེ། ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱང་ཆུབ་པ་དང་། དེ་བཞིན་དུ་དྷཱིཿཡིག་ནས་ཉི་དཀྱིལ་དུ་གྱུར་པའི་བར་ནི་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཉི་མ་དང་། ཧཱུཾ་ཡིག་མཐིང་ག་ནས་ཧཱུཾ་ལ་ཞུགས་པའི་བར་ནི་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་གསུང་ས་བོན་དང་། ཁྲོ་བོའི་རྡོ་རྗེ་ནས་རྡོ་རྗེ་ལ་ཐིམ་པའི་བར་ནི་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཐུགས་ཕྱག་མཚན་དང་། དེ་ཐམས་ཅད་འདྲེས་ནས་འབྲས་བུ་རྡོ་རྗེ་འཛིན་པའི་སྐུར་བཞེངས་པའི་བར་ནིི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། །ཚོགས་ཞིང་ནང་འདིའི་བསྐྱེད་རིམ་གྱི་ལམ་ལྔར་་འཇོག་ཚུལ་ཡོད་དེ། ། ཚོགས་ཞིང་ནས་སྡུད་རིམ་མ་བྱས་ཀྱི་བར་ཚོགས་ལམ། སྡུད་རིམ་ནས་འཇམ་དཔལ་གྱི་ཐུགས་ཀའི་ཉི་དཀྱིལ་གྱི་བར་སྦྱོར་ལམ། ཉི་མ་ལས་འོད་ཟེར་འཕྲོས་པ་ནས་ཉི་དཀྱིལ་ཕྱི་མར་གྱུར་པའི་བར་མཐོང་ལམ། ཉི་མའི་སྟེང་གི་ཧཱུཾ་ནས་འཇིགས་བྱེད་དུ་མ་གྱུར་བའི་བར་སྒོམ་ལམ། དེར་གྱུར་པ་ནི་མི་སློབ་ལམ་དུ་འཇོག་པའི་ཕྱིར། གོང་གི་དེ་རྣམས་སྦྱང་གཞི་དང་སྦྱོར་ཚུལ་་ཡོད་དེ། ཚོགས་ཞིང་གི་སྐོར་ནི་གཞི་ལ་ལས་གསོག་པ་དང་ཆོས་མཐུན། སྡུད་རིམ་ནི་ཤི་ནས་ལས་ཀྱི་དབང་གིས་སྐྱེ་བ་ལེན་པའི་ཚེ་ཕུང་པོ་སྔ་མ་འདོར་བ་་དང་ཆོས་མཐུན། གཞལ་ཡས་ཁང་ནི་གང་དུ་སྐྱེ་བའི་གནས་དང་ཆོས་མཐུན། རྒྱུ་རྡོར་འཛིན་ནི་སྐྱེ་སྲིད་ཀྱི་སྔོན་དུ་བར་དོ་འབྱུང་བ་དང་ཆོས་མཐུན། འབྲས་བུ་རྡོ་རྗེ་འཛིན་པ་ནི་སྐྱེ་བ་བླངས་པ་དང་ཆོས་མཐུན་པ་ཡིན་པའི་ཕྱིར། གཉིས་པ་གསལ་གདབ་པའི་ཚུལ་ཡོད་དེ། སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་ལ་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག །ཞལ་དགུ །ཕྱག་སོ་བཞི། ཞབས་བཅུ་དྲུག་པ། གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ་སོགས་ནི་མངོན་རྟོགས་ལྟར་ལ། མཚོན་དོན་འགའ་ཞིག་དང་སྦྱར་ན། ཆོས་དབྱིངས་འགྱུར་མེད་མཚོན་པའི་སྐུ་མདོག་མཐིང་ནག །མཐར་གནས་སྙོམས་འཇུག་དགུ་མཚོན་པའི་ཞལ་་དགུ ཁམས་བཅོ་བརྒྱད་བདེན་པ་གཉིས་སྟོབས་བཅུ་མི་འཇིགས་པ་བཞི་དག་པ་མཚོན་པའི་ཕྱག་སོ་བཞི། དངོས་འཛིན་བཅུ་དྲུག་ཟིལ་གྱིས་གནོན་པའི་ཞབས་བཅུ་དྲུག །གཡས་བསྐུམས་གཡོན་བརྐྱངས་པས་བདུད་སྡེ་འཇོམས་པ། ཁམས་གསུམ་ཟ་བར་ནུས་པས་དེ་ཐམས་ཅད་དབང་དུ་སྡུད་པ། ཧ་ཧ་སོགས་ཀྱི་སྒྲ་སྒྲོགས་པ་དང་ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ་སོགས་ཀྱིས་ནི་བདུད་་དང་མ་རུངས་པ་ཐམས་ཅད་འཇོམས་པར་བྱེད་པ། སྤྱན་དང་སྨིན་མ་སྨ་ར་མེ་ལྟར་འབར་བས་གདུག་པ་ཅན་སྲེག་པ། མ་ཧེའི་གདོང་གིས་གཤིན་རྗེ་འཇོམས་པ། སྲིན་ཞལ་གྱིས་སྙིང་རྗེས་མི་གཏོང་བ། འཇམ་དཔལ་གྱི་ཞལ་ཉིད་ཀྱིས་དེའི་སྤྲུལ་པར་གོ་བར་བྱེད་པ། རྭ་རྩའི་གཡས་ཀྱི་དབུས་ཞལ་སྔོན་པོ། དེའི་གཡས་ཞལ་དམར་པོ་ལྟག་པའི་ཕྱོགས་དང་། གཡོན་ཞལ་སེར་པོ་རྩ་ཞལ་ཕྱོགས་སུ་ཡོད་ཅིང་། རྭ་རྩའི་གཡོན་གྱི་དབུས་ཞལ་དཀར་པོ། དེའི་གཡས་ཞལ་དུད་ཁ་རྩ་ཞལ་ཕྱོགས་དང་། གཡོན་ཞལ་ནག་པོ་ལྟག་པའི་ཕྱོགས་སུ་ཡོད་པ། གཡས་གཡོན་གྱི་མདུན་རྒྱབ་ཀྱི་ཕྱག་བརྒྱད་པོ་ཀུན་མཐར་ཆགས་སུ་བསྒྲིགས་ཅིང་བརྐྱངས་པ། ཕྱག་གྱེས་མཚམས་ཀྱི་དཔུང་མགོ་ནས་་འཐོན་པའི་ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་དང་། གྲི་གུག་སོགས་དང་བཅས་པའི་ཕྱག་གཡས་པ་རྣམས་ཀྱིས་སྡིགས་མཛུབ་ཀྱི་རྩེ་གྱེན་དུ་བསྟན་ནས་འཇིག་རྟེན་ལས་འདས་པའི་ལྷ་སངས་རྒྱས་བྱང་སེམས་སོགས་ལ། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་པའི་ཕྱིར་བསྐུལ་བ། གཡོན་རྣམས་ཀྱིས་སྡིགས་མཛུབ་ཀྱི་རྩེ་འོག་ཏུ་བསྟན་ནས་འཇིག་རྟེན་པའི་ལྷ་གདུག་པའི་སེམས་འཆར་བ་རྣམས་ལ་བསྡིགས་པའི་ཚུལ་གྱིས་ཚར་གཅོད་པ། ཚངས་པ་དང་དབང་པོ་སོགས་འཇིག་རྟེན་པའི་གཙོ་བོ་རྣམས་ཞབས་ཀྱིས་མནན་པ་ནི། དེ་རྣམས་ཟིལ་གྱིས་གནོན་པར་མཚོན་པ། ཐོད་བསྐམ་ལྔས་ཡེ་ཤེས་ལྔ་དག་པ། མགོ་རློན་རྣམས་ཀྱིས་དབྱངས་གསལ་དག་པ། སྦྲུལ་ནག་གི་མཆོད་ཕྱིར་ཐོགས་འཆང་བས་ཞེ་སྡང་རྣམ་པར་དག་པ། སྤྱན་གསུམ་གྱིས་དུས་གསུམ་མཁྱེན་པ། གླང་པགས་ཀྱིས་ནི་གཏི་མུག་འདྲལ་བ་མཚོན་ཞིང་། ཞབས་གཡས་བརྒྱད་མདུན་རྒྱབ་ཏུ་བསྒྲིགས་པས་ཚངས་པ་སོགས་ལྷ་ཆེན་བཞི་ཁ་སྦུབ་ཏུ་བྱས་པའི་སྟེང་དུ་མི་ལ་སོགས་པ་བརྒྱད་དང་། གཡོན་བརྒྱད་དེ་ལྟར་དུ་བསྒྲིགས་པས་གཞོན་ནུ་སོགས་ལྷ་ཆེན་བཞི་ཁ་སྦུབ་ཏུ་བྱས་པའི་སྟེང་དུ་བྱ་རྒོད་ལ་སོགས་པ་བརྒྱད་ཀྱི་རྒྱབ་ཏུ་མནན་པའི་སྟེང་ན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་བསྒོམ་པ་ཡིན་པའི་ཕྱིར་རོ།། གཉིས་པ་ལ་གཉིས་ཏེ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་སེམས་དཔའ་གཞན་གཉིས་བསྒོམ་པ་དང་། ཡེ་ཤེས་པ་དགུག་གཞུག་དབང་བསྐུར་རྒྱས་གདབ་ཅིང་མཆོད་བསྟོད་སོགས་ཇི་ལྟར་བྱ་བའོ། །དང་པོ་ནི། བཅུ་གསུམ་མ་དང་འདིའི་མངོན་རྟོགས་ཁ་ཅིག་ཏུ་སྐབས་འདིར་་སེམས་དཔའ་གཉིས་བསྐྱེད་པར་མཛད་ཀྱང་། རྗེའི་གཞུང་ཉིད་ནས་འདི་ལ་སྐབས་འདིར་སྐྱེ་མཆེད་བྱིན་རླབས་སོགས་བྱ་བར་བཤད་པས་དེ་ལྟར་བྱས་ན། སྤྱིར་སྐྱེ་མཆེད་བྱིན་རླབས་སོགས་ལ་རྒྱས་བསྡུས་གཉིས་ཡོད་དེ། རང་རང་གི་་ས་བོན་ལས་ལྷ་དེ་དང་དེར་བསྐྱེད་པའི་རྒྱས་པ་དང་། ས་བོན་ཉིད་ལྷའི་ངོ་བོར་མོས་པའི་བསྡུས་པ་གཉིས་ཡོད་པ་ལས། སྔ་མ་ནི་བཅུ་གསུམ་མ་ལས་འབྱུང་བ་ལྟར་དང་། ཕྱི་མ་ནི་འདིར་བཤད་པ་ལྟར་ཡིན་པའི་ཕྱིར། ཕྱི་མ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རྩ་ཞལ་གྱི་མིག་རྣ་སོགས་སུ་ས་སྙིང་སོགས་ཀྱི་ངོ་བོ་ཀྵིཾ་སོགས་མིག་སོགས་དང་ངོ་བོ་དབྱེར་མེད་དུ་བྱས་ཏེ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པ་ལ་དགོས་པ་ཡོད་དེ། མིག་གི་མངོན་ཤེས་སོགས་འགྲུབ་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར། སྒོ་གསུམ་བྱིན་གྱིས་བརླབ་པའི་ཚུལ་ཡོད་དེ། རང་གི་སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་སངས་རྒྱས་་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་ༀ་དཀར་པོ་སོགས་གསུམ་་འགོད་པར་བྱ་བ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། རང་གི་སྒོ་གསུམ་བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར། སེམས་དཔའ་གཞན་གཉིས་བསྐྱེད་པའི་ཚུལ་ཡོད་དེ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་སྔར་བཤད་པ་ལྟ་བུའི་ཐུགས་ཀར་ཨ་ལས་ཉི་་དཀྱིལ་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་བསྒོམ་པ་ཡིན་པའི་ཕྱིར། སེམས་དཔའ་སུམ་བརྩེགས་འདི་གཞི་ལམ་འབྲས་གསུམ་དང་ཆོས་མཐུན་པ་ཡིན་ཏེ། དམ་ཚིག་སེམས་དཔའ་གཞི་ལ་ཕུང་པོ་རགས་པ་དང་། ལམ་ལ་དེའི་རགས་པའི་སྤྲུལ་སྐུ་དང་། འབྲས་བུ་ལ་རྒྱལ་བའི་སྤྲུལ་སྐུ་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་གཞི་ལ་རླུང་སེམས་གཉིས་ལས་རླུང་དང་། ལམ་ལ་སྒྱུ་ལུས་གཉིས་དང་། འབྲས་བུ་ལ་རྒྱལ་བའི་ལོངས་སྐུ་དང་ཆོས་མཐུན། ཏིང་ངེ་འཛིན་སེམས་དཔའ་ནི་གཞི་ལ་རླུང་སེམས་གཉིས་ལས་སེམས་དང་། ལམ་ལ་སྒྱུ་མའི་སྐུ་གཉིས་ཀྱི་ཐུགས་དང་། འབྲས་བུ་ལ་རྒྱལ་བའི་ཡེ་ཤེས་ཆོས་སྐུ་དང་ཆོས་མཐུན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཡེ་ཤེས་བར་ད གུག་གཞུག་སོགས་དང་། མཆོད་བསྟོད་དག་པ་དང་བཅས་པའོ། །དང་པོ་ལ་སྤྱན་འདྲེན་པའི་ཚུལ་ཡོད་་དེ། ༀ་ཧྲཱིཿསོགས་ཀྱི་སྔགས་བརྗོད་བཞིན་པར་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་འདྲེན་པ་ཡིན་པའི་ཕྱིར། སྔགས་དོན་་ཡོད་དེ། ༀ་ནི་བཤད་ཟིན། ཧྲཱིཿབཞད་པའམ་རྨད་བྱུང་། བྷོ་ཀྱཻ། མ་ཧཱ་ཆེན་པོ། ཀྲོདྷ་ཁྲོ་བོ། ཨཱ་གཙྪ་གཉིས་ཚུར་བྱོན་གཉིས། ཨཏྨ་ཏ་པ་བདག་ཉིད། པཱུ་ཛ་མཆོད་པ། པྲ་ཏི་གྲྀ་ཧཾ་བཟུང་ངམ་བཞེས། པྲ་ར་བ། སཱ་ད་དང་བའམ་བཀའ་དྲིན། མི་བདག དྷཱིཿམ་ན་བློ། ཀུ་རུ་མཛོད། སྭཱཧཱ་ནི་གཞི་ཚུགས་ཞེས་པར་འགྱུར་བའི་ཕྱིར། དེ་ནས་མཆོད་ཅིང་དགུག་གཞུག་བྱ་བའི་ཚུལ་ཡོད་དེ། ༀ་ཧྲཱིཿཥྚྲཱིཿཧ་སོགས་ཀྱིས་མཆོད་ནས་མུངྒ་ར་ཛཿས་་དམ་ཚིག་པའི་སྟེང་དུ་དགུག །དཎྜ་ཧཱུཾ་གིས་བསྟིམ། པདྨ་བཾ་གྱིས་དབྱེར་མེད་་དུ་བྱས་ནས་དགྱེས་བཞིན་བཞུགས། ཁངྒ་ཧོས་དབང་དུ་བྱ་བར་བསམ་པ་ཡིན་པའི་ཕྱིར། དབང་བསྐུར་རྒྱས་གདབ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སླར་ཡང་སྔགས་བརྗོད་དེ་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་་སྤྱན་དྲངས་ནས་མཆོད་དེ་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཙརྩི་ཀ་སོགས་བཞི་སྤྲོས་ཏེ་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་བདུད་རྩིའི་བུམ་པའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག་པ་སོགས་དང་། ཆུ་ལྷག་མ་ལས་རྩ་ཞལ་གྱི་ཚངས་བུག་གི་སྟེང་དུ་མི་བསྐྱོད་པས་་དབུ་བརྒྱན་ཅིང་། དབང་ལྷ་རྣམས་རང་ཉིད་ལ་ཐིམ་པར་བསམ་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། མཆོད་ཅིང་བསྟོད་པ་དང་། བསྒོམས་ནས་དག་པ་དྲན་པ་དང་བཟླས་པའི་རིམ་པའོ། །དང་པོ་ལ་ཕྱི་མཆོད་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཐུགས་ཀ་ནས་མཆོད་ལྷ་སྤྲོས་ཏེ་ཧྲཱིཿཥྚྲཱི༔ཧ་སོགས་སམ། ༀ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱིཙྪ་སོགས་ཀྱིས་མཆོད་པ་ཡིན་པའི་ཕྱིར། ནང་མཆོད་འབུལ་བའི་ཚུལ་ཡོད་དེ། མཆོད་དོ་ཞེས་སོགས་ཀྱིས་བླ་བརྒྱུད་རྒྱས་བསྡུས་ཅི་རིགས་ཀྱི་མཐར་རང་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་ལ་ཕུལ་རྗེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་རང་ལ་ཞུགས་པར་བསམས་ཏེ། ལམ་སྔགས་ལ་འབྲུ་གསུམ་བཏགས་པ་དང་། ༀ་ཨ་མྲྀ་ཏ་སོགས་ཀྱི་སྔགས་བརྗོད་དེ་མགྲོན་རྣམས་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་བསམ་པ་ཡིན་པའི་ཕྱིར། བསྟོད་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རྒྱས་པར་ན་འཇམ་དཔལ་གསེར་མདོག་མ་དང་། ཅུང་ཟད་བསྡུ་ན་གཉིས་མེད་ཐུན་མོང་མས་བསྟོད་པར་བྱ་བ་ཡིན་པའི་ཕྱིར། ཕྱི་མའི་དོན་ཡོད་དེ། འབྲས་དུས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཐུན་མོང་མ་ཡིན་པ་ནི་ཡུལ་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་སྐུ་ཅན། འགྲོ་བ་ཀུན་ལ་ཐུགས་རྗེ་རིས་མེད་དུ་སྙོམས་པར་མཛད་པའི་སྒོ་ནས་རྒྱལ་བ་ཀུན་གྱི་ཡབ་ཡིན་ལ། ཆོས་ཀྱི་དབྱིངས་དང་རོ་གཅིག་ཏུ་གྱུར་པའི་ཤེས་རབ་ཀྱི་སྒོ་ནས་རྒྱལ་བ་ཀུན་གྱི་ཡུམ་ཡིན་པ་དང་། དེ་ལྟ་ནའང་འཇམ་དཔལ་ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས་ཀྱི་ཚུལ་འཆང་ཞིང་། ཆོས་ཀྱི་སྐུ་ལ་བྱམས་སྡང་གི་ཉེ་རིང་མི་མངའ་ཡང་། སྲིད་པ་གསུམ་གྱི་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་དུ་ཁྲོ་བོའི་རྒྱལ་པོའི་སྐུར་བསྟན་པ་ཡོན་ཏན་གྱི་དཔལ་ཡོངས་སུ་རྫོགས་པར་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། བསྒོམས་ནས་དག་པ་དྲན་པ་དང་། བཟླས་པའི་རིམ་པའོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། དེ་ལྟར་རེ་རེ་ནས་གསལ་འདེབས་པའི་དཔྱད་སྒོམ་དང་རྣམ་པ་གསལ་བ་ལ་རྩེ་གཅིག་པའི་འཇོག་སྒོམ་གྱིས་གསལ་སྣང་སྒྲུབ་ཅིང་། ལྷའི་ང་རྒྱལ་བརྟན་པར་བྱེད་པ་ནི་རྒྱ་ཆེ་བ་ལ་བསླབ་ཚུལ་དང་། སྒོམ་པ་པོ་དང་བསྒོམ་བྱ་དང་བསྒོམ་པའི་ཚུལ་རྣམས་རང་བཞིན་གྱིས་གྲུབ་པ་མེད་པར་སེམས་པ་ནི་ཟབ་པ་ལ་བསླབ་ཚུལ་དང་། དེ་ལྟར་མ་གྲུབ་ཀྱང་སྒྱུ་མ་བཞིན་དུ་སྣང་བ་ལ་སེམས་འཛིན་པ་ནི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ལ་བསླབ་ཚུལ་ཏེ་རགས་པའི་རྣལ་འབྱོར་དང་། དེ་ནས་སྟེང་འོག་གི་སྣ་རྩེར་ཟླ་གདན་ལ་གནས་པའི་རྡོ་རྗེ་སྔོན་པོ་ཉུངས་འབྲུ་ཙམ་ཞིག་ལ་སེམས་འཛིན་ཅིང་བརྟན་པ་ཐོབ་ན། དེ་ལས་ཕྱག་མཚན་མང་པོ་སྤྲོ་བསྡུ་བྱེད་པའི་ཕྲ་མོའི་རྣལ་འབྱོར་ལ་བསླབ་པར་བྱ་བ་ཡིན་པའི་ཕྱིར། དག་པ་དྲན་ཚུལ་ཡོད་དེ། འགའ་ཞིག་ནི་གོང་དུ་བཤད་ཟིན་ཅིང་། འདིར་བསྡུ་ན་ཞལ་དགུས་ནི་གསུང་རབ་ཡན་ལག་དགུ་མཚོན་ཞིང་། རྭ་གཉིས་ཀྱིས་ནི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་བདེན་གཉིས་མཚོན། ཕྱག་སོ་བཞི་དང་དེའི་་སྟེང་དུ་སྐུ་གསུང་ཐུགས་གསུམ་བསྣན་པས་སོ་བདུན་གྱིས་ནི་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན། ཞབས་བཅུ་དྲུག་གིས་ནི་ཡུལ་སྟོང་ཉིད་བཅུ་དྲུག་དང་དེའི་རྟོགས་པའི་ཡེ་ཤེས་བཅུ་དྲུག །མཚན་མ་གྱེན་དུ་བསྒྲེང་བས་ནི་བདེ་བ་ཆེན་པོ་རྒྱས་པ་དེ་མཚོན་ཞིང་། མི་ལ་སོགས་པས་ནི་རིལ་ལུ་ལ་སོགས་པའི་་དངོས་གྲུབ་ཆེན་པོ་བརྒྱད་དང་། བྱ་རྒོད་སོགས་ཀྱིས་ནི་སྐུའི་དབང་ཕྱུག་ལ་་སོགས་པ་བརྒྱད་དག་པ་མཚོན། གཅེར་བུས་ནི་སྒྲིབ་གཡོགས་དང་བྲལ་བ་་དང་། དབུ་སྐྲ་གྱེན་དུ་བརྫེས་པས་ནི་མཐར་ཐུག་གིི་གོ་འཕང་མྱ་ངན་ལས་འདས་པ་མཚོན་པ་ཡིན་པའི་ཕྱིར། གཉིས་པ་བཟླས་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཕྲེང་བ་བསངས་སྦྱངས་འཇིགས་བྱེད་དུ་བསྐྱེད་པ་སོགས་བྱས་ལ། ཞི་ཁྲོ་སྦྲག་འདོད་ནའང་རུང་བར་སེམས་ལ། རང་གི་ཐུགས་ཀའི་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་གི་མཐར་ཕྱི་ནས་གཡས་སྐོར་དུ་རྩ་སྔགས། ལས་སྔགས། ཡ་མཱནྟ་ཀ་གསུམ་གྱིས་བསྐོར་བ་སྤྲོ་བསྡུའི་དམིགས་པ་དང་བཅས་ཏེ་རིམ་པར་བཟླ་བ་ཡིན་པའི་ཕྱིར། བསྙེན་པའི་གྲངས་ཚད་ཡོད་དེ། ལས་རུང་དུ་བྱེད་པ་ལ་རྩ་སྔགས་འབུམ། ལས་སྔགས་གསུམ་འབུམ་མམ་འབུམ། ཡི་གེ་བདུན་པ་ཡིག་གྲངས་ཀྱི་འབུམ་བཟླ་བར་བཤད་པ་ལྟར་ཡིན་པའི་ཕྱིར། དེ་ཡང་སྔགས་གསུམ་གྱི་གྲངས་དུས་གཅིག་ཏུ་འགྲོ་དགོས་པ་ནི་མིན་ཏེ། གསུམ་ཀའམ་གང་རུང་ལ་གྲངས་བཟུང་བས་ཀྱང་ཆོག་པའི་ཕྱིར་རོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཐུན་བཞི་ལ་རྒྱས་བསྡུས་ཀྱི་དབྱེ་བ་ཤེས་པར་བྱས་ཏེ་བཟླས་པའི་མཐར་མཆོད་བསྟོད་ཉེར་བསྡུ་བྱས་ནས་འོད་གསལ་ལས་ལངས་པའམ། ཡང་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ལ་གཏོར་འབུལ་བཤད་པ་ལྟར་བྱས་ནས་སྡུད་རིམ་ལ་་འཇུག་ཅིང་། སྟོང་པའི་ངང་ལས་འཇིགས་བྱེད་ཀྱི་སྐུར་ལངས་ནས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་པ་སྐབས་ཐོབ་ཀྱིས་བྱ་བ་ཡིན་པའི་ཕྱིར། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྒོ་གསུམ་གྱི་བྱ་བ་རྣམས་ཀྱང་ལྷའི་རྣལ་འབྱོར་གྱིས་ཟིན་པའི་སྒོ་ནས་བྱ་བ་དང་། བཟའ་བཏུང་ལ་འཇུག་པའི་ཚེ་གཏོར་མ་ལྟར་བྱིན་གྱིས་བརླབས་ནས་ལྷ་ཐམས་ཅད་འདུས་པའི་སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའ་ལ་འབུལ་བའི་ཚུལ་གྱིས་ལོངས་སྤྱོད་པ་དང་། ཉལ་བའི་ཚེ་སྣོད་བཅུད་འོད་གསལ་དུ་སྡུད་པ་དང་ལྡང་བའི་ཚེ་ལྷའི་སྐུར་ལྡང་བ་་དང་། ཁྲུས་ཀྱི་དུས་སུ་ལྷ་མོ་བཞིས་ཁྲུས་གསོལ་བར་མོས་པ་སོགས་བྱ་བ་ཡིན་པའི་ཕྱིར། དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ཡོད་དེ། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྒྱུད་སྨིན་པར་འགྱུར་བ་དང་། ལྷག་པའི་ལྷས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་ཅིང་བྱིན་གྱིས་བརླབས་པ་དང་། རང་གཞན་གྱི་དོན་མང་པོ་སྒྲུབ་ནུས་པ་དང་། ཚེ་རྫོགས་ནས་མྱུར་དུ་འཚང་རྒྱ་བ་སོགས་ཀྱི་ཕན་ཡོན་རྣམས་འབྱུང་བའི་ཕྱིར། ཁ་ཅིག་ཁྱོད་ཀྱིས་འདིའི་བསྐྱེད་རིམ་ལོགས་སུ་འཆད་མི་དགོས་ཏེ། བཅུ་གསུམ་མའི་བསྐྱེད་རིམ་ཤེས་པའི་རིགས་འགྲོས་ཀྱིས་འདི་ཡང་ཤེས་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཡུམ་་དང་དཀྱིལ་འཁོར་རྒྱལ་མཆོག་ཡོད་མེད་ཀྱི་ཁྱད་པར་ཡོད་པས་འདིའི་སྒོས་ཆོས་མེད་པ་མིན་པས་བཤད་པ་ལ་འགལ་བ་མེད་ཅིང་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་རོ།། །།གཉིས་པ་རྫོགས་རིམ་གྱི་རྣམ་གཞག་ཅུང་ཟད་བཤད་པ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའི་རིམ་པའོ། །དང་པོ་ནི། བསྐྱེད་རིམ་ལ་བརྟན་པ་ཐོབ་པའམ། ལས་རུང་ཙམ་སྔོན་དུ་བཏང་ནས་ཀྱང་རྫོགས་རིམ་ལ་་འཇུག་པ་ལ། ཐོག་མར་རྩ་རླུང་ཐིག་ལེའི་རྣམ་གཞག་ཤེས་དགོས་པས། དེ་རྣམས་གཞན་ནས་འབྱུང་བ་ལྟར་ཤེས་པར་བྱ་བ་དང་། སྔོན་འགྲོ་འགལ་རྐྱེན་ལས་སྒྲིབ་སྦྱོང་བའི་ཐབས་རྡོར་སེམས་ཀྱི་རྣལ་འབྱོར་དང་། མཐུན་རྐྱེན་ཚོགས་གསོག་པའི་ཐབས་བླ་མའི་རྣལ་འབྱོར་བྱིན་རླབས་ཞུ་བ་དང་བཅས་པ་ཡང་བྱེད་་དགོས་སོ། །གཉིས་པ་དངོས་གཞི་ལ་བཞི། སྔགས་ཀྱི་རྣལ་འབྱོར། དམ་ཚིག་གི་རྣལ་འབྱོར། དབྱིབས་ཀྱི་རྣལ་འབྱོར། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ལུས་གནད་བཤད་པ་ལྟར་བྱས་ནས། རླུང་རོ་རྣམས་བསལ་བ་གཞན་དུ་བཤད་ཟིན་པ་བཞིན་ཡིན་ལ། རང་ཉིད་དཔའ་བོ་གཅིག་པ་ཞལ་ཕྱག་ཡོངས་རྫོགས་སམ། ཞལ་གཅིག་ཕྱག་གཉིས་པ་གང་རུང་དུ་གསལ་བའི་ལུས་ཀྱི་རྒལ་ཚིགས་ལ་ཉེ་བར་རོ་རྐྱང་དབུ་མ་གསུམ་ཡོད་པའི་གནས་རྣམས་སུ་རྩ་འཁོར་བཞི་གསལ་གདབ། རང་གི་སེམས་འོད་ཀྱི་རྣམ་པར་བལྟས་ནས་རྩ་ལམ་རྣམས་སྦྱོར་ཚུལ་བཤད་པ་ལྟར་བྱ། དེ་ནས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་འཇིགས་བྱེད་དཀར་པོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་འདིར་ཡུམ་་དང་བཅས་པར་བཤད་དེ། ཆེ་ཆུང་རྒྱ་སྲན་ཙམ། དེའི་ཐུགས་ཀར་ཧཱུཾ་དཀར་པོ་ཡུངས་འབྲུ་ཙམ་ཞིག་གསལ་བཏབ་སྟེ། དེ་དང་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་འཕྲོས་པས་དུར་ཁྲོད་སྲུང་འཁོར་དང་གཞལ་ཡས་ཁང་་སོགས་གསལ་བར་བྱས། དེ་རྣམས་རིམ་གྱིས་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་སྟོད་སྨད་ནས་རིམ་གྱིས་ཞུ་ནས་ལྟེ་བའི་འཇིགས་བྱེད་ཡབ་ཡུམ་ལ་ཐིམ། དེ་ཡང་ཞུ་ནས་ཧཱུཾ་ལ་ཐིམ་པའི་ཧཱུཾ་ཡིག་ལ་རང་སེམས་ཞུགས་པ་བཞིན་བྱས་ནས་རྩེ་གཅིག་ཏུ་བསྒོམས་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འགྱུར། ཐིམ་པའི་རྟགས་སུ་སྨིག་རྒྱུ་ལ་སོགས་པའི་རྟགས་དང་རྟགས་ཅན་རིམ་གྱིས་འཆར་བའི་ཚུལ་གྱིས་དགའ་བཞི་དྲངས་ཏེ། འོད་གསལ་གྱི་དུས་སུ་བདེ་སྟོང་་སྦྱར་ནས་རྩེ་གཅིག་ཏུ་བསྒོམ་པ་ནི་སད་དུས་ཀྱི་ཆོས་སྐུ་དང་བསྲེ་བའོ། །འོད་གསལ་དེ་ལས་ལྡང་བའི་ཚེ་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་འཇིགས་བྱེད་དཀར་པོ་ཡབ་ཡུམ་གྱི་སྐུར་ལྡང་སྙམ་པའི་འཕེན་པ་སྔོན་དུ་འགྲོ་བའི་ཚུལ་གྱིས་ལྡང་། དེ་དང་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་ཀྱི་རྟགས་རྣམས་རིམ་གྱིས་འབྱུང་སྟེ། འདི་ལ་སད་དུས་ཀྱི་ལོངས་སྐུའི་བསྲེ་བ་ཞེས་བྱའོ། །དེ་ནས་འཇིགས་བྱེད་ཡུམ་བཅས་དེ་ཉིད་ཕུང་པོ་རྙིང་པ་དམ་ཚིག་བར་གསལ་བའི་སྤྱིི་བོ་ནས་ཞུགས་པར་མོས་ཤིང་། དེ་དང་མཉམ་དུ་སྣ་བུག་གཉིས་ནས་རླུང་འབྱུང་འཇུག་བྱེད་ཅིང་ཡུལ་གྱི་སྣང་བ་འཆར། དེའི་ཚེ་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་འཇིགས་བྱེད་ཀྱི་སྐུར་ཤར་བའི་མོས་པ་བརྟན་པོ་བྱེད་པ་ལ་བསླབ་པར་བྱ་སྟེ། འདི་ལ་སད་དུས་ཀྱི་སྤྲུལ་སྐུའི་བསྲེ་བ་ཞེས་བྱའོ། །དེ་བཞིན་དུ་གཉིད་དུས་དང་འཆི་དུས་ཀྱི་བསྲེ་བ་ཡང་ཤེས་པར་བྱ་སྟེ། དེ་ལ་ལྟེ་བའི་དམིགས་རྟེན་སྙིང་གར་དྲངས་ནས། གཉིད་ཆོས་སྐུ་དང་བསྲེ་བ། རྨི་ལམ་གྱི་ལུས་ལོངས་སྐུ་དང་བསྲེ་བ། ལུས་དེ་ཕུང་པོ་རྙིང་པ་ལ་བཅུགས་ནས་་སད་པ་སྤྲུལ་སྐུ་དང་བསྲེ་བ་གསུམ་དང་། འཆི་བའི་སྐབས་སུ་ནི་འཆི་དུས་ཀྱི་་འོད་གསལ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་གསུམ་ལ་བསླབ་པར་བྱའོ། །འདི་དག་རྗེས་གཞིག་གི་རྣལ་འབྱོར་གྱི་རིམ་པ་ལ་བརྟེན་པ་སྟེ། སྔགས་རྣལ་འབྱོར་གྱི་སྔོན་འགྲོར་ཡང་བཤད་དེ། ལུས་དབེན་གྱི་དོད་དོ། །དེ་ནས་རང་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་སྙིང་གའི་དྷཱུ་ཏཱིའི་ནང་དུ་མི་ཤིགས་པའི་ཐིག་ལེ་དང་ངོ་བོ་དབྱེར་མེད་པའི་ཧཱུཾ་ཡིག་དཀར་པོ་ཡུངས་ཀར་གྱི་འབྲུ་ཆད་ཙམ་ཞིག་གསལ་གདབ། དེ་ལ་རང་གི་སེམས་ཞུགས་པ་བཞིན་བྱས་ཏེ། སྟེང་གི་རླུང་རྣམས་རང་གི་སྨིན་མཚམས་ནས་དྷཱུ་ཏཱིའི་ནང་དུ་མར་བརྒྱུད་དེ་སྙིང་གའི་ཧཱུཾ་ལ་ཐིམ། འོག་གི་རླུང་རྣམས་རང་གི་གསང་གནས་ནས་དྷཱུ་ཏཱིའི་ནང་དུ་ཡར་བརྒྱུད་དེ་སྙིང་གའི་ཧཱུཾ་ལ་ཐིམ་པར་ཡང་ཡང་མོས་པའི་བུམ་པ་ཅན་བཟུང་བས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བས་རྟགས་དང་རྟགས་ཅན་རྣམས་རིམ་པར་འཆར་ཞིང་། འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་སོགས་བསྲེ་བའི་སྐོར་རྣམས་ལ་སྔར་བཞིན་བསླབ། ཡང་སྔར་བཞིན་འཇིགས་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་དཀར་པོ་དེ་ལ་སེམས་ཞུགས་པ་བཞིན་བཟུང་ནས། སྟེང་རླུང་དབུ་མའི་ནང་དུ་འཇུག་པ་ༀ་གྱི་གདངས་དང་། གནས་པ་ཨཱཿའི་གདངས་དང་། ཕྱིར་འབྱུང་བ་ཧཱུཾ་གི་གདངས་སུ་མོས་ནས་རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་བྱས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང་། སྨིག་རྒྱུ་སོགས་རྟགས་དང་རྟགས་ཅན་རྣམས་འབྱུང་ལ། འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་ཞིང་བསྲེ་བའི་སྐོར་དྲུག་ཀྱང་བྱ་སྟེ། འདི་ནི་ངག་དབེན་གྱི་དོད་སྔགས་ཀྱི་རྣལ་འབྱོར་དངོས་གཞིའོ། །འདི་ལ་སྲོག་་ཐུར་བསྲེ་བ་དང་། སྟེང་འགྲོ་དང་འོག་འགྲོའི་རྡོར་བཟླས་དང་། ཁྱབ་བྱེད་ལ་དམིགས་པའི་རྡོར་བཟླས་ཀྱི་རྣམ་གྲངས་མང་ངོ་། །གཉིས་པ་ནི། དེ་ལྟར་རྡོར་བཟླས་བྱས་པ་ལ་བརྟེན་ནས་སྙིང་གའི་རྩ་མདུད་ལྷོད་པོར་སོང་བ་ན། ཕྱི་རྐྱེན་པདྨ་ཅན་ལ་སོགས་པ་ལས་རྒྱའམ་ཡེ་རྒྱ་གང་རུང་དང་སྙོམས་པར་འཇུག་བཞིན་པའི་ངང་ནས། ནང་རྐྱེན་རང་ལྷར་གསལ་བའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས་པས། སྔར་ལྟར་སྣོད་བཅུད་ལ་ཕོག་པས་དེ་རྣམས་རིམ་གྱིས་ཞུ་ནས་རང་ལ་ཐིམ་ཞིང་། རང་ཡེ་ཤེས་སེམས་དཔའ་དང་། དེ་ཧཱུཾ་ཡིག་ལ་ཐིམ་པར་བསམ་པའི་རྗེས་གཞིག་གི་སྡུད་རིམ་དང་། བུམ་པ་ཅན་དང་རྡོར་བཟླས་གང་རུང་བྱས་ཏེ་བསྲེ་བ་དང་པོ་དྲུག་བྱ། དེ་ནས་རྣལ་འབྱོར་པ་དེས་སྒྱུ་ལུས་་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་པ་ན། ཕྱི་ནང་གི་རྐྱེན་གཉིས་གང་རུང་ལ་བརྟེན་ནས་སྔར་ལྟར་སྡུད་རིམ་བྱས་པས་སྨིག་རྒྱུ་ནས་འོད་གསལ་གྱི་བར་འཆར་ཞིང་། ཁྱབ་བྱེད་ཀྱི་རླུང་མ་ལུས་པ་དྷཱུ་ཏཱིར་ཐིམ་པ་ན་སེམས་དབེན་དཔེའི་འོད་གསལ་ཐར་ཐུག་སྐྱེ་སྟེ། དམ་ཚིག་གི་རྣལ་འབྱོར་ཞེས་བྱའོ། །གསུམ་པ་ནི། འོད་གསལ་དེ་ལས་ལྡང་བ་ན་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་མ་དག་པའི་སྒྱུ་མའི་སྐུར་བཞེངས་པ་དེ་འབྱུང་། དེ་སླར་ཕུང་པོ་རྙིང་པ་ལ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་ནས་ཆོས་སྟོན་པ་དང་། ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྒོ་ནས་བསམ་གཏན་གཉིས་གང་རུང་གི་སྡུད་རིམ་ཡང་ཡང་བྱ་སྟེ། དབྱིབས་ཀྱི་རྣལ་འབྱོར་ཞེས་བྱའོ། །བཞི་པ་ནི། སྒྱུ་ལུས་པ་དེས་སློབ་པའི་ཟུང་འཇུག་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན། ཕྱི་རྐྱེན་ཕྱག་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་བསམ་གཏན་གཉིས་གང་རུང་གི་སྡུད་རིམ་ལ་བསླབ་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར་ཞིང་། དེ་ནས་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་མངོན་དུ་བྱས་པ་དང་མཉམ་དུ་འོད་གསལ་དེས་མ་དག་པའི་སྒྱུ་ལུས་སྦྱངས་ནས་དག ཉོན་སྒྲིབ་གྱི་དངོས་ཀྱི་གཉེན་པོའི་འཕགས་ལམ་ཐོབ་སྟེ། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ཞེས་བྱའོ། །འོད་གསལ་དེ་ལས་ལུགས་ལྡོག་ཏུ་ཆུ་ལས་ཉ་འཕར་བ་ལྟར་ལངས་པ་དང་མཉམ་དུ་དག་པའི་སྒྱུ་ལུས་སམ་ཟུང་འཇུག་ཕལ་པ་སྤངས་པ་ཟུང་འཇུག་ཐོབ་ཅིང་། ཉོན་སྒྲིབ་སྤངས་ནས་དགྲ་བཅོམ་པར་གྱུར། དེ་ནས་གང་ཟག་དེས་སྡུད་རིམ་བྱེད་མི་དགོས་པར་དམིགས་རྟེན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་སྟོང་ཉིད་གཙོ་བོར་བསྒོམས་པས་རླུང་དབུ་མར་ཞུགས་པ་ནས་འོད་གསལ་གྱི་བར་འབྱུང་། འོད་གསལ་གྱི་དུས་སུ་ཐུགས་དག་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བདེ་ཆེན་གྱི་ཡེ་ཤེས་དང་སྐུ་དག་པ་སྒྱུ་མའི་སྐུ་གཉིས་ངོ་བོ་དབྱེར་མེད་དུ་སོང་བ་ན། ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་དེ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་ཟུང་འཇུག་པ་དེས་ཕུང་པོ་རྙིང་པ་སོགས་རགས་པའི་ལུས་རྟེན་གང་རུང་བཟུང་ནས་བཟའ་བཏུང་ལ་ལོངས་སྤྱོད་པ་དང་། རི་དྭགས་བཤོར་བ་་དང་། ཆོས་སྟོན་པ་ལ་སོགས་པའི་བྱ་བ་རྣམས་དང་། ཁྱད་པར་དུ་ཕྱག་རྒྱ་་དང་སྙོམས་པར་འཇུག་ཅིང་སྤྱོད་པ་གསུམ་གང་རུང་དང་འབྲེལ་བའི་སྟོང་ཉིད་སྒོམ་པར་བྱེད་པ་སོགས་ཀྱི་དགེ་སྦྱོར་རྣམས་བསྐྱངས་པས། འབྲས་བུ་མི་སློབ་པའི་ཟུང་འཇུག་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན། ཐོ་རངས་ཀྱི་དུས་སུ་ཕྱི་ནང་གི་རྐྱེན་གཉིས་ལ་བརྟེན་ནས་རྩེ་གཅིག་ཏུ་བསྒོམས་པས་རླུང་དབུ་མར་ཞུགས་པ་ནས་འོད་གསལ་གྱི་བར་རྣམས་འབྱུང་ཞིང་། འོད་གསལ་དེའི་སྐད་ཅིག་དང་པོས་ཤེས་སྒྲིབ་ཀྱི་དངོས་གཉེན་བྱས་ཏེ། སྐད་ཅིག་གཉིས་པའི་དུས་་སུ་དེ་སྤངས་པའི་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་དུ་འབྲེལ་བའི་མི་སློབ་པའི་ཟུང་འཇུག་ཐོབ་པའི་ཚུལ་གྱིས་འཚང་རྒྱ་བ་ཡིན་ནོ། །དེ་དག་ནི་འདིའི་རྫོགས་རིམ་གྱི་སྙིང་པོ་བསྡུས་ནས་བཤད་པ་སྟེ། རྫོགས་རིམ་གྱི་རྣམ་གཞག་ཐུནམོང་བ་རྣམས་འདུས་པའི་སྐོར་དང་འདྲ་བས་དེ་ནས་ཤེས་དགོས་ཤིང་། ཕལ་ཆེར་ནི་བཅུ་གསུམ་མའི་རྫོགས་རིམ་དུ་བདག་གིས་བཤད་ཟིན་པ་ལས་ཤེས་པར་བྱའོ། །གལ་ཏེ་ཁ་ཅིག་ཁྱོད་ཀྱིས་འདིའི་རྫོགས་རིམ་རྣལ་འབྱོར་བཞིར་བསྡུས་ནས་འཆད་མི་རིགས་ཏེ། གྲུབ་ཆེན་དཔལ་འཛིན་གྱིས་མཛད་པའི་རྣལ་འབྱོར་བཞིའི་རྫོགས་རིམ་ནི་གཤིན་རྗེ་གཤེད་དམར་པོའི་ལུགས་ཡིན་ལ། འདིའི་རྫོགས་རིམ་འདི་ལྟར་སྟོན་པའི་རྒྱ་གཞུང་ཟུར་པ་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། རྣལ་འབྱོར་བཞིའི་སྒོ་ནས་འཆད་པ་འདི་དམར་ནག་འཇིགས་གསུམ་ལ་སྦྱོར་བ་རྗེ་ཡབ་སྲས་ཀྱི་མན་ངག་དམ་པ་ཡིན་པས་འདིར་ཡང་རུང་བར་མཁས་པས་བཤད་ཅིང་རིགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །ཚུལ་འདིར་འབད་པ་ལས་བྱུང་དགེ། སྐྱེ་ཀུན་འཇམ་དཔལ་ཞི་ཁྲོ་ཡིས། ། འབྲལ་མེད་རྗེས་སུ་འཛིན་པ་དང་། །རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་ནས་པར་དུ་བརྐོ་བར་བརྩམས་པའི་ཚེ། ཡི་གེ་པ་ནི་སྔགས་རམ་པ་གྲགས་པ་འོད་ཟེར་རོ།། །།བཀྲ་ཤིས།། །།


previousའཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་སྙིང་པོ་རིན་ཆེན་སྙེ་མ།next