Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
བླ་མ་མཆོད་པའི་ཆོ་གའི་དོན་མདོར་བསྡུས་གསལ་བའི་སྒྲོན་མེ།
   


 
previousབླ་མ་མཆོད་པའི་ཆོ་གའི་དོན་མདོར་བསྡུས་གསལ་བའི་སྒྲོན་མེ།next

བླ་མ་མཆོད་པའི་ཆོ་གའི་དོན་མདོར་བསྡུས་གསལ་བའི་སྒྲོན་མེ།

བླ་མ་མཆོད་པའི་ཆོ་གའི་དོན་མདོར་བསྡུས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས།

བླ་མ་མཆོད་པའི་ཆོ་གའི་དོན་མདོར་བསྡུས་གསལ་བའི་སྒྲོན་མེ་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ཀྱི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་ཆོས་སྐུའི་དབྱིངས་ལས་ལོངས་སྐུའི་ཉིན་བྱེད་མངོན་པར་འཕྲོ། །སྣ་ཚོགས་གྲངས་མེད་འགྲོ་བློའི་རྫིང་བུར་སྤྲུལ་སྐུའི་སྣང་བརྙན་ཅི་ཡང་འཆར། །དཀྱིལ་འཁོར་བྱེ་བའི་གསེར་རི་ཀུན་ལ་སྤངས་དང་རྟོགས་པས་མངའ་བསྒྱུར་བ། །རིགས་ཀུན་ཁྱབ་བདག་དང་པོའི་མགོན་དེ་སྲིད་མཚོ་ཆེ་འདིའི་གཏན་གྱི་སྐྱབས། བློ་ཆེན་རྒྱལ་བའི་ཡེ་ཤེས་ཕུང་པོ་ཀུན། །མཁས་བཙུན་བཟང་པོའི་རྣམ་པར་རོལ་བ་ཡིས། །དམ་ཆོས་འཛིན་པའི་གྲགས་དཀར་ཆེར་སྒྲོགས་པ། །རྒྱལ་ཚབ་བླ་མ་མཆོག་ཁྱོད་རྟག་ཏུ་བསྔགས། །མགོན་དེའི་སྲས་ཀྱི་ཐུ་བོ་དགེ་ལེགས་དཔལ། །བློ་བཟང་བསྟན་པའི་ཆོས་ཀྱི་རྒྱལ་མཚན་མཆོག །འཛམ་གླིང་ཐུབ་བསྟན་མཛེས་པའི་རྒྱན་གྱུར་པ། །བྱང་ཆུབ་བར་དུ་འབྲལ་མེད་གཙུག་གིས་བསྟེན། །རྒྱལ་བ་སྲས་བཅས་ཀུན་གྱིས་མགྲིན་གཅིག་མཐའ་ཡས་མདོ་རྒྱུད་དུ་མ་རུ། །ཡང་ཡང་ལེགས་པར་ནན་གྱིས་བཀའ་སྩལ་འདི་ཕྱིར་ལེགས་ཚོགས་ཀུན་གྱི་གཞི །ཚད་ལྡན་བླ་མ་བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པར་གསུངས་པའི་དོན། །བླ་མ་མཆོད་པའི་ཆོ་གའི་ཚིག་དོན་མདོར་བསྡུས་བདག་གིས་བཤད་པར་བྱ། །དེ་ལ་འདིར་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ནི། གང་བཤད་པར་བྱ་བའི་ཆོས་སོ། འདི་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བཤད་པ་དང་། འགྱུར་ཕྱག་བཤད་པའོ། །དང་པོ་ནི། ཆོ་ག་འདི་རྒྱ་གཞུང་དངོས་མིན་ཡང་། རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ལེགས་སྦྱར་གྱི་སྐད་དུ་བྱས་ན་འདིའི་མཚན་ལ། གུ་རུ་བཱུ་ཛ་སྱ་ཀ ལྤ་ནཱ་མ། ཞེས་བྱ་ཞིང་། དེ་ཉིད་བོད་སྐད་དུ། བསྒྱུར་ན། བླ་མ་མཆོད་པའི་ཆོ་ག་ཞེས་བྱ་བར་འགྱུར་ཏེ། གུ་རུ་ནི་བླ་མ། བཱུ་ཛ་སྱ་ནི་མཆོད་པའི། ཀལྤ་ནི་ཆོ་ག །ནཱ་མ་ནི་ཞེས་བྱ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་འགྱུར་ཕྱག་ནི། མདོ་སྔགས་ཀྱི་ཆོས་བསྟན་པའི་བཀའ་དྲིན་དང་མཉམ་པ་གཞན་མེད་པའི་བླ་མ་སྟེ་གོང་མའམ་ལྟག་མ་དམ་པ་སྟེ་མཆོག་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་དུས་ཐམས་ཅད་དང་། གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཞེས་སྦྱར་རོ། །འདི་ནི་གཞུང་གཞན་ནས་འབྱུང་བའི་འགྱུར་ཕྱག་དང་བསྟུན་པའོ། །གཉིས་པ་གཞུང་དོན་བཤད་པ་ལ་གསུམ། བཤད་པ་ལ་འཇུག་པའི་ཡན་ལག །བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བ་བསྟན་པའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། གང་ལ་བརྟེན་ན། ཞེས་པ་ནས། གུས་བཏུད་ཅེས་པའི་བར་གསུངས། ངག་དོན་ནི། བདག་གིས། བཏུད་དོ། །གང་ལ་བཏུད་ཅེ་ན། རྡོ་རྗེ་ཅན་དེ་རྡོ་རྗེ་འཆང་དང་འདྲ་བའི་བླ་མའི། ཞབས་ཀྱི་པདྨོར་ཏེ་ཞབས་ཉིད་པདྨར་བཀོད་པ་དེ་ལའོ། །ཚུལ་ནི། སྒོ་གསུམ་གུས་པས་འདུད་དོ། །དེ་ལ་བཏུད་ཅིང་བསྟེན་པས་ཡོན་ཏན་ཅི་ཞིག་འབྱུང་བ་ནི། རྡོ་རྗེ་འཆང་དང་མཚུངས་པའི་བླ་མ་གང་ཡིན་པ་དེ་ལ་བཏུད་ཅིང་། བསྟེན་ན། གང་ཟག་ཁྱད་པར་ཅན་གྱི་སློབ་མ་ལ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ། སྐུ་གསུམ་བདེ་བ་ཆེན་པོ་དེ་ཉིད། གྲུབ་པ་བརྒྱད་དང་། ཞི་རྒྱས་སོགས། ཐུན་མོང་གི་དངོས་གྲུབ་དང་བཅས་པ་དུས་སྐད་ཅིག་སྟེ་སྙིགས་མའི་ཚེ་ཐུང་གཅིག་ལ་སྩོལ་བར་མཛད་པ་ཡིན་ནོ། །སྩོལ་ཚུལ་ནི། ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་པས་དགོས་འདོད་འབྱུང་བ་དེ་བཞིན་དུ། དེ་དང་འདྲ་པའི་བླ་མ་ཡང་བསྟེན་ཅིང་མཆོད་ན། ཡིད་ལ་འདོད་དགུའི་མཆོག་སྩོལ་བ་སྟེ་ཅི་འདོད་པའི་དངོས་གྲུབ་སྟེར་རོ། །དགུ་ནི་མང་ཚིག་གོ། །འདི་ནི་གཟུགས་ཅན་གྱི་རྒྱན་ཡིན་མོད། གོ་སླ་བའི་ཕྱིར་དཔེ་རྒྱན་དུ་བཤད་ལ། འདིས་མཚོན་ཏེ་གཞན་ཡང་དེ་ལྟར་ཅི་རིགས་སུ་བྱའོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། བཏུད་ནས་ཅི་ཞིག་བྱེད་ཅེ་ན། སྐལ་བཟང་སློབ་མའི། ཞེས་པ་ནས། མགུལ་རྒྱན་སྤེལ། ཞེས་པའི་བར་གསུངས་ཏེ། དོན་ནི། སློབ་མ་བློ་གྲོས་དང་ལྡན་པ་རྣམས་མཛེས་པར་བྱེད་པའི་མེ་ཏོག་གི་ཕྲེང་བ་ལྟ་བུར། མཛེས་པར་བྱེད་པའི་མགུལ་རྒྱན་ཞིག་སྤེལ་བ་སྟེ་བརྩམ་པར་བྱའོ། །འོ་ན། སློབ་མ་རྣམས་ཀྱི་རྒྱན་དུ་ཇི་ལྟར་འགྲོ་ཞེ་ན། ཆོས་ཀྱི་སྐལ་བ་བཟང་པོ་དང་ལྡན་པའི་སློབ་མ་རྣམས་ཀྱི་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བ་མ་ལུས་པ་སྤྲུལ་པར་བྱེད་ནུས་པའི་ཐབས་ཀྱི་མཆོག་དེ་དང་འདྲ་བ་གཞན་མེད་པས་ན། གཉིས་པ་དང་བྲལ་བ་སྟེ་དེ་ཉིད་ཀྱིས་སོ། །དེ་ཡང་རང་བློས་སྦྱར་བ་ཙམ་མ་ཡིན་ཏེ། རྒྱལ་བས་གསུངས་པའི་མདོ་དང་། རྒྱུད་སྡེ་རྣམས་དང་། འཕགས་བོད་ཀྱི་མཁས་གྲུབ་དུ་མའི་མན་ངག་སྣ་ཚོགས་ཀྱི་པད་ཚལ་ལས་འོངས་པ་སྟེ་དེ་དག་ལ་བརྟེན་ནས་རྩོམ་པའི་ཕྱིར་ཞེས་སོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་གཉིས། བླ་མ་བསྟེན་དགོས་པའི་རྒྱུ་མཚན་ལུང་གིས་བསྒྲུབས་པ་དང་། བསྟེན་ཐབས་ཀྱི་ཆོ་གའི་ཁྱད་པར་བཤད་པའོ། །དང་པོ་ནི། དེ་ཡང་ཐར་འདོད་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་རྟེན། ཞེས་པ་ནས། རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུངས་སོ། །ཞེས་པའི་བར་གསུངས། དེ་དག་གི་དོན་གོ་སླ་བ་དང་། ཚིག་མང་དུ་དོགས་པས་འདིར་མ་བཤད་དོ། །གཉིས་པ་བསྟེན་ཐབས་ཀྱི་ཆོ་གའི་ཁྱད་པར་བཤད་པ་ལ་གཉིས། མཚམས་སྦྱར་བ་དང་། ཆོ་ག་དངོས་བཤད་པའོ། །དང་པོ་ནི། བླ་མ་བསྟེན་དགོས་པའི་རྒྱུ་མཚན་ལུང་གིས་འགྲུབ་པ་དེ་ལྟར་ན། མདོ་སྔགས་ཀྱི་ལམ་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར་ཏེ་སྒྲུབ་ཐབས་བསྒོམ་པ་ནི། དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས་འོག་ཏུ་འཆད་པའི་ཆོ་ག་འདི་ལྟར་ཉམས་སུ་བླངས་བར་བྱའོ། །ཞེས་སོ། །གཉིས་པ་ཆོ་ག་དངོས་བཤད་པ་ལ་གསུམ། སྦྱོར་བ་དང་། དངོས་གཞི་དང་། མཇུག་ཏུ་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ལ་གཉིས། ཀུན་སློང་འཆོས་པ་དང་། སྦྱོར་བ་དངོས་སོ། དང་པོ་ནི། གནས་གང་བབས་སུ། བླ་མའི་བྲིས་འབུར་གྱི་སྐུ་ལེགས་པར་བཤམས། མཆོད་པ་ཅི་ནུས་སུ་བཀོད་པ་མཛེས་པར་བྱས་ཏེ། གཞན་གྱི་གཡམ་ལ་བརྒྱུགས་པའི་ཁ་ཕྱིར་བལྟས་དང་། ཚེ་འདི་ཙམ་གྱི་ཆེད་དུ་མ་ཡིན་པར་སངས་རྒྱས་ཐོབ་པའི་ཕྱིར། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་ཉམས་སུ་ལེན་པར་བྱའོ། །གཉིས་པ་སྦྱོར་བ་དངོས་ལ་གཉིས། སྐྱབས་འགྲོ་སོགས་བྱ་བ་དང་། སྣོད་བཅུད་སོགས་སྦྱངས་ཏེ་བྱིན་གྱིས་བརླབ་པའོ། །དང་པོ་ནི། རང་ཉིད་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་པའི་ཕྱིར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་ཚད་མེད་དང་། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་ཚད་མེད་དང་། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་ཚད་མེད་དང་། ཉེ་རིང་གཉིས་དང་བྲལ་བར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཚད་མེད་དེ་ཚད་མེད་བཞི་བསྒོམ་པར་བྱ་བ་སྔོན་དུ་བཏང་བ་རྒྱས་བསྡུས་རང་གིས་སྐབས་དང་བསྟུན་པ་དང་། བསྡུ་ན་སངས་རྒྱས་ཆོས་ཚོགས་མས་སྐྱབས་འགྲོ་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱི་ཚད་མེད་བཞི་བྱའོ། །གཉིས་པ་སྣོད་བཅུད་སོགས་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལ་གཉིས། སྔོན་དུ་ལྷའི་རྣལ་འབྱོར་བསྒོམ་དགོས་པར་བསྟན་པ་དང་། སྣོད་བཅུད་སོགས་བྱིན་གྱིས་བརླབ་པ་དངོས་སོ། །དང་པོ་ནི། སྐབས་འདིར་སྔོན་དུ་ལྷའི་རྣལ་འབྱོར་བསྒོམ་དགོས་པ་ཡིན་ཏེ། བདག་ཉིད་གསང་བདེ་འཇིགས་གསུམ་སོགས་རྣལ་འབྱོར་བླ་མེད་ཀྱི་ལྷག་པའི་ལྷ་གང་རུང་གི་ང་རྒྱལ་དང་ལྡན་པས་སྣོད་བཅུད་སོགས་ཀྱི་ཐ་མལ་གྱི་སྣང་ཞེན་དང་། ནང་མཆོད་སོགས་ཀྱི་བགེགས་བསལ་ཏེ་བྱིན་གྱིས་བརླབ་པར་བྱ་དགོས་པའི་ཕྱིར་རོ། །འདི་ལའང་བདག་བསྐྱེད་རྒྱས་པ་བསྒོམས་པའི་འཇུག་གམ། སྐད་ཅིག་གིས་ལྷའི་སྐུར་བསྐྱེད་པ་གང་རུང་གིས་ཆོག་ལ། ད་ལྟ་ནི་བདེ་ཆེན་ངང་ནས་ཞེས་སོགས་ཀྱི་སྒོ་ནས་བྱེད་པ་མང་ངོ་། །འདིར་བླ་མེད་ཀྱི་ལུགས་ཡིན་པས་རྒྱུད་སྡེ་འོག་མ་གསུམ་གྱི་ལྷའི་རྣལ་འབྱོར་ལ་བརྟེན་ནས་མི་རུང་བར་སེམས་སོ། །གཉིས་པ་སྣོད་བཅུད་སོགས་བྱིན་གྱིས་བརླབས་པ་ལ་གཉིས། སྣོད་བཅུད་བྱིན་གྱིས་བརླབ་པ་དང་། ནང་མཆོད་སོགས་བྱིན་གྱིས་བརླབ་པའོ། །དང་པོ་ནི། རང་ལྷའི། རྣལ་འབྱོར་རྒྱས་བསྡུས་གང་རུང་དང་ལྡན་པའི་སྐུ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ཀྱི་མ་དག་པའི་ཉེས་སྐྱོན་ཐ་མལ་གྱི་སྣང་ཞེན་དང་མི་གཙང་བ་གེགས་དང་བཅས་པ་རྣམས་བྱང་སྟེ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་གྱི་དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར་པ་སྟེ་དག་པ་ཁོ་ནར་གྱུར་པར་བསམ་པའོ། ། གཉིས་པ་ནང་མཆོད་སོགས་བྱིན་གྱིས་བརླབ་པ་ནི། ནང་མཆོད་དང་ཆོས་རྫས་གཞན་རྣམས་རྣལ་འབྱོར་བླ་མེད་ཀྱི་ཆོ་ག་གང་ཡང་རུང་བ་ནས་འབྱུང་བ་ལྟར་བྱིན་བརླབ་རྒྱས་པར་བྱ་བའམ། གལ་ཏེ་དེ་ལྟར་མི་བྱེད་པར་མདོར་བསྡུ་ན་མཆོད་རྫས་རྣམས་ཀྱི་སྟེང་དུ་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡི་གེ་གསུམ་གསལ་བཏབ་སྟེ། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པ་ན། དེའི་ནུས་པས་མཆོད་རྫས་རྣམས་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ། རྣམ་པ་ནང་མཆོད་དང་མཆོད་རྫས་རང་རང་སོ་སོའི་རྣམ་པ་ཅན་དུ་སྣང་ཞིང་། ནུས་པའམ་བྱེད་ལས་ནི། མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེད་པས། རྒྱ་ཁྱོན་ནི་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་ཁྱབ་པའི་འོག་ནས་འབྱུང་བ་ལྟར་ཕྱི་ནང་གསང་བའི་མཆོད་སྤྲིན་དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་གང་བར་གྱུར་པར་བསམ་ལ་བྱིན་གྱིས་བརླབ་པའོ། །གཉིས་པ་དངོས་གཞི་ནི་ཚིགས་ལྷུགས་ལས་ཚིགས་སུ་བཅད་པའི་སྒོ་ནས་བརྗོད་ན། འཇུག་པ་བདེ་བས་ཡིད་གཞན་དུ་མ་ཡེངས་པར་འདི་ལྟར་འདོན་ཞིང་། དེའི་དོན་བསྒོམས་ལ་ཉམས་སུ་བླང་བར་བྱའོ། །ཞེས་མཚམས་སྦྱར་གྱི་སྒོ་ནས་བསྟན་པས། འདི་འཆད་པ་ལ་གསུམ། མཆོད་ཡུལ་བླ་མ་བཤད་པ། གསོལ་བ་འདེབས་པ། བྱིན་རླབས་ཞུ་བ་སོགས་བཤད་པའོ། །དང་པོ་ལ་མཆོད་ཡུལ་བླ་མ་བསྒོམ་ཚུལ་དང་། དེ་ལ་མཆོད་པ་ཇི་ལྟར་བྱ་བའི་རིམ་པ་དང་གཉིས། དང་པོ་ལ་གཉིས། གནས་གང་དུ་བསྒོམ་པ། བསྒོམ་པའི་ཚུལ་དངོས་སོ། །དང་པོ་ནི། སྤྱིར་བླ་མ་བསྒོམ་ཚུལ་ལ་གསུམ་ཡོད་དེ། བླ་མ་འདི་ཉིད་ཀྱིས་གསུངས་པའི་བློ་བཟང་བཞེད་པའི་སྒྲ་དབྱངས་ལས། བླ་མ་གང་དུ་བསྒོམ་པའི་གནས། མདུན་དང་སྤྱི་གཙུག་སྙིང་གི་དཀྱིལ། །ཞེས་པ་ལྟར་ཡོད་ཀྱང་། ཕྱི་མ་གཉིས་འོག་ཏུ་འཆད་ལ། སྐབས་འདིར་ནི་དང་པོ་ལྟར་བྱ་སྟེ། དེ་ཡང་། བདེ་སྟོང་དབྱེར་མེད། ནས༴ ཉི་ཟླ་རྒྱས་པའི་སྟེང་། ཞེས་པའི་བར་གསུངས་ཏེ། རྐང་པ་དང་པོའི་དོན་འཆད་ཚུལ་ལ་ཅུང་མི་འདྲ་བ་རེ་ཡོད་ཀྱང་འདིར་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཡུལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཡུལ་ཡུལ་ཅན་གཉིས་གཉིས་སྣང་ཐམས་ཅད་དང་བྲལ་བ་ཆུ་ལ་ཆུ་ཞུགས་པ་བཞིན་དུ་ངོ་བོ་དབྱེར་མེད་དུ་སོང་བའམ། ཡང་ན་དེ་ལྟར་གྱུར་པར་མོས་ཏེ་དེའི་ངང་ནས་རང་གི་མདུན་གྱི་ཐད་སོར་ལྷ་ལམ་སྟེ་ནམ་མཁའ་ཡངས་པར་ངོ་བོ་བདེ་སྟོང་གི་ཡེ་ཤེས་དེ་ཉིད་ཡིན་པ་ལ་རྣམ་པ་ཀུན་ཏུ་སྟེ་ཐམས་ཅད་དུ་བཟང་ཞིང་ཁྱད་པར་དུ་འཕགས་པའི་མཆོད་སྤྲིན་གྱི་ཚོགས་དཔག་ཏུ་མེད་པ་འཁྲིགས་པའི་དབུས་སུ་བསྒོམས་པར་བྱའོ་ཞེས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་མཚུངས་པའི་དབུས་སུ་ཞེས་སྦྱར་ཡང་རུང་། འོ་ན། གདན་གྱི་ཁྱད་པར་ཇི་འདྲ་བའི་སྟེང་དུ་སྒོམ་པར་བྱེད་ཅེ་ན། སྔར་བཤད་པའི་མཆོད་སྤྲིན་གྱི་དབུས་དེར། ཡལ་ག་ལོ་མ་མེ་ཏོག་འབྲས་བུ་རྣམས་ཀྱིས་ཡོངས་སུ་མཛེས་ཤིང་། འདོད་དགུ་སྟེ་ཅི་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་ལྗོན་པའི་རྩེ་མོར། གདོང་དངོས་དང་སྦར་མོ་བཞིས་འཛིན་པ་སོགས་གདོང་གི་བྱ་བ་བྱེད་ནུས་པས་ན། གདོང་ལྔ་པ་སྟེ་སེང་གེ་བརྒྱད་ཀྱིས་བཏེགས་ཅིང་། གཟི་འོད་འབར་བའི་རིན་ཆེན་ཏེ་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཕུན་སུམ་ཚོགས་པའི་སྟེང་དུ། ཆུ་སྐྱེས་ཏེ་པདྨ་དང་། དེའི་སྟེང་དུ་ཉི་མ་དང་ཟླ་བ་ཆ་ཤས་རྒྱས་པ་སྟེ་ཉ་གང་བའི་གདན་རྣམས་ཀྱི་སྟེང་དུ་སྒོམ་པར་བྱེད་པ་ཡིན་ནོ། ཁ་ཅིག་གདོང་ལྔའི་དོན་སྔར་བཤད་པ་ལྟར་བྱས་ན་ཁ་ལྔ་པར་འགྱུར་གྱི། གདོང་ལྔ་པར་མི་འགྱུར་བས་སེངྒེའི་སྣ་དང་མཁུར་ཚོས་གཉིས་དང་དཔྲལ་བ་དང་མ་ལེ་སྟེ་ལྔའོ་ཞེས་ཟེར་བས་བརྟག །གཉིས་པ་སྒོམ་ཚུལ་དངོས་བཤད་པ་ལ་གཉིས། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའོ། །དང་པོ་ལ་གཉིས། གཙོ་བོ་བསྐྱེད་པ་དང་། འཁོར་བསྐྱེད་པའི་ཚུལ་ལོ། །དང་པོ་ལ་གཉིས། བསྒོམ་བྱའི་གཙོ་བོ་ངོས་བཟུང་བ་དང་། དེ་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི། བཀའ་དྲིན་གསུམ་ལྡན་སོགས་རྐང་པ་གཅིག་གསུངས་ཏེ། རང་ལ་དབང་བསྐུར། རྒྱུད་བཤད། མན་ངག་གནང་བའི་བཀའ་དྲིན་གསུམ་དང་ལྡན་པའི་རྩ་བའི་བླ་མ་སྟེ་ལེགས་ཚོགས་འབྱུང་བའི་རྩ་བར་གྱུར་པ་དང་། ཡང་ན་མན་ངག་རྣམས་འབྱུང་བའི་རྩ་བར་གྱུར་པ་སོགས་བཤད་ཚུལ་མང་དུ་ཡོད་ཅིང་། དེ་དག་ལས་བཀའ་དྲིན་གསུམ་ལྡན་གཙོ་བོ་ཡིན་ཡང་། གཉིས་ལྡན་དང་གཅིག་ལྡན་ཀྱང་སྐབས་དང་སྦྱར་རོ། །དེ་ལྟ་བུའི་བླ་མའི་ངོ་བོ་གང་ཞེ་ན། སྤྱིར་མཆོག་དམན་ཇི་ལྟར་ཡིན་ཡང་། འདིར་མོས་པ་ལ་བལྟོས་ནས་བླ་མ་དེ་ནི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་དེ་བདག་ཉིད་ཅན་ནོ། །གཉིས་པ་ཇི་ལྟར་སྒོམ་པར་བྱེད་ཚུལ་ལ་གསུམ། སྤྲུལ་སྐུར་སྒོམ་པ། ལོངས་སྐུར་སྒོམ་པ། ཕུང་སོགས་ལྷར་སྒོམ་པར་བྱེད་པའི་ཚུལ་ལོ། །དང་པོ་ནི། རྣམ་པ་ངུར་སྨྲིག །ཞེས་པ་ནས། དབུ་ལ་མཛེས་ཞེས་པའི་བར་གསུངས་ཏེ། རྣམ་པ་གང་དུ་སྒོམ་པར་བྱེད་ཅེ་ན། ལོངས་སྤྲུལ་གཉིས་ལས་སྤྲུལ་སྐུའི་དབང་དུ་བྱས་ན། རྣམ་པ་ཆོས་གོས་ངུར་སྨྲིག་འཛིན་པའི་དགེ་སློང་ཞལ་གཅིག་ཕྱག་གཉིས་པ་ཞལ་ལས་དགྱེས་པའི་འཛུམ་དཀར་འཕྲོ་བ་སྟེ་ཞལ་འཛུམ་པ་དང་ལྡན་པ། ཕྱག་གཡས་ཐུགས་ཀར་ཆོས་འཆད་དང་། གཡོན་པ་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཁ་དོག་གུར་གུམ་གྱི་མདངས་ལྟར་དམར་སེར་དང་ལྡན་པའི་སྣམ་སྦྱར་བླ་གོས་མཐང་གོས་ཏེ་ཆོས་གོས་གསུམ་སྐུ་ལ་མཛེས་པར་གསོལ་ཞིང་། གསེར་གི་མདོག་ལྟར་སེར་བའི་པཎ་ཞྭས་དབུ་ལ་མཛེས་པར་བྱས་པའོ། །ལྷུང་བཟེད་ནི་ཟས་ལྷུང་བ་བཟེད་པའི་སྣོད་ཡིན་པས་ན་དང་པཎ་ཞྭ་ནི་མཁས་པའི་ཞྭ་ཡིན་པས་དེ་ལྟར་བཏགས་སོ། །གཉིས་པ་ལོངས་སྐུར་སྒོམ་པ་ནི། རྣམ་པ་ཁྱབ་བདག །ཞེས་པ་ནས། ན་བཟས་བཀླུབས། ཞེས་པའི་བར་གསུངས་ཏེ། འདིར་དཔེ་མི་འདྲ་བ་སྣང་ཡང་བར་མའི་ཚིག་དོན་ལྟར་བཤད་པར་བྱའོ། །དེ་ཡང་སེམས་དཔའ་སུམ་བརྩེགས་བྱེད་པ་ལྟར་ན། སྤྲུལ་སྐུའི་ཐུགས་ཀར་ལོངས་སྐུ་རྡོ་རྗེ་འཆང་བསྒོམ་དགོས་པས་དེ་ལྟར་བྱེད་པའི་ཚེ། མཛེས་ཞེས་པའི་མཚམས་ནས། ཐུགས་ཀར་ཁྱབ་བདག་རྡོ་རྗེ་འཆང་ཞེས་སོགས་བྱ་ལ། པར་མ་ལྟར་སྤྲུལ་སྐུའི་རྣམ་པར་མི་བསྒོམ་པར་ཡང་ན། ལོངས་སྐུར་བསྒོམ་འདོད་ན། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ཅེས་པའི་མཚམས་ནས་བླ་མ་དེ་ཉིད་རྣམ་པ་རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་དབང་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་ཞིང་། མཚོན་བྱེད་དཔེའི་རྡོར་དྲིལ་བཟུང་ནས། ཡུམ་རྡོ་རྗེ་དབྱིངས་ཕྱུག་མར་འཁྱུད་ཅིང་ཡབ་ཡུམ་སྙོམས་པར་ཞུགས་པའི་ལྷན་སྐྱེས་ཀྱི་བདེ་བ་དང་། རང་བཞིན་གྱིས་སྟོང་པ་དབྱེར་མེད་པའི་བདེ་སྟོང་གི་རྣམ་པར་རོལ་པ་སྟེ་ལོངས་སྤྱོད་པའི་ཚུལ་གྱིས་དགྱེས་བཞིན་དུ་བཞུགས་པའོ། །དེ་ལྟ་བུའི་སྐུ་དེ་ཡང་རྒྱན་གྱི་རྣམ་པ་མང་པོ་དང་ན་བཟའ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། རིན་ཐང་ཆེན་པོ་དང་ལྡན་པ་གསེར་ལ་སོགས་པའི་རིན་པོ་ཆེའི་རྒྱན་གྱི་ཁྱད་པར་དུ་མས་སྤྲས་ཤིང་། ལྷ་རྫས་སྟེ་ཕུན་སུམ་ཚོགས་པའི་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ་སྟེ་བརྒྱན་པའི་རྣམ་པར་བསྒོམ་པ་ཡིན་པའི་ཕྱིར། ཞེས་སོ། །ཞེས་པ་སྤྲུལ་སྐུ་རྐྱང་པའམ། ལོངས་སྐུའི་རྣམ་པར་བསྒོམ་པ་རང་གི་བློ་དང་བསྟུན་ནས་སྦྱོར། དེ་གཉིས་ཏེ་སྤྲུལ་སྐུ་ལོངས་སྐུ་གཉིས་གང་མོས་སུ་བསྒོམས་པ་ཅི་བྱས་ཀྱང་ཚིག་གི་འཕྲོ་ནས་འཆད་འགྱུར་འདི་ལྟར་བྱའོ། ཁ་ཅིག་སྤྲུལ་སྐུ་བླ་མ་དམ་ཚིག་པ་དང་། དེའི་ཐུགས་ཀར་ཡེ་ཤེས་པ་ཐུབ་དབང་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་འཆང་ཡབ་ཡུམ་བསྒོམ་པར་བཤད་ལ། ཁ་ཅིག་ཐུབ་དབང་མི་བསྒོམ་པར་ཐུགས་ཀའི་ཧཱུཾ་ཡིག་ཏིང་ངེ་འཛིན་སེམས་པར་འདོད་དེ་ཕྱི་མ་ཅུང་ལེགས། ལུགས་དེ་གཉིས་ཀ་ལྟར་ནའང་། ལོངས་སྤྲུལ་གཉིས་ཀ་ངེས་པར་བསྒོམ་པར་སོང་བས་གཞུང་འདིར་དེ་གཉིས་གང་བྱས་ཀྱང་ཞེས་གདམ་པ་ཅན་དུ་གསུངས་པ་དང་ཅུང་མི་མཐུན་ཀྱང་། ཕྱི་མ་ཕྱག་ལེན་དང་མཐུན་ནོ། །དེ་གཉིས་ཐུན་མོང་གི་རྒྱན་གྱི་ཁྱད་པར་སྟོན་པ་ལ། མཚན་དཔེའི་རྒྱན། ཞེས་པ་ནས། སྐྱིལ་ཀྲུང་ཚུལ་གྱིས་བཞུགས། ཞེས་པའི་བར་ཚིགས་རྐང་ཕྱེད་གཉིས་གསུངས་ཏེ། ཕྱག་ཞབས་ཀྱི་མཐིལ་འཁོར་ལོས་རྒྱན་པ་སོགས་མཚན་སོ་གཉིས། སེན་མོ་ཟངས་མདོག་ལ་སོགས་པ་དཔེ་བྱད་བརྒྱད་ཅུའི་བརྒྱན་དང་ལྡན་པ། སྐུ་ལས་འོད་ཟེར་སྟོང་ཕྲག་དུ་མ་འབར་ཞིང་། འོད་ཀྱི་དཀྱིལ་འཁོར་འཇའ་ཚོན་སྣ་ལྔ་ལྟ་བུ་ཁ་དོག་རྣམ་པ་ལྔས་བསྐོར་བའི་དབུས་ན། རྡོ་རྗེའི་སྐྱིལ་ཀྲུང་གི་ཚུལ་གྱིས་བཞུགས་པའི་རྣམ་པར་བསྒོམ་པར་བྱའོ། །གསུམ་པ་ཕུང་སོགས་ལྷར་སྒོམ་པ་ནི། ཕུང་པོ་རྣམ་དག་བདེ་གཤེགས་ལྔ། ཞེས་པ་ནས། ཞབས་ཀྱི་གདན། ཞེས་པའི་བར་རྐང་པ་ཕྱེད་བཞི་སྟེ། སྔར་བཤད་པའི་བླ་མ་དེ་ཉིད་ལྷའི་རྣམ་པར་ལྟར་བར་མ་ཟད། དེའི་ཕུང་ཁམས་སྐྱེ་མཆེད་སོགས་ལྷའི་རང་བཞིན་དུ་བལྟ་བར་བྱ་དགོས་པ་ཡིན་ཏེ། སྤྱི་བོར་རྣམ་པར་སྣང་མཛད་ཅེས་སོགས་འབྱུང་བ་ལྟར་རྣམ་སྣང་སྤྱི་བོར་འགོད་པ་སོགས་བྱས་ཏེ། གཟུགས་ཕུང་རྣམ་སྣང་། དེ་བཞིན་དུ་ཚོར་ཕུང་རིན་འབྱུང་། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་གྲུབ། རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པ་སྟེ་མདོར་ན་ཕུང་པོ་ལྔ་པོ་དེ་དག་རང་རང་རྣམ་པར་དག་པ་བདེ་བར་གཤེགས་པ་ལྔའི་རང་བཞིན་དུ་བལྟ་དགོས་པས་སོ། །ས་ཆུ་མེ་རླུང་གི་ཁམས་བཞི་པོ། སྤྱན་སོགས་ཡུམ་བཞིར་སྒོམ་པར་བྱེད་པ་ཡིན་ཏེ། ལྟེ་བ་སྤྱན་མ་ཞེས་སོགས་འབྱུང་བ་ལྟར། ཤ་ས་ཁམས་རྣམ་པར་དག་པ་སྤྱན་མ། ཁྲག་ཆུ་ཁམས་མཱ་མ་ཀི། དྲོད་མེ་ཁམས་གོས་དཀར་མོ། །དབུགས་རླུང་ཁམས་སྒྲོལ་མའི་རྣམ་པར་ལྟ་དགོས་པའི་ཕྱིར་རོ། །མིག་གི་སྐྱེ་མཆེད་སོགས་སྐྱེ་མཆེད་དྲུག་དང་རྩ་རྒྱུས་དང་ཚིག་རྣམས་བྱང་ཆུབ་སེམས་དཔའ་བརྒྱད་དུ་དངོས་སུ་ལྟ་དགོས་སྟེ། མིག་ཏུ་སའི་སྙིང་པོ་ཞེས་སོགས་འབྱུང་བ་ལྟར། མིག་རྣམ་པར་དག་པ་ས་སྙིང་རྣ་བ་ཕྱག་རྡོར། སྣ་ནམ་སྙིིང་། ལྕེ་སྤྱན་རས་གཟིགས། ཡིད་འཇམ་དཔལ། ལུས་སྒྲིབ་སེལ། རྩ་རྒྱུས་བྱམས་པ། ཚིག་ཀུན་དུ་བཟང་པོའི་ངོ་བོར་ལྟ་དགོས་པའི་ཕྱིར། སྐུའི་བ་སྤུ་ཉིས་ཁྲི་ཆིག་སྟོང་དགྲ་བཅོམ་པ་ཉིས་ཁྲི་དང་གཅིག་སྟོང་དང་། ལག་པ་གཡས་ལ་གཤིན་རྗེ་གཤེད་ཅེས་སོགས་འབྱུང་བ་ལྟར་ཡན་ལག་སོགས་ཁྲོ་བོའི་དབང་པོ་བཅུའི་རང་བཞིན་ཉིད་དུ་སྐད་ཅིག་གིས་བསྐྱེད་ཅིང་བལྟ་བར་བྱ་སྟེ། དེ་དག་གི་ནི་བསྐྱེད་ཚུལ་རྒྱས་པར་དཔལ་གསང་བ་འདུས་པའི་ལུས་དཀྱིལ་གྱི་སྐབས་སུ་ཤེས་པར་བྱའོ། །དེར་ཡང་མ་ཟད་སྐུའི་འོད་ཟེར་རྣམས་ཕྱོགས་སྐྱོང་བཅུའི་རང་བཞིན་དང་། གནོད་སྦྱིན་དང་། གསང་བ་སྟེ་དྲི་ཟ་དང་། ཞེས་ཁ་ཅིག་བཞེད། ལ་ལ་གནོད་སྦྱིན་ཉིད་གསང་བ་པར་འདོད་དོ། །འཇིག་རྟེན་པ་རྣམས་ཞབས་ཀྱི་གདན་ཞེས་པའི་འཇིག་རྟེན་པ་ནི་ཁ་ཅིག་ཚངས་པ་སོགས་ཕྱོགས་སྐྱོང་བཅུ་ལ་འདོད་ཅིང་། འཇིག་རྟེན་སྐྱོང་བ་བཞི་སོགས་ལའང་བཤད་དགོས་པར་སེམས་ལ། ལྷ་དེ་རྣམས་གདན་གྱི་ངོ་བོར་མོས་པ་ཙམ་དང་། ལྷའི་རྣམ་པ་ཅན་གཉིས་ལས་སྔ་མ་བདེ། གཉིས་པ་འཁོར་བསྐྱེད་ཚུལ་ནི། མཐའ་སྐོར་རིམ་བཞིན། ཞེས་པ་ནས། རྡོ་རྗེ་གསུམ་མཚན་ཞེས་པའི་བར་རྐང་པ་ཕྱེད་དང་གསུམ་སྟེ། ཁྲོམ་འཚོགས་མཐོ་བརྩེགས་གཉིས་ལས་འདིར་ཁྲོམ་འཚོགས་ཡིན་པས། གཙོ་བོ་དེ་ཉིད་ཀྱི་མཐའ་སྐོར་དུ་ནང་ནས་ཕྱི་རིམ་བཞིན་དུ། པད་ཟླའི་གདན་ལ་རང་ལ་དངོས་སུ་ཆོས་འབྲེལ་ཡོད་པ་དངོས་ཀྱི་བླ་མ་རྣམས་དང་། དེ་དག་གི་ཡང་གོང་མ་བརྒྱུད་པའི་བླ་མ་རྣམས་དང་། བླ་མ་དེ་རྣམས་ཀྱི་ཕྱི་རོལ་ཏུ་གསང་བདེ་འཇིགས་གསུམ་སོགས་རྒྱུད་སྡེ་བཞིར་གཏོགས་པའི་ཡི་དམ་དཀྱིལ་འཁོར་གྱིི་ལྷ་ཚོགས་དང་། དེ་དག་གི་ཕྱི་རོལ་ཏུ་སངས་རྒྱས་རྣམས་དང་། དེ་རྣམས་ཀྱི་ཕྱི་རོལ་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་རྣམས་ཀྱི་ཕྱི་རོལ་ཏུ་རྩ་བ་ལས་མི་གསལ་ཡང་། དོན་གྱིས་ཐོབ་པ་ཉན་རང་རྣམས་དང་། དེའི་ཕྱི་རོལ་ཏུ། དཔའ་པོ་མཁའ་འགྲོ་རྣམས་དང་། ཐམས་ཅད་ཀྱི་ཐ་མར་བསྟན་སྲུང་ཁྲོ་བོའི་དབང་པོའི་ཚོགས་རྒྱ་མཚོ་མང་ཚིག་ཡིན་པས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པར་བསམ་པར་བྱའོ། །རྣམ་པ་ཅིག་ཏུ་ན་འདིར་བླ་མེད་ཀྱི་སྐབས་ཡིན་པ་ལ་དགོངས་ནས་ཉན་རང་བཞག་པ་ཡིན་ནམ་བརྟག །སྔར་བཤད་པའི་ལྷ་ཚོགས་དེ་དག་གི་ལུས་ཀྱི་སྒོ་སྤྱི་གཙུག་དང་། ངག་གི་སྒོ་མགྲིན་པ་དང་། ཡིད་ཀྱི་སྒོ་ཐུགས་ཀ་སྟེ་སྒོ་གསུམ་པོ་དེ་རྣམས་སུ་རྡོ་རྗེ་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་ས་བོན་ༀ་ཨཱཿཧཱུྃ་གི་ཡི་གེ་ཁ་དོག་དཀར་དམར་མཐིང་གསུམ་གྱིས་རིམ་པ་བཞིན་དུ་མཚན་པར་བསྒོམ་པར་བྱའོ། །ཞེས་སྦྱོར། གཉིས་པ་སྤྱན་དྲངས་ནས་བསྟིམ་པའི་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། དང་པོ་ནི། ཧཱུྃ་ཡིག་འོད་ཟེར་ཞེས་སོགས་རྐང་པ་ཕྱེད་གཉིས་གསུངས་ཏེ། སྔར་བཤད་པའི་དམ་ཚིག་པ་གཙོ་འཁོར་སོ་སོའི་ཐུགས་ཀའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས་རང་བཞིན་གྱི་གནས་ཏེ་རང་བཞིན་གྱིས་སྟོང་པ་ཆོས་སྐུ་ལ་རང་བཞིན་གི་གནས་སུ་བྱས་པ་དང་། ལོངས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་པ་དང་། གནས་བྱེ་བྲག་པ་འོག་མིན་སོགས་ལ་རང་བཞིན་གྱི་གནས་སུ་བྱས་པ་དེ་གསུམ་པོ་གང་ཡང་རུང་བ་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ལོངས་སྤྲུལ་གྱི་རྣམ་པ་ཅན་འཁོར་དང་བཅས་པ་རྣམས་སྐད་ཅིག་གིས་འདིར་སྤྱན་དྲངས་ཏེ། ཡེ་ཤེས་པ་དེ་རྣམས་དམ་ཚིག་པ་གཙོ་འཁོར་སོ་སོ་ལ་དབྱེར་མེད་པར་ཐིམ་པས། ཇི་སྲིད་དགོས་པ་མ་གྲུབ་པ་དེ་སྲིད་དུ་བརྟན་པར་གྱུར་ནས་བཞུགས་ཞེས་པའོ། །གཉིས་པ་སྤྱན་འདྲེན་རྒྱས་པར་བཤད་པ་ནི། ཕུན་ཚོགས་བདེ་ལེགས་འབྱུང་གནས་སོགས་རྐང་པ་བཞི་གསུངས་ཏེ། ཕུན་སུམ་ཚོགས་པ་མངོན་མཐོ་ལྷ་མིའི་བདེ་བ་དང་། ངེས་པར་ལེགས་པ་ཉན་རང་སངས་རྒྱས་ཀྱི་བྱང་ཆུབ་གསུམ་གྱིས་བསྡུས་པའི་ལེགས་ཚོགས་མ་ལུས་པ་འབྱུང་བའི་གནས་སམ་གཞི། འདས་མ་འོངས་ད་ལྟའི་དུས་གསུམ་གྱི་རྩ་རྒྱུད་བླ་མའི་ཚོགས་རྣམས་དང་། རྒྱུད་སྡེ་བཞིའི་དཀྱིལ་འཁོར་དུ་གཏོགས་པ་ཡི་དམ་གྱི་ལྷ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཏེ་དཀོན་མཆོག་གསུམ་དང་། ལྷ་ཕོའི་རྣམ་པར་བསྟན་ནས་རིགས་འཛིན་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་དཔའ་བོ་དང་། ལྷ་མོའི་རྣམ་པར་བསྟན་ནས་ནམ་མཁའ་ནས་དག་པའི་ཞིང་སོགས་ལ་འགྲོ་བ་དང་འོང་བའི་བྱ་བ་བྱེད་པའི་མཁའ་འགྲོ་མ་རྣམས་དང་། དམ་པའི་ཆོས་དང་དེ་འཛིན་པའི་སྐྱེས་བུ་ཆོས་བཞིན་དུ་སྐྱོང་བར་བྱེད་པའི་སྲུང་མའི་ཚོགས་དང་བཅས་པ་རྣམས་ཐུགས་རྗེ་སྟེ་སྙིང་རྗེའི་དབང་གིས་གུས་པས་སྤྱན་འདྲེན་ཅིང་མཆོད་པའི་གནས་འདིར་གཤེགས་ནས་དམ་ཚིག་པ་རྣམས་དང་དབྱེར་མེད་བརྟེན་པ་སྟེ་འགྱུར་མེད་དུ་བཞུགས་སུ་གསོལ་ཞེས་སོ། །སྐབས་འདིའི་གཞུང་འགའ་ཞིག་ཏུ། ཆོས་རྣམས་རང་བཞིན་འགྲོ་འོང་ཞེས་སོགས་ཀྱི་ཚིགས་བཅད་གཅིག་དང་། དེའི་འཕྲོ་ནས་ༀ་རཏྣ་གུ་རུ་ཞེས་སོགས་སྔགས་ཀྱི་སྤྱན་འདྲེན་ཞིག་ཀྱང་འདུག་པ་ནི། གཞུང་གཞན་ནས་འབྱུང་བ་ཞིག་འདིར་བཅུག་པར་སྣང་ཞིང་། དེ་ནི་ཆོས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་བླ་མ་དང་རྡོ་རྗེ་འཆང་དབྱེར་མེད་དུ་བལྟ་བ་ནི་རྒྱུད་མང་པོའི་དགོངས་པ་ལྟར་བླ་མ་ལྔ་བཅུ་པར། སློབ་དཔོན་དང་ནི་རྡོ་འཛིན། ཐ་དད་པར་ནི་མི་བརྟག་གོ །ཞེས་གསུངས་པ་ལྟར་ཡིན་ལ། དེའི་ཕུང་སོགས་རིགས་ལྔ་སོགས་སུ་བསྒོམ་པ་ནི། རྒྱུད་རྡོ་རྗེ་འཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། རྒྱལ་བའི་སྐུ་ནི་རིམ་བཞིན་གནས། ཞེས་སོགས་གསུངས་པའི་དོན་ཡིན་པ་ལྟར། རྡོ་རྗེ་མཁའ་འགྲོ་ལས་ཀྱང་གསུངས་ལ། བླ་མ་ལྔ་བཅུ་པའི་ཊིཀྐ་ཡང་རྗེ་ཉིད་ཀྱིས་རྒྱས་པར་བཀའ་སྩལ་བས་ན། དེ་ལྟར་ཚོགས་ཞིང་གསལ་བཏབ། ཡེ་ཤེས་པ་དགུག་གཞུག །སྐྱབས་གསུམ་ཀུན་འདུས་པའི་བདག་ཉིད་དུ་མོས་པ་དུང་དུང་བ་བྱའོ། །གཉིས་པ་དེ་ལ་མཆོད་པ་ཇི་ལྟར་བྱ་བའི་རིམ་པ་བསྟན་པ་ལ་གཉིས། ཕན་ཡོན་བཤད་པས་མཚམས་སྦྱར་བ་དང་། མཆོད་པ་ཇི་ལྟར་བྱ་བ་དངོས་སོ། །དང་པོ་ནི། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔར། མཆོད་པ་ཐམས་ཅད་རྣམ་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་པ་པས། བླ་མ་མཆོད་པ་དོན་ཆེ་བར་གསུངས་པ་ལ་ངེས་ཤེས་དྲངས་ཏེ་མཆོད་པར་བྱའོ། །གཉིས་པ་མཆོད་པ་ཇི་ལྟར་བྱ་བ་དངོས་ནི། དེ་ནས་ཡན་ལག་བདུན་པ་འབུལ་བ་ཡིན་ལ། འདི་ལ་གཉིས། སོ་སོར་རྒྱས་པར་བཤད་པ་དང་། བསགས་སྦྱང་སྤེལ་གསུམ་དུ་བསྡུ་བའོ། །དང་པོ་ལ་གཉིས། ཡན་ལག་དང་པོ་གཉིས་བཤད་པ། ལྷག་མ་ལྔ་བཤད་པའོ། །དང་པོ་ལ་ཕྱག་དང་། མཆོད་པ་གཉིས་ལས། དང་པོ། ཐོག་མར་ཕྱག་འཚལ་བ་ནི། གང་གི་ཐུགས་རྗེས་བདེ་བ་ཆེན་པོའི་དབྱིངས། །ཞེས་སོགས་ཚིགས་སུ་བཅད་པ་ལྔ་སྟེ། ཕྱག་འཚལ་ལོ། །གང་ལ་འཚལ་ན། རྡོ་རྗེ་འཛིན་པའམ་རྡོ་རྗེ་ཅན་ཏེ། ངེས་དོན་གྱི་རྡོ་རྗེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཐུགས་རྒྱུད་ལ་ལྡན་པ་བླ་མའི་ཞབས་ཀྱི་པདྨོར་ཏེ་ཞབས་དེ་ཉིད་ལ་པདྨོའི་མིང་གིས་བསྟན་ནས། དེ་ལ་གུས་པས་འདུད་པའོ། །འོ་ན། དེ་ལ་འདུད་པས་ཕན་ཡོན་ཅི་ཞིག་འབྱུང་ཞེ་ན། སྔར་བཤད་པའི་བླ་མ་གང་གི་ཐུགས་རྗེས། བརྩོན་འགྲུས་ཤིན་ཏུ་འབར་བ་རིན་པོ་ཆེ་ལྟ་བུའི་གང་ཟག་ཁྱད་པར་ཅན་ལ། ཐུན་མོང་གི་དངོས་གྲུབ་སྩོལ་བར་མ་ཟད། གཏན་དུ་འགྱུར་མེད་བདེ་བ་ཆེན་པོའི་དབྱིངས་ཏེ་གནས་ཆོས་སྐུ་སོགས་སྐུ་གསུམ་གྱི་གོ་འཕང་མཆོག་ཀྱང་སྐད་ཅིག་སྟེ་སྙིགས་དུས་ཀྱི་ཚེ་ཅིག་ལ་སྩོལ་བར་མཛད་པ་ཡིན་ནོ། །བླ་མ་དེ་ཇི་ལྟ་བུ་དང་ཆོས་མཚུངས་ཞེ་ན། བླ་མ་དེ་ཉིད་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུའི་སྐུ་མངའ་བས་དེ་དང་མཚུངས་སོ། །དེ་ཡང་ཡིན་ཏེ། དཔེར་ན། ཡིད་བཞིན་གྱི་ནོར་བུ་དེ་ཉིད་བྱི་དོར་ལེགས་པར་བྱས་ཏེ་རྒྱན་རྣམས་ཀྱིས་བརྒྱན་ནས་རྒྱལ་མཚན་གྱི་རྩེ་མོར་བཀོད་དེ་མཆོད་ཅིང་གསོལ་བཏབས་ན། ཅི་འདོད་ཀྱི་དངོས་གྲུབ་སྩོལ་བ་དེ་བཞིན་དུ། སྔར་བཤད་པའི་ཚད་ལྡན་གྱི་བླ་མ་དེ་ཚུལ་བཞིན་བསྟེན་པས། གནས་སྐབས་མངོན་མཐོའི་བདེ་བ་དང་། མཐར་ཐུག་སངས་རྒྱས་ཉིད་སྩོལ་བའི་ཕྱིར་རོ། །ཞེས་བྱའོ། ཡང་ཕྱག་འཚལ་ལོ། །གང་ལ་ན། འཇིགས་པ་ལས་སྐྱོབ་པས་སྐྱབས་དང་། བདེ་བས་ཕན་པར་མཛད་པས་མགོན་དང་། དམ་པ་སྟེ་མཆོག་ཏུ་གྱུར་པའི་བླ་མའི་ཞབས་ལའོ། །འོ་ན་བླ་མ་དེ་ངོ་བོའི་ཁྱད་པར་ཐ་མལ་བ་ཞིག་ཡིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། རབ་འབྱམས་ཏེ་དེ་ལ་རབ་འབྱམས་མཚམས་སྦྱོར། རབ་འབྱམས་རྒྱུད། རབ་འབྱམས་རྒྱུད་བར་མ། རབ་འབྱམས་རྒྱ་མཚོའི་ཞིང་རྣམས་ན་བཞུགས་པའི་རྒྱལ་བ་སྟེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བའི་སངས་རྒྱས་རྣམས་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི། གདུལ་བྱའི་བསམ་པ་དང་མཐུན་པར་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་ཅི་ཡང་འཆར་བ་སྟེ་སྣ་ཚོགས་སྟོན་པའི་ཐབས་མཁས་མཆོག་གི་མཛད་པ་དུ་མ་ཞིག་སྣང་བ་ལས། དེང་སང་བདག་ཅག་སྙིགས་དུས་ཀྱི་བློ་དམན་འགྲོ་བའི་ངོར། ན་བཟའ་ངུར་སྨྲིག་འཛིན་པའི་དགེ་སློང་གི་གར་གྱིས་ཏེ་གཟུགས་ཀྱི་རྣམ་པར་རོལ་པ་འམ་རྣམ་པར་བསྟན་པ་ཡིན་པའི་ཕྱིར་རོ། །ཡང་ཕྱག་འཚལ་ལོ། །གང་ལ་ན། རྗེ་བཙུན་ཏེ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་མཛད་པའི་བླ་མའི་ཞབས་ལའོ། །འོ་ན། དེ་ཡོན་ཏན་ཅི་ཞིག་དང་ལྡན་སྙམ་ན། བླ་མ་དེ་ཉིད་ནི། ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཉེས་པ་སྒྲིབ་གཉིས་ཀུན་དང་བག་ཆགས་ཏེ་དེ་བསྐྱེད་པའི་གཞི་ས་བོན་དང་བཅས་པ་དྲུང་སྟེ་རྩ་བ་ནས་བྱུང་ཞིང་སྤངས་པའི་སྤངས་པ་དང་། དཔག་ཏུ་མེད་པའི་ཡོན་ཏན་རིན་ཆེན་ཏེ་བྱང་ཆུབ་ཀྱི་སེམས་ལ་སོགས་རྟོགས་པའི་ཡོན་ཏན་གྱི་ཚོགས་ཀྱི་གཏེར་རེ་མཛོད་དུ་གྱུར་པས་རང་དོན་རྫོགས་པ་དང་། འགྲོ་བ་རྣམས་ཀྱི་གནས་སྐབས་ཕན་པ་དང་། མཐར་ཐུག་བདེ་བ་མ་ལུས་པ་འབྱུང་བའི་སྒོ་དེ་ལྟ་བུ་གཞན་མེད་པ ས་ན་གཅིག་བུ་སྟེ་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཡང་ཕྱག་འཚལ་ལོ། །གང་ལ་ན། བླ་མ་ལས་གཅིག་ཙམ་མ་ཡིན་པར་ཆོས་ཀྱི་བཀའ་དྲིན་མནོས་པའི་དྲིན་ཅན་གྱི་བླ་མ་རྣམས་ལའོ། །དེ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། ལྷར་ཏེ་ལྷ་དང་བཅས་པའི་འགྲོ་བ་རྣམས་ལ། རང་ཉིད་ཀྱིས་ཇི་ལྟར་གཟིགས་པ་བཞིན་དུ་ལེགས་པར་འདོམས་པར་མཛད་པའི་སྟོན་པ་སངས་རྒྱས་ཀུན་གྱི་དངོས་པོ་སྟེ་ངོ་བོ་ཡིན་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དུག་གསུམ་ཆ་མཉམ་པ་རེ་རེའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉིས་ཁྲི་ཅིག་སྟོང་རེ་གསུངས་པས་ན་བརྒྱད་ཁྲི་དང་བཞི་སྟོང་གི་དམ་པའི་ཆོས་ཀྱི་འབྱུང་བའི་གནས་སུ་གྱུར་པ་དང་། འཕགས་པའི་དགེ་འདུན་གྱི་ཚོགས་ཀུན་གྱི་དབུས་ན་སྐུ་གསུང་ཐུགས་ཀྱི་གཟི་བརྗིད་དམ་ཡོན་ཏན་གྱི་དཔལ་གྱིས་ལྷང་ངེ་བར་བཞུགས་པའི་བདག་ཉིད་ཅན་ཡིན་ནོ། །ཡང་ཕྱག་འཚལ་ལོ། །གང་ལ་ན། སྐྱབས་ཡུལ་ཕྱག་བྱ་བའི་འོས་སུ་གྱུར་པ་ཐམས་ཅད་ལའོ། །འོ་ན། དེ་གང་ཡིན། ཇི་ལྟར་ཕྱག་འཚལ་ཞེ་ན། དང་པོ་ནི། འདས་མ་འོངས་ད་ལྟའི་དུས་གསུམ་དུ་བྱོན་པ་དང་འབྱོན་པ་རྣམས་དང་། ཤར་ལ་སོགས་པ་ཕྱོགས་བཅུར་བཞུགས་པའི་བླ་མ་རྣམས་དང་། རིན་ཆེན་མཆོག་གསུམ་ཏེ་དཀོན་མཆོག་གསུམ་ཞེས་པ་ཡིན་ལ། དེའི་དོན་ནི་རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཇི་ལྟར་ཕྱག་འཚལ་བ་ནི། གོང་དུ་བཤད་པའི་ཡུལ་དེ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བ་ཡིན་ཏེ། དེ་དག་ལ་དད་ཅིང་མོས་པ་བསྐྱེད་པ་ནི་ཡིད་ཀྱི་ཕྱག་དང་། དེས་ཀུན་ནས་བསླངས་ཏེ་དེ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་བསྟོད་པའི་དབྱངས་རྒྱ་མཚོ་སྟེ་མང་པོ་བསྒྲགས་པ་ནི་ངག་གི་ཕྱག་དང་། དེ་དང་བཅས་པ་སྟེ་མཉམ་དུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ལུས་སྤྲུལ་ནས་ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་འཚལ་བ་ནི་ལུས་ཀྱི་ཕྱག་ཡིན་ལ། དེ་དག་ལས་རེ་རེ་ཙམ་མ་ཡིན་པར་ཐམས་ཅད་ཀྱིས་འདུད་པའི་ཕྱིར་རོ། །འོ་ན་ལུས་དངོས་གཅིག་གིས་ཕྱག་འཚལ་བ་དང་། དེ་དང་ལྷན་ཅིག་ལ་མང་པོ་སྤྲུལ་ནས་ཕྱག་འཚལ་བ་གཉིས་ལ་ཕན་ཡོན་ཁྱད་པར་ཡོད་དམ་ཞེ་ན། ཡོད་དེ། གཅིག་གིས་བསོད་ནམས་ཆེ་བར་གྱུར་ན། མང་པོས་ལྟ་སྨོས་ཀྱང་ཅི་དགོས་པ་སྟེ་ལྷག་པར་ཆེ་བའི་ཕྱིར་ཏེ། དེ་སྐད་དུ་སློབ་དཔོན་ཡེ་ཤེས་སྡེས། ལུས་གཅིག་གིས་ཕྱག་འཚལ་བས་བསོད་ནམས་ཆེ་ན་ལུས་དེ་སྙེད་ཀྱིས་ཕྱག་འཚལ་བ་བསོད་ནམས་ཆེ་བ་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར། ཞེས་སྒོ་གསུམ་གུས་པས་ཕྱག་བྱས་པ་སྔོན་དུ་བཏང་སྟེ་ཡན་ལག་ལྷག་མ་རྣམས་བྱའོ། །གཉིས་པ་མཆོད་པ་འབུལ་བ་ནི་ཕྱག་བྱ་བའི་ཡན་ལག་ཟིན་པ་དེ་ནས་མཆོད་པའི་ཡན་ལག་ནི། མཆོད་པའི་འཁོར་གསུམ་སྟེ་མཆོད་པ་དང་། མཆོད་ཡུལ་དང་། མཆོད་མཁན་གསུམ་པོ་རྣམ་པར་མི་རྟོག་པ་བདེ་སྟོང་དབྱེར་མེད་ཀྱིས་རྒྱས་བཏབ་ནས་འབུལ་བ་ཡིན་ལ། བདེ་སྟོང་གི་དོན་རྒྱས་པར་ནི་བླ་མའི་མན་ངག་ལས་བཙལ་དགོས་སོ། །འབུལ་ཚུལ་དེ་ནི་སྟོན་པ་ལ་གཉིས། མཆོད་ཡུལ་ངོས་བཟུང་ནས་མཆོད་པ་མདོར་བསྟན་པ། མཆོད་པའི་རབ་དབྱེ་རྒྱས་པར་བཤད་པའོ། །དང་པོ་ནི། སྐྱབས་མགོན་ཞེས་སོགས་རྐང་པ་གཉིས་ཏེ། སྔར་བཤད་པའི་དོན་གྱིས་ན་སྐྱབས་མགོན་དེ་ལྟ་བུའི་རྗེ་བཙུན་བླ་མ་འཁོར་དང་བཅས་པ་རྣམས་ལ། འོག་ནས་འབྱུང་བ་ལྟར་ཕྱི་ནང་གསང་བའི་མཆོད་པ་མི་འདྲ་བའི་ཁྱད་པར་སྣ་ཚོགས་པའི་མཆོད་སྤྲིན་རྒྱ་མཚོ་སྟེ་མང་པོ་འབུལ་བ་ནི་འདི་ལྟར་རོ། །གཉིས་པ་དེ་ཉིད་རབ་དབྱེའི་སྒོ་ནས་རྒྱས་པར་བཤད་པ་ལ་ལྔ། ཕྱི་དང་། ནང་དང་། གསང་བ། དེ་ཁོ་ན་ཉིད་ཀྱི་མཆོད་པ། སྨན་དང་ལུས་འབུལ་བའོ། །དང་པོ་ཕྱིའི་མཆོད་པ་ལ་ཡང་ལྔ། ཆུ་བཞི། ཉེར་ལྔ་རོལ་མོ་དང་བཅས་པ། མཎྜལ་སོགས་དང་། སྒྲུབ་པའི་མཆོད་པ་ཞར་བྱུང་དང་བཅས་པ་བཤད་པའོ། །དང་པོ་ཆུ་བཞི་ནི། བཀོད་ལེགས་སོགས་རྐང་པ་གཉིས་ཏེ། བཤམས་ཚུལ་གྱི་བཀོད་པ་ལེགས་ཤིང་མཛེས་པ་དང་། རྒྱུ་གསེར་སོགས་རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་། དེ་ལས་འོད་འབར་ཞིང་འཁྱུག་པའི་སྣོད་ཡང་པའི་ནང་ཐམས་ཅད་ལས་འབྱུང་བའི་སྐྱོན་དག་བྱེད་ཀྱི་བདུད་རྩིའི་ཆུ་བཞི་སྟེ། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར་རྣམས་ཡིན་ལ། དལ་གྱིས་འབབ་པ་ནི། ཁ་ཅིག་དལ་བུས་འབུལ་བའི་དོན་དུ་བཞེད་ལ། འོན་ཀྱང་ཆུ་བཞི་པོ་དེ་དག་སྣོད་རྣམས་ནས་དལ་བུར་རྒྱུ་འམ་འབྱུང་བའི་དོན་དུ་བྱ་དགོས་སམ་སྙམ་མོ། །གཉིས་པ་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་ནི། སྡོང་པོ་སིལ་མ་ཕྲེང་བ་སྤེལ་ལེགས་པ། །ཞེས་པ་ནས། ས་གསུམ་འགེངས། ཞེས་པའི་བར་རེ་རེ་ལ་རྐང་པ་གཉིས་གཉིས་གསུངས་ཏེ། མེ་ཏོག་ཅི་འདྲ་བ་ཞིག་འབུལ་བ་ཡིན་ཞེ་ན། དེ་ཡང་སྡོང་པོ་སྟེ་གཞུང་ཤིང་ཆེ་ཆུང་ཡལ་ག་སོགས་མང་ཉུང་ཅི་རིགས་པའི་མེ་ཏོག་རྣམས་དང་། མ་བརྒྱུས་པར་བཅལ་དུ་བཀྲམ་པའི་སིལ་མ་རྣམས་དང་། བརྒྱུས་ཏེ་ཕྲེང་བར་བྱས་པ་དང་། སྣ་ཚོགས་པ་བསྲེས་ཤིང་སྤེལ་མར་ལེགས་པར་བཤམས་པ་རྣམས་དང་། གཞན་ཡང་ཕྱོགས་ཅིག་ཏུ་བཅིངས་པའི་ཕོན་ཕོ་རྣམས་དང་། སྤུངས་པའི་ཚོམ་བུ་རྣམས་དང་། ཁ་འཐོར་བ་སོགས་མཛེས་པའི་མེ་ཏོག་དངོས་དང་བཅོས་མ་དང་ཡིད་ཀྱིས་སྤྲུལ་པ་རྣམས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་ཏེ་འབུལ་ལོ། ཁ་ཅིག་ཕྲེང་བ་སྤེལ་ལེགས་པ་ཞེས་མ་ཕྱེ་བར་བཤད་དོ། །གཉིས་པ་བདུག་སྤོས་ནི། དྲི་ཞིམ་པོའི་རིགས་སྣ་ཚོགས་སྦྱངས་བའི་སྤོས་ཀྱི་ཚོགས་དང་། སྣ་གཅིག་པ་མ་སྦྱར་བ་རྣམས་བསྲེགས་པའི་དུད་པ་བཻ་ཌཱུཪྱ་སྔོན་པོའི་མདོག་མཚུངས་པའི་དབྱར་སྐྱེས་ཏེ་དབྱར་དུས་སུ་འབྱུང་བའི་ཆུ་འཛིན་སྔོན་པོའི་སྤྲིན་གྱིས་ལྷ་ལམ་སྟེ་ནམ་མཁའ་ཐམས་ཅད་དུ་འཁྲིགས་ཤིང་གང་བ་རྣམས་འབུལ་ལོ། །གསུམ་པ་སྣང་གསལ་ནི། ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་དང་། ནོར་བུ་རིན་པོ་ཆེ་འོད་ཟེར་རབ་ཏུ་འབར་བ་ལ་སོགས་པའི་སྒྲོན་མེའི་ཚོགས་རྣམས་ནི། སྟོང་སྤྱི་ཕུད་སོགས་སྟོང་གསུམ་གྱི་འཇིག་རྟེན་ཁམས་ཚུན་ཆད་ཀྱི་མུན་པ་མ་ལུས་པ་སེལ་བར་བྱེད་ནུས་པའི་འོད་ཟེར་རྩེ་དགའ་རྒོད་པ་སྟེ་འབར་ཞིང་འཕྲོ་བ་སོགས་ཀྱི་བྱེད་ལས་དང་ལྡན་པ་རྣམས་འབུལ་ལོ། །བཞི་པ་དྲི་ཆབ་ནི། ག་པུར། ཙནྡན། གུར་གུམ་ལ་སོགས་པ་དྲི་བཟང་པོའི་ཚོགས་ཀྱིས་བསྒོས་པའི་སྤོས་ཆུའི་མཚོ་ཆེན་པོ་ཁོར་ར་ཁོར་ཡུག་ཏུ་ཀུན་ནས་འཁྱིལ་བ་རྣམས་འབུལ་ལོ། །ལྔ་པ་ཞལ་ཟས་ནི། མངར་སྐྱུར་ཁ་བ་དང་བསྐ་བ་ལ་སོགས་པའི་རོ་བརྒྱ་སྟེ་གྲངས་བརྒྱ་འདྲེན་ཚུལ་ཞིག་སྣང་ཡང་འདིར་དོན་རོ་དུ་མའི་བཅུད་དང་ལྡན་པའི་བཟའ་བ་སྟེ་ཚིག་ལེར། སྣ་ཚོགས་འབྲས་ཆན་ཟན་དང་ཤ། ཕྱེ་དང་འཁུར་བ་བཟའ་བ་ལྔ། ཞེས་དང་། བཅའ་བ་ནི། ཚིག་ལེར། རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། །ཞེས་པ་ལྟར་དང་། ཇ་ཐུག་པ། ཞོ་ཆང་དར་བ་འོ་མ་ལ་སོགས་པའི་བཏུང་བ་དང་། གཞན་ཡང་ལྷ་དང་མི་ཡི་ཞལ་ཟས་ཀྱི་རིགས་སྣ་ཚོགས་པ་རི་རབ་ལྷུན་པོ་ལྟར་སྤུངས་པ་རྣམས་འབུལ་ལོ། །དྲུག་པ་རོལ་མོ་ནི། དུང་གླིང་བུ་རྔ་པི་ཝང་དྲིལ་བུ་སོགས་སྣ་ཚོགས་པའི་རོལ་མོའི་བྱེ་བྲག་སྟེ་ཁྱད་པར་མི་འདྲ་བ་མཐའ་ཡས་པ་ལས་བྱུང་བའི་སྐད་ཀྱི་གདངས་སྙན་པོ་སྒྲའི་རྣམ་པར་འགྱུར་བས་ས་བླ་ས་སྟེང་། ས་འོག་སྟེ་ས་གསུམ་འགོངས་པར་བྱེད་པ་རྣམས་འབུལ་ལོ། །གསུམ་པ་འདོད་ཡོན་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱའི་ཞེས་སོགས་རྐང་པ་གཉིས་ཏེ། འདི་ལ་གཉིས། ཕྱིའི་འདོད་ཡོན་ལྔ་དང་། ནང་གི་འདོད་ཡོན་ལྔའོ། །དང་པོ་ནི། ཕྱག་ན་གཟུགས་གསལ་བྱེད་ཀྱི་མེ་ལོང་འཛིན་པའི་གཟུགས་རྡོ་རྗེ་མ། རྣ་བར་སྙན་པའི་པི་ཝང་སྒྲ་དབྱངས་སྟོང་ལྡན་འཛིན་པའི་སྒྲ་རྡོ་རྗེ་མ། སྣའི་དབང་པོར་བདེ་བ་སྟེར་བར་བྱེད་པའི་དྲི་ལྡན་གྱི་དུང་ཆོས་འཛིན་པའི་དྲི་རྡོ་རྗེ་མ། ལྕེའི་དབང་པོར་ཟག་མེད་ཀྱི་བདེ་བ་སྟེར་ནུས་པའི་རོ་སྣ་ཚོགས་པའི་སྣོད་ཐོག་པ་རོ་རྡོ་རྗེ་མ། ལུས་དབང་ལ་བདེ་བ་ཁྱད་པར་ཅན་སྟེར་པ་བྱེད་ནུས་པའི་རེག་བྱའི་གོས་སྣ་ཚོགས་པ་འཛིན་པའི་རེག་བྱ་རྡོ་རྗེ་མ་སྟེ། དཔལ་འཛིན་པ་ནི་འདོད་ཡོན་ལྔ་པོ་ལའང་སྦྱར་ཞིང་ཕུན་སུམ་ཚོགས་པའི་དོན་ནོ། །གཉིས་པ་ནི། གཟུགས་སོགས་འདོད་ཡོན་ལྔ་རབ་འབྲིང་ཐ་གསུམ་དུ་སྣང་བ་ཐམས་ཅད་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་རྣམ་པར་ཤར་ཏེ། དེ་རྣམས་ཀྱིས་རང་རང་གི་རྟགས་ཀྱི་ཕྱིའི་འདོད་ཡོན་རྣམས་བཟུང་ནས་འབུལ་བར་མ་ཟད། རང་རང་སོ་སོའི་གཟུགས་དང་། དབྱངས་དང་། དྲི་དང་། མ་མཆུའི་རོ་དང་། ལུས་དང་གསང་བའི་རེག་བྱ་རྣམས་ཀྱང་འབུལ་བའོ། །དེ་དག་བཞིན་རབ་ཏུ་མཛེས་ཤིང་། ཞི་བའི་སྤྱན་ཟུར་གཡོ་བ། ལང་ཚོ་དར་ལ་བབ་པའོ། །དེ་ལྟ་བུའི་ཕྱི་ནང་འདོད་ཡོན་གྱི་ལྷ་མོ་གཉིས་རེ་རེ་ཙམ་མ་ཡིན་པར་གཉིས་ཀ་ས་ཕྱོགས་ཀུན་དུ་ཁྱབ་པར་མོས་ནས་འབུལ་ལོ། །སྤྱིར་མཆོད་པ་ལ་ལྔ་ཡོད་དེ། རྫས་ཀྱི་མཆོད་པ། སྔགས་ཀྱི་མཆོད་པ། ཕྱག་རྒྱའི་མཆོད་པ། ཏིང་ངེ་འཛིན་གྱི་མཆོད་པ། སྒྲུབ་པའི་མཆོད་པ་དང་ལྔ་ཡོད་པའི་ཕྱིར་རོ། །འོན་ཀྱང་འདིར་ཕྱིའི་མཆོད་པ་ལ་ཕལ་ཆེར་རྫས་ཚང་ཞིང་། ནང་དང་གསང་བའི་མཆོད་པ་རྣམས་ལ་རྫས་དང་། སྔགས་དང་ཕྱག་རྒྱའི་མཆོད་པ་རྣམས་མ་ཚང་ལ། དེ་ཐམས་ཅད་ལ་ཡང་ཏིང་ངེ་འཛིན་གྱི་མཆོད་པ་ཚང་བ་ཡིན་ནོ། །བཞི་པ་མཎྜལ་སོགས་ནི། བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས། །ཞེས་པ་ནས་གཏེར་ལ་འབུལ་བར་བགྱི། ཞེས་པའི་བར་རྐང་པ་དྲུག་གསུངས་ཏེ། འདི་ལ་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་ལོངས་སྤྱོད་འབུལ་བ་དང་གཉིས། དང་པོ་ནི། བྱེ་བ་ཕྲག་བརྒྱ་སོགས་རྐང་པ་གཅིག་སྟེ། འོག་གཞི་རླུང་དང་། ཆུ་དང་། སའི་དཀྱིལ་འཁོར་རིམ་པ་གསུམ་གྱི་སྟེང་དུ་བྱེ་བ་ཕྲག་བརྒྱ་སྟེ། བྱེ་བ་བརྒྱ་ཐམ་པའི་མིང་ཡིན་ལ། དེ་ལ་དུང་ཕྱུང་བཅུ་ཡོད་ཅིང་། ཐེར་འབུམ་གཅིག་ཡིན་ནོ། །དེ་ལྟ་བུའི་ཤར་ལ་སོགས་པ་གླིང་བཞི་དང་གླིང་ཕྲན་བརྒྱད། ཁོར་ཡུག་གི་ལྕགས་རི། དེ་རྣམས་ཀྱི་དབུས་ན་གསེར་གྱི་རི་བདུན་དང་། དེ་རྣམས་ཀྱི་བར་བར་དུ་མཚོ་བདུན། དེ་ཐམས་ཅད་ཀྱི་དབུས་སུ་རི་རྒྱལ་ལྷུན་པོར་ཏེ་དེ་དང་བཅས་པ་རྣམས་འབུལ་ལོ། །སྔར་བཤད་པ་ལྟར་བྱེ་བ་བརྒྱའི་གླིང་བཞི་ལྷུན་པོར་བཅས་པ་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གི་བཀོད་པ་ཡིན་ཏེ། གླིང་བཞི་ནས་ཚངས་པའི་འཇིག་རྟེན་པར་བསྡོམས་པ་སྟོང་ལོངས་པ་གཅིག་ལ་སྟོང་དང་པོ་དང་། དེ་སྟོང་ལ་སྟོང་གཉིས་པ། དེ་སྟོང་དུ་ཡོངས་པ་ལ་སྟོང་གསུམ་པར་འཇོག་པའི་ཕྱིར། དེ་ལྟར་ཡང་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། རི་རབ་དང་ནི་འདོད་ལྷ་དང་། ཚངས་པའི་འཇིག་རྟེན་སྟོང་ལ་ནི། སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་གསུངས་པ་ལྟར་རོ། །དེར་མ་ཟད། རབ་འབྱམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་ཞིང་ཁམས་ཇི་སྙེད་པ་ཐམས་ཅད་ཀྱང་བློས་བླངས་ནས་མོས་པས་འབུལ་རུང་ངོ་། །ལག་ལེན་ལ་ནི་མཎྜལ་གྱི་ཚོམ་བུ་རྒྱས་བསྡུས་གང་རུང་བཀོད་ནས་དེ་ལྟར་མོས་ཏེ་འབུལ་བར་བྱའོ། །གཉིས་པ་བཅུད་ཀྱི་ཁྱད་པར་ནི། རིན་ཆེན་བདུན་དང་ཞེས་སོགས་ལྔ་སྟེ། དེ་ལ་བཅུད་ངོས་བཟུང་བ་དང་། དེ་འབུལ་བ་གཉིས་ལས། དང་པོ་ནི། འཁོར་ལོ་སོགས་རིན་ཆེན་སྣ་བདུན་དང་། མཛོད་འགྲེལ་ལས། རལ་གྲི་ལྤགས་པ་ཁང་པ་ཚལ། །མལ་སྟན་གོས་དང་ལྷམ་གྱི་མཆོག །ཞེས་པ་ལྟར། ཉེ་བའི་རིན་ཆེན་བདུན་དང་། སོགས་ཀྱིས་བསྟན་པའི་རིན་པོ་ཆེའི་རི་བོ། །དཔག་བསམ་ཤིང་། འདོད་འཇོའི་བ། གཏེར་གྱི་བུམ་པ། མཆོད་པའི་ལྷ་མོ་བརྒྱད། ཉི་ཟླ་གདུགས་རྒྱལ་མཚན་སོགས་མཆོད་ཡུལ་ཀུན་ནས་དགའ་བ་སྐྱེད་པར་བྱེད་པའི་སྣོད་ཀྱི་འཇིག་རྟེན་སྔར་བཤད་པ་རྣམས་དང་། བཅུད་ཀྱང་བཤད་མ་ཐག་པའི་ཕུན་སུམ་ཚོགས་པ་ལྷ་དང་མིའི་ལོངས་སྤྱོད་ཀྱི་གཞི་མ་འདོད་དགུ་འབྱུང་བའི་གཏེར་ཆེན་པོ་དང་མཚུངས་པའི་ཞིང་བཀོད་ཀྱི་མཎྜལ་འདི་ཉིད་འབུལ་པར་བགྱིའོ། །གཉིས་པ་གང་ལ་ཇི་ལྟར་འབུལ་བ་ནི། དང་བ་སྟེ་དད་པའི་སེམས་ཀྱིས་ཕུལ་དུ་བྱུང་བའི་མཆོད་ཡུལ་ཞིང་གི་མཆོག་སྔར་བཤད་པ་ལྟར་གྱི་སྐྱབས་མགོན་ཐུགས་རྗེའི་གཏེར་མཛོད་དུ་གྱུར་པའི་བླ་མ་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ལྔ་པ་སྒྲུབ་པའི་མཆོད་པ་ཞར་བྱུང་དང་བཅས་པ་ལ་གཉིས། ནང་ངམ་སྒྲུབ་པའི་མཆོད་པ་དངོས་དང་། ཞར་བྱུང་རྒྱ་ཇའི་མཆོད་པ་བཤད་པའོ། ། དང་པོ་ནི། དངོས་བཤམས་ཡིད་སྤྲུལ་ནས་མཉེས་ཕྱིར་འབུལ། ཞེས་པའི་བར་ཏེ། འདི་ནི་དཔེ་ཅན་དཔེ་རུ་བཀོད་པའི་གཟུགས་ཅན་གྱི་རྒྱན་ཡིན་མོད། གོ་བདེ་བར་དཔེ་དོན་སོ་སོར་བཤད་པར་བྱ་སྟེ། འདི་ལ་འཆད་ཚུལ་ཅུང་མི་འདྲ་བ་གཞན་ཡོད་ཀྱང་འདིར་རང་གཞན་གྱིས་དངོས་སུ་བཤམས་པ་དང་། ཡིད་ཀྱིས་སྤྲུལ་པའི་མཆོད་པའི་ཚོགས་སྐྱེས་རབས་ནས་འབྱུང་བའི་ཡིད་བཞིན་རྒྱ་མཚོའི་ཆུ་ལྟར་མང་བ་དོགས་ཏེ་རྒྱ་མཚོ་ལ་ཕར་འགྲམ་དང་། ཚུ་རོལ་གྱི་འགྲམ་གཉིས་འབྱུང་བ་དེ་བཞིན་དུ། གཞི་མཆོད་པ་རྒྱ་མཚོ་ལྟ་བུ་མང་པོ་དེ་ལ་ཡང་། ཆ་གཉིས་སུ་ཕྱེ་བ་ལས་བྱུང་བའི་སྲིད་པ་སྟེ་ཚུ་རོལ་འཁོར་བས་བསྡུས་པའི་དགེ་བ་དང་། ཞི་བ་སྟེ་ཕ་རོལ་ཐར་པའི་ཕྱོགས་ཀྱིས་བསྡུས་པའི་དགེ་བ་གཉིས་ཡོད་པ་ནི། རྒྱ་མཚོའི་འགྲམ་གྱི་པད་སྡོང་གི་ས་བོན་དང་མཚུངས་པ་སྟེ། དེ་ལྟ་བུའི་རྣམ་དཀར་གྱི་ས་བོན་བཏབ་པའི་རྒྱུ་ལས་འོངས་པ་སྟེ་དེ་ལས་བྱུང་བའི་ཕན་བདེའི་ཚོགས་རྣམས་ནི། མཆོད་པར་འོས་པས་ན་མཆོད་རྫས་ཀྱི་མིང་གི་བསྟན་ལ། དེ་ཡང་འདབ་སྟོང་སྟེ་ཇི་སྐད་དུ། ཡིད་བཞིན་མཚོ་ཡི་ངོགས་ཀྱི་པད་སྡོང་བཞིན། ཞེས་གསུངས་པ་ལྟར། རྒྱ་མཚོ་དེའི་ངོས་ཀྱི་པདྨའི་སྡོང་པོ་རྒྱས་པ་དང་འདྲ་བའི་ལེགས་ཚོགས་རྣམས་ཀྱི་བྱེད་ལས་ནི། རང་གཞན་ཀུན་གྱི་ཡིད་འཕྲོག་པ་སྟེ་ཡིད་དགའ་བར་བྱེད་ཅིང་། གཞན་ཡང་དེའི་ཆས་ཤས་འཇིག་རྟེན་ནི་སོ་སོ་སྐྱེ་བོ་དང་། འཇིག་རྟེན་ལས་འདས་པ་འཕགས་པ་རྣམས་ཏེ་མདོར་ན་རང་དང་གཞན་གྱི་ལུས་ངག་ཡིད་ཀྱི་སྒོ་གསུམ་དུ་བསགས་པའི་དགེ་བའི་མེ་ཏོག་གི་ཚོགས་ལྟ་བུ་ཅི་ཡང་བཀྲ་བ་སྟེ་སྣ་ཚོགས་པ་ཅིར་ཡང་མཛེས་པར་སྣང་བ་དང་། ལེག་ཚོགས་དེ་ཡང་ཀུན་ཏུ་བཟང་ཞིང་ཁྱད་པར་དུ་འཕགས་པའམ། །བྱང་སེམས་ཀུན་ཏུ་བཟང་པོའི་སྨོན་ལམ་དང་ཡང་ན་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སེམས་དང་རྫོགས་པའི་བྱང་དུ་བསྔོ་བའི་བསམ་པས་ཟིན་པ་ནི་མཆོད་པའི་དེ་བསུང་སྟེ། དྲི་ངད་བཟང་པོ་ལྡང་བ་ལྟ་བུ་འབུམ་ཕྲག་འཕྲོ་བའི་དོན་ནོ། །དཔེ་དེ་ལྟ་བུའི་རྒྱ་མཚོའི་ངོགས་སུ་འཁྲུངས་པའི་སྡོང་པོ་མེ་ཏོག་དྲི་ལྡན་རྣམས་ཀྱི་རྩེར། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་གཉིས་སམ། བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་དང་། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལམ་ལྔའི་འབྲས་བུ་དང་ལྡན་པ་ནི། རྟོགས་པའི་ཡོན་ཏན་དང་། ཐར་པའི་འབྲས་བུ་གྱ་ནོམ་པ་དང་ལྡན་པ་ནི་སྤངས་པའི་ཡོན་ཏན་ཏེ། དེ་ལྟ་བུའི་མཆོད་པ་དགའ་བའི་ཚལ་དང་འདྲ་བ་འདི་ཡང་། རྗེ་བཙུན་བླ་མ་མཉེས་པའི་ཕྱིར་དུ་འབུལ་ལོ་ཞེས་སོ། །དོན་བསྡུ་ན། དགེ་རྩ་རྒྱུའི་མཆོད་པ་རྣམས་ནི་རྒྱ་མཚོ་དང་སྦྱར། འཁོར་འདས་ཀྱི་རྣམ་དཀར་ནི་རྒྱ་མཚོའི་ངོགས་གཉིས་ལས་བྱུང་བའི་པད་སྡོང་དང་སྦྱར་ལ། སྒོ་གསུམ་གྱི་དགེ་བ་ནི་མེ་ཏོག་དང་སྦྱར། ཐབས་ཁྱད་པར་ཅན་གྱིས་ཟིན་པ་ནི་དྲི་བསུང་དང་སྦྱར། བསླབ་གསུམ་རིམ་གཉིས་ལམ་ལྔ་ནི་འབྲས་བུ་དང་སྦྱར་ནས་བསྟན་པས་སོ། །དེས་ན་འདིར་དཔེ་ཙམ་མ་གཏོགས་དོན་ལ་ཡིད་བཞིན་རྒྱ་མཚོ་ནི་རྒྱ་མཚོ་དངོས་ལ་བྱེད་པ་མིན་ཏེ། ཡིན་ན་སྡོང་པོ་མེ་ཏོག་དྲི་འབྲས་བུ་རྣམས་ཀྱང་དེ་དག་དངོས་ཡིན་པར་ཐལ་བར་འགྱུར་ན་དེ་ནི་མི་རུང་ངོ་། །གཉིས་པ་ཞར་བྱུང་རྒྱ་ཇའི་མཆོད་པ་ནི། གུར་གུམ་མདངས་ལྡན་སོགས་རྐང་པ་གཉིས་ཏེ། གུར་གུམ་གྱི་མདངས་མདོག་ལྟ་བུ་ཁ་དོག་དམར་སེར་དང་ལྡན་ཞིང་བཟང་པོ་ཤིན་ཏུ་དྲི་ཞིམ་པོའི་དྲི་ངད་ཅན་རོ་བརྒྱ་སྟེ་རོ་བཅུད་མང་པོ་དང་ལྡན་པའི་དཔལ་འཛིན་པ་སྟེ་ཡོད་པའི་རྒྱ་ཇའི་བཏུང་བ་རྣམས་ཀྱང་འབུལ་ལོ། །དང་ནི་འོག་མ་དང་སོ་སོར་འབྱེད་པའི་ཚིག་གོ། །གཉིས་པ་ནང་མཆོད་ནི། ལྕགས་ཀྱུ་ལྔ་དང་སོགས་རྐང་པ་གཉིས་ཏེ། དངོས་གྲུབ་འགུགས་པར་བྱེད་པས་ལྕགས་ཀྱུ་ལྔ་སྟེ་ཤ་ལྔ་དང་། དངོས་གྲུབ་གསལ་བར་བྱེད་པས་སྒྲོན་མ་ལྔ་སྟེ་བདུད་རྩི་ལྔ་དང་། ལ་སོགས་པས་བསྡུས་པ་བདུད་རྩིའི་རྫས་སུ་འོས་པ་རྣམས་པས་ང་སྦྱང་བྱིན་གྱིས་བརླབ་པ་ནི། སྦྱང་རྟོགས་སྦར་པ་སྟེ་དེ་ལྟ་བུའི་བདུད་རྩི་རྒྱ་མཚོས་རྗེ་བཙུན་བླ་མ་འཁོར་དང་བཅས་པ་མཆོད་པར་བགྱིའོ། །སྤྱིར་ཤ་ལྔ་ལ་དངོས་གྲུབ་འགུགས་པར་བྱེད་པས་ལྕགས་ཀྱུ་དང་གསལ་བར་བྱེད་པས་སྒྲོན་མ་ཞེས་བཤད་པ་མང་ཡང་། སྒྲ་དོན་དེ་ནི་བདུད་རྩི་ལྔ་ལའང་སྦྱར་རུང་བར་སེམས་སོ། །གསུམ་པ་གསང་བའི་མཆོད་པ་ནི། ཡིད་འོང་ལང་ཚོའི་དཔལ་སོགས་ཚིགས་བཅད་གཅིག་སྟེ། དང་པོ་ནི། ཡིད་དུ་འོང་བའི་ལང་ཚོ་སྟེ་ན་ཚོད་བཅུ་དྲུག་ལོན་པ་ལྟ་བུའི་དཔལ་སྟེ་ཕུན་སུམ་ཚོགས་པ་འཛིན་པ་མཆོག་ཏུ་མཛེས་པའི་རིག་མ་རྣམས་སོ། །དེ་རྣམས་ཀྱི་བྱེད་ལས་ནི། འཁྱུད་དང་འོ་བྱེད་སེན་མོ་དང་། །སོ་འདེབས་པ་དང་ཡང་དག་བསྐྱོད། །སིད་སྒྲ་སྒྲོགས་དང་བྱ་བ་བྱེད། །སྟེང་ན་འདུག་པ་དང་ནི་བརྒྱད། །ཞེས་འབྱུང་བ་ལྟར། རེ་རེ་ལ་ཡང་བརྒྱད་བརྒྱད་དུ་ཕྱེ་བས་བསྡོམས་པས་དྲུག་ཅུ་རྩ་བཞིའི་འདོད་པའི་སྒྱུ་རྩལ་ལ་མཁས་པའི་ལུས་ཕྲ་མ་སྟེ་ཡན་ལག་དང་རྐེད་པ་ཅུང་ཕྲ་ཞིང་ལྡེམ་ལ་སྐབས་ཕྱེ་བའོ། །དེ་ལ་གསུམ་ཡོད་པ་ལས་གཙོ་ཆེ་བའི་དབང་དུ་བྱས་ན། ཞིང་སྐྱེས་ནི། རྫོགས་རིམ་དབེན་པ་གསུམ་དང་སྒྱུ་ལུས་བཞི་པོ་ཅི་རིགས་ལ་གནས་པའི་རྣལ་འབྱོར་པའི་ཕྱག་མ་དང་། སྔགས་སྐྱེས་བསྐྱེད་རིམ་པའི་ཕྱག་མ་དང་། ལྷན་སྐྱེས་ཟུང་འཇུག་ལ་གནས་པའི་ཕྱག་རྒྱ་མར་བཤད་པ་ལྟར་ཡིན་ལ། འོན་ཀྱང་སྔགས་སྐྱེས་གཙོ་ཆེར་མིའི་རྟེན་ཅན་དང་ཞིང་ཁྱད་པར་ཅན་ཡུལ་ཉེར་བཞིའི་རྣལ་འབྱོར་མ་དོན་གྱི་ལྷན་སྐྱེས་མ་ཐོབ་པ་ནི་ཞིང་སྐྱེས་དང་། དོན་གྱི་ལྷན་སྐྱེས་རྒྱུད་ལ་སྐྱེས་པ་འཇིག་རྟེན་ལས་འདས་པའི་ལྷ་མོ་ནི་ལྷན་སྐྱེས་ཀྱི་རྣལ་འབྱོར་མར་བཤད་དོ། །ཕོ་ཉ་སྟེ་ལམ་བགྲོད་པའི་ཐབས་སམ་མགྱོགས་བྱེད་ཡིན་ལ། དེ་ལྟ་བུའི་ཚོགས་ཐམས་ཅད་དོ། །དེ་དག་ཀྱང་ཁ་དོག་མཛེས་པ་དང་། དབྱིབས་ལྟ་ན་སྡུག་ཅིང་མཛེས་པའོ། །གཟུགས་བརྙན་ནམ། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ལྟ་བུ་སྣང་ལ་རང་བཞིན་མེད་པ་ནི་སྒྱུ་མའི་ཕྱག་རྒྱ་མ་རྣམས་ཀྱང་འབུལ་བར་བགྱིའོ། །ཞེས་བྱ་བ་སྟེ། ཀྱང་ནི་ཕྱི་ནང་གི་མཆོད་པར་མ་ཟད་པའོ། །སྤྱིར་ཕྱག་རྒྱའི་སྒྲ་དོན་ནི་རྒྱས་འདེབས་པའི་དོན་ཡིན་ཡང་། ཕྱག་རྒྱ་ལ་དབྱེ་བ་མི་འདྲ་བ་མང་བས་སྐབས་ཐོབ་ཤེས་དགོས་སོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་སྒྲིབ་བྲལ་ལྷན་སྐྱེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། གཉིས་སྣང་གི་རྟོག་པའི་སྒྲིབ་པ་ཀུན་དང་བྲལ་བ་ཡུལ་ཅན་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་ཆེན་པོ་དང་། ཡུལ་གཟུགས་སོགས་ཆོས་ཀུན་རང་བཞིན་གྱིས་གྲུབ་པའི་སྤྲོས་པ་དང་བྲལ་བའི་དབྱིངས་ཏེ་སྟོང་པ་ཉིད་གཉིས་པོ་ངོ་བོ་དབྱེར་མེད་པར་ལྷུན་གྱིས་གྲུབ་པ་སྟེ་འབད་རྩོལ་མེད་པར་ཆུ་དང་ཆུ་འདྲེས་པ་ལྟར་རོ་གཅིག་ཏུ་ཞུགས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་གཟིགས་ངོར། ནམ་མཁའ་ལ་བྱ་འཕུར་བའི་རྗེས་ལྟར་འདི་འདྲའོ་ཞེས་སྨྲ་བར་མི་ནུས་པ་དང་། ཡིད་ལ་འདི་ལྟ་བུའོ་ཞེས་རྟོག་པས་ཇི་བཞིན་བསམ་པ་དང་། བསམ་པའི་དོན་ལྟར་ཚིག་གིས་བརྗོད་པའི་ཡུལ་ལས་འདས་པ་སྟེ་དེ་འདྲ་བའི་དོན་དམ་བྱང་ཆུབ་ཀྱི་སེམས་མཆོག་དེ་ཁྱོད་ལ་འབུལ་བར་བགྱིའོ། །ཞེས་སོ། །སྤྱིར་དོན་དམ་བྱང་ཆུབ་ཀྱི་སེམས་ནི་བརྗོད་པ་དང་བསམ་མི་ནུས་པ་མིན་ཡང་། མཉམ་བཞག་དེའི་ངོ་བོར་གཉིས་སྣང་ཐམས་ཅད་དང་བྲལ་བ་བས་ན་གཉིས་སྣང་དང་བཅས་པའི་སྨྲ་བསམ་བརྗོད་མེད་ཡིན་ཏེ། ས་བཅུ་པའི་མདོ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པ་ནུས་མ་ཡིན་ཞིང་མི་མཐོང་ལྟར། །དེ་བཞིན་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང་། །བརྗོད་མི་ནུས་ན་ཉན་པར་ག་ལ་ནུས། །ཞེས་གསུངས་པ་ལྟར་རོ། །དེ་རྒྱུད་ལ་ཡོད་པ་ནི་ཤིན་ཏུ་དཀོན་ཡང་གཞན་རྒྱུད་ལ་ཡོད་པ་དང་རང་གི་མོས་པ་ཡན་ཆད་ཀྱིས་འབུལ་རུང་སྟེ། གཞན་ལ་འང་འདྲའོ། །ལྔ་པ་སྨན་དང་ལུས་འབུལ་བ་ནི། ཉོན་མོངས་བཞི་བརྒྱ་རྩ་བཞིའི་ཞེས་སོགས་རྐང་པ་བཞི་སྟེ། །ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དུག་གསུམ་ཆ་མཉམ་རེ་ལ་བརྒྱ་དང་རྩ་གཅིག་ཏུ་ཕྱེ་བས་བསྡུ་ན་བཞི་བརྒྱ་རྩ་བཞི་ཡོད་ལ། དེ་རྣམས་ཀྱིས་བསྐྱེད་པའི་ནད་བཞི་བརྒྱ་རྩ་བཞི་འཇོམས་པར་བྱེད་པའི་བཟང་པོའི་སྨན་གྱི་རིགས་ག་བུར། ཨ་ཀ་རུ་སོགས་ཀྱི་བྱེ་བྲག་སྟེ་ཁྱད་པར་མི་འདྲ་བ་སྣ་ཚོགས་པ་དང་། དེར་ཡང་མ་ཟད་མགོན་པོ་ཁྱེད་མཉེས་པར་བགྱི་བའི་ཕྱིར་དུ་བདག་ཉིད་ཀྱང་བྲན་དུ་འཕུལ་བ་ལ་གསན། བརྩེ་བས་ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་པར་བདག་ཁྱོད་ཀྱི་འབངས་སྟེ་བྲན་བགྱིད་པར་རྗེས་སུ་བཟུང་དུ་གསོལ། ཞེས་པའོ། །རྣམ་གྲངས་གཅིག་ཏུ་ན། །ནད་བཞི་བརྒྱ་རྩ་བཞི་ནི་སྨན་རྒྱུད་ལས། །ནད་ལས་བཞི་བརྒྱ་རྩ་བཞིར་གྲགས་པ་ལས། །བརྒྱ་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། །བརྒྱ་དང་རྩ་གཅིག་ཀུན་བཏགས་གདོན་གྱི་ནད། །བརྒྱ་དང་རྩ་གཅིག་ཡོངས་སྲུབ་ཚེ་ཡི་ནད། །བརྒྱ་དང་རྩ་གཅིག་གཞན་དབང་ལས་ཀྱི་ནད། །ཞེས་པ་དང་ཡང་འགའ་ཞིག་ཏུ། སྨན་གྱིས་གསོ་ནུས་བརྒྱ་དང་གཅིག །རིམ་འགྲོས་ནུས་པ་བརྒྱ་དང་གཅིག །གཉིས་ཀས་ནུས་པ་བརྒྱ་དང་གཅིག །ཅི་ཡང་མི་ཕན་བརྒྱ་དང་གཅིག ཞེས་འབྱུང་ཡང་རང་ལུགས་ནི་སྔ་མའོ། །ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། སྨན་དང་བདག་ཉིད་ཀྱང་བྲན་དུ་འབུལ་བ་རྣམས་དམིགས་པ་དང་བཅས་པའི་སྒོ་ནས་བྱས་ཏེ་ཡན་ལག་ལྷག་མ་རྣམས་བྱའོ། །དེ་ཡང་བཤགས་པ་སོགས་ཏེ་རྗེས་སུ་ཡི་རང་བ་དང་། འཁོར་ལོ་བསྐོར་བར་བསྐུལ་པ་དང་། བརྟན་པར་བཞུགས་སུ་གསོལ་བ་དང་། བསྔོ་བ་དང་སྔ་སྟེ་ཡན་ལག་ལྷག་མ་དེ་རྣམས་སྔར་གྱི་གཟུང་དུ་གསོལ་ཞེས་པའི་འཕྲོ་ནས་འདི་ལྟར་བྱའོ། །གཉིས་པ་བཤགས་པ་སོགས་ཀྱི་ཡན་ལག་དེ་ཉིད་སྟོན་པ་ནི། ཐོག་མེད་དུས་ནས་མི་དགེ་སྡིག་པའི་ལས། ཞེས་པ་ནས། ཐོབ་ཕྱིར་བསྔོ། ཞེས་པའི་བར་ཚིགས་སུ་བཅད་པ་ལྔ་སྟེ། འདི་ལ་ལྔ། བཤགས་པ་དང་། ཡི་རང་དང་། བསྐུལ་བ་དང་། གསོལ་འདེབས་དང་། བསྔོ་བའོ། །དང་པོ་ནི། ཐོག་མེད་དུས་སོགས་རྐང་པ་བཞི་སྟེ། འཁོར་བ་དང་པོ་འདི་ནས་བྱུང་ལ་དེ་ཕན་ཆད་དུ་མེད་དོ་ཞེས་པའི་མཚམས་བཟུང་དུ་མེད་པས་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་མི་དགེ་བ་སྡིག་པའི་ལས་བདག་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་སྩལ་བ་དང་། རང་གཞན་གྱིས་བྱས་པའི་སྡིག་པ་རྗེས་སུ་ཡི་རང་བའི་ཉེས་པའི་ཚོགས་ཅི་མཆིས་པ་རྣམས་ཀྱང་། བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཁོར་དང་བཅས་པའི་སྤྱན་སྔར་འགྱོད་པ་དྲག་པོའི་སེམས་ཀྱིས་བཤགས་ཤིང་། ད་ནས་བཟུང་སྟེ་སླན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་པར་ལེགས་པར་སྡོམ་པར་ནོད་དེ་དམ་བཅའ་ཁས་ལེན་པར་བགྱིའོ། །ཞེས་སོ། །གཉིས་པ་ཡི་རང་ནི། ཆོས་རྣམས་རང་བཞིན་སོགས་རྐང་པ་བཞི་སྟེ། ཀུན་རྫོབ་པའི་ཆོས་རྣམས་ཀྱི་རང་བཞིན་ཏེ་གནས་ལུགས་སྟོང་པ་ཉིད་ཀྱི་དབང་དུ་བྱས་ན། བདེན་པར་གྲུབ་པའི་མཚན་མ་དང་བྲལ་ཡང་མ་བརྟགས་མ་དཔྱད་པར་མིང་རྐྱང་བཏགས་ཡོད་ཀྱི་ཐ་སྙད་ཙམ་དུ་ལས་འབྲས་ཀྱི་རྣམ་གཞག་འཐད་པ་ནི། དཔེར་ན། སྐྱེས་བུ་གཉིད་ལོག་པའི་ཚེ་བདེ་སྡུག་སྣ་ཚོགས་ཞིག་སྣང་བ་ཡོད་ཀྱང་། དེ་དག་འཁྲུལ་བའི་བག་ཆགས་ཀྱི་དབང་གིས་ཡིན་གྱི་དོན་གྱི་གནས་ཚོད་ལ་མི་བདེན་ཏེ། རྨི་ལམ་གྱི་མི་ནི་མི་མ་ཡིན་པའི་ཕྱིར་རོ། །དེ་ལྟར་གནས་ཆོད་ལ་རྨི་ལམ་དུ་ཤར་བ་རྣམས་དོན་དེ་དངོས་གནས་པ་མ་ཡིན་ཀྱང་། དེ་ལྟ་ནའང་བདེ་སྡུག་དུ་མ་ཞིག་རྨི་ལམ་གྱི་ཆེ་བ་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་བདེན་པར་མེད་ཀྱང་ཀུན་རྫོབ་ཙམ་དུ་སོ་སོ་སྐྱེ་བོ་རྣམས་དང་། འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་བདེ་བ་དང་དགའ་བའི་ཁྱད་པར་སྣ་ཚོགས་པ་ཅི་ཡང་འཆར་བ་སྟེ་འབྱུང་བའི་རྒྱུ་རྣམ་དཀར་གྱི་དགེ་ཚོགས་ཇི་སྙེད་མཆིས་པ་རྣམས་ལ། བདག་ཅག་ཚིག་ཙམ་མ་ཡིན་པར་བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་སྟེ་དགའ་བ་བསྒོམ་པར་བགྱིའོ། །ཞེས་སོ། །གསུམ་པ་བསྐུལ་བ་ནི། ཕུལ་བྱུང་མཁྱེན་བརྩེ་སོགས་རྐང་པ་བཞི་སྟེ། ཕུལ་དུ་བྱུང་བའི་མཁྱེན་པ་སྟེ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཡེ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བུ་ལྟར་དགོངས་པའི་བརྩེ་བ་སྙིང་རྗེའི་ཆུ་འཛིན་ཏེ་སྤྲིན་འབུམ་ཕྲག་དུ་མ་དཀྲིགས་པར་བྱས་ཏེ་མཐའ་ཡས་པའི་འགྲོ་བ་འདིའི་ཕན་པ་དང་། བདེ་བའི་ལེགས་ཚོགས་ཀྱི་ཀུན་དའི་ཚལ་རྣམས་ལས། སྔར་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་པ་རྣམས་ཡུན་རིང་གནས་པ་དང་། གནས་པ་རྣམས་ཀྱང་གོང་དུ་སྤེལ་བའི་ཕྱིར་དུ། ཟབ་པ་སྟེ་སྟོང་པ་ཉིད་ལས་བརྩམས་པ་དང་། རྒྱས་པ་སྟེ་རྒྱ་ཆེ་བ་རྒྱལ་སྲས་ཀྱི་སྤྱོད་པ་སོགས་ཀུན་རྫོབ་ཀྱི་རྣམ་བཞག་ལེགས་པར་སྟོན་པའི་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། ཞེས་པ་སྟེ་འདི་ཡང་གཟུགས་ཅན་གྱི་རྒྱན་ཡིན་ལ། ཅུང་ཟད་གོ་བདེ་བར་བརྗོད་ན། སྤྲིན་དང་མཁྱེན་བརྩེ་སྦྱར་ཞིང་། འགྲོ་བའི་ཕན་བདེ་ནི་ཀུ་མུད་དའི་ཚལ་དང་། ཆོས་བསྟན་པ་ནི་ཆར་དང་སྦྱར་བ་ཡིན་ནོ། །བཞི་པ་གསོལ་འདེབས་ནི། རྡོ་རྗེའི་སྐུ་ལ་སོགས་རྐང་པ་བཞི་སྟེ། རྡོ་རྗེ་སྟེ་མི་མཐུན་ཕྱོགས་རྣམས་ཀྱིས་ཕྱེད་པའམ་བཤིགས་པར་མི་ནུས་པའི་སྐུ་དེ་ལ་སྐྱེ་འཆི་མི་མངའ་ཞིང་དབང་ཐོབ་པ་ཡིན་ན་ཡང་། བདེན་གཉིས་ཟུང་དུ་འཇུག་པའི་སྐུ་ནོར་བུ་དབང་གི་རྒྱལ་པོ་དང་མཚུངས་པ་དེའི་སྣོད་དུ་གྱུར་པའི་ཟ་མ་ཏོག་གདུལ་བྱ་རྣམས་ཀྱི་ངོ་བོར་དངོས་སུ་སྣང་བ་འདི་ཉིད་བདག་ཅག་སློབ་མ་རྣམས་ཀྱིས། ཡུན་རིང་དུ་བརྟན་པར་བཞུགས་ན་ཅི་མ་རུང་སྙམ་དུ་ནི་མོས་པ་ཇི་བཞིན་ཡུན་རིང་པོར་སྲིད་པ་སྟེ་འཁོར་བའི་ཕྱིར་མཐའ་མ་ཟད་པའི་བར་དེ་སྲིད་དུ་མྱ་ངན་ལས་མི་འདའ་བ་སྟེ་འདའ་བའི་ཚུལ་མི་སྟོན་པ་དུས་རྟག་པར་བཞུགས་སུ་གསོལ། ཞེས་སོ། །ལྔ་པ་བསྔོ་བ་ནི། དེ་ལྟར་བསྐྲུན་པའི་རྣམ་དཀར་དགེ་བ་ནས་ཐོབ་ཕྱིར་བསྔོ། །ཞེས་པའི་བར་ཚིགས་སུ་བཅད་པ་གཅིག་སྟེ། སྔར་ཡན་ལག་དྲུག་པོ་དེ་ལྟར་བྱས་པ་ལས་དགེ་བའི་ཚོགས་བསྐྲུན་པ་སྟེ་བསྐྱེད་པའམ་བསགས་པའི་རྣམ་དཀར་དགེ་བའི་ཚོགས་ཅི་མཆིས་པ་ཐམས་ཅད་སྔར་བཤད་པ་ལྟར་བཀའ་དྲིན་གསུམ་ལྡན་གྱི་རྗེ་བཙུན་བླ་མ་དམ་པ་དེ་ཡིས་ཐུགས་དགྱེས་བཞིན་ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་རྗེས་སུ་འཛིན་ཅིང་། ཐུགས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང་། སྒྱུ་མའི་སྐུ་གཉིས་མཉམ་དུ་འཚོགས་པའི་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་དབང་སྟེ་ངེས་དོན་གྱི་རྡོ་རྗེ་འཛིན་པ་ཀུན་གྱི་དབང་པོ་དེ་ཉིད་འཐོབ་པའི་ཕྱིར་དུ་བསྔོའོ། །གཉིས་པ་ཡན་ལག་བདུན་པོ་དེ་བསགས་སྦྱང་སྤེལ་གསུམ་དུ་འདུ་བར་བསྟན་པ་ནི། ཕྱག་དང་མཆོད་པ་ཡི་རང་དང་བསྐུལ་བ་དང་གསོལ་འདེབས་ལྔ་ནི། ཚོགས་གསོགས་པའི་ཡན་ལག །བཤགས་པ་ནི་སྒྲིབ་པ་སྦྱོང་བའི་ཡན་ལག །བསྔོ་བ་ནི་དགེ་བ་མི་ཟད་ཅིང་གོང་འཕེལ་དུ་བྱེད་པའི་ཡན་ལག་གོ །ཞེས་ཡན་ལག་བདུན་པ་འབུལ་ཞིང་། ལོང་བྱུང་ཚེ། བཤགས་པའི་མཚམས་སུ་སྡོམ་པ་གསུམ་སོ་སོའི་བཤགས་པ་དང་། བླ་མ་རྡོར་འཛིན་པ་དང་། བྱང་ཆུབ་ལྟུང་བཤགས་སོགས་བྱའོ། །གཉིས་པ་གསོལ་བ་འདེབས་པ་ནི། ཡན་ལག་བདུན་པོ་བྱས་ཟིན་པ་དེ་ནས། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། ། སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཞེས་གསུངས་པ་ལྟར། ཞེས་པ་ནས། དམིགས་བརྩེ་མ་སོགས་ཀྱིས་གསོལ་བ་གང་མང་བཏབ་པའི་མཐར་ཡང་འདི་ལྟར་གསོལ་བ་གདབ་པར་བྱའོ། །དེ་དག་ནི་གོ་སླ་བ་དང་ཚིག་མང་དུ་དོགས་ནས་མ་བྲིས་སོ། །འདི་ལ་གསུམ། མདོ་རྒྱུད་ནས་བཤད་པའི་བླ་མའི་མཚན་ཉིད་བསྟན་པའི་སྒོ་ནས་གསོལ་བ་འདེབས་པ། ཡོན་ཏན་གཞན་གྱི་སྒོ་ནས་གསོལ་བ་འདེབས་པ། མཐར་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ལོ། །དང་པོ་ལ་གསུམ། འདུལ་བ་དང་། ཐེག་ཆེན་ཐུན་མོང་བ་དང་། རྡོ་རྗེ་ཐེག་པའི་བླ་མའི་མཚན་ཉིད་བརྗོད་དེ་གསོལ་བ་འདེབས་པའོ། །དང་པོ་ནི། ཡོན་ཏན་འབྱུང་གནས་སོགས་རྐང་པ་བཞི་སྟེ། ལུང་རྟོགས་ཀྱི་ཡོན་ཏན་མ་ལུས་པའི་འབྱུང་གནས་སུ་གྱུར་པའི་ཚུལ་ཁྲིམས་རྒྱ་མཚོ་ཆེ་སྟེ། རྣམ་པར་དག་པའི་ཚུལ་ཁྲིམས་མང་པོ་དང་ལྡན་ལ། མདོ་སྔགས་ཀྱི་ཆོས་མང་དུ་ཐོབ་པའི་ཡོན་ཏན་རིན་པོ་ཆེ་ནོར་བུའི་ཚོགས་ཀྱིས་ཐུགས་རྒྱུད་ཡོངས་སུ་བལྟམས་པ་སྟེ་གང་བ་ནི། དཔེར་ན་ནོར་བུ་མང་པོ་རྒྱ་མཚོའི་ནང་ན་ཡོད་པ་བཞིན་ནོ། །ཆོས་གོས་ངུར་སྨྲིག་འཛིན་པ་དང་། ཐུབ་དབང་ནི་སངས་རྒྱས་དངོས་ཡིན་ལ། གཉིས་པ་ནི་འདུལ་བའི་བསླབ་བྱ་སྟོན་པ་ལ་སྟོན་པ་སངས་རྒྱས་གཉིས་པ་ལྟར་གྱུར་པའི་ཆོས་ཀྱི་རྗེ་ཞེས་པའང་ཡིན་པས་སོ། །གནས་བརྟན་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང་། སྡེ་སྣོད་གསུམ་ལ་མཁས་པའི་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་ནོ། །འདུལ་བ་ལ་གཉིས་ཡོད་པའི་རྗོད་བྱེད་འདུལ་བའི་སྡེ་སྣོད་དང་། བརྗོད་བྱ་ཚུལ་ཁྲིམས་གཉིས་ཀ་འཛིན་པའི་བླ་མ་ལ་གསོལ་བ་འདེབས་སོ་ཞེས་པའོ། །དེ་ལྟར་ཡང་། སུམ་བརྒྱ་པར། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐེག་ཆེན་ཐུན་མོང་བའི་བླ་མའི་མཚན་ཉིད་བསྟན་པའི་སྒོ་ནས་གསོལ་བ་འདེབས་པ་ནི། གང་དང་ལྡན་ན་སོགས་རྐང་པ་བཞི་སྟེར། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གང་དང་ལྡན་ན་ནི། སྤང་བྱ་མ་ལུས་སྤང་བའི་བདེ་བའི་གནས་དམ་པར་གཤེགས་པ་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ལམ་ཉམས་སུ་ལེན་པའི་རིམ་པ་རྣམས་གདུལ་བྱ་ལ་སྟོན་པར་འོས་པའི་ཡོན་ཏན་ཏེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཕྱིར་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་པ་ལྟར་ཁྱད་པར་བཅུ་དང་ལྡན་པ་དང་། བདུད་བཞི་ལས་རྣམ་པར་རྒྱལ་བའི་མ་ལུས་རྒྱལ་བའི་གདུང་འཚོ བ་སྟེ། དེའི་བརྒྱུད་འཛིན་དུ་གྱུར་པ་དང་། ལུང་རྟོགས་ཀྱི་ཆོས་ཀྱི་བདག་པོ་ཡིན་པས་ན་ཆོས་ཀྱི་རྗེ་སྟེ་དེ་ཉིད། ཐེག་པ་དེ་ལ་གཉིས་ཡོད་པའི་ཐེག་པ་མཆོག་གམ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་འོས་པ་ཡིན་ནོ། །སྤྱིར་ཐེག་པ་ཞེས་པ་ནི་བགྲོད་བྱེད་ལམ་གྱི་མིང་ཡིན་ཞིང་། དེ་ཡང་རང་རང་གི་བགྲོད་པ་པོ་ཉིད་ཞོན་ནས་འགྲོ་བས་ན་བཞོན་པས་ཁུར་ཐེག་པའི་དོན་ནོ། །ཡང་འདིས་བགྲོད་པ་རྒྱུའི་ཐེག་པ་དང་། འདིར་བགྲོད་པ་འབྲས་བུའི་ཐེག་པ་གཉིས་ཡོད་ཅིང་། ཁྱད་པར་ཐེག་ཆེན་ཞེས་པ་ལ། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །ཞེས་པ་ནས། སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཞེས་དོན་བདུན་གསུངས་པ་ལྟར་རོ། །སྔར་བཤད་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དེ་ལ་ཞེས་པའོ། །གསུམ་པ་ནི། སྒོ་གསུམ་སོགས་རྐང་པ་བཞི་སྟེ། ལུས་ངག་ཡིད་ཀྱི་སྒོ་གསུམ་པོ་ཉེས་སྤྱོད་ལས་ལེགས་པར་བསྡམས་ཞིང་། ཆོས་ཟབ་མོ་ཤེས་པའི་བློ་གྲོས་ཤེས་རབ་ཆེན་པོ་དང་ལྡན་པ་དང་། གནོད་པ་དང་ཆོས་ཀྱི་དཀའ་སྤྱད་ལ་བཟོད་ནུས་པའི་བཟོད་པ་དང་ལྡན་པ་དང་། ཉེ་རིང་མེད་ཅིང་ལྷག་བསམ་དང་ལྡན་པས་དྲང་བ། རང་གི་ཉེས་པ་སྦེད་པའི་གཡོ་དང་། ཡོན་ཏན་མེད་བཞིན་དུ་ཡོད་པར་སྟོན་པའི་སྒྱུ་གཉིས་ཀ་མེད་ལ། སྔགས་དང་རྫས་སྦྱོར་གྱིས་བགེགས་སོགས་བཟློག་ནུས་པའམ། ཞི་སོགས་སྒྲུབ་པ་ཤེས་པ་ནི། སྔགས་དང་རྒྱུད་ཤེས་ཤིང་ཞེས་པའི་དོན་དུ་ཁ་ཅིག་བཞེད་དོ། །དེ་ཉིད་བཅུ་ཟུང་སྟེ་བཅུ་ཆེན་གཉིས་ཀྱི་དང་པོ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་ལས། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་པ་ལྟར། ཁྲོ་བཅུ་ལྟ་བུ་བསྒོམ་ནས་ཕྱིར་བཟློག་པ་དང་། བྲིས་ནས་འདོགས་པས་ཕྱིར་བཟློག་ཚུལ་ཤེས་པ་དང་། བུམ་དབང་སྔོན་དུ་སོང་བའི་གསང་བ་བསྐུར་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་བསྐུར་བ་དང་། དགྲ་བོ་སྲུང་མ་དང་ཕྲལ་ནས་མངོན་སྤྱོད་བྱེད་ཚུལ་གྱི་ཁ་སྦྱོར་དབྱེ་བ་དང་། གཏོར་མའི་རིགས་དང་། ཡིད་དང་ངག་བཟླས་ཀྱི་རྡོ་རྗེའི་བཟླས་པ་དང་། ལྷ་མོ་དང་ཟླ་བར་ཚུལ་བཞིན་བསྒྲུབས་ཀྱང་མ་འགྲུབ་ན་ལྷ་ལ་དྲག་པོའི་སྦྱོར་བ་བྱེད་པ་དང་། རབ་གནས་དང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒྲུབ་ཚུལ་བཅས་ཤེས་པའོ། །བཅུ་ཚན་གཉིས་པ་ནི། རྒྱུད་དེ་ཉིད་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་པ་ལྟར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བྲི་སྒྲུབ་ཤེས་པ་དང་། བདག་བསྐྱེད་ཀྱི་དང་པོ་སྦྱོར་བ་སོགས་ཤེས་པ་དང་། ཕྱག་རྒྱ་བཞིས་རྒྱས་འདེབས་ལྟ་བུ་དང་། གཡས་བརྐྱང་བ་སོགས་རྐང་སྟབས་དང་། རྡོ་རྗེ་སྐྱིལ་ཀྲུང་སོགས་འདུག་སྟངས་དང་། སྔགས་ཀྱི་བཟླས་བརྗོད་དང་། སྦྱིན་སྲེག་དང་། མཆོད་པ་བྱེད་ཚུལ་དང་། ཞི་སོགས་ཀྱི་ལས་སྦྱོར་དང་། མཆོད་བསྟོད་སོགས་བྱས་ནས་སླར་གཤེགས་གསོལ་གྱི་སླར་སྡུད་ཤེས་པའོ། །དེ་དག་གི་དོན་རྒྱས་པར་ནི། དེ་ཁོ་ན་ཉིད་བཅུ་པ་ལས་ཤེས་པར་བྱའོ། །ཞེས་རྗེ་ཉིད་ཀྱིས་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས་གསུངས་སོ། །བཅུ་ཚན་སྔ་མ་ནི་རྒྱུད་སྡེ་གོང་མ་དང་། །ཕྱི་མ་ནི་འོག་མའི་སློབ་དཔོན་གྱི་མཚན་ཉིད་ཡིན་པར་བཤད་ལ། གཞན་ཡང་། དཀྱིལ་འཁོར་སོགས་བྲི་བ་དང་། མདོ་སྔགས་ཀྱི་ཆོས་འཆད་པ་ལ་ཡང་མཁས་པའི་རྡོ་རྗེ་འཛིན་པའི་གཙོ་བོ་སྟེ་དེ་འདྲ་བའི་སྔགས་ཀྱི་སློབ་དཔོན་ལ་ཞེས་སོ། །འོ་ན། དེ་ལྟ་བུའི་མཚན་ཉིད་ཚང་བའི་བླ་མ་དཀོན་པས་ཇི་ལྟར་བྱེད་ཅེ་ན། དེ་ཡང་དོན་དམ་སྙེ་མ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་དེ། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་གསུངས་པ་ལྟར། སྐྱོན་དང་ཡོན་ཏན་གཉིས་ལས་ཡོན་ཏན་ཆེ་ན་བསྟེན་པར་བྱ་བར་གསུངས་སོ། །རང་ལས་དམན་པའི་བླ་མ་བསྟེན་པར་མི་བྱ་སྟེ། ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་། །ཐོད་ཀར་བབས་པ་བསྟེན་པ་སོ་ན་གནས། །ཞེས་གསུངས་པའི་ཕྱིར་རོ། །ཞེས་འདུལ་བ་དང་། ཐེག་ཆེན་ཐུན་མོང་བ་དང་། རྡོ་རྗེ་ཐེག་པའི་བླ་མའི་མཚན་ཉིད་གྱི་སྒོ་ནས་གསོལ་བ་གཏབ་བོ། །གཉིས་པ་ཡོན་ཏན་གཞན་གྱི་སྒོ་ནས་གསོལ་བ་འདེབས་པ་ལ་ལྔ། ཕྱི་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱི་གསོལ་འདེབས། ཁྱད་པར་གྱི་གསོལ་བ་འདེབས་ཚུལ་ལོ། དང་པོ་ནི་སངས་རྒྱས་གྲངས་མེད། ཞེས་པ་ནས། ཐུགས་རྗེ་ཅན་ལ་གསོལ་བ་འདེབས་ཞེས་པའི་བར་ཚིགས་སུ་བཅད་པ་གསུམ་སྟེ། སྒྲིབ་གཉིས་སྤངས་ཤིང་། ཤེས་བྱ་ཐམས་ཅད་ལ་མཁྱེན་པ་རྒྱས་པས་ན་སངས་རྒྱས་ཏེ། དེ་ལྟ་བུ་སྔར་གྲངས་མེད་བྱོན་ཟིན་པ་རྣམས་ཀྱིས་མ་ཐུལ་བའམ་འདུལ་བར་མ་ནུས་པའི་མ་རུངས་པ་སྟེ་དམུ་རྒོད་གདུལ་དཀའ་བའི་ཚེ་སྙིགས་མ་དང་། དུས་དང་། ལྟ་བ་དང་། སེམས་ཅན་དང་། ཉོན་མོངས་པའི་སྙིགས་མ་ལྔའི་དུས་སུ་བྱུང་བའི་འགྲོ་བ་རྣམས་ལ། བདེ་བར་གཤེགས་པའི་སར་བགྲོད་བྱེད་ཀྱི་ལམ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཉིད་ཀྱི་ལྟ་བ་སོགས་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་མ་ནོར་བར་སྟོན་པའི་སྡུག་བསྔལ་ལས་སྐྱོབ་པས་ན་སྐྱབས་དང་། བདེ་བ་ལ་སྦྱོར་བས་ན་མགོན་ཞེས་བྱ་ལ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་ནི་ཐུགས་རྗེ་སྟེ་དེ་དང་ལྡན་པ་ནི་ཅན་ཡིན་པས་དེ་ལ་ཞེས་སོ། །མི་མཐུན་ཕྱོགས་ཐུབ་པས་ན་ཐུབ་པ་སྟེ་བདག་ཅག་གི་སྟོན་པའོ། །དེ་ལྟ་བུའི་ཉི་མ་དེ། དུས་ངན་གྱི་དབང་གིས་ནུབ་པ་སྟེ། མྱ་ངན་འདས་པའི་ཚུལ་བསྟན་པར་བྱུང་སྟེ། དེའི་རྗེས་སུ་མགོན་དང་སྐྱབས་མེད་པའི་བདག་སོགས་སྙིགས་མའི་འགྲོ་བ་མང་པོ་ལ། བླང་དོར་གྱི་གནས་སྟོན་པ་སོགས་རྒྱས་པའི་མཛད་པ་འཕྲིན་ལས་ཉེ་བར་གྲུབ་པར་མཛད་པའི་སྐྱབས་མགོན་ཐུགས་རྗེ་ཅན་ལ་ཞེས་པའོ། །འདས་མ་འོངས་ད་ལྟར་གྱི་དུས་གསུམ་དུ་བྱོན་པ་དང་། འབྱོན་འགྱུར་དང་། ཤར་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་བདུད་བཞི་ལས་རྒྱལ་བའི་སངས་རྒྱས་ཐམས་ཅད་ནི་མཆོད་པར་བྱ་བའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་ཡིན་མོད། དེ་དག་བས་ཀྱང་། དྲིན་ཅན་བླ་མ་གང་གི་ཡོན་ཏན་རྣམས་སྨོས་ཅི་འཚལ། བླ་མ་དེའི་བ་སྤུའི་བུ་ག་གཅིག་ཙམ་ཡང་བདག་ཅག་གི་བསོད་ནམས་གསོག་པའི་ཞིང་དུ་རྒྱལ་བ་སྲས་བཅས་ཀྱིས་ལེགས་པར་བསྔགས་པའི་སྐྱབས་མགོན་ཐུགས་རྗེ་ཅན་ལ་ཞེས་པ་སྟེ། བསྔགས་ལུགས་ནི། བླ་མ་ལྔ་བཅུ་པ་ལས། དེ་དང་དེ་ནི་བླ་མར་འབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་སངས་རྒྱས་བརྒྱ་མཆོད་སྟོང་མཆོད་ལས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །ཞེས་དང་། དགེ་འདུན་རྒྱ་མཚོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པ་ལས། །གང་གི་བ་སྤུའི་ཁུང་བུ་གཅིག་མཆོད་པ། །གཞལ་དུ་མེད་པའི་བསོད་ནམས་ལྷག་ཐོབ་ཅིང་། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་། བླ་མ་དེ་ཉིད་སྤངས་རྟོགས་སངས་རྒྱས་ལས་མི་ལྷག་ཀྱང་། ཕན་འདོགས་པའི་ཞིང་དུ་ལྷག་པ་རྗེ་ཉིད་ཀྱིས་གསུངས་སོ། །གཉིས་པ་ནང་གི་གསོལ་འདེབས་ནི་བདེ་གཤེགས་སྐུ་གསུམ། ནས། བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་པའི་བར་ཚིགས་སུ་བཅད་པ་གཉིས་ཏེ། བདེ་བར་གཤེགས་པའི་སྐུ་གསུམ་སྟེ། རང་བཞིན་གྱི་སྟོང་པ་ཆོས་ཀྱི་སྐུ་དང་ཆོས་སྐུ་དེར་གཏོགས་པའི་ཡེ་ཤེས་དང་། ཐེག་ཆེན་གྱི་ཆོས་འབའ་ཞིག་ལ་ལོངས་སྤྱོད་པ་ཐོག་མ་ཉིད་དུ་དངོས་སུ་སངས་རྒྱས་པའི་ལོངས་སྐུ་དང་། དེའི་སྤྲུལ་པར་གྱུར་པའི་སྤྲུལ་སྐུ་སྟེ་གསུམ་ཡིན་ལ། སངས་རྒྱས་རྣམས་དེའི་རང་བཞིན་དུ་མཛེས་པས་ན་རྒྱན་གྱི་སྟེ་ཁ་ཅིག་སངས་རྒྱས་རྣམས་ཀྱིས་སྤྱི་གཙུག་སོགས་མཛེས་པའོ། །ཞེས་གསུང་ངོ་། །འཁོར་ལོ་ནི་སྐུ་གསུམ་གྱི་ཚོགས་སམ། སྐུ་གསུང་ཐུགས་ཀྱིས་བསྡུས་པའི་དཀྱིལ་འཁོར་པའི་ལྷ་ཚོགས་སོ། །དེ་ཐམས་ཅད་ཀྱིས་ཐབས་མཁས་དང་། ཐུགས་རྗེས་སྒྱུ་འཕྲུལ་དྲ་བ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། འཇོ་སྒེག་ནི་དེ་ལྟར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། བློ་དམན་བདག་ཅག་རྣམས་ཀྱི་སྣང་དང་མཐུན་པར་ཐ་མལ་པའི་དགེ་བའི་བཤེས་གཉེན་གྱི་ཚུལ་གྱིས་བདག་སོགས་འགྲོ་བ་རྣམས་འཁོར་བ་དང་ངན་སོང་ནས་འདྲེན་པར་མཛད་པའི་སྐྱབས་མགོན་ཐུགས་རྗེ་ཅན་ལ་ཞེས་བྱའོ། །སྔར་བཤད་པ་དེ་ལྟ་བུའི་བླ་མ་ཁྱོད་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། ཡན་ལག་རྣམས་ལྷའི་ངོ་བོ་ལས་མ་འདས་པ་ཡིན་ཏེ། གཟུགས་སོགས་ཕུང་པོ་ལྔ་ནི་རྣམ་སྣང་སོགས་བདེ་གཤེགས་རིགས་ལྔ་ཡབ་རྣམས་ཀྱི་རང་བཞིན་དང་། ས་སོགས་འབྱུང་བ་བཞི་ནི་སྤྱན་སོགས་ཡུམ་དང་། མིག་སོགས་སྐྱེ་མཆེད་དང་རྩ་རྒྱུས་དང་ཚིག་རྣམས་ནི་ས་སྙིང་སོགས་བྱང་ཆུབ་སེམས་དཔའ་དང་། ལག་སོགས་བཅུ་ནི་གཤིན་རྗེ་གཤེད་སོགས་ཁྲོ་བོའི་དབང་པོ་བཅུའི་རང་བཞིན་སྔར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །དཀོན་མཆོག་གསུམ་པོ་འདུས་པའི་ངོ་བོ་ཡང་ཡིན་ཏེ། སྔར་བསྟན་པའི་རིགས་ལྔ་ཡབ་ཡུམ་ནི་སངས་རྒྱས་དང་། བྱང་སེམས་དང་ཁྲོ་བོ་རྣམས་ནི་དགེ་འདུན་དང་། དེ་རྣམས་ཀྱི་རྒྱུད་ལ་མངའ་བའི་སྤངས་རྟོགས་ཀྱི་ཡོན་ཏན་ནི་ཆོས་དཀོན་མཆོག་སྟེ་མདོར་ན་དཀོན་མཆོག་གསུམ་པོ་ཀུན་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་བླ་མ་མཆོག་ལ་ཅེས་པའོ། །གསུམ་པ་གསང་བའི་གསོལ་འདེབས་ནི། ཀུན་མཁྱེན་ཡེ་ཤེས་སོགས་རྐང་པ་བཞི་སྟེ། ཇི་ལྟ་ཇི་སྙེད་ཀྱི་ཆོས་མ་ལུས་པར་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་ཀུན་མཁྱེན་ཡེ་ཤེས་ཡིན་ལ། དེ་ཡང་འདིར་སྔགས་ཕྱོགས་ལ་གཏོགས་པས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱ་ཞིང་། དེའི་རྣམ་པར་རོལ་བ་ནི་རྣམ་འཕྲུལ་པ་སྟེ་དེ་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བྱེ་བའི་བདག་ཉིད་ཅན་ནམ་བདག་པོར་གྱུར་པ་དེ་ནི་རིགས་བརྒྱའི་ཁྱབ་བདག་སྟེ་རིགས་ཐམས་ཅད་འདུས་པའི་རྡོ་རྗེ་འཆང་ཆེན་པོའོ། །རིགས་བརྒྱད་ནི། རྣམ་སྣང་གི་རིགས་ཀྱི་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྨེ་བསྐྱོད་པ་ལྔ་ཡོད་པ་དེ་བཞིན་དུ། ལྷག་མ་བཞི་ལའང་སྦྱར་བས་ཉེར་ལྔ། རེག་བྱ་རྡོ་རྗེ་མ་སོགས་ཡུམ་ལྔ་ལ་ཡང་དེ་ལྟར་ཕྱེ་བས་ཉེར་ལྔ། འདོད་ཡོན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་སོགས་བཞི་ལ་ཡང་དེ་ལྟར་ལྔ་ལྔར་ཕྱེ་བས་ཉི་ཤུ། བྱམས་པ་ཀུན་བཟང་གཉིས་མ་གཏོགས་པའི་ས་སྙིང་སོགས་དྲུག་ལའང་དེ་ལྟར་ཕྱེ་བས་སུམ་ཅུ་སྟེ། དེ་ལྟར་ན། རྣམ་སྣང་གི་རིགས་ཉི་ཤུ། ནས། མི་བསྐྱོད་པའི་རིགས་ཉི་ཤུ་འབྱུང་བས། ཁྱོན་བསྡོམས་པས་བརྒྱའོ། །དེ་བསྡུ་ན་རིགས་ལྔ་དང་། དེ་ཡང་བསྡུ་ན། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་གསུམ་དུ་འདུ་ལ་དེ་ཡང་བསྡུ་ན། རྡོ་རྗེ་འཆང་དུ་འདུ་བས་ཁྱབ་བདག་གོ། །དེས་ན་རྡོ་རྗེ་འཛིན་གཞན་རྣམས་ཕལ་པ་ལྟ་བུ་དང་། རིགས་ཐམས་ཅད་འདུས་པའི་བདག་པོ་རྡོ་རྗེ་འཆང་དང་འདྲ་བས་རྡོ་རྗེ་འཛིན་པའི་གཙོ་བོ་ཡིན་ལ། སྔར་བཤད་པ་ལྟར་གྱི་ཟུང་འཇུག་ཏུ་གྱུར་པའི་སྐུ་མངའ་བའི་དང་པོའི་མགོན་སྟེ་དང་པོ་ནི་མཆོག་གི་དོན་དུ་ཁ་ཅིག་བཞེད་ལ། དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པའི་རྩ་བར་གྱུར་པས་ན་དང་པོ་ཞེས་བྱའམ་སྙམ་སྟེ། དེ་ལྟ་བུའི་བླ་མ་དེ་ལ་ཅེས་བྱའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་གསོལ་འདེབས་ནི། སྒྲིབ་མེད་ལྷན་སྐྱེས་སོགས་རྐང་པ་བཞི་སྟེ། གསོལ་བ་འདེབས་སོ། །གང་ལ་ན། འོག་ནས་འབྱུང་བའི་ཁྱད་པར་དང་ལྡན་པའི་བླ་མ་ཁྱོད་ལའོ། །དེ་ཉིད་ངོ་བོ་ཇི་ལྟ་བུ་ཞེ་ན། སྒྲིབ་མེད་སྟེ་སྒྲིབ་པ་དང་བྲལ་བའི་ལྷན་སྐྱེས་ཀྱི་དགའ་བའི་ངོ་བོར་གྱུར་པའི་ཡེ་ཤེས་ཀྱི་རྣམ་པར་རོལ་བ་དང་ངོ་བོ་དབྱེར་མེད་པའི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ། བརྟན་པ་སྣོད་དང་། གཡོ་བ་བཅུད་ཐམས་ཅད་ཀུན་ལ་ནམ་མཁའ་ལྟར་ཁྱབ་ཅིང་དེ་དག་ཀུན་གྱི་བདག་ཉིད་དམ་ངོ་བོར་གྱུར་པ་དང་། ཐོག་མ་དང་མཐའ་མའི་དབྱེ་བ་དང་བྲལ་བ་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཅན་ཡིན་པས་ཀུན་དུ་བཟང་པོ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་དངོས་ཆོས་སྐུ་བདེ་བ་ཆེན་པོ་ལ་ངེས་དོན་གྱི་བླ་མ་ཞེས་བྱ་བ་དེའོ། །གསོལ་བ་འདེབས་པ་ནི་རེ་བ་ལྟོས་ཀྱི་ཞུ་བ་འབུལ་བ་ཡིན་པར་བུ་སྟོན་གྱིས་བཤད་པས་ཚིགས་བཅད་དེ་ཐམས་ཅད་ཀྱི་མཐར་སྦྱོར། ཅེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་རྩེ་གཅིག་ཏུ་གསོལ་གདབ་ཅིང་། ལྔ་པ་ཁྱད་པར་དུ་གསོལ་བ་འདེབས་པའི་ཚུལ་ནི། ཁྱོད་ནི་བླ་མ་ཞེས་སོགས་རྐང་པ་བཞི་སྟེ། མཁས་པ་ཁ་ཅིག་སྐབས་འདིར་བླ་མའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་སྤྲོས་ནས་འཁོར་རྣམས་གཙོ་བོ་ལ་འདུས་པར་བསམ་ཞེས་གསུངས་ཏེ་བརྟག །དོན་ནི། ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས། ཁྱོད་ནི་བླ་མ་ཀུན་འདུས། ཁྱོད་ནི་ཡི་དམ་ཀུན་འདུས། ཁྱོད་ནི་མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས་པའི་བདག་ཉིད་སྟེ། དུས་དང་སྟེ་ད་ལྟ་ནས་བཟུང་སྟེ་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ཅི་བྱུང་ཡང་ཁྱོད་མ་ཡིན་པའི་རེ་སའི་སྐྱབས་གནས་གཞན་ནི་ཡེ་མི་འཚོལ་བས། ཚེ་འདི་དང་བར་དོ་སྐྱེ་བ་ཕྱི་མའི་མཐར་ཏེ་དེའི་ཡང་ཕྱི་མ་རྣམས་སུ་ཡང་ཐུགས་རྗེའི་ལྕགས་ཀྱུས་བཟུང་མཛོད་ལ། བླ་མ་ཀུན་འདུས་ཡིན་པས་སྲིད་པ་འཁོར་བ་དང་ངན་སོང་གི་འཇིགས་པ་དང་། ཞི་བ་རང་ཉིད་གཅིག་པུ་ཐར་པར་འདོད་པའི་དམན་པའི་ཐེག་པར་ལྟུང་བའི་འཇིགས་པ་ཀུན་ལས་སྒྲོལ་བ་དང་། ཡི་དམ་ཀུན་འདུས་ཡིན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་སྩོལ་བ་དང་། མཁའ་འགྲོ་ཀུན་འདུས་ཡིན་པས་གཏན་གྱི་བདེ་བ་སངས་རྒྱས་འཐོབ་པ་ལ་འགལ་རྐྱེན་སེལ་ཞིང་། མཐུན་རྐྱེན་སྒྲུབ་པའི་འགྲོགས་མཛོད་ལ། ཆོས་སྐྱོང་ཀུན་འདུས་ཡིན་པས་གནས་སྐབས་སུ་ཕྱི་ནང་གི་བར་དུ་གཅོད་པའི་གདོན་བགེགས་སོགས་ཉེར་འཚེ་ཐམས་ཅད་ལས་ལེགས་པར་ཟུངས་ཤིག་པའོ། །ཞེས་ལན་གསུམ་མོ། །གསུམ་པ་མཐར་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ནི། དེ་ལྟར་ལན་གསུམ་གསོལ་བ་བཏབ་པའི་མཐུས། །ཞེས་སོགས་རྐང་པ་བརྒྱད་གསུངས་ཏེ། སྔར་བཤད་པ་དེ་ལྟར་ལན་གསུམ་གསོལ་བ་བཏབ་པའི་མཐུ་དང་ནུས་པས། བླ་མའི་སྐུའི་གནས་སྤྱི་གཙུག་ཏུ་ཡི་གེ་ༀ་དཀར་པོ་དང་། གསུང་གི་གནས་མགྲིན་པར་ཨཱཿདམར་པོ་དང་། ཐུགས་ཀྱི་གནས་སྙིང་ཀར་ཧཱུྃ་ཡིག་མཐིང་ཀ་རྣམས་ལས། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཐམས་ཅད་བདུད་རྩི་འོད་ཟེར་དང་བཅས་པ་དཀར་དམར་མཐིང་ཀའི་རྣམ་པ་ཅན་གསུམ་རིམ་ཆར་དང་། དེ་ནས་ཅིག་ཆར་དུ་བྱུང་ནས་དེ་རྣམས་རིམ་པ་བཞིན་དུ་སྒྲུབ་པ་པོ་བདག་ཉིད་ཀྱི་སྤྱི་བོ་མགྲིན་པ་སྙིང་ཀའི་གནས་གསུམ་དུ་སྔ་ཕྱི་རིམ་ཆར་དང་། དེ་ནས་ཅིག་ཆར་དུ་ཐིམ་པ་ནས་ཐུན་མོང་བ་ལྟར་ན་སྲོག་གཅོད་སོགས་ལུས་ཀྱི་སྒྲིབ་པ་དང་། རྫུན་དུ་སྨྲ་བ་སོགས་ངག་གི་སྒྲིབ་པ་དང་། བརྣབ་སེམས་སོགས་ཡིད་ཀྱི་སྒྲིབ་པ་དང་། སྒོ་གསུམ་ཐུན་མོང་གི་སྒྲིབ་པ་སྟེ་སྒྲིབ་པ་བཞི་དག་ཅིང་། ཐུན་མོང་མ་ཡིན་པ་ལྟར་སྒོ་གསུམ་སོ་སོ་དང་ཐུན་མོང་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་རྣམས་སྦྱངས་ཏེ། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། དབང་བཞི་པ་སྟེ་རྣམ་པར་དག་པའི་དབང་བཞི་རིམ་པ་བཞིན་དུ་ཐོབ་པའི་ནུས་པས། འབྲས་བུ་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ཟུང་འཇུག་གི་སྐུ་སྟེ་སྐུ་བཞི་ཐོབ་པར་བསམ་པའམ་འཐོབ་པར་འགྱུར་བའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་བསམ་པ་ཡིན་ཅིང་། དེ་ནས་སྤྱི་བོའི་བླ་མ་དེ་ཉིད་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བླ་མ་གཉིས་པ་ཞིག་ཆད་ནས་དགྱེས་བཞིན་དུ་རང་ཉིད་ལ་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་འདྲེས་ནས་རང་དང་བླ་མའི་སྒོ་གསུམ་དབྱེར་མེད་དུ་སོང་སྟེ་བྱིན་གྱིས་བརླབས་པར་གྱུར་པར་བསམ་པའོ། །ཏིང་ངེ་འཛིན་གྱི་དབང་གིས་དབང་ཐོབ་པའི་གོ་མི་ཆོད་ཀྱང་། བྱིན་བརླབས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་སོ། །གསུམ་པ་བྱིན་རླབས་ཞུ་བ་སོགས་ནི། སྔར་བྱིན་རླབས་ཞུས་པར་མ་ཟད། དེ་ནས་སླར་ཡང་བྱིན་གྱིས་བརླབས་པའི་ཕྱིར་དང་། ཐུགས་རྗེ་བསྐུལ་བའི་ཕྱིར་དང་། འདོད་བྱའི་དོན་ལ་སྨོན་ཅིང་། ཐེག་པ་ཆེན་པོའི་ལམ་ལ་བློ་སྦྱོང་བ་ལྷན་ཅིག་ཏུ་བྱ་བ་ཡིན་ལ་དེའི་ཚུལ་ནི་འདི་ལྟར་རོ། །ཞེས་མཚམས་སྦྱར་ཞིང་། འདི་ལ་ལྔ། ཐེག་ཆེན་ཐུན་མོང་བའི་ལམ། ཐུན་མོང་མ་ཡིན་པའི་ལམ། འཕོ་བ་འདེབས་ཚུལ། བླ་མ་དང་མི་འབྲལ་བར་སྨོན་ཚུལ། མཐར་བླ་མ་རང་ལ་བསྡུས་ནས་སྤྱོད་ལམ་ཇི་ལྟར་བྱེད་ཚུལ་ལོ། །དང་པོ་ལ་གཉིས། ལམ་གྱི་སྔོན་འགྲོ་སྒོམ་ཚུལ། དངོས་གཞི་སྒོམ་ཚུལ་ལོ། །དང་པོ་ལ་གཉིས། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། འབྲིང་དང་ཐུན་མོང་བའི་ལམ་སྒོམ་ཚུལ་ལོ། དང་པོ་ལ་གསུམ། སླར་ཡང་བླ་མ་མཆོད་པ་ལས་བྱུང་བའི་བྱིན་བརླབས་ཞུ་བ། དལ་འབྱོར་རྙེད་དཀའ་བ་སོགས་སྒོམ་ཚུལ། ངན་འགྲོའི་སྡུག་བསྔལ་བསམ་སྟེ་སྐྱབས་སུ་འགྲོ་བའོ། །དང་པོ་ནི། ཞིང་མཆོག་དམ་པ་སོགས་ཚིགས་སུ་བཅད་པ་གཅིག་སྟེ། ཞིང་ས་བཟང་པོ་ལ་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བ་ལྟར། ཚུལ་བཞིན་བསྟེན་ན་ལེགས་ཚོགས་འབྱུང་བས་སམ། བསོད་ནམས་གསོག་པའི་ཞིང་གི་མཆོག་དམ་པ་ཡིན་ལ། རྗེ་བཙུན་གྱི་སྐད་དོན་བྷཊྚ་ཞེས་སྒྲོལ་ལ་འཇུག་པས། དད་པ་ཅན་འཁོར་བ་དང་ངན་སོང་ལས་སྒྲོལ་བས་ན་རྗེ་བཙུན་ཏེ་དེ་ལྟ་བུའི་བླ་མ་ལ་གོང་དུ་བཤད་པ་ལྟར་མཆོད་ཅིང་གུས་པས་གསོལ་བ་བཏབ་པའི་མཐུ་ལ་བརྟེན་ནས་སྔར་ལྟར་ཕན་བདེའི་ལེགས་ཚོགས་ཀུན་གྱི་རྩ་བར་གྱུར་པའི་མགོན་པོ་ཁྱོད་ཉིད་ཀྱིས་ཚེ་རབས་ཐམས་ཅད་དུ་དགྱེས་བཞིན་ཆོས་ཀྱི་བཀའ་དྲིན་སྩོལ་བས་རྗེས་སུ་འཛིན་པར་བྱིན་གྱིས་རློབས་ཤིག་པ་སྟེ། དེ་ཡང་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་སམ་གཟི་བྱིན་གྱིས། བདག་གི་སྒོ་གསུམ་ལམ་སེམས་རྒྱུད་མི་དགེ་བ་ལས་ལོགས་སུ་བཟང་པོར་བསྒྱུར་བ་ནི་བྱིན་གྱིས་བརླབས་པའི་དོན་ཏེ། ཚིགས་བཅད་གཞན་རྣམས་ཀྱི་མཐར་སྦྱར་ནས་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དལ་འབྱོར་རྙེད་དཀའ་བ་སོགས་ནི། ལན་ཅིག་ཙམ་ཞིག་རྙེད་པའི་ཞེས་སོགས་རྐང་པ་བཞི་སྟེ། དུས་ད་ལྟ་ལན་ཅིག་ཙམ་ཞིག་རྙེད་པའི་དལ་བ་སྟེ་ཆོས་བྱེད་པར་ཁོམ་པའི་ལུས་ཡིན་ལ། དེ་ཡང་ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། ། ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར་གྱི་མི་ཁོམ་པ་བརྒྱད་དང་བྲལ་བའོ། །འབྱོར་བ་ནི་ཕུན་ཚོགས་ཡིན་ཞིང་། ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཞེས་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དམ་ཆོས་གསུངས། ། བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་གཞན་འབྱོར་ལྔ་སྟེ། དེ་ལྟ་བུ་ཚང་བའི་ཆོས་ལྡན་གྱི་ལུས་འདི་ཉིད་ཤིན་ཏུ་རྙེད་དཀའ་སྟེ། དེ་ཡང་། དཔེ་ངོ་བོ་རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་སོགས་ལམ་རིམ་སོགས་ནས་ཤེས་པར་བྱའོ། །དེ་ལྟར་རྙེད་དཀའ་ཡང་མྱུར་དུ་འཇིག་པར་འགྱུར་བའི་འཆི་བ་ནི་ངེས་པར་འོང་ལ་ནམ་འཆི་ཆ་མེད་པ་སོགས་ཡིན་པའི་ཚུལ་ལེགས་པར་རྟོགས་ནས་དོན་ཅི་ཡང་མེད་པ་ཚེ་འདིའི་ཟས་ནོར་གསོག་པ་སོགས་ཀྱི་བྱ་བ་ལ་མི་གཡེང་བར་གཏན་གྱི་བདེ་བ་བྱང་ཆུབ་སྒྲུབ་པའི་དོན་ཆེན་པོ་དང་ལྡན་པས་ལུས་འདི་ལ་སྙིང་པོ་དེ་ལྟ་བུ་ལེན་པར་རོ། །གསུམ་པ་ངན་འགྲོའི་སྡུག་བསྔལ་བསམ་སྟེ་སྐྱབས་སུ་འགྲོ་བ་ནི། ངན་སོང་སྡུག་བསྔལ་འབར་སོགས་རྐང་པ་བཞི་སྟེ། དམྱལ་བ་སོགས་ངན་སོང་སྟེ་ལམ་ངན་པར་སོང་བས་སྡུག་བསྔལ་རབ་ཏུ་འབར་བའི་མེས་བདག་ཀྱང་གདུང་བར་མི་འགྱུར་རམ་སྙམ་དུ་བསམ་པ་དང་། གཞན་གདུང་བ་ཡང་མཐོང་བ་སོགས་ཀྱིས་འཇིགས་ནས། དེ་ལ་སྐྱོབ་པའི་ནུས་མཐུ་རྫོགས་པར་ཡོད་པ་ནི་དཀོན་མཆོག་གསུམ་ཁོ་ན་ཡིན་པས། དེས་ན་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། སྐྱབས་འགྲོའི་བསླབ་བྱ་ལམ་རིམ་ནས་འབྱུང་བ་ལྟར་སྡིག་པ་རྣམས་སྤོང་ཞིང་དགེ་བའི་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། བརྩོན་པ་དྲག་པོ་ལྷུར་ལེན་པ་སྟེ་ཆེད་དུ་བྱེད་པར་རོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་སྒོམ་པ་ལ་གཉིས། འཁོར་བ་ལས་ཐར་འདོད་སྐྱེ་བ་དང་། དེ་ལས་ཐར་བྱེད་ཀྱི་ཐབས་སོ། །དང་པོ་ནི། ལས་དང་ཉོན་མོངས་སོགས་རྐང་པ་བཞི་སྟེ། ཟག་པ་དང་བཅས་པའི་མི་དག་པའི་ལས་སོགས་ལས་ཀྱི་ཀུན་འབྱུང་དང་། འདོད་ཆགས་སོགས་ཉོན་མོངས་པའི་ཚོགས་མ་ལུས་པའི་རྦ་ཀློང་དྲག་ཏུ་འཁྲུག་ཅིང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་གྱི་ཆུ་སྲིན་མང་པོས་གཙེས་པ་སྟེ་གནོད་པ་དང་། མཐའ་མེད་པ་ཤིན་ཏུ་འཇིགས་སུ་རུང་བའི་སྲིད་པ་སྟེ་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བར་འདོད་པའི་ངེས་འབྱུང་གི་བསམ་པ་ཤུགས་དྲག་རྒྱུད་ལ་སྐྱེ་བར་རོ། །གཟུགས་ཅན་གྱི་རྒྱན་ཡིན་ལ། དཔེ་དོན་ཅུང་ཟད་ཕྱེ་ན། འཁོར་བ་ནི། རྒྱ་མཚོ་དང་སྦྱར། ལས་ཉོན་གཉིས་ནི་རྦ་ཀློང་དང་། སྡུག་བསྔལ་གསུམ་ནི་ཆུ་སྲིན་དང་འཁོར་བ་འདི་ཙམ་ནས་གཏན་མེད་ཅེས་ཚད་འཛིན་མི་ནུས་ནི། རྒྱ་མཚོའི་མཐའ་དང་གཏིང་ཕལ་པས་ཚད་བཟུང་མི་ནུས་པ་དང་སྦྱར་རོ། ། གཉིས་པ་ཐར་འདོད་ཀྱི་ཐབས་ནི། བཟོད་དཀའ་སོགས་རྐང་པ་བཞི་སྟེ། སྡུག་བསྔལ་གྱིས་གདུང་བ་ཤིན་ཏུ་བཟོད་དཀའ་བ་ནི། དཔེར་ན་ཉེས་ཅན་འཇུག་པའི་གནས་བཙོན་ར་དང་འདྲ་བའི་འཁོར་བ་འདི་ནི། བདག་ཅག་འཁྲུལ་པའི་བག་ཆགས་ངན་པའི་དབང་གིས། སྐྱིད་པའི་གནས་དགའ་བའི་ཚལ་ལྟ་བུར་ཕྱིན་ཅི་ལོག་ཏུ་མཐོང་བའི་བློ་ངན་པ་འདི་སྤངས་ནས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་བསླབ་གསུམ་དང་། དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ། ཁྲེལ་ཡོད། ངོ་ཚ་ཤེས་པའི་འཕགས་པའི་ནོར་གྱི་མཛོད་རྣམས་ལེགས་པར་བཟུང་སྟེ། དཔེར་ན། ལྷ་དབང་ལྷ་མིན་ལས་རྒྱལ་བའི་ཚེ། དེའི་རྟགས་ཀྱི་རྒྱལ་མཚན་སྒྲེང་བ་བཞིན་དུ། ལས་ཉོན་གྱི་མི་མཐུན་ཕྱོགས་རྣམས་ལས་རྒྱལ་བའི་ཐར་པའི་རྒྱལ་མཚན་འཛིན་པར་རོ། །གཉིས་པ་དངོས་གཞི་ཐེག་ཆེན་གྱི་ལམ་སྒོམ་པའི་ཚུལ་ལ་གཉིས། སེམས་བསྐྱེད་ལ་སློབ་ཚུལ་དང་། ཕྱིན་དྲུག་ལ་སློབ་ཚུལ་ལོ། །དང་པོ་ལའང་གཉིས། སེམས་བསྐྱེད་སྦྱོང་ཚུལ། སེམས་བསྐྱེད་དངོས་ལ་སློབ་ཚུལ་ལོ། །དང་པོ་ལ་བཞི། གཏོང་ལེན་སྦྱོང་ཚུལ། རྐྱེན་ངན་ལམ་དུ་བསྒྱུར་ཚུལ། གང་སྣང་སྟོབས་ལྔས་སེམས་བསྐྱེད་ཀྱི་རྒྱུར་སྒྱུར་ཚུལ། སྦྱོར་བཞིས་འཕྲལ་རྐྱེན་སྒོམ་དུ་སྦྱོར་ཚུལ་ལོ། །དང་པོ་ལྔ། མར་ཤེས་པ་སོགས་སྒོམ་ཚུལ། རང་གཅེས་འཛིན་འགོག་ཚུལ། གཞན་གཅེས་འཛིན་ཡོན་ཏན་དུ་ལྟ་ཚུལ། བདག་གཞན་མཉམ་པར་བརྗེ་ཚུལ། གཏོང་ལེན་དངོས་སོ། །དང་པོ་ནི། ཉམ་ཐག་སོགས་ཚིགས་སུ་བཅད་པ་གཉིས་ཏེ། སྡུག་བསྔལ་གྱི་མནར་ཞིང་། བདེ་བས་འཕོངས་པས་ཉམ་ཐག་གི་གནས་སུ་གྱུར་པ་ནམ་མཁའ་དང་མཉམ་པའི་འགྲོ་བ་འདི་ཀུན་ནི། བདག་གི་མར་གྱུར་པ་ཤ་སྟག་ཡིན་ཏེ། རྒྱུ་མཚན་ལུང་གི་སྤྲོས་པ་གཞན་ནས་ཤེས་པར་བྱ་ལ། མདོར་ན་སྐྱེ་ཤི་འཕོས་ནས་ངོམ་ཤེས་པ་མ་གཏོགས། ཚེ་སྔ་མ་རྣམས་སུ་ཡང་ཡང་མ་བྱས་ཏེ་དྲིན་གྱིས་བསྐྱངས་པའི་ཚུལ་ལེགས་པར་བསམ་ནས། དཔེར་ན་གཅེས་ཕྲུག་སྙིང་དུ་སྡུག་པའི་བུ་གཅིག་པུ་ཞིག་ལ། དེ་ཉིད་སྡུག་བསྔལ་དང་བྲལ་བར་བྱས་ཏེ་བདེ་བ་ལ་འགོད་པར་བྱའོ་སྙམ་དུ་བརྩེ་བའི་མ་བཞིན་དུ། བློས་བཅོས་པ་ཙམ་མ་ཡིན་པར། མར་གྱུར་པའི་སེམས་ཅན་འདི་དག་སྡུག་བསྔལ་ལས་ཐར་བར་བྱའོ་སྙམ་པའི་སྙིང་རྗེ་ཤུགས་དྲག་པོ་སྐྱེ་བར་རོ། །མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱིས་ནི། སྡུག་བསྔལ་ཕྲ་མོ་སྟེ་ཆུང་ངུ་ཙམ་ཡང་མི་འདོད་ཅིང་། བདེ་བ་མྱོང་འདོད་པ་ལ་དུས་ནམ་ཡང་ཆོག་ཤེས་ཏེ་ངོམས་པ་མེད་པར་མཚུངས་པ་ནི། བདག་དང་། སེམས་ཅན་གཞན་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་ལེགས་པར་ཤེས་པར་བྱས་ནས། སེམས་ཅན་གཞན་བདེ་བ་དང་དེའི་རྒྱུ་རྣམས་དང་ལྡན་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། དེ་དང་མ་བྲལ་ན་སྙམ་པའི་དགའ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་རོ། །འདི་དག་གི་སྔ་མས་ནི་སྙིང་རྗེ་དང་འདིས་ནི་བྱམས་པ་དང་དགའ་བ་གཉིས་བསྟན་ལ། བདག་གཞན་མཉམ་པར་བརྗེ་བས་ནི་བཏང་སྙོམས་བསྟན་ཏེ། །གཉིས་པ་རང་གཅེས་འཛིན་སྐྱོན་དུ་བལྟས་ནས་འགོག་ཚུལ་ནི། རང་ཉིད་གཅེས་པར་འཛིན་པའི་སོགས་རྐང་པ་བཞི་སྟེ། སེམས་ཅན་གཞན་ཡལ་བར་དོར་ནས་རང་ཉིད་གཅེས་པར་འཛིན་པའི་བློ་ནི། དཔེར་ན། ནད་ཚབས་མི་ཆེ་ཡང་རིམ་གྱིས་སྲོག་གི་བར་ཆད་དུ་འགྱུར་བ་ཡུན་རིང་བའི་ནད་ལ། གཅོང་ནད་ཞེས་ཟེར་བ་ལྟར་འཕྲལ་དུ་གནོན་པ་མི་ཆེ་ཡང་ཕུགས་སུ་སྡུག་བསྔལ་བསྐྱེད་པའི་རྩ་བར་གྱུར་པས་ན་གཅོང་ནད་ལྟ་བུ་སྟེ། དེ་འདྲ་བའི་བློ་ངན་པ་འདི་ནི། སྐྱེ་རྒ་ན་འཆི་ལ་སོགས་མི་འདོད་པའི་སྡུག་བསྔལ་སྐྱེད་པའི་རྒྱུ་ཡིན་པར་མཐོང་ནས། དགྲ་འདིས་སྔོན་བདག་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དུ་བཅུག་པས། ད་རེས་ལེ་ལན་འདས་པ་སྟེ་ལན་འཁོར་བ་དེད་ནས་བྱའོ་སྙམ་པ་འཁོན་དུ་བཟུང་བར་བྱས་ཏེ། བདག་ཁོ་ན་གཅེས་པར་འཛིན་པའི་གདོན་ཆེན་པོ་འདི་མྱུར་དུ་འཇོམས་ནུས་པར་རོ། །གསུམ་པ་གཞན་གཅེས་འཛིན་ཡོན་ཏན་དུ་ལྟ་ཚུལ་ནི། མ་རྣམས་གཅེས་སོགས་རྐང་པ་བཞི་སྟེ། རང་གཅེས་པར་བཟུང་བས་སྐྱོན་དུ་འགྱུར་ན། སུ་ཞིག་གཅེས་པར་འཛིན་ཅེ་ན། མ་རྒན་སེམས་ཅན་རྣམས་གཅེས་པར་བཟུང་ནས་བདེ་བ་ལ་འགོད་པར་འདོད་པའི་བློ་བསྐྱེད་པར་བྱ་དགོས་ལ། བློ་དེ་ནི་མཐའ་ཡས་པའི་ཡོན་ཏན་གྱི་ཚོགས་འབྱུང་བའི་སྒོ་ཡིན་པར་མཐོང་བར་བྱས་ནས། རྒྱུ་མཚན་དེ་ཉིད་བསམ་ལ། གལ་ཏེ་མ་རྒན་འགྲོ་བ་འདི་དག་ཐམས་ཅད་ཀྱང་། བདག་གི་སྲོག་ལ་རྒོལ་བའི་དགྲར་ལངས་པར་གྱུར་ཀྱང་། འདི་དག་རྣམས་ནི་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་ཡིན་པས་སྙིང་རེ་རྗེ་སྙམ་ནས། རང་ཉིད་ཤི་ཡང་བླའི། མ་སེམས་ཅན་ཐམས་ཅད་སྲོག་ལས་ཀྱང་ལྷག་པར་གཅེས་པར་འཛིན་པར་རོ། ། བཞི་པ་རྒྱུ་མཚན་དེས་ན་བདག་གཞན་མཉམ་པར་བརྗེ་བའི་རྣལ་འབྱོར་ནི། མདོར་ན་བྱིས་པ་སོགས་ཚིགས་སུ་བཅད་པ་གཉིས་ཏེ། སྔར་ལྟར་རང་གཅེས་འཛིན་ལ་ཉེས་དམིགས་དང་། གཞན་གཅེས་འཛིན་ལ་ཕན་ཡོན་རྒྱས་པར་བཤད་དུ་ཡོད་མོད། མདོར་བསྡུས་ཏེ་བཤད་ན། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་གཞན་ཡལ་བར་དོར་ནས་རང་དོན་ཁོ་ན་བྱས་པ་དང་། ཐུབ་པའི་དབང་པོས་གཞན་དོན་འབའ་ཞིག་གཙོ་བོར་མཛད་པའི་ཁྱད་པར་ཡང་། བྱིས་པ་རྣམས་ཀྱིས་སྐྱོན་དང་། ཕྱི་མས་ཡོན་ཏན་གྱི་དབྱེ་བ་ཅི་ལྟར་ཐོབ་པ་ལེགས་པར་རྟོགས་པའི་བློའི་སྟོབས་ཀྱིས། རང་གཅེས་པ་ལྟར་གཞན་གཅེས་པར་འཛིན་དགོས་པ་འདྲའོ་སྙམ་དུ་བདག་གཞན་མཉམ་པར་མཐོང་ནས་རང་ཁོ་ན་གཅེས་པར་འཛིན་པའི་བློ་དོར་ཏེ། གཞན་གཙོ་གཅེས་པར་འཛིན་པར་འགྱུར་བའི་བློར་བརྗེ་ནུས་པར་རོ། ། གཞན་ཡང་རྗེ་བཙུན་བླ་མ་ཁྱོད་ཀྱིས། བདག་ལ་སྔར་བཤད་པ་ལྟར་གྱི་བདག་གཞན་བརྗེ་བའི་རྣལ་འབྱོར་དེ་ལྟ་བུ་ཉམས་ལེན་སྙིང་པོར་ཏེ་གཙོ་བོར་བྱེད་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་ལྟར་མཛད་རིགས་པའང་ཡིན་ཏེ། བདག་གིས་ནི། རང་ཉིད་ཁོ་ན་གཅེས་པར་འཛིན་པ་ནི། སྐྱེ་འཆི་སོགས་འཕྲལ་དང་། ངན་སོང་གསུམ་དང་། འཁོར་བའི་གནས་སུ་སྐྱེ་བ་སོགས་ཡུན་གྱི་རྒུད་པ་ཀུན་གྱི་བློ་སྟེ་འབྱུང་གནས་དང་། མ་སེམས་ཅན་རྣམས་གཅེས་པར་འཛིན་པ་ནི། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཀུན་གྱི་གཞི་མ་ཡིན་པར་མཐོང་བ་དེའི་ཕྱིར་རོ། །དེས་ན་རྗེ་བཙུན་བླ་མ་སོགས་རྐང་པ་བཞི་སྟེ། སྔར་བཤད་པའི་རྒྱུ་མཚན་དེས་ན། རྗེ་བཙུན་བླ་མ་ཐུགས་རྗེ་ཅན་ཁྱོད་ཀྱིས་མར་གྱུར་འགྲོ་བ་ནམ་མཁའ་དང་མཉམ་པའི་སྡིག་སྒྲིབ་དང་སྡུག་བསྔལ་ཀུན་གཅིག་ཀྱང་མ་ལུས་པར་ད་ལྟ་ཉིད་དུ་བདག་ལ་ཚུར་སྨིན་པ་སྟེ་འོང་བར་མཛད་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་དང་། བདག་གི་བདེ་བ་དང་། དགེ་བ་ཇི་སྙེད་ཡོད་པ་རྣམས་སེམས་ཅན་གཞན་ལ་ཕར་བཏང་བར་བྱས་པ་ཡི་སྟོབས་ཀྱིས་འགྲོ་ཀུན་བདེ་བ་དང་ལྡན་པར་རོ། །གཉིས་པ་རྐྱེན་ངན་ལམ་དུ་སློང་ཚུལ་ནི། སྣོད་བཅུད་སོགས་རྐང་པ་བཞི་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་རྣམས་སྡིག་པའི་འབྲས་བུ་སྡུག་བསྔལ་སྣ་ཚོགས་པ་རྣམས་ཀྱིས་ཡོངས་སུ་གང་སྟེ། རང་ལའང་མི་འདོད་པའི་སྡུག་བསྔལ་ཆར་ལྟར་མང་པོ་བབ་པར་གྱུར་ཀྱང་། སྡུག་བསྔལ་དེ་ཉིད་སྔོན་སྡིག་པ་བྱས་པའི་རྣམ་སྨིན་ལས་ངན་པའི་འབྲས་བུ་སྨིན་པ་དེ་དག་འཛིན་པའི་རྒྱུ་ཡིན་པར་མཐོང་ནས། རྐྱེན་ངན་རྣམས་ལ་མི་དགའ་བར་མེད་པར་ལམ་གྱི་གྲོགས་ཉིད་དུ་ལོངས་བ་སྟེ་སྒྱུར་བར་རོ། །གསུམ་པ་གང་སྣང་སྟོབས་ལྔས་སེམས་སྐྱེད་ཀྱི་རྒྱུར་སྒྱུར་ཚུལ་ནི། མདོར་ན་སོགས་རྐང་པ་བཞི་སྟེ། བྱང་ཆུབ་ཀྱི་སེམས་འཕེལ་བའི་རྒྱུ་མང་དུ་ཡོད་མོད། མདོར་བསྡུ་ན། བཟང་ངན་གྱི་སྣང་བ་ཅི་བྱུང་ཡང་། དེ་ཐམས་ཅད་ཀྱང་། འཕེན་པ་གོམས་པ་དཀར་པོ་ས་བོན་དང་། རྣམ་པར་སུན་འབྱིན་སྨོན་ལམ་སྟོབས་ལྔ་ཡིན། ཞེས་གསུངས་པ་ལྟར། སངས་རྒྱས་མ་ཐོབ་ཀྱི་བར་དུ་ཆགས་སོགས་ཉོན་མོངས་སྐྱེ་བ་བཀག་སྟེ་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གནས་པ་དང་། གནས་པ་འཕེལ་བའི་ཕྱིར་དུ་འབད་པར་བྱའོ་སྙམ་དུ་འཕེན་པ་གཏོང་བ་ནི། འཕེན་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་འཕེལ་བའི་ཕྱིར་དུ་ཚོགས་བསགས་ཤིང་སྡིག་སྒྲིབ་སྦྱོང་བ་ལ་བརྩོན་པ་དངོས་ནི། ས་བོན་གྱི་སྟོབས་དང་། ཉོན་མོངས་གང་སྐྱེས་དེའི་གཉེན་པོ་བསྒོམས་ཏེ་འབུར་འཇོམས་བྱེད་པ་ནི། རྣམ་པར་སུན་འབྱིན་པའི་སྟོབས་དང་། དགེ་བ་ཐམས་ཅད་རང་གཞན་གྱི་བྱང་ཆུབ་སེམས་འཕེལ་བའི་རྒྱུར་གྱུར་ཅིག་སྙམ་དུ་སྨོན་པ་ནི། སྨོན་ལམ་གྱི་སྟོབས་དང་། སྟོབས་བཞི་པོ་དེ་དང་བདག་གཞན་མཉམ་བརྗེ་སོགས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་གནས་སྐབས་ཐམས་ཅད་དུ་རང་རྒྱུད་ལ་གོམས་པར་བྱེད་པ་ནི་གོམ་པའི་སྟོབས་ཏེ། ཆོས་ཀུན་གྱི་སྙིང་པོ་གཅིག་ཏུ་དྲིལ་བ་སྟོབས་ལྔའི་ཉམས་ལེན་སྔར་བཤད་པ་ལྟར་གྱི་སྒོ་ནས། ཀུན་རྫོབ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ག ཉིས་འཕེལ་བའི་ལམ་དུ་བསྒྱུར་ཏེ་ཡིད་མི་བདེ་བ་མེད་པར་ཡིད་བདེ་འབའ་ཞིག་སྒོམ་པར་རོ། །བཞི་པ་སྦྱོར་བ་བཞིས་འཕྲལ་རྐྱེན་ཐམས་ཅད་སྒོམ་དུ་སྦྱོར་ཚུལ་ནི། སྦྱོར་བ་བཞི་དང་སོགས་ཚིགས་སུ་བཅད་པ་གཅིག་སྟེ། འདི་ལ་ཡང་། སྦྱོར་བཞི་བཤད་པ་དང་། བློ་སྦྱོང་དམ་ཚིག་དང་བསླབ་བྱའི་ཉམས་ལེན་བཤད་པའོ། །དང་པོ་ནི། སྦྱོར་བ་བཞི་སོགས་རྐང་པ་གཉིས་ཏེ། རྗེ་འདི་ཉིད་ཀྱི་གསུང་འབུམ་ལས། བསག་སྦྱང་ལྷ་དང་གདོན་ལ་མཆོད་པ་ཡི། །སྦྱོར་བ་བཞི་དང་ལྡན་པའི་ཐབས་མཁས་ཀྱི། །ཞེས་པ་ལྟར། ཚོགས་བསགས་པ་དང་། སྡིག་སྒྲིབ་སྦྱོང་བ་དང་། ལྷ་དང་། གདོན་ལ་གཏོར་མ་སོགས་ཀྱིས་མཆོད་པའི་སྦྱོང་བ་བཞི་དང་ལྡན་པའི་ཐབས་མཁས་ཀྱིས་འཕྲལ་ལ་རྐྱེན་བཟང་ངན་ཆེ་ཆུང་གང་དང་ཐུག་ཀྱང་། དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སོགས་པའི་མཐུན་རྐྱེན་ནམ་གྲོགས་ལ་སྦྱོར་བ་སྟེ་སྒྱུར་བ་དང་། གཉིས་པ་བློ་སྦྱོང་གི་དམ་ཚིག་སོགས་ནི་བློ་སྦྱོང་སོགས་རྐང་པ་གཉིས་ཏེ། བློ་སྦྱོང་གི་དམ་ཚིག་དང་། བསླབ་བྱའི་རིམ་པ་རྣམས་རང་རང་གི་གཞུང་བློ་སྦྱོང་སོགས་ནས་འབྱུང་བ་ལྟར་ཉམས་ལེན་གྱི་བྱ་བ་ལ་བརྩོན་པས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ནི། གཏན་གྱི་བདེ་བ་ཐོབ་པར་བྱེད་པའི་འདུན་མ་སོགས་ཀྱི་དོན་ཆེན་དུ་བྱེད་པར་རོ། །གཉིས་པ་སེམས་བསྐྱེད་དངོས་ལ་སློབ་ཚུལ་ལ་གཉིས། སྨོན་སེམས་དང་། འཇུག་སེམས་ལ་བསླབ་ཚུལ་ལོ། །དང་པོ་ནི། གཏོང་ལེན་སོགས་རྐང་པ་བཞི་སྟེ། རང་གི་བདེ་བ་སོགས་ཕར་གཏོང་བ་དང་། གཞན་གྱི་སྡུག་བསྔལ་རང་ལ་ཚུར་ལེན་པའི་ཐབས་མཁས་ནི། རང་གི་སྣ་བུག་གཉིས་ནས་རླུང་ཕར་རྒྱུ་བའི་ཚེ་དེ་ལ་རང་གི་ལུས་ལོངས་སྤྱོད་དགེ་རྩ་རྣམས་བསྐྱོན་པ་སྟེ་ཞོན་པར་བྱས་ནས་སོང་སྟེ། དེ་རྣམས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཐོབ་པས་བདེ་བ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་ལ་བྱམས་པ་བསྒོམ་པར་བྱ་ཞིང་དེ་བཞིན་ཏུ་རླུང་རང་གི་སྣ་བུག་ཏུ་ཚུར་འཇུག་པའི་ཚེ་དེ་ལ་སེམས་ཅན་གྱི་སྡུག་བསྔལ་མི་འདོད་པ་ཐམས་ཅད་བསྐྱོན་ནས་རང་ལ་བསྟིམ་པས། སེམས་ཅན་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་བར་བསམ་ལ་སྙིང་རྗེ་བསྒོམ་པར་བྱའོ། །དེ་ལྟ་བུའི་འཕྲུལ་འདེགས་ནི། འཇིག་རྟེན་ན་ཤིང་གི་འཁྲུལ་འཁོར་ཤིང་རྟ་སོགས་ལ་བརྟེན་ནས་རྡོ་དང་ཤིང་ཆེ་བ་དག་ཀྱང་འབད་མེད་དུ་འདྲེན་པ་ལྟར། རླུང་འགྲོ་འོང་གི་ཁྱད་པར་ལ་བརྟེན་པའི་འཕྲུལ་འདེགས་དེ་ལྟ་བུ་དང་ལྡན་པ་ཅན་གྱི་ཐབས་མཁས་པས། བྱམས་པ་དང་སྙིང་རྗེ་དང་། སེམས་བསྐྱེད་ཀྱི་དངོས་རྒྱུ་ལྷག་པའི་བསམ་པ་བུར་ཤུན་གྱི་རོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དང་བཅས་པ་ཡིས་འཕྲོ་བ་རྣམས་སྲིད་པའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་བྱ་བའི་ཕྱིར་དུ། སྔར་བཤད་པ་ལྟར་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་འབྱོངས་པ་སྟེ་ཡོངས་སུ་རྫོགས་པ་བདག་གི་རྒྱུད་ལ་སྐྱེ་བར་རོ། །གཉིས་པ་འཇུག་སེམས་ལ་སློབ་ཚུལ་ནི། དུས་གསུམ་རྒྱལ་བ་ཀུན་གྱི་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་སྟེ་བཞོན་པ་ཡིན་ལ་གཅིག་པ་ནི། དེ་ལས་གཞན་བགྲོད་བྱེད་ཀྱི་ཐབས་མེད་པ་མིན་གྱི། དེ་ཉིད་ངེས་པར་དགོས་པའོ། །ལམ་ནི་འཇིག་རྟེན་ན་གང་དུ་འགྲོ་སའི་གཞི་ཁྱད་པར་བ་ལ་ལམ་ཞེས་བརྗོད་པ་དང་འདྲ་བས་སངས་རྒྱས་ཀྱི་གོ་འཕང་དུ་བགྲོད་བྱེད་ཀྱི་ཐབས་ཁྱད་པར་ཅན་ལ་ལམ་ཞེས་བྱའོ། །དེ་ལྟ་བུའི་ལམ་དེ་གང་ཡིན་ཞེ་ན། རྣམ་པར་དག་པའི་རྒྱལ་སྲས་བྱང་སེམས་ཀྱི་སྡོམ་པ་ཡིན་ལ། སྡོམ་པ་དེས་རང་རྒྱུད་ལེགས་པར་བསྡོམས་ཤིང་བསྲུང་བར་བྱའོ། །སྡོམ་པ་འཛིན་ཚུལ་སོགས་ནི་སྤྱོད་འཇུག་དང་། རྗེ་ཉིད་ཀྱིས་མཛད་པའི་བྱང་སེམས་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་དུ་བལྟ་བར་བྱའོ། །དེར་མ་ཟད་ཐེག་པ་མཆོག་གི་ཚུལ་ཁྲིམས་གསུམ་ཀྱི་སྟེ་དེ་ཡང་། བྱང་སེམས་ཀྱི་སོ་སོ་ཐར་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། བསྡུ་བའི་དངོས་པོ་བཞི་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་། ཕྱིན་དྲུག་གི་ཉམས་ལེན་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཏེ་གསུམ་མོ། །དེ་དག་གི་ཉམས་ལེན་ལ་བརྩོན་པ་ལྷུར་ལེན་ཏེ་གཙོ་བོར་བྱེད་པར་རོ། །གཉིས་པ་ཕྱིན་དྲུག་ལ་སློབ་ཚུལ་ལ། སྦྱིན་སོགས་དྲུག་གི་དང་པོ་སྦྱིན་པ་ནི། ལུས་དང་སོགས་རྐང་པ་བཞི་སྟེ། རང་གི་ལུས་དང་ལོངས་སྤྱོད་དང་དུས་གསུམ་དུ་བསགས་པའི་དགེ་ཚོགས་དང་བཅས་པ་རྣམས་ནི། མར་གྱུར་སེམས་ཅན་ཐམས་ཅད་ལ། རང་རང་གི་ཅི་དང་ཅི་འདོད་པའི་དངོས་པོ་དེ་དང་དེ་དག་ཏུ་བསྒྱུར་ཏེ། སེར་སྣའི་ཆགས་པ་མེད་པར་ལྷུག་པར་གཏོང་བར་འདོད་པའི་སེམས་པ་བསྐྱེད་པ་ནི། གོང་འཕེལ་དུ་འགྲོ་བའམ་མང་པོར་སྤེལ་བའི་མན་ངག་སྟེ། སེམས་ཅན་ཐམས་ཅད་ཀྱིས་དངོས་སུ་ཐོབ་པར་མ་གྱུར་ཀྱང་། དེ་ཐམས་ཅད་ལ་གཏོང་བར་འདོད་ཅིང་སྨོན་པ་ནི། རིས་སུ་བཅད་པའི་སྦྱིན་པ་ཆེན་པོ་ཡང་གནོན་པའོ། །དེ་ལྟ་བུའི་མན་ངག་གི་མཐུ་ལ་བརྟེན་ནས་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་རྣམས་རྫོགས་པ་བྱེད་ནུས་པར་རོ། །ཕར་ཕྱིན་ཞེས་པ་ལ་ཡང་གཉིས་ཏེ། ཕྱིན་བྱེད་ལམ་དང་། ཕྱིན་པ་འབྲས་བུའི་ཕར་ཕྱིན་ནོ། །དེས་ན་ཁ་ཅིག་ཤེར་ཕྱིན་ཞེས་པ་ནི་ཕྱིན་ཟིན་པ་ཁོ་ན་ཡིན་པས། སློབ་ལམ་ན་མེད་དོ་ཞེས་འདོད་ཀྱང་། རྗེ་ཡབ་སྲས་ཀྱིས་ཕྱིན་བྱེད་དང་། ཕྱིན་ཟིན་པ་གཉིས་སུ་ཕྱེ་བའི་དང་པོ་ནི་དེ་ན་ཡོད་པར་བཞེད་དོ། །གཉིས་པ་ཚུལ་ཁྲིམས་ནི། སོ་ཐར་བྱང་སེམས་སོགས་རྐང་པ་བཞི་སྟེ། རང་གིས་སོ་ཐར་གྱི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་སྟེ་སྡོམ་པ་གསུམ་པོ་གང་རུང་གཅིག་གམ། གསུམ་ཀ་བླང་བ་ཡིན་ཀྱང་དེ་དང་དེ་ཡི་བསླབ་བྱ་སངས་རྒྱས་ཉིད་ཀྱིས་དགག་སྒྲུབ་གནང་གསུམ་གྱི་བཅས་པ་མཛད་པའི་མཚམས་ཕྲ་རགས་ཐམས་ཅད་ནི་སྲོག་གི་ཕྱིར་ཡང་སྟེ་སྲོག་ལ་བབ་ཀྱང་མི་གཏོང་ན། རྐྱེན་ཆུང་ངུས་མི་གཏོང་བ་ལྟ་སྨོས་ཀྱང་ཅི་དགོས་ཞིང་བསྲུང་བ་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སྦྱིན་སོགས་དང་། སེམས་ཅན་དོན་སྒྲུབ་ཀྱི་ཚུལ་ཁྲིམས་བསྡུ་བཞིའི་ཉམས་ལེན་ལ་སོགས་པའི་སྒོ་ནས། ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པར་རོ།། འདིར་ཕྱིན་དྲུག་སོགས་དང་། དེ་དགེ་ཚུལ་ཁྲིམས་ཀྱི་ཁྱད་པར་ཞིབ་ཏུ་འབྱེད་དགོས་པ་ཡོད་དོ། །གསུམ་པ་བཟོད་པ་ནི། ཁམས་གསུམ་སྐྱེ་དགུ་སོགས་རྐང་པ་བཞི་སྟེ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཏེ་ཁམས་གསུམ་པོ་དེ་དག་ན་གནས་པའི་སྐྱེད་བུ་ནི། ཁ་ཅིག་ཁམས་གསུམ་པོ་རེ་རེར་ལན་གསུམ་གསུམ་སྐྱེ་བས་སྐྱེ་དགུ་ཞེས་འདོད་ལ། གཞན་གྱིས་དེ་བཀག་ནས་དགུ་ནི་མང་ཚིག་ཡིན་པས་སྐྱེ་བ་མང་བའི་དོན་དུ་བཞེད་དེ། ཕྱི་མ་འཐད་པར་མཐོང་ངོ་། །དེས་ན། དེ་ལྟ་བུའི་སྐྱེ་དགུ་སེམས་ཅན་མ་ལུས་པ་ཁྲོས་བར་གྱུར་ཏེ། གལ་ཏེ་དེ་ཐམས་ཅད་ཀྱིས་རང་ཉིད་ལ། ཚིག་ངན་གྱིས་བཤེ་ཞིང་། སྐྱོན་བཏགས་པའི་མཚང་འདྲུ་བ་དང་། ཁྱོད་ནི་འདི་ལྟར་འཇོམས་པར་བྱེད་དོ་ཞེས་བསྡིགས་ཤིང་། སྲོག་གཅོད་པར་བྱེད་ཀྱང་། དེ་ལྟར་བྱས་པ་རྣམས་ལ་སེམས་མི་འཁྲུགས་པ་སྟེ་ཁོང་ཁྲོ་མི་བྱེད་པར་མ་ཟད། འདི་དག་ནི་ཉོན་མོངས་པའི་གདོན་གྱིས་ཟིན་པའི་དབང་མེད་ཡིན་པས། གནོད་ལན་ལ་ཕན་པ་གང་ཐུབ་སྒྲུབ་པར་བྱེད་དོ་སྙམ་པའི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་། ཆོས་ལ་ངེས་ཐོབ་ཀྱི་བཟོད་པའི་ཉམས་ལེན་གྱི་སྒོ་ནས། བཟོད་པའི་ཕར་ཕྱིན་རྫོགས་པར་རོ། །བཞི་པ་བརྩོན་འགྲུས་ནི། སེམས་ཅན་རེ་རེའི་ཕྱིར་ཡང་སོགས་རྐང་པ་བཞི་སྟེ། གལ་ཏེ་བདག་ནི་སེམས་ཅན་ཐམས་ཅད་ལྟ་ཞོག །སེམས་ཅན་རེ་རེའི་ཕྱིར་ཏེ་དོན་དུ་ཡང་མནར་མེད་པའི་དམྱལ་བའི་མེ་ནང་དུ་སྐད་ཅིག་ཙམ་མ་ཡིན་པར་བསྐལ་བ་རྒྱ་མཚོ་སྟེ་མང་པོར་གནས་དགོས་པ་ཞིག་བྱུང་ཀྱང་། དེ་ལ་སྙིང་རྗེས་མི་སྐྱོ་བ་ཏེ་ཡིད་མི་སུན་པར་སེམས་ཅན་དེ་དག་གི་སྡུག་བསྔལ་སེལ་བར་བྱེད་ཅིང་། བྱང་ཆུབ་མཆོག་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་བརྩོན་པ་ནི་མི་ལྡོག་པའི་བརྩོན་འགྲུས་དང་། དེས་མཚོན་ཏེ་བརྟན་པའི་བརྩོན་འགྲུས། ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱི་ཉམས་ལེན་ལ་བརྟེན་ནས་བརྩོན་འགྲུས་པར་ཕྱིན་རྫོགས་པར་རོ། །ལྔ་པ་བསམ་གཏན་ནི། བྱིང་རྒོད་སོགས་རྐང་པ་བཞི་སྟེ། དམིགས་པ་ལ་སེམས་མི་གསལ་བའི་བྱིང་བ་དང་། གཡེང་བའི་རྣམ་པ་ཅན་གྱི་རྒོད་པ་དང་གཞན་ཡང་ཕྱི་རོལ་གྱི་རྣམ་པར་གཡེང་བའི་སྐྱོན་སྤངས་ནས། གཟུགས་སོགས་ཆོས་ཀུན་བདེན་པར་གྲུབ་པས་སྟོང་བ་སྟེ། དེ་དང་དོན་གཅིག་པའི་རང་བཞིན་གྱིས་གྲུབ་པས་སྟོང་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དང་། དོན་དམ་པར་གྲུབ་པས་སྟོང་པ་སོགས་ཀྱི་སྟོང་པའི་གནས་ལུགས་ཏེ། དེ་དང་དོན་གཅིག་པའི་ཆོས་ཀྱི་དབྱིངས། དེ་བཞིན་ཉིད། ཡང་དག་པའི་མཐའ། ཆོས་ཉིད། སྟོང་ཉིད་སོགས་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་གྱི་ཉམས་ལེན་ལ་བརྟེན་ནས་བསམ་གཏན་གྱི་ཕར་ཕྱིན་རྫོགས་པར་རོ། །དྲུག་པ་ཤེས་རབ་ལ་གསུམ། མཉམ་བཞག་དང་། རྗེས་ཐོབ་ཏུ་སློབ་ཚུལ། སྟོང་དང་རྟེན་འབྱུང་འགལ་མེད་ཟུང་འབྲེལ་དུ་སློབ་ཚུལ་ལོ། །དང་པོ་ནི། དེ་ཉིད་སོ་སོར་རྟོགས་སོགས་རྐང་པ་བཞི་སྟེ། ཆོས་ཐམས་ཅད་གནས་ལུགས་སྟོང་པ་ཉིད་དེ་ཉིད་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་གྱི་ངང་ནས་སོ་སོར་རྟོགས་པ་སྟེ་སོ་སོར་དཔྱོད་པའི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་དཔྱད་པའི་མཐར་དཔྱད་སྟོབས་ཀྱིས་དྲངས་པའི་ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པའི་བདེ་བ་ཆེན་པོ་ནམ་སྐྱེས་པའི་ཚེ་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་བར་གྱུར་ཏེ། དོན་དམ་མངོན་སུམ་རྟོགས་པའམ། དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཉམ་གཞག་ཡེ་ཤེས་ནི་མཉམ་གཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་ཞེས་བྱའོ། །དེ་ལྟ་བུའི་རྣལ་འབྱོར་གྱི་སྒོ་ནས་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཉམས་ལེན་རྣམས་ཡོངས་སུ་རྫོགས་ཏེ་ནུས་པར་རོ། །གཉིས་པ་ནི། ཕྱི་ནང་སོགས་རྐང་པ་བཞི་སྟེ། ཕྱི་ནང་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ནམ། ཡང་ན་ཕྱི་གཟུགས་ཀྱིས་བསྡུས་པའི་ཕུང་པོ་དང་། ནང་གཟུགས་མེད་ཀྱི་བསྡུས་པའི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མེད་བཞིན་དུ་དེར་སྣང་བ་ནི། དཔེར་ན། སྒྱུ་མ་མཁན་གྱིས་རྡེའུ་ཤིང་བུ་རྟ་གླང་དུ་སྤྲུལ་པ་ནི། མིག་བསླད་པའི་ལྟད་མོ་བའི་ངོ་བོར་དེ་ལྟར་དུ་གྲུབ་པར་སྣང་ཡང་དོན་ལ་གྲུབ་པ་མེད་པ་དང་། རྨི་ལམ་གྱི་གནས་སྐབས་སུ་སྣང་བའི་མི་ལྟ་བུ་ནི། རྨི་ལམ་གྱི་ཤེས་ངོར་མིར་སྣང་ཡང་དོན་ལ་དེར་གྲུབ་པ་མེད་པ་དང་། དང་བའི་མཚོ་ནང་དུ་ཟླ་བའི་གཟུགས་སྣང་ཡང་དོན་ལ་ཟླ་བའི་གཟུགས་སུ་མ་གྲུབ་པའི་དཔེ་ཇི་ལྟ་བ་དེ་བཞིན་དུ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད། སོ་སོ་སྐྱེ་བོ་ལ་མ་རིག་པས་བསླད་པའི་དབང་གིས་གང་སྣང་ཐམས་ཅད་ཀྱང་། མིང་བརྡས་བཞག་ཙམ་མ་ཡིན་པར་ཚུགས་ཐུབ་ཀྱི་བདེན་པར་གྲུབ་པར་སྣང་ཞིང་། སློབ་པའི་རྗེས་ཐོབ་ཏུའང་བདེན་སྣང་འབྱུང་སྟེ། རྗེ་བླ་མས། རང་བཞིན་གྱིས་ནི་གདོད་མ་ནས། །རྣམ་པར་དབེན་ཡང་དེར་སྣང་བས། །འདི་ཀུན་རྫོབ་སྒྱུ་མ་བཞིན་དུ་གསུངས། །ཞེས་དང་། རྗེ་འདི་ཉིད་ཀྱིས། ཀུན་རྫོབ་ཏུ་ཡུལ་སྣང་ཅི་ཤར་ཡང་། ། གདོད་མ་ནས་དབེན་ཡང་དེར་སྣང་བ། །རྨི་ལམ་དང་ཆུ་ནང་ཟླ་བའི་གཟུགས། ། སྔགས་རྫས་ཀྱིས་བསླད་པའི་སྒྱུ་མ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལུང་རིགས་ཀྱིས་ངེས་པ་དྲངས་ནས་གང་སྣང་བདེན་གྲུབ་ཏུ་སྣང་ཡང་བདེན་པར་མེད་པའི་ཚུལ་ལེགས་པར་རྟོགས་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྫོགས་པར་རོ། །གསུམ་པ་སྟོང་དང་རྟེན་འབྱུང་འགལ་མེད་དུ་ཉམས་སུ་ལེན་པ་ནི། འཁོར་འདས་སོགས་རྐང་པ་བཞི་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཐ་སྙད་ཙམ་དུ་རྒྱུ་དགེ་སྡིག་སོགས་དང་དེའི་འབྲས་བུ་བདེ་སྡུག་སོགས་ལས་འབྲས་ཀྱི་རྣམ་བཞག་ཤིན་ཏུ་འཐད་པའི་རྟེན་འབྲེལ་བསླུ་བ་མེད་པ་གཉིས་ལ་མི་མཐུན་པ་ཚ་གྲང་ལྟར་འགལ་བར་བཟུང་སྟེ། རང་བཞིན་གྱིས་སྟོང་པ་ཡིན་ན་ལས་འབྲས་མི་འཐད་སྙམ་པའི་ལོག་ལྟ་སྤངས་ནས། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་སྟོང་པའི་སྙམ་དུ་ཕན་ཚུན་འགལ་བ་མེད་པ་ཙམ་དུ་མ་ཟད། གཅིག་གྲོགས་སུ་གཅིག་འཆར་བ་ཡི་ཚུལ་འདི་ནི། རྒྱལ་བའི་དགོངས་པ་བླ་ན་མེད་པ་ཡིན་པར་མདོ་རྒྱུད་དུ་མ་ལས་གསུངས་ཤིང་། གསུངས་པ་ལྟར་འཁྲུལ་པ་མེད་པར་རྙེད་ནས་ལེགས་པར་སྟོན་པ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་ལ། དེས་མཛད་པའི་རིགས་ཚོགས་རྣམས་ལས་བསྟན་པ་ལྟར་དེའི་དགོངས་པའི་དོན་ཇི་ལྟར་ཡིན་པ་དེ་ལྟར་རྟོགས་པར་རོ། །འོན་ཀྱང་གྲོགས་སུ་འཆར་བ་ཡི། ཞེས་དྲུག་པའི་སྒྲ་ཡོད་པའི་ལུགས་ལྟར་བཤད་ཀྱི། འཆང་བ་ཡིས་ཞེས་བྱེད་པའི་ཚིག་འབྱུང་བ་ལྟར་ན་གྲོགས་སུ་འཆར་བ་དེ་ཤེས་པའི་སྟོབས་ཀྱིས་ཞེས་བཤད་དགོས་པར་མངོན་ནོ། །དེ་དག་གི་དོན་རྒྱས་པར་ནི་དབུ་མའི་གཞུང་དང་ལམ་རིམ་ཆེ་བ་སོགས་ནས་ཤེས་པར་བྱ་ཞིང་། འདི་ཇི་ལྟ་བ་བཞིན་མ་རྟོགས་ཀྱང་། ཡིད་ཆེས་ཀྱི་ངེས་པ་རྙེད་པ་ཙམ་ནི། ཆོས་གཞན་ལས་ཀྱང་ཕན་ཡོན་ཤིན་ཏུ་ཆེའོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་སྒོམ་ཚུལ་ལ་གཉིས། གསང་སྔགས་ཀྱི་འཇུག་སྒོ་བླ་མ་བསྟེན་དགོས་པ་དང་། རིམ་པ་གཉིས་ལ་སློབ་ཚུལ་ལོ། །དང་པོ་ནི། དེ་ནས་རྡོ་རྗེ་འཛིན་པའི་སོགས་རྐང་པ་བཞི་སྟེ། དེ་ལྟར་ཐུན་མོང་བའི་ལམ་གྱི་རིམ་པས་ལེགས་པར་རྒྱུད་སྦྱངས་ཟིན་པ། དེ་ནས་རྡོ་རྗེ་འཛིན་པ་སྟེ་རྡོ་རྗེ་འཆང་གི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་ནི། དཔེར་ན། རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བའི་ཐབས་ལ་མཁས་པའི་མི་ཞིག་ལ་དེད་དཔོན་ཞེས་བསྙད་པ་ལྟར་དེ་ལྟ་བུའི་བཤེས་གཉེན་དེད་དཔོན་གྱི་དྲིན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་མང་པོའི་འཇིངས་ཏེེ་དབུས་སུ་བརྒལ་ཏེ་དོན་གྱི་སྙིང་པོ་ལེན་པར་བྱེད་པ་དང་། དེའི་ཐབས་སུ་དབང་བསྐུར་ཐོབ་པར་བྱེད་ཅིང་། དེའི་དུས་སུ་ཁས་བླངས་པ་དངོས་གྲུབ་ཀུན་གྱི་རྩ་བར་གྱུར་པའི་དམ་ཚིག་དང་སྡོམ་པ་རྣམས་སྲོག་ལས་ཀྱང་གཅེས་པར་འཛིན་པར་རོ། །གཉིས་པ་རིམ་གཉིས་ལ་སློབ་ཚུལ་གཉིས། བསྐྱེད་རིམ་དང་རྫོགས་རིམ་མོ། །དང་པོ་ནི། སྐྱེ་ཤི་བར་དོ་སོགས་རྐང་པ་བཞི་སྟེ། རང་གི་མ་དག་པའི་སྐྱེ་ཤི་བར་དོ་གསུམ་པོ་རྒྱལ་བའི་སྐུ་གསུམ་དུ་སྒྱུར་བར་བྱེད་པའི་ཐབས་རིམ་པ་དང་པོའི་རྣལ་འབྱོར་བསྐྱེད་རིམ་ལ་སློབ་པ་དང་། དེ་ལྟ་བུའི་བསྐྱེད་རིམ་གྱིས་སྣོད་བཅུད་ལ་ཐ་མལ་གྱི་སྣང་ཞེན་གྱི་དྲི་མ་ཀུན་སྦྱངས་ཏེ། གང་སྣང་བའི་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ལྷ་སྐུའི་རྣམ་པར་འཆར་བར་རོ། །གཉིས་པ་རྫོགས་རིམ་ནི། སྙིང་གའི་འདབ་བརྒྱད་སོགས་རྐང་པ་བཞི་སྟེ། སྙིང་གའི་རྩ་འདབ་བརྒྱད་ཀྱི་ཐད་སོའི་དྷཱུ་ཏཱི་སྟེ་རྩ་དབུ་མའི་དབུས་དག་ཏུ་མགོན་པོ་ཁྱོད་ཀྱི་ཞབས་སེན་ཏེ་ཞབས་ཀྱི་སེན་མོའི་མིང་ཡིན་ལ། དེ་ཡང་སྐུ་ཡོངས་རྫོགས་ལ་ཞབས་དང་། ཞབས་ལ་སེན་མོའི་མིང་གིས་བསྟན་པ་ནི་ཞེ་སའི་ཁྱད་པར་གྱིས་ཤིན་ཏུ་གུས་པར་བསྟན་པ་ཡིན་པས་སེན་མོ་དང་ཞབས་ཁོ་ནར་མི་བཟུང་ངོ་། །བཀོད་པ་སྟེ་སྒོམ་པ་ལས་བྱུང་བའི་ལག་རྗེས་སམ་འབྲས་བུ། དཔེའི་འོད་གསལ་དང་དོན་གྱི་འོད་གསལ་ཏེ་འོད་གསལ་གཉིས་དང་། དག་པའི་སྒྱུ་ལུས་དང་། མ་དག་པའི་སྒྱུ་ལུས་སྟེ་སྒྱུ་ལུས་གཉིས་དང་། དོན་གྱི་འོད་གསལ་དང་སྒྱུ་ལུས་ཟུང་དུ་འཇུག་པའི་ལམ་སྟེ་རྡོ་རྗེ་འཆང་གི་གོ་འཕང་དེ་ཉིད་ཚེ་འདིར་མངོན་དུ་འགྱུར་བ་སྟེ་ཐོབ་པར་རོ། །གསུམ་པ་ཆོས་འདི་པའི་ལུགས་ཀྱི་འཕོ་བ་ནི། ལམ་སྣ་མ་ཟིན་སོགས་རྐང་པ་བཞི་སྟེ། གོང་དུ་བསྟན་པ་ལྟ་བུའི་ལམ་སྣ་མ་ཟིན་པར་གལ་ཏེ་འཆི་བའི་དུས་བྱེད་དགོས་བྱུང་ན། རྗེ་མི་ལས། སྒོམ་པའི་སངས་རྒྱས་ཀུན་ལ་ཡོད་ལགས་ཀྱང་། །མ་སྒོམ་འཚང་རྒྱ་འཕོ་བའི་གདམ་པ་གཅེས། །ཅེས་པ་ལྟར་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བའི་ཐབས་ཆེན་པོ། བླ་མའི་འཕོ་བ་ནི། བླ་མའི་རྣལ་འབྱོར་སོགས་ལ་བརྟེན་པའི་འཕོ་བ་ཡིན་ལ་དེ་ཡང་རྣམ་ཤེས་གོང་དུ་འཕོ་བྱེད་ཅེས་པའི་དོན་ཏེ་འཕོ་བ་དེ་ནི། དང་པོར་ཡོ་བྱད་གཞན་ལ་བཏང་སྟེ་དཀར་པོའི་ས་བོན་གྱི་སྟོབས་གསོག །བསྔོ་སྨོན་གྱི་སྟོབས་ཀྱིས་ཁ་བསྒྱུར། ལས་ཉོན་སུན་འབྱིན་པའི་སྟོབས་ཀྱིས་འགོག་པ་དང་། བྱང་ཆུབ་སེམས་དང་མི་འབྲལ་ཞིང་གཞན་དོན་བྱེད་ནུས་པའི་རྟེན་དུ་འགྱུར་བའི་འཕེན་པའི་སྟོབས་དང་། དེ་རྣམས་ལ་ཡང་ཡང་སྦྱོང་བའི་གོམས་པའི་སྟོབས་ལྔ་པོ་དང་ཡང་དག་པར་ཕྱིན་ཅི་མ་ལོག་པར་རང་གི་གཞུང་ལས་འབྱུང་བ་ལྟར་སྦྱར་བའི་གདམས་ངག་གི་མཐུ་ལ་བརྟེན་ནས་དག་པའི་ཞིང་དུ་བགྲོད་པར་རོ། །བཞི་པ་ཚེ་རབས་ཐམས་ཅད་དུ་བླ་མ་དང་མི་བྲལ་བར་སྨོན་པ་ནི། མདོར་ན་སྐྱེ་ཞིང་སྐྱེ་བ་སོགས་རྐང་པ་བཞི་སྟེ། མང་དུ་ཞུ་ཅི་དགོས། མདོར་ན། སྐྱེ་བ་འདི་ཙམ་དུ་མ་ཟད། མ་འོངས་སྐྱེ་ཞིང་སྐྱེ་བར་འགྱུར་བའི་ཚེ་རབས་ཐམས་ཅད་དུ་མགོན་པོ་ཁྱོད་ཀྱིས་དུས་ནམ་ཡང་འབྲལ་བ་མེད་པར་དགྱེས་བཞིན་དུ་རྗེས་སུ་བཟུངས་ནས་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས། བློ་དམན་ཐམས་ཅད་ཀྱིས་མི་ཤེས་པས་ན་གསང་བ་སྟེ། དེ་འདྲ་ཀུན་འཛིན་པ་འམ་ཤེས་པའི་སྲས་ཏེ་བུ་སློབ་ཀུན་གྱི་ཐུ་བོར་གྱུར་པར་བྱིན་གྱིས་རློབས་ཤིག་པའོ། །ཚིགས་བཅད་གཉིས་པའི་དོན་ནི། དམ་པ་ཁྱོད་ངེས་དོན་དུ་སྔར་བཤད་པ་ལྟར་སངས་རྒྱས་ཀྱི་ངོ་བོ་ཡིན་ཀྱང་། སེམས་ཅན་འདུས་པའི་ཕྱིར་དུ་མགོན་པོ་ཁྱོད་ཞིང་གང་དུ། མངོན་པར་སངས་རྒྱས་པའི་ཚུལ་སྟོན་པའི་ཞེས་འབྱུང་འགྱུར་ལ་ཁ་ཅིག་བཞེད་ཅིང་། ཁོ་བོ་ནི་ཞིང་གང་དུ་སངས་རྒྱས་ཟིན་པའི་ཞིང་དེར་ཞེས་འཆད་དགོས་པར་སེམས་སོ། །དེ་གཉིས་གང་བྱས་ཀྱང་དེ་ལྟ་བུའི་ཞིང་དེར་འཁོར་གྱི་ཐོག་མ་ཉིད་དུ་སྟེ་ལ་ལ་ནི་མཆོག་གི་དོན་དུ་འདོད་ལ། ཁ་ཅིག་འཁོར་འབྱུང་བའི་དུས་དང་པོར་བཞེད་དོ། །འོན་ཀྱང་ཕྱི་མ་ལྟར་བདག་གྱུར་ཏེ། གནས་སྐབས་ཀྱི་དངོས་གྲུབ་དང་། མཐར་ཐུག་གི་དགོས་འདོད་སངས་རྒྱས་དང་བཅས་པ་མ་ལུས་པ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འབྱུང་བའི་བཀྲ་ཤིས་སྩོལ། ཞེས་སོ། །ལྔ་པ་མཐར་བླ་མ་རང་ལ་བསྡུས་ནས་སྤྱོད་ལམ་ཇི་ལྟར་བྱེད་ཚུལ་ནི། དེ་ལྟར་གསོལ་བ་སོགས་རྐང་པ་བཞི་སྟེ། འཁོར་རྣམས་འདིར་བསྡུ་བ་སྐབས་སུ་བབས་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། མཐའི་འཁོར་སོགས་རིམ་གྱིས་བླ་མ་ལ་འདུས་པར་བསམས་ལ། སྔར་བཤད་པ་དེ་ལྟར་བླ་མ་བསྒོམས་ནས་མཆོད་པས། བྱིན་གྱིས་བརླབས་པའི་ཆེད་དུ་གསོལ་བ་བཏབ་པའི་མཐུས། བླ་མ་མཆོད་དེ་ཉིད་རང་ལ་བྱིན་གྱིས་བརླབས་པར་བྱ་བའི་ཕྱིར་དུ། དགྱེས་བཞིན་དུ་རང་གི་སྤྱི་བོར་ཚུར་བྱོན་ཏེ་བཞུགས་པར་གྱུར་པ་ལས། དེ་ནས་སླར་ཡང་སྙིང་ཀའི་པདྨའི་ཟེའུ་འབྲུ་སྟེ་སྙིང་ཀའི་རྩ་འདབ་ཀྱི་དབུས་དེ་ལ། ཞབས་སེན་ཏེ་སེན་མོ་ཡིན་ལ། དེ་ཉིད་འོད་དང་ལྡན་པས་འོད་ཆགས་པ་སྟེ་དང་བཅས་པའི་ཞབས་གཉིས་འགྱུར་བ་མེད་པར་བརྟན་པར་བཞུགས་སུ་གསོལ། ཞེས་སོ། དེ་ལྟ་བུའི་ཚུལ་གྱིས་བླ་མ་དང་ལྷག་པའི་ལྷ་དང་རང་གི་སེམས་གསུམ་དབྱེར་མེད་དུ་བྱས་ཏེ། ཞེས་པ་ནས། བརྩོན་པར་བྱ་ཞིང་། ཞེས་པའི་བར་གསུངས་སོ། །གསུམ་པ་མཇུག་ཏུ་ཅི་ལྟར་བྱ་བའི་རིམ་པ་ནི། མཇུག་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཀྱིས་རྒྱས་འདེབས་ཤིང་། མདོར་བསྡུ་ན། འདི་ལྟར་བགྱིས་པའི་སོགས་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། སྔར་གྱི་དགེ་བ་རྣམས་སུ་མ་ཟད། བླ་མ་མཆོད་པའི་ཆོ་གའི་རིམ་པ་རྣམས་སྔར་བཤད་པ་འདི་ལྟར་བགྱིས་པ་ལས་བྱུང་བའི་རྣམ་དཀར་གྱི་དགེ་བ་ཇི་སྙེད་མཆིས་པ་དེ་ཡང་། དུས་གསུམ་གྱི་བདེ་བར་གཤེགས་པ། སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་མཛད་པ་དང་། དེ་དག་གིས་ཇི་ལྟར་བཏབ་པའི་སྨོན་ལམ་མ་ལུས་པ་སྒྲུབ་པ་དང་། དེ་རྣམས་ཀྱི་ལུང་དང་རྟོགས་པའི་དམ་ཆོས་ཐམས་ཅད་ཀྱང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་པའི་རྒྱུ་རུ་བསྔོ་བར་བྱའོ། །དེ་ལྟར་བསྔོས་པའི་དགེ་རྩ་སོགས་དེ་ཡིས་རྒྱུ་ལ་བརྟེན་ནས། དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་གྱི་ཚེ་རབས་ཀུན་ཏུ་བདག་ནི། ཐེག་མཆོག་འཁོར་ལོ་བཞི་སྟེ། བཤེས་སྤྲིང་ལས། མཐུན་པར་གྱུར་པའི་ཡུལ་དུ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་གི་ལེགས་བྱས་སྔོན་ཡང་བསོད་ནམས་ཀྱི། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་པ་ལྟར་རོ། །དེས་ན་དེ་འདྲ་བའི་འཁོར་ལོ་བཞི་པོ་དེ་དག་དང་མི་འབྲས་ཞིང་། འཁོར་བ་ལས་ཐར་བར་འདོད་པའི་ངེས་འབྱུང་དང་། སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཉིད་རྟོགས་པའི་ཡང་དག་པའི་ལྟ་བ་སྟེ་ལམ་གྱི་གཙོ་བོ་གསུམ་དང་བཅས་པ་ཐུན་མོང་བའི་ལམ་གྱི་རིམ་པ་དང་། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཏེ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་དང་། དེའི་ཡན་ལག་དང་བཅས་པའི་ལམ་གྱི་བགྲོད་པ་རྣམས་མྱུར་དུ་མཐར་ཕྱིན་པར་ཤོག་ཅིག་ཅེས་པའོ། །ཅེས་བསྔོ་བ་དང་སྨོན་ལམ་བྱ་ཞིང་། མན་ངག་གི་གནད་འགའ་ཞིག་ཞལ་ལས་ཤེས་པར་བྱའོ། །ཞེས་པ་ནི། ཆོ་ག་དངོས་གཞིའི་སྐབས་དང་། སྦྱོར་བ་དང་མཇུག་གི་སྐབས་རྣམས་སུ་ཡང་དམིགས་རྣམ་ཅི་ལྟར་བྱ་བ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་ལྟོས་པའི་དོན་ཡིན་ནོ། །དེ་ལྟར་ཉིན་རེ་བཞིན་རྒྱུན་གྱི་རྣལ་འབྱོར་དུ་བྱས་ན། མདོ་སྔགས་ཐམས་ཅད་ཀྱི་སྙིང་པོར་ཉམས་སུ་བླང་བར་འགྱུར་ཞིང་། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བརྟན་པར་འགྱུར་བ་ཡིན་ནོ། །ད་ལྟ་ཕལ་ཆེར་འདིར་སྲིད་ཞིའི་རྣམ་དཀར་ཞེས་སོགས་འདོན་པ་ལྟར་མི་འགལ་ཡང་། གཞུང་གཞན་ནས་འབྱུང་བ་ཞིག་བསྣན་པ་སྟེ་ངེས་པར་དགོས་པ་ནི་མིན་ནོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་བསྟན་པ་ནི། མདོ་རྒྱུད་དམ་པའི་ཞེས་སོགས་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། གཟུགས་ཅན་གྱི་རྒྱན་དུ་སོར་བཞག་བྱས་ན་ཅུང་ཟད་གོ་དཀའ་བས། དཔེ་རྒྱན་དུ་ཕྱེ་ན། རྒྱལ་བས་གསུངས་པའི་མདོ་རྒྱུད་དང་། བླ་མ་དམ་པའི་མན་ངག་འོ་མའི་རྒྱ་མཚོ་དང་འདྲ་བ་དེ་ནི། བློ་བཟང་ཆོས་ཀྱི་རྒྱལ་མཚན་བདག་གི་རྣམ་དཔྱོད་ཀྱི་ཤེས་རབ་ས་འཛིན་གྱི་དབང་པོ་སྟེ་རི་རབ་མནྡྷ་ར་དང་མཚུངས་པ་དེས། བསྲུབས་པ་ལས་བྱུང་བ་སྔོན་མེད་ལེགས་པར་བཤད་པའི་བདུད་རྩིའི་ཀཱ་ལ་ཤ་སྟེ་བདུད་རྩིའི་བུམ་པ་དང་འདྲ་བ་འདི་ནི། སྐལ་བཟང་གི་གདུལ་བྱ་ལེགས་བྲིས་ཏེ་ལྷ་དང་སྦྱར་ལ། དེ་ལྟ་བུའི་ཚོགས་ཀྱི་འདི་ཕྱིའི་ཕན་བདེ་སྲོག་དང་འདྲ་བའི་ཉེ་བར་འཚོ་བར་བྱེད་པའི་ཐབས་སུ་ཐོབ་པར་བྱས་པ་ཡིན་ནོ། །དེ་འདྲ་བའི་ཆོ་ག་གང་ཡིན་པ་འདི་ནི། བླ་མ་དང་དཀོན་མཆོག་ལ་གུས་པ་དང་ལྡན་པའི་སློབ་མ་མཐའ་དག་གི་སྙིང་མུན་ཏེ། སེམས་རྒྱུད་རྨོངས་པའི་མི་ཤེས་པ་དང་། མ་དད་པ་སོགས་ཀྱི་ཉེས་པའི་ཚོགས་མ་ལུས་པ་སེལ་བར་བྱེད་པའི་སྒྲོན་མེ་ལྟ་བུ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཚོགས་རྣམས་ནི་མཐའ་དག་མྱུར་དུ་འགུགས་པར་བྱེད་པའི་ལྕགས་ཀྱུ་དང་འདྲ་བའང་ཡིན་ནོ། །ཞེས་སོ། །རྩ་བའི་ས་བཅད་གསུམ་པ་མཇུག་གི་དགེ་བ་བསྔོ་བ་ནི། ཚུལ་འདིར་འབད་སོགས་རྐང་པ་བཞིས་སྟོན་ཏེ། དོན་ནི་གོང་དུ་བཤད་པའི་ཆོ་ག་བརྩམས་པའི་ཚུལ་འདིར་འབད་པ་བྱས་པ་ལས་བྱུང་བའི་དགེ་བའི་ཚོགས་ཟླ་བ་ལྟར་དཀར་བ་གང་ཞིག །ཆོ་ག་རྩོམ་པ་པོ་བདག་གིས་ཐོབ་པ་དེ་ནི་དགེ་ལེགས་ཀྱི་རྩ་བ་དམ་པའི་མགོན་རྣམས་ཀྱིས་འགྲོ་བ་སེམས་ཅན་ཀུན་རྗེས་སུ་འཛིན་པའི་རྒྱུར་བསྔོའོ། །ཞེས་སོ། །ཞེས་བླ་མ་མཆོད་པའི་ཆོ་ག་འདི་ནི། ཞེས་པ་ནས། བཀྲ་ཤིས་ལྷུན་པོའི་གཟིམ་ཁང་རྒྱལ་མཚན་མཐོན་པོའི་ཡང་ཐོབ་ཏུ་སྦྱར་བའོ། །ཞེས་པའི་བར་ནི་ཚིག་མང་དུ་དོགས་ནས་མ་དྲངས་སོ། །སྨྲས་པ། མཆོག་ཐུན་དངོས་གྲུབ་རྩ་བ་བཤེས་གཉེན་མཆོག །མཆོག་ཏུ་མཉེས་བྱེད་མཆོད་ཆོག་རྡོ་རྗེའི་ཚིག །ཚིག་དོན་ཅུང་ཟད་གསལ་ནུས་དམ་པའི་དྲིན། །དྲིན་ལན་བྱང་ཆུབ་བར་དུ་འཇལ་ཕྱིར་བསྟེན། །གང་གི་ཟབ་ཡངས་ཐུགས་ཀྱི་སྐྱེད་ཚལ་ལས། ། ལེགས་འོངས་སྒྲུབ་ཆོག་འདབ་སྟོང་ཀུན་འདུས་པའི། །དགོངས་པ་མཁས་པའི་ཉི་མ་ལས་གཞན་དུ། །མཁས་རློམ་བདག་ལྟས་འབྱེད་པར་ག་ལ་ནུས། །འོན་ཀྱང་ཐུབ་པའི་བསྟན་དང་མི་ལུས་ལ། །ཆོས་ཀྱི་བག་ཆགས་བཟང་པོ་འཇོག་ཕྱིར་དང་། །སྐལ་མཉམ་གཞན་ལའང་ཕན་པར་བྱ་བའི་ཕྱིར། །ཚུལ་འདིར་འབད་ལ་ཡིད་རབ་སྤྲོ་བར་གྱུར། །གང་འདི་ཕྱོགས་ལྷུང་བྲལ་བའི་སྐྱེ་བོ་ཡི། །རྣམ་དཔྱོད་ལང་ཚོ་མཛེས་པའི་གོས་བཟང་དང་། །གཞུང་དོན་འདོད་དགུ་སྟེར་བའི་ནོར་བུ་དང་། །བློ་ཡི་ཚ་གདུང་སེལ་བའི་ཟླ་བའང་ཡིན། །དེ་ཡང་མདོ་རྒྱུད་མཁས་པའི་མན་ངག་དང་། །འབྲེལ་བར་དཔྱོད་པའི་སྟོབས་ལས་བྱུང་བ་ན། །རང་བཟོས་བསླད་པའི་སྐྱོན་ཡོད་མ་ཡིན་ཞིང་། །འགལ་དང་མ་འབྲེལ་ཟློས་སྐྱོན་མེད་དམ་སྙམ། །རྗེ་བཙུན་བླ་མའི་དགོངས་པ་ཕྲ་ཞིང་ཟབ། ཁོ་བོ་སྦྱངས་པ་དམན་ཞིང་བརྩོན་པ་ཞན། །མ་རྟོགས་ལོག་རྟོག་ཉེས་པའི་ཚོགས་མཆིས་པ། །གང་དེ་མཁས་པའི་སྤྱན་སྔར་བཟོད་པར་གསོལ། །དེ་ལས་ཐོབ་པའི་དགེ་བ་ཅི་བསགས་པ། ། རྣལ་འབྱོར་མཆོག་འདི་ཉམས་སུ་ལེན་པ་རྣམས། །རྟག་ཏུ་འཇམ་དབྱངས་བླ་མས་རྗེས་འཛིན་ཅིང་། །མཐར་ཐུག་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཅེས་པ་འདི་ནི། མགོ་ཚང་དཀའ་བཅུ་བ་འཇམ་དབྱངས་བློ་གྲོས་དང་། དགེ་སློང་ངག་དབང་རྒྱལ་མཚན་རྣམ་པ་གཉིས་ཀྱིས་བསྐུལ་བའི་ངོར་ཅོ་ནེའི་ཆར་གཏོགས་སུ་སྐྱེས་ཤིང་། གཞུང་ལུགས་དུ་མ་ལ་བློ་མིག་ཅུང་ཟད་ཕྱེ་བ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་རེ་གཉིས་ལ་ཕན་སྲིད་སྙམ་པའི་འདུན་པས་ཀུན་ནས་བསླངས་ཏེ། སྔར་སྦྱར་བ་ལས་ཕྱིས་དཀའ་བཅུ་པ་དེ་ཉིད་ཀྱིས་མཐུན་རྐྱེན་སྦྱར་ནས་པར་དུ་བསྒྲུབ་པའི་ཚེ། བར་གྱི་ཡི་གེ་པ་ནི་གནས་བརྟན་ཀུན་དགའི་རིན་ཆེན་དང་བློ་བཟང་རྒྱལ་མཚན་རྣམ་གཉིས་ཏེ། འདིས་ཀྱང་གཞན་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས། ཤུ་པཾ།། །།


previousབླ་མ་མཆོད་པའི་ཆོ་གའི་དོན་མདོར་བསྡུས་གསལ་བའི་སྒྲོན་མེ།next