Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུ།next

འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུ།

འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུད་ནི།

རིགས་ཀུན་ཁྱབ་བདག་འཇམ་དཔལ་གཤིན་རྗེ་གཤེད། །ཡེ་ཤེས་མཁའ་འགྲོ་ལ་ཡཱི་ཏ་བཛྲ། །དོན་ཡོད་རྡོ་རྗེ་ཡེ་ཤེས་འབྱུང་གནས་སྦས། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །དྷི་པཾ་ཀ་ར་རྭ་ལོ་རྡོ་རྗེ་གྲགས། །ཆོས་རབ་ཡེ་ཤེས་སེང་གེ་འབུམ་སེང་ཞབས། །རྗེ་བཙུན་རྒ་ལོ་ཤེར་སེང་ཡེ་ཤེས་དཔལ། །དོན་གྲུབ་རིན་པོ་ཆེ་ལ༴ རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །དེ་སྲས་ཐུ་བོ་དགེ་ལེགས་དཔལ་བཟང་ནས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་བར། །དངོས་བརྒྱུད་ཡོངས་འཛིན་རྣམས་ལ༴ དེ་ལྟར་གསོལ་བ་བཏབ་པས་འགྲོ་བ་ཀུན། །འཇམ་དཔལ་ཞི་ཁྲོས་འབྲལ་མེད་རྗེས་བཟུང་ནས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཏེ། །ཟུང་འཇུག་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །སྨོན་ལམ་ནི། དེ་ལྟར་འཇམ་དཔལ་དཔའ་བོའི་བསྒོམ་བཟླས་ལ། །གཅིག་ཏུ་བརྩོན་པའི་རྣམ་དཀར་དགེ་དེས་བདག །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྨིན་ཏེ། །ཟབ་མོའི་ལམ་གྱིས་གྲོལ་བར་བྱེད་ནུས་ཤོག །རྣམ་དག་དབང་བཞིས་དྲི་མ་ཀུན་སྦྱངས་ཏེ། །སྐུ་བཞི་འགྲུབ་པའི་ནུས་པ་འཇོག་པ་དང་། །དེ་ཚེ་ཁས་བླངས་དམ་ཚིག་སྡོམ་པ་རྣམས། །སྲོག་བསྔོས་ཚུལ་བཞིན་སྲུང་བར་བྱེད་གྱུར་ཅིག །ཞིང་གི་དམ་པར་བསོད་ནམས་ཚོགས་ཉིད་དང་། །སྔགས་གཉིས་དོན་བསྒོམས་ཡེ་ཤེས་ཚོགས་བསགས་ནས། །མ་དག་འཆི་བའི་སྐྱོན་སྦྱངས་ལམ་འབྲས་ཀྱི། །ཆོས་སྐུ་མངོན་དུ་འགྱུར་བ་ཉིད་གྱུར་ཅིག །དྲག་པའི་འཁོར་ལོ་ལ་གནས་ཁྲོ་བཅུ་ཡིས། །ནག་པོའི་རྩ་ལག་དཔུང་བཅས་ཚར་བཅད་དེ། །ཡེ་ཤེས་རང་བཞིན་གཞལ་ཡས་ཁང་བསྒོམས་པས། །རྒྱལ་བའི་ཞིང་བཟང་མྱུར་དུ་འགྲུབ་པར་ཤོག །ཆུ་ཤེལ་ལྟེ་བར་དྷཱིཿཡིག་རལ་གྲི་དང་། །དེ་ལས་འཇམ་དཔལ་དབྱངས་ཉིད་བསྒོམས་བྱས་པས། །བར་དོའི་སྐྱོན་སྦྱངས་རྒྱལ་བའི་ལོངས་སྐུ་མཆོག །འགྲུབ་པའི་དགེ་རྩ་ཡོངས་སུ་སྨིན་པར་ཤོག །ཚ་ཟེར་རྒྱས་པའི་ལྟེ་བར་ཧཱུཾ་ཡིག་དང་། ཁྲོ་བོའི་རྡོ་རྗེ་ལས་གྲུབ་འཇིགས་བྱེད་སྐུ། །ཞལ་ཕྱག་ཡོངས་སུ་རྫོགས་པའི་རྣལ་འབྱོར་གྱིས། །སྐྱེ་བའི་སྐྱོན་སྦྱངས་སྤྲུལ་སྐུ་འགྲུབ་པར་ཤོག །སྡུད་རིམ་ཉིད་དང་སྔགས་ཀྱི་རྣལ་འབྱོར་མཆོག །བསྒོམས་པས་ཀུན་རྟོག་གཡོ་བའི་ལས་རླུང་རྣམས། །དྷཱུ་ཏཱིརི་ཐིམ་ལས་སྟོང་པ་རྣམ་གསུམ་དང་། །དཔེ་ཡི་འོད་གསལ་མཐར་ཐུག་འཆར་བར་ཤོག །དེ་ནས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར། །དབྱིབས་ཀྱི་རྣལ་འབྱོར་སྒྱུ་མའི་སྐུར་བཞེངས་པ། །འོད་གསལ་ཉིད་དུ་ཡང་ཡང་ཞུགས་པ་ལས། །དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར་བར་ཤོག །དེ་ལས་སློབ་པའི་ཟུང་འཇུག་འགྲུབ་གྱུར་ནས། །སྤྱོད་པ་རྣམ་གསུམ་གོམས་པ་བྱས་པའི་མཐར། །སྒྱུ་མ་ལྟ་བུའི་ཏིང་འཛིན་དེ་ཉིད་ཀྱིས། །མི་སློབ་ཟུང་འཇུག་གོ་འཕང་ཐོབ་གྱུར་ཅིག །གོ་འཕང་མཆོག་དེ་མངོན་དུ་གྱུར་པ་ན། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་རབ་སྤྲོས་ཏེ། །མཁའ་ཁྱབ་འགྲོ་ཀུན་འཇམ་དཔལ་ཞི་ཁྲོ་ཡི། །གོ་འཕང་མཆོག་ལ་བདེ་བླག་འགོད་པར་ཤོག །ཤིས་བརྗོད་ནི། རབ་ཡངས་ནམ་མཁར་གཤིན་རྗེ་གཤེད་པོ་ཡི། །ལྷ་ཚོགས་མེ་ཏོག་ཆར་འབེབས་ཤིས་པ་བརྗོད། །བགེགས་འཇོམས་ཕུན་ཚོགས་དཔལ་སྟེར་ཤེས་ཀྱིས་དང་། །བཀྲ་ཤིས་གདངས་སྙན་བདག་གིས་བསྒྲག་པར་བྱ། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །དྲག་པོའི་སྐུར་བསྟན་འཇིགས་མཛད་གཤིན་རྗེ་གཤེད། །ལ་ལཱི་ཏ་སོགས་བླ་མ་བརྒྱུད་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དང་། །མི་མཐུན་ཀུན་ཞི་མཐུན་རྐྱེན་འགྲུབ་པ་སོགས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །སངས་རྒྱས་ཀུན་དངོས་འཇམ་དཔལ་དཔའ་བོ་དང་། །མགོན་དེའི་ལུང་དང་རྟོགས་པའི་དམ་པའི་ཆོས། །དེ་ཉིད་ཕྱོགས་གཅིག་འཛིན་པའི་དགེ་འདུན་ལ། །ལེགས་ཚོགས༴ མི་མཐུན་ཀུན་ཞི༴ ཕུན་ཚོགས༴ རྣམ་མང་རིན་ཆེན་རྒྱན་གྱིས་རབ་མཛེས་ཤིང་། །རྣམ་སྣང་རྣམ་པར་དག་པའི་བདག་ཉིད་ཅན། །རྣམ་དག་ཡེ་ཤེས་གཞལ་ཡས་ཁང་ཆེན་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དང་། །མ་དག་སྣོད་ཀྱི་དྲི་མ་ཀུན་སྦྱངས་ནས། །དག་པའི་ཞིང་དུ་རོལ་པའི་བཀྲ་ཤིག་ཤོག །ཅེས་འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་མདོར་བསྡུས་པ་འདི་ཡང་། དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་གནས་བརྟན་རྒྱལ་མཚན་བཀྲ་ཤིས་ཞེས་བགྱི་བས་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས།། །།


previousའཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུ།next