Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
ངན་སོང་སྦྱོང་བའི་ཐབས་འཇུག་ངོགས་བདེ་བའི་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངན་སོང་སྦྱོང་བའི་ཐབས་འཇུག་ངོགས་བདེ་བའི་ལམ།next

ངན་སོང་སྦྱོང་བའི་ཐབས་འཇུག་ངོགས་བདེ་བའི་ལམ།

ངན་སོང་སྦྱོང་བའི་ཐབས་འཇུག་ངོགས་བདེ་བའི་ལམ་ཞེས་བྱ་བ་བཞུགས།

ན་མོ་བཻ་རོ་ཙ་ན་ཡེ། གང་གི་མཚན་ཙམ་དྲན་པས་ཀྱང་། །ངན་སོང་སྡུག་བསྔལ་དྲུང་འབྱིན་པ། །བཅོམ་ལྡན་ཐམས་ཅད་རིག་པ་ལ། །གུས་འདུད་དེ་ཉིད་མཆོད་ཚུལ་བཤད། །འདིར་ངན་སོང་ཐམས་ཅད་སྦྱོང་བར་མཛད་པའི་ལྷ་མཆོག་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་པ་རྣམས་ལ་མཆོད་ཅིང་སྔགས་བཟླས་པ་དང་བཅས་པའི་རྣལ་འབྱོར་འཁྱེར་བདེར་འགོད་པ་ལ། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་བཅས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་མདུད་པ་བཀན་ནས་སྙིང་གར་བཞག་པ་གཡས་སྐོར་དུ་བསྐོར་བ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བྱས་ཏེ། ༀ་སརྦ་བིད་མཎྜལ་བཛྲ་ཙཀྲ་ཧཱུཾ། ལན་གསུམ་མམ་གཅིག །མདུན་དུ་བཅོམ་ལྡན་འདས་ཀུན་རིག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་པར་གྱུར་པར་བསམས། ཕྱག་རྒྱ་དེ་ཉིད་ཁའི་དྲུང་དུ་བཞག་པ་ལ་ལྟ་བཞིན་དུ་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་གམ་མ་ཐ་བདུན་བརྗོད། དེ་ནས་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ། ལྷོར་རྒྱལ་མཆོག་རིན་ཆེན། ནུབ་ཏུ་ཤཱཀྱ་རིག་དབང་། བྱང་དུ་མེ་ཏོག་ཆེར་རྒྱས། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ། ཤར་གྱི་རྩིབས་དང་པོ་ལ་རྡོ་རྗེ་སེམས་དཔའ། གཉིས་པ་ལ་རྡོ་རྗེ་རྒྱལ་པོ། གསུམ་པ་ལ་རྡོ་རྗེ་ཆགས་པ། བཞི་པ་ལ་རྡོ་རྗེ་ལེགས་པ། ལྷོའི་རྩིབས་དང་པོ་ལ་རྡོ་རྗེ་རིན་ཆེན། གཉིས་པ་ལ་རྡོ་རྗེ་གཟི་བརྗིད། གསུམ་པ་ལ་རྡོ་རྗེ་རྒྱལ་མཚན། བཞི་པ་རྡོ་རྗེ་བཞད་པ། ནུབ་ཀྱི་རྩིབས་དང་པོ་ལ་རྡོ་རྗེ་ཆོས། གཉིས་པ་ལ་རྡོ་རྗེ་རྣོན་པོ། གསུམ་པ་ལ་རྡོ་རྗེ་རྒྱུ། བཞི་པ་ལ་རྡོ་རྗེ་སྨྲ་བ། བྱང་གི་རྩིབས་དང་པོ་ལ་རྡོ་རྗེ་ལས། གཉིས་པ་ལ་རྡོ་རྗེ་སྲུང་བ། གསུམ་པ་ལ་རྡོ་རྗེ་གནོད་སྦྱིན། བཞི་པ་ལ་རྡོ་རྗེ་ཁུ་ཚུར། ནང་གི་ཤར་ལྷོར་སྒེག་མོ། ལྷོ་ནུབ་ཏུ་འཕྲེང་བ་མ། ནུབ་བྱང་དུ་གླུ་མ། བྱང་ཤར་དུ་གར་མ། ཕྱིའི་ཤར་ལྷོར་བདུག་པ་མ། ལྷོ་ནུབ་ཏུ་མེ་ཏོག་མ། ནུབ་བྱང་དུ་མར་མེ་མ། བྱང་ཤར་དུ་དྲི་ཆབ་མ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས། བྱ་སྒོར་རྡོ་རྗེ་འབེབས་པ། ལྷ་སྣམ་ནང་མ་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །བར་པ་ལ་ཉན་ཐོས་བཅུ་དྲུག །ཕྱི་མ་ལ་རང་རྒྱལ་བཅུ་གཉིས། སྒོ་བཞིར་ཁྲོ་བོ་ཆེན་པོ་བཅུ་དྲུག་རྣམས་རང་རང་གི་རྒྱན་ཆ་ལུགས་དང་བཅས་པར་གྱུར། དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་པའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྐད་ཅིག་གིས་སྤྱན་དྲངས། མ་ལུས་སེམས་ཅན་ཞེས་སོགས་ཚིགས་བཅད་གཅིག་གི་འཕྲོར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར་བར་བསམས་ལ། ཐལ་མོ་སྦྱར་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་བཱ་ད་བནྡྷ་ནཱཾ་ཀ་རོ་མི། མཉམ་མེད་མའམ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ནས། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཞེས་པ་དང་། བདེ་གཤེགས་རིགས་ལྔ་རྒྱལ་བ་ཡུམ་བཞི་དང་། །སེམས་དཔའ་བཅུ་དྲུག་སྒེག་སོགས་ལྷ་མོ་བརྒྱད། །སྒོ་བ་བཞི་སྟེ་རྩ་ལྷ་སུམ་ཅུ་བདུན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་ཕྱག་འཚལ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་འམ། མིན་ཡང་རུང་སྟེ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ནས། ཤཔྟ་པྲ་ཏཱིཙྪའི་བར་དང་། དེ་བཞིན་དུ་རཱུ་པ་ནས། སྤར་ཤའི་བར་དང་། ཙཀྲ་རཏྣ་ནས། ཁངྐ་རཏྣ་པྲ་ཏཱིཙྪའི་བར་གྱིས་མཆོད། རྒྱས་པར་ན་རབ་འབྱམས་རྒྱ་མཚོ་དཔག་མེད་ན་སོགས་ཚིགས་བཅད་གང་འདོད་དང་སྦྱར་ནས་ཕུལ་ཆོག་ཅིང་། མཎྜལ་རྒྱས་པའམ། ས་གཞི་སྤོས་ཀྱིས་ཞེས་སོགས་ཀྱིས་ཕུལ། དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པའི་བར་གྱིས་ཡན་ལག་ལྷག་མ་རྣམས་བྱ་བའམ། ཡང་ན། དབང་མེད་བདག་གིས་ཞེས་པ་ནས། སེམས་ཅན་སྡུག་བསྔལ་ཡང་འོས་གཟིར་ལས་དགྲོལ། ཞེས་པའི་བར་ཀུན་རིག་ཆོ་ག་ནས་འབྱུང་བ་ལྟར་ཡང་རུང་། དེ་ནས་རབ་རྡོ་རྗེ་བསྟོད་རིང་ངམ། བསྡུ་ན། རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་སྣང་དང་། །སྦྱོང་བའི་རྒྱལ་པོ་རྒྱལ་མཆོག་རིན་ཆེན་དང་། །ཤཱཀྱ་རིག་དབང་མེ་ཏོག་ཆེར་རྒྱས་སོགས། །རིགས་ལྔ་ཡུམ་བཞི་རྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་སོགས་སེམས་དཔའ་བཅུ་དྲུག་དང་། །སྒེག་མོ་ལ་སོགས་མཆོད་པའི་ལྷ་མོ་བརྒྱད། །ལྕགས་ཀྱུ་ལ་སོགས་སྒོ་བ་རྣམ་པ་བཞི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བསྐལ་པ་བཟང་པོའི་སེམས་དཔའ་བཅུ་དྲུག་དང་། །ཉན་ཐོས་བཅུ་དྲུག་རང་རྒྱལ་བཅུ་གཉིས་པོ། །སྒོ་སྲུང་ཁྲོ་བོ་ཆེན་པོ་བཅུ་དྲུག་སྟེ། །མགྲོན་ཐབས་དྲུག་ཅུའི་ལྷ་ལ་ཕྱག་འཚལ་བསྟོད་དམ། །ཡང་ན་གསོལ་བ་འདེབས་ཞེས་བསྒྱུར་ཡང་རུང་། དེ་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་གུས་པས་གསོལ་བ་འདེབས་སོ། །བདག་སོགས་སེམས་ཅན་ཐམས་ཅད་ལ་འཁོར་བ་དང་ངན་སོང་འཇིགས་པ་ཐམས་ཅད་ལས་སྐྱོབ་ཏུ་གསོལ། དེའི་རྒྱུར་གྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་ལན་མང་དུ་གསོལ་བ་གདབ་ཅིང་མཐར། ལྷ་རྣམས་ཀྱི་སྐུའི་ཆ་དང་ཐུགས་ཀ་ནས་འོད་དང་བདུད་རྩིའི་རྒྱུན་བྱུང་སྟེ། རང་གི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་ཞུགས་ནས་བྱིན་གྱིས་བརླབས་པ་གྱུར་ཅེས་བརྗོད་ཅིང་བསམ། དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ས་མཱ་ཛཿལྷ་རྣམས་སྤྱན་དྲངས་ནས་རང་གི་སྙིང་གར་པད་ཟླའི་གདན་ལ་བཞུགས་པར་གྱུར་པར་བསམས་ལ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎཱ་བི་ཤོདྷ་ན་ཧ་ན་ཧཱུཾ་ཕཊ། ༀ་སརྦ་བིད་ཧཱུཾ། ༀ་སརྦ་བིད་ཕཊ། ༀ་སརྦ་བིད་ཨཱཿ ༀ་སརྦ་བིད་ཏྲ་ཏ། ༀ་བུད་དྷ་ལོ་ཙ་ནེ་ཧཱུཾ། ༀ་བཛྲ་མཱ་ཀཱི་ཏྲཱཾ། ༀ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིཾདྡྷ་བོ་དྷི་ལོ་ཀོཏྟཱ་རི་བཱཾ་སྭཱ་ཧཱ། ༀ་བཛྲ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྭཱ་ཧཱ། ༀ་བཛྲ་ས་ཏྭ་ཧཱུཾ། ༀ་བཛྲ་རཱ་རཱ་ཛཿ ༀ་བཛྲ་རཱ་ག་ཧོཿ ༀ་བཛྲ་སཱ་དྷུ་དྷུ། ༀ་བཛྲ་རཏྣ་ཏྲཱཾ། ༀ་བཛྲ་ཏེ་ཛ་ཪྱ། ༀ་བཛྲེཀེ་ཏུ་བྷྲི། ༀ་བཛྲ་ཧཱ་སི་ཧཱ། ༀ་བཛྲ་དྷརྨཱཿཧྲཱིཿ ༀ་བཛྲ་ཏཱི་ཀྵ་དྷིཿ ༀ་བཛྲ་ཧེ་ཏུ་ཀྲུཾ། ༀ་བཛྲ་བྷ་ཥ་བྷ། ༀ་བཛྲ་ཀརྨཱཿཀཾ །ༀ་བཛྲ་རཀྵཾ་རཾ། ༀ་བཛྲ་ཡཀྵ་ཀྵཾ། ༀ་བཛྲ་སིནྡྷ་ཥྚཾ། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་གཱིརྟི་ཧྲཱིཿ ༀ་བཛྲ་ནྲི་ཏྱ་ཨཱཿ ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཱཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཨཱཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་པཾ། ༀ་བཛྲ་གཎྜ་ཧོཿ ༀ་སརྦ་སཾ་སྐཱ་རི་པ་རི་ཤོདྷཱ་ན་དྷརྨཱཿ ཏེ་ག་ག་ན་ས་མུད་ག་ཏེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ༀ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི་པ་རི་ཤོདྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱ་ཀ་སཾ་བུདྡྷ་ཡ། ཏཏྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོདྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨཱ ཿཨཱ་ཝ་ར་ཎཱ་བི་ཤོ་དྷ་ནེ་སྭཱ་ཧཱ། རྣམས་ཅི་འགྲུབ་བཟླས་ཏེ། ཡིག་བརྒྱ་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །རྣམ་སྣང་འཁོར་བཅས་འགྲུབ་གྱུར་ནས། ནས། འགོད་པར་ཤོག །ཅེས་པའི་བར་གྱིས་བསྔོ་སྨོན་བྱའོ། །གཞན་ངན་སོང་ནས་འདྲེན་པའི་སྔོན་དུ་རང་ཉིད་དེར་མི་ལྟུང་བའི་ཐབས་བྱེད་དགོས་པས་ཀུན་རིག་གི་ཆོ་ག་རྒྱས་པ་མ་ལྕོགས་ནའང་ཚུལ་དེ་ལྟར་ཉིན་རེ་བཞིན་ཉམས་སུ་བླངས་ན་ངན་སོང་ལས་ཐར་ཏེ་ལྷ་མིའི་རྟེན་ཁྱད་པར་ཅན་འགྲུབ་པར་འགྱུར་བ་གདོན་མི་ཟའོ། །ཞེས་པ་འདིའང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རང་གི་ཉམས་ལེན་ལྟར་བགྱིས་པའི་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་ཀུན་དགའ་ཆོས་འབྱོར་ཏེ། འདིས་ཀྱང་རང་གཞན་ལ་ཕན་ཐོགས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousངན་སོང་སྦྱོང་བའི་ཐབས་འཇུག་ངོགས་བདེ་བའི་ལམ།next