Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས།
   
   
   
   
   
   
   
   
   
   


 
previousསྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས།next

སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས།

སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས་ཞེས་བྱ་བ་བཞུགས།

མཚན་ཙམ་དྲན་པ་ཡིས་ཀྱང་ངན་འགྲོ་ཡི། །སྡུག་བསྔལ་རྒྱུ་བཅས་དྲུང་ནས་རབ་འབྱིན་པ། །མངོན་དགའི་ཞིང་གི་དཔལ་གྱུར་བཅོམ་ལྡན་འདས། །རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །འདིར་ཚེ་ལྡན་གྱི་སྐྲ་འམ། ཚེ་འདས་ཀྱི་དོན་དུ་རུས་ཆོག་བྱེད་པར་འདོད་ན། བུམ་རྫས་དང་ལྡན་པའི་བུམ་པ་མགུལ་འཆིང་ཅན་དང་མཆོད་པ་སྟ་གོན་བྱས་ལ། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྒྱལ་བ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར། བུམ་པ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། དར་གྱི་ན་བཟའ་དང་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྒྱལ་བ་མི་འཁྲུགས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་ཀྱི་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱི་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་དབུ་རྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ནས་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། ༀ་ཨཀྵོ་བྷྱཿས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་རང་བཞིན་ཨནྟྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་གཞག་ཅན། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧཱུཾ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཅི་ནུས་བཟླའོ། ཡིག་བརྒྱ་བརྗོད་དེ་མཆོད་བསྟོད་བྱས་ནས། བཛྲ་མུཿབུམ་ལྷ་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། བར་བསམ། དེ་ནས་སྐྲ འམ་རུས་པ་གང་ཡིན་ཀྱང་། ཨ་མྲྀ་ཏས་བསངས། སྐྲའམ། རུས་པ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་འདྲེས་ཏེ། སྐྲའམ། རུས་པ་རྣམས་ལ་ཐིམ་པས་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་པར་གྱུར་པར་བསམས་ལ། ཀཾ་ཀ་ནི་དང་། རྣམ་སྣང་གི་གཟུངས་རིང་ཐུང་གཉིས་དང་། ༀ་བཛྲ་པྲ་མརྡྷ་ན་ཡེ་སྭཱ་ཧཱ། ཞེས་པ་རྣམས་ཅི་ནུས་བཟླས་ལ། བུམ་པའི་ཆུ་འཁྲུས་བྱ། བར་བར་དུ་སྔགས་ཀྱི་མཐར། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་བརྗོད། རྒྱས་པར་བྱ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། སོགས་དང་། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། སོགས་དང་། ས་ནི་དུག་གི་མ་ཡིན་ཏེ། ཞེས་སོགས་རེ་རེའི་མཐར་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་ཅིང་ཁྲུས་བྱའོ། །འདི་ནི་ཅུང་ཟད་རྒྱས་པའི་ལུགས་ཡིན་ལ། བསྡུས་པ་ནི་གཞན་དུ་བཤད་ཟིན་ཏོ། །སྐྲ་དང་རུས་པ་ཙམ་དུ་མ་ཟད་ཚེ་ལྡན་ནམ་ཚེ་འདས་ཀྱི་སོ་དང་སེན་མོ་སོགས་ལའང་དེ་བཞིན་བྱ་བར་གསུངས་སོ། །བཀྲུས་པའི་ཆུ་གཙང་སར་འདོར་རམ། རུས་པ་ལ་སོགས་ཞིབ་པར་བརྡུང་བའམ། སྐྲ་ལྟ་བུ་བསྲེག་པའི་ཐལ་བ་དང་སྦྱར་ནས་སྭཙྪ་འདེབས་པའི་སར་བསྲེས་ལ། སཱཙྪ་འདེབས་ཆོག་ལྟར་བྱའོ། །ཡང་ན་རུས་པ་སོགས་ཆུ་བོ་ཆེན་པོ་དང་། རིའི་རྩེ་ནས་རླུང་ལ་བསྐུར་བར་གསུང་། དེ་ལྟར་རུས་ཆོག་ཚུལ་བཞིན་དུ་བྱས་པའམ། གཟུངས་སྔགས་མིང་སྤེལ་དང་བཅས་པ་བྲིས་ཏེ་མཆོད་རྟེན་ཆེན་པོ་དང་། སཙྪའི་ནང་དུ་བཅུག་པ་མང་དུ་བྱས་ན་གང་ཟག་དེ་ངན་འགྲོ་ལས་གྲོལ་བར་འགྱུར་ཞེས་མི་འཁྲུགས་པའི་རྒྱུད་ལས་བཤད་དོ། །ན་མོ་བཻ་རོ་ཙ་ན་ཡེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་སྐྲ་འམ་རུས་ཆོག་བྱེད་པར་འདོད་ན། བུམ་པ་སོགས་སྟ་གོན་བྱས་ཏེ། སྐྱབས་སེམས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གི་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར་བར་བསམས། བུམ་པ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད། ཐམས་ཅད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཁོར་ལོ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། ནས་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། བར་བསམས་ལ། མཆོད་པ་བྱིན་གྱིས་བརླབས་ཏེ། ༀ་བཻ་རོ་ཙ་ན་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །རྣམ་པར་སྣང་མཛད་ལ་ཕྱག་འཚལ། །ཅེས་པས་བསྟོད། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ༀ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བར་བྱས། འོད་ཟེར་སླར་འདུས་ནས་དེ་ཉིད་ལ་ཐིམ་པར་བསམས་ལ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། ཅེས་གཟུངས་ཐུང་དང་། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་བ་རི་ཤོ་དྷ་ན་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨ་རྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ༀ་ཤོདྷ་ནེ་ཤོདྷ་ནེ་སརྦ་པཱ་པཾ་བི་ཤོདྷ་བི་ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཡཱ་བ་ར་ཎ་བི་ཤོདྷ་ནེ་སྭཱ་ཧཱ། ཞེས་གཟུངས་རིང་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་དང་མཆོད་བསྟོད་བྱས་ཏེ། བཛྲ་མུཿཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཁྲུས་ཀྱི་ཚེ་སྐྲ་དང་རུས་པ་སོགས་གང་ཡིན་ཀྱང་སྔར་མི་འཁྲུགས་པའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་བྱ་ལ། འདོད་ན་གཟུངས་དང་སྦྲེལ་ཏེ་ཀཾ་ཀ་ནི་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །དེའི་ཚེ་ཁྱད་པར་ནི་སྐྲ་འམ་རུས་པའི་སྟེང་དུ་ༀ་ཡིག་གི་མཐར་ཞེས་བསྒྱུར་བར་བྱའོ། །ཀུན་རིག་གི་ཆོ་ག་སྦྱོང་བ་དང་བཅས་པ་བྱེད་བཞིན་ཡིན་ན་འདི་ལྟར་མ་བྱས་ཀྱང་འགྲུབ་ལ། བྱས་ནའང་མི་འགལ་བར་མ་ཟད་ཤིན་ཏུ་ལེགས་པ་ཡིན་ནོ། །མཐར་སྐྲ་དང་རུས་པ་སོགས་ཇི་ལྟར་བྱ་བའང་མི་འཁྲུགས་པའི་སྐབས་སུ་བཤད་པ་ལྟར་རོ། །ན་མོ་ཨུཥྞཱི་ཥཱ་བི་ཛ་ཡེ། འདིར་རྣམ་པར་རྒྱལ་མའི་སྒོ་ནས་སྐྲའམ་རུས་ཆོག་བྱེད་པར་འདོད་ན། བུམ་པ་སོགས་སྟ་གོན་བྱས་ལ། སྐྱབས་སེམས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྣམ་པར་རྒྱལ་མར་གསལ་བར་གྱུར། བུམ་པ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་བྷྲུཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པས་རྗེ་བཙུན་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར། གཡས་ཞལ་སེར། གཡོན་ཞལ་སྔོན་པོ་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ། གཉིས་པས་འོད་དཔག་མེད། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོས་སྡིགས་མཛུབ་དང་བཅས་ཏེ་ཞགས་པ་འཛིན་པ། གཉིས་པས་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་པས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཤིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། ནས་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་རྣམ་པར་རྒྱལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས། རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན་པར་གྱུར་པར་བསམས་ལ། མཆོད་པ་སྔར་བཞིན་བྱིན་གྱིས་བརླབས་ནས། ༀ་ཨཱཪྱ་ཨུཥྞཱིཥཱ་བི་ཛ་ཡ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། རྗེ་བཙུན་པའི་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་མ་ལུས་པ་སྦྱངས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། གཟུངས་རིང་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་བརྗོད་དེ། མཆོད་བསྟོད་བྱས་ལ། བཛྲ་མུཿཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། དེ་ནས་ཁྲུས་ཀྱི་ཚེ་སྐྲའམ། རུས་པའི་སྟེང་དུ་བྷྲུཾ་ཡིག་གི་མཐར་ཞེས་བསྒྱུར་བ་མ་གཏོགས། སྔར་མི་འཁྲུགས་པའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ཏེ། འདོད་ན་གཟུངས་ཀྱི་འཕྲོར་མི་འཁྲུགས་པ་དང་། རྣམ་སྣང་གི་གཟུངས་རིང་ཐུང་གཉིས་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར་ལ། མཇུག་ཏུ་སྐྲ་སོགས་ཇི་ལྟར་བྱ་བའང་སྔར་མི་འཁྲུགས་པའི་སྐབས་སུ་བཤད་པ་ལྟར་རོ། །སྔར་བཤད་པ་དེ་ལས་ཅུང་ཟད་བསྡུས་པ་བྱེད་ན། རང་ཉིད་ལྷ་གང་འདོད་པ་དེར་བསྐྱེད་དེ། བུམ་པ་དྲི་བཟང་གི་ཆུས་ཕྱེད་ཙམ་བཀང་བ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་བུམ་པའི་ནང་དུ་ཟླ་བའི་གདན་ལ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་པ་ལ་སོགས་པའི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིིའི་རྣམ་པར་བསྡུས་ནས་སྔགས་འཕྲེང་ལ་ཐིམ། དེ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་བར་བསམས་ཏེ། ཡིག་བརྒྱ། ཀཾ་ཀ་ནི། དུར་ག་ཏེ། རྣམ་རྒྱལ་གྱི་གཟུངས་རིང་། གཙུག་ཏོར་དྲི་མེད། པདྨ་ཨུཥྞཱིཥཱ་རྣམས་ཅི་འགྲུབ་བཟླ། དེ་ནས་སྐྲའམ་རུས་པ་ཨ་མྲྀ་ཏས་བསངས། སྐྲའམ། རུས་པའི་སྟེང་དུ་ཟླ་གདན་ལ་ཧཱུཾ་ཡིག་དཀར་པོ། དེ་ལས་བདུད་རྩིའི་རྒྱུན་དཀར་ཆིལ་ཆིལ་བབས་པས། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཤིང་དག་པར་གྱུར། ཅེས་བརྗོད་ཅིང་། གཟུངས་དེ་རྣམས་བཟླ་ཞིང་མཐར་སྤེལ་ཚིག་སྦྱར་ལ་བཀྲུ་བར་བྱའོ། །སྤྱིར་སྡིག་སྒྲིབ་སྦྱོང་བའི་ཐབས་མང་ནའང་ངན་སོང་སྦྱོང་བ་ལ་བསྔགས་པའི་གཟུངས་སྔགས་ཁྱད་པར་ཅན་ལ་བརྟེན་ནས་འདི་ལྟར་བྱེད་པ་ནི་འཇུག་པ་བདེ་ཞིང་། གང་ལ་དམིགས་པ་དེ་ཉིད་ངན་སོང་ལས་ཐར་བར་འགྱུར་བ་སོགས་ཕན་ཡོན་ཀྱང་ཤིན་ཏུ་ཆེ་བས་ན། རང་གཞན་གང་ལའང་ཕན་པའི་ཉེ་བར་མཁོ་བ་ཡིན་ནོ། །སྨྲས་པ། ངན་འགྲོར་འཕེན་བྱེད་སྡིག་སྒྲིབ་ཀྱི། །དྲི་མ་བག་ཆགས་བཅས་པ་ཀུན། །དྲུང་འབྱིན་སྐྲ་ཆོག་བདུད་རྩིའི་རྒྱུན། །འདི་ཀོ་སྔོན་མེད་གངྒཱའོ། །ཞེས་སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས་ཞེས་བྱ་བ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་པར་གྱུར་ན་སྙམ་པའི་འདུན་པ་ཁོ་ནས་དམ་པའི་མན་ངག་དང་མཐུན་པར་སྦྱར་བའོ། །བཀྲ་ཤིས།། །།


previousསྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས།next