Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
འཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ།
   
   
   
   
   
   
   
   
   


 
previousའཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ།next

འཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ།

འཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ་བཞུགས།

ན་མོ་བཛྲ་བྷེ་ར་ཝ་ཡེ། འཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ཞིང་། འདིར་འབྲིང་དང་བསྡུས་པའི་དབང་དུ་བྱས་ཏེ་འཆད་པ་ལ་གཉིས་ལས། དང་པོ་ནི། མངོན་རྟོགས་བསྒོམས་ཏེ་བཟླས་པ་མཆོད་བསྟོད་དང་བཅས་པའི་ཐུན་གྱི་མཇུག་ལྟ་བུའམ། དེ་མིན་ཀྱང་གཏོར་མ་འབུལ་ན། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་བར་བསམས་ཏེ། མཆོད་གཏོར་བྱིན་གྱིས་བརླབས་ལ། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། རང་གི་མདུན་དུ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་ཆོས་འབྱུང་གི་དབུས་སུ་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུབ་ཞི་སྒོ་བཞི་པ་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྡོ་རྭ་མེ་རི་དང་བཅས་པའི་ཕྱི་རོལ་དུ་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ་རེ་མིག་དགུ་པ་གདན་དང་བཅས་པའི་དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་དགུ །ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་པ་རྐྱང་བ་ཡུམ་དང་བཅས་པར་གྱུར། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཡབ་ཡུམ། ནས་བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་ཡབ་ཡུམ། ཤར་ལྷོར་ཙ་རྩིག་དཀར་མོ་ཡབ་ཡུམ། ནུབ་བྱང་ཤར་དུ་གཽ་རི་ལྗང་ཁུ་ཡབ་ཡུམ། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། རང་རང་གི་ཉམས་ཡོངས་སུ་རྫོགས་པ། ཕྱིའི་གྲྭ་བཞིར་བདུད་རྩིས་གང་བའི་ཐོད་པ་བཞིའོ། །དེ་ལས་བསྡུ་ན། དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ། ནས་བྱང་ཤར་དུ་གཽ་རི་ལྗང་ཁུ་ཡབ་ཡུམ། ཕྱིའི་གྲྭ་བཞིར་སོགས་སྦྱོར། ལྕགས་ཀྱུའི་ཕྱག་རྒྱ་བྱས་ཏེ། ༀ་ཧྲཱིཿཥྚཱི་ནས་ཨཱ་ཀཪྵ་ཡ་ཛཿསྭཱ་ཧཱ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ལྕགས་ཀྱུ་དང་། ནས་དཀྱིལ་འཁོར་གྱི་ཕྱིའི་ཕྱོགས་མཚམས་རྣམས་སུ་འཁོད་པ་ནི། ཤར་དུ་དབང་པོ་དམར་སེར་ནས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་རྣམས་དང་བཅས་པར་གྱུར། དེ་ནས་ཕུར་འདེབས་ཀྱི་ཕྱག་རྒྱ་བྱས་ཏེ། ༀ་ཧྲཱིཿཥྚཱིཿནས་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ཕུར་བུ་ནས་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པར་བསམ། དེ་ལས་བསྡུ་ན། འཁོད་པ་ནི་ཞེས་པའི་འཕྲོ་ཉིད་དུ་ཕུར་གདབ་ཀྱི་སྔགས་བརྗོད་ཀྱང་རུང་། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ས་སྙིང་གི་རང་བཞིན་ཀྵིཾ་ཀྵིཾ་དཀར་པོ། ནས་ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར་པ་བསམ་པའམ། མིག་གཉིས་སུ་ཀྵིཾ་སོགས་གང་རུང་བྱ། ༀ་ཧྲཱིཿཧ་བྷོཿ ནས་སྭཱ་ཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་ནས་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཧྲཱིཿཥྚཱིཿསོགས་ཀྱིས་བགེགས་བསྐྲད། འདི་ནས་རྒྱས་འདེབས་ཀྱི་བར་སྒྲུབ་ཐབས་ལྟར་རམ། བསྡུ་ན། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ནས་སངས་རྒྱས་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སྔར་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་རྣམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས་ཧཱུཾ། ཞེས་གསུངས་ཤིང་། ནས་ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་རེ་རེས་རྒྱས་བཏབ་སྟེ། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར་པར་བསམ། དེ་ནས་སྔགས་ཙམ་གྱིས་མཆོད་ཅིང་བསྟོད་པའམ། མིན་ཀྱང་། འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་ནས་གསོལ་བར་གྱུར་པར་བསམས་ཏེ། གཙོ་བོ་ཡབ་ཡུམ་ལ་ཐུན་མོང་དུ་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་དང་། འཁོར་གྱི་ལྷ་རྣམས་ལ་སྔགས་ཀྱི་མཐར་བ་ལིང་ཏ་པྲ་ཏིཙྪ་བཏགས་པ་གསུམ་གྱིས་ཕུལ་ལ། ༀ་ཧྲཱིཿཥྚཱིཿཧ་སོགས་ཀྱི་མཆོད་དེ། སྔགས་རྣམས་ཀྱི་མཐར་འབྲུ་གསུམ་བཏགས་ཏེ་ནང་མཆོད་ཀྱང་འབུལ། གཉིས་མེད་ཐུན་མོང་མ་ཡིན་སོགས་སམ། སངས་རྒྱས་ཀུན་གྱི་དངོས་པོ་ཞེས་སོགས་ཀྱིས་བསྟོད། དེ་ནས་ཕྱོགས་སྐྱོང་འཁོར་དང་བཅས་པའི་ལྗགས་ནས་གསོལ་བར་གྱུར་པར་བསམས་ལ། ཡ་མ་རཱ་ཛཱ་ཚར་གཅིག་གིས་བྱིན་གྱིས་བརླབས་ཏེ། ༀ་བྷུ་ཙ་ར་ཎཾ་སོགས་ལན་གསུམ་གྱིས་ཕྱོགས་སྐྱོང་འབུལ་ཏེ། ༀ་ད་ཤ་སོགས་ཀྱིས་ཕྱི་ནང་གི་མཆོད་པ་དང་། བཅོམ་ལྡན་ཆོས་རྗེ་སོགས་ཀྱིས་འཕྲིན་ལས་བཅོལ་ཏེ། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་དང་། མ་རྙེད་སོགས་ཀྱིས་བཟོད་གསོལ་བྱ། ཆོས་རྒྱལ་ལ་གཏོར་འབུལ་མི་བྱེད་ན་འདིར་གཤེགས་གསོལ་དང་། བྱེད་ན་འོག་ནས་འཆད་པ་ལྟར་བྱའོ། །གཉིས་པ་བསྡུས་པ་ལའང་གསུམ་ལས། དང་པོ་ནི། མཆོད་གཏོར་བྱིན་གྱིས་བརླབས་ཏེ། གཞུང་དུ་གསལ་བ་ལྟར། མདུན་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་དཀུག་སྟེ། ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་ནས་སྐུར་བཞེངས་པའི་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་ནས་གསོལ་བར་གྱུར་བར་བསམས་ལ་སྔར་བཞིན་གཙོ་འཁོར་རྣམས་འབུལ་ཏེ་ཕྱི་ནང་གི་མཆོད་པ་དང་བསྟོད་པ་བྱ། ཕྱོགས་སྐྱོང་གི་ལྗགས་བརླབས་ཏེ། སྔར་བཞིན་ཕུལ་ནས་མཆོད་བསྟོད་བྱའོ། །ཕྱོགས་སྐྱོང་རྒྱས་པར་གསལ་འདེབས་ན་འཁོད་པ་ནི། ཤར་དུ་དབང་པོ་དམར་སེར་སོགས་སྒྲུབ་ཐབས་བཞིན་གསལ་གདབ་བོ། །གཉིས་པ་ནི། གཏོར་མ་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེའི་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། སླར་ཡང་རང་གི་ཐུགས་ཀའི་ཧ྄ཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་ནས་ཡུམ་དང་བཅས་པའི་སྐུར་བཞེངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགོན་རྣམས་ཀྱི་ལྗགས་ཧཱུཾ་ནས་གསོལ་བར་གྱུར་བར་བསམས་ལ་སྔར་བཞིན་མཆོད་བསྟོད་བཅས་བྱ། ཕྱོགས་སྐྱོང་རྒྱས་པར་བྱེད་ནས་ད་སྔར་བཞིན་བྱའོ། །གསུམ་པ་ནི། གཏོར་མ་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྟ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཕྱོགས་སྐྱོང་བཅོ་ལྔས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཕྱོགས་སྐྱོང་འཁོར་དང་བཅས་པ་འོད་གསལ་དུ་བཅུག་ནས་བཞེངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྗགས་ནས་འབུལ་ཚུལ་སོགས་ནི་སྔར་བཞིན་ནོ། །འདི་དག་ཀྱང་མཁས་པའི་མན་ངག་ལས་འབྱུང་ཞིང་། ཕྱོགས་སྐྱོང་དགུག་གཞུག་གི་སྔགས་འདོན་མི་འདོན་སོགས་ལས་བྱེད་ཚུལ་གཞན་ཡང་ཡོད་དོ། །ཆོས་རྒྱལ་ལ་གཏོར་མ་འབུལ་ན། །མདུན་དུ་པདྨ་དང་ཉི་མ་སོགས་མངོན་རྟོགས་ལྟར་རམ། བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ནས་གསོལ་བར་གྱུར་བར་བསམས་ལ། ༀ་ཀཱ་ལ་རཱུ་པ་སོགས་ཀྱིས་གཏོར་མ་ཕུལ་ནས། ཕྱི་ནང་གི་མཆོད་པ་དང་། འཆི་བདག་མའམ། འཇམ་དཔལ་བཀའ་མཉན་སོགས་ཀྱིས་བསྟོད་ལ། ཡིག་བརྒྱ་བརྗོད་དེ། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་ཚུལ་ནི། ༀ་ཨཱཿཧཱུཾ། བཛྲ་མུཿ འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་རང་ཉིད་ལ་ཐིམ་མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བྱའོ། །དེ་ནས་བདག་བསྐྱེད་རྫོགས་པར་བསྒོམས་པ་ཡིན་ན། ཉེར་བསྡུ་བྱས་ཏེ། དེ་ལས་ལངས་ནས་བསྔོ་སྨོན་བཀྲ་ཤིས་སོགས་བྱའོ། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས་བར་གྱུར་ཅིག། །།


previousའཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ།next