Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ
   
   
   
   
   
   
   
   


 
previousཆོས་སྐྱོང་རྣམས་ཀྱི་གཏོར་འབུལnext

ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ

ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འདིར་ཆོས་སྐྱོང་སྣ་ཚོགས་ཀྱི་གཏོར་འབུལ་ཕྱོགས་གཅིག་ཏུ་བརྗོད་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས། ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། པར་བསམས་ལ་ནང་མཆོད་དང་མཆོད་གཏོར་རྣམས་བཅུ་གསུམ་མ་ལྟར་བྱིན་བརླབ་བྱ་བའམ། བསྡུ་ན་ཧཱུཾ། རང་ཉིད་འཇིགས་མཛད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །མཆོད་གཏོར་ཀུན་གྱི་ཉེས་སྐྱོན་སྦྱངས་ཤིང་སྤང་། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། བར་བསམ། སྤྱན་འདྲེན་ནི་རྗེ་དགེ་འདུན་རྒྱ་མཚོའི་གསུང་གི་གོ་རིམ་ལྟར་བྱས་ན། ཧཱུཾ། མདུན་གྱི་ནམ་མཁའི་དབྱིངས་སུ་སྐད་ཅིག་གིས། །སྣ་ཚོགས་པདྨ་ཉི་མའི་གདན་གྱི་སྟེང་། །ཡི་དམ་ཀུན་འདུས་འཇམ་དཔལ་གཤིན་རྗེའི་གཤེད། །བསྟན་སྲུང་རྒྱ་མཚོས་བསྐོར་ནས་བཞུགས་པར་གྱུར། །གནས་གསུམ་རྡོ་རྗེ་གསུམ་མཚན་ཧཱུྃ་ཡིག་ལས། །འོད་འཕྲོས་རང་བཞིན་གནས་ནས་དུས་དགྲའི་དབང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །ཤར་ལྷོ་བསིལ་བའི་ཚལ་གི་དུར་ཁྲོད་ནས། །མྱུར་མཛོད་ཡེ་ཤེས་མགོན་པོ་ཕྱག་དྲུག་དང་། །ཡིད་བཞིན་ནོར་བུ་ཚེ་བདག་དབང་གི་རྒྱལ། །གནོད་སྦྱིན་དཔལ་མགོན་ཚོགས་བཅས་གནས་འདིར་བྱོན། །ལྷོ་ཕྱོགས་མི་བཟད་ལྕགས་ཀྱི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཡུམ་མཆོག་ཙ་མཎྜི། །དྲེག་པ་ཕོ་མོའི་དཔུང་དང་ལྷན་ཅིག་ཏུ། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ནས། །རྒྱལ་བའི་བསྟན་སྲུང་དམར་ཟོར་རྒྱལ་མོ་ནི། །ཆུ་སྲིན་སེང་གདོང་དཔལ་གྱི་ལྷ་མོ་དང་། །ཚེ་རིང་མཆེད་ལྔ་བསྟན་མའི་ཚོགས་བཅས་གཤེགས། །འོག་མིན་རྣམ་པར་སྣང་མཛད་ཐུགས་ཁ་ནས། །གུར་མགོན་ནག་པོ་མིའུ་ཐུང་གཟུགས་ཅན་ནི། །ལྕམ་དྲལ་པུ་ཊ་མིང་སྲིང་ལ་སོགས་ལ། །འཁོར་ཚོགས་དམ་ཅན་རྒྱ་མཚོ་དང་བཅས་གཤེགས། །མི་གཡོ་འོག་མིན་ཆོས་ཀྱི་ཕོ་བྲང་ནས། །རྡོ་རྗེ་ནག་པོ་བྱ་རོག་མཚན་ཅན་ནི། །ལེགས་ལྡན་བྱ་གདོང་གསུམ་དང་ཙཎྜི་ཀ། །མ་མོ་བརྒྱད་དང་བཅས་ཏེ་གཤེགས་སུ་གསོལ། །པོ་ཏ་ལ་དང་ཏི་སེ་གངས་སོགས་ནས། །ནག་པོ་ཆེན་པོ་ཞལ་བཞི་ཕྱག་བཞི་པ། །ཡུམ་བཞི་ཞིང་སྐྱོང་སྡེ་བརྒྱད་ཚོགས་དང་བཅས། །ཐོགས་པ་མེད་པར་གནས་འདིར་ད་ཚུར་གཤེགས། །ཨུ་རྒྱན་ཡུལ་གྱི་དུར་ཁྲོད་ཆེན་པོ་ནས། །ཧེ་རུ་ཀ་ཡི་ཐུགས་སྤྲུལ་མཐུ་རྩལ་ཅན། །དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་བཅས། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །འཇིགས་རུང་ཧ་ཧ་རྒོད་པའི་དུར་ཁྲོད་ནས། །དཔལ་ལྡན་མགོན་པོ་བྲམ་ཟེ་དཔའ་བོའི་གཟུགས། །ཡུམ་ཆེན་བཞི་སོགས་འཁོར་གྱི་ཚོགས་དང་བཅས། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་སྤྱན་འདྲེན་ནོ། །དུས་གསུམ་རྒྱལ་བའི་མཐུ་སྟོབས་ནུས་པ་རྣམས། །འཇིགས་རུང་སྲིན་པོ་ཁྲོས་པའི་སྐུར་བཞེངས་པ། །བདེ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ཀུན། །སྣ་ཚོགས་ཆོ་འཕྲུལ་དང་བཅས་གནས་འདིར་གཤེགས། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །མཐུ་སྟོབས་བདག་པོ་སྤྲུལ་པའི་གར་མཛད་པ། །འདོད་རྒུའི་མཆོག་སྟེར་རྒྱལ་ཆེན་རྣམ་ཐོས་སྲས། །གནོད་སྦྱིན་ཚོགས་དང་བཅས་ཏེ་གཤེགས་སུ་གསོལ། །བྱང་ཤར་མ་རུ་རྩེེ་ཡི་དུར་ཁྲོད་ནས། །དྲེགས་པའི་སྡེ་དཔོན་ལྕམ་སྲིད་ཆེན་པོ་ནི། །ཡུམ་ཆེན་སྲིད་པའི་ལྷ་མོ་སྲོག་བདག་དམར། །གྲི་ཐོགས་བཤན་པའི་ཚོགས་བཅས་གཤེགས་སུ་གསོལ། །རྡོ་རྗེ་འཆང་དང་པདྨ་ཐོད་འཕྲེང་གི །སྤྱན་སྔར་བསྟན་པ་སྲུང་བར་ཞལ་བཞེས་པའི། །ཐ་འོག་ཆོས་རྒྱལ་ལ་སོགས་སྲུང་མའི་ཚོགས། །འདིར་གཤེགས་དགྱེས་པའི་རྟེན་དང་དབྱེར་མེད་གྱུར། །མཆོད་པ་དང་བསྐང་རྫས་སོགས་སྔར་བྱིན་གྱིས་མ་བརླབ་ན་འདིར་བརླབ་པའམ། མོས་པས་ཀྱང་རུང་སྟེ། འབུལ་བ་ནི། ཧཱུཾ། ཡི་དམ་བསྟན་སྲུང་རྒྱ་མཚོ་འཁོར་བཅས་ལ། །སྒོ་གསུམ་མི་ཕྱེད་དད་པས་གུས་ཕྱག་འཚལ། །དམ་ཚིག་ཉམས་ཆགས་ཐམས་ཅད་སོ་སོར་བཤགས། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་ཚོགས་དང་། ཁྲག་དང་བདུད་རྩིའི་མཆོད་ཡོན་མཚོ་ལྟར་འཁྱིལ། །མཛེས་པའི་མེ་ཏོག་ས་དང་བར་སྣང་གང་། །ཤ་ཆེན་གུ་གུལ་སྤོས་ཀྱི་དུད་སྤྲིན་འཁྲིགས། །ཞུན་ཆེན་མར་མེའི་སྣང་བ་ཉི་ལྟར་གསལ། །ཙན་དན་ག་བུར་དད་ལྡང་དྲི་ཆབ་དང་། །རོ་བརྒྱ་ལྡན་པའི་ཞལ་ཟས་རི་ལྟར་སྤུངས། །སྙན་བརྗིད་རོལ་མོའི་སྒྲ་དབྱངས་སྣ་ཚོགས་ཀྱིས། །ཡི་དམ་བསྟན་སྲུང་རྒྱ་མཚོ་འཁོར་བཅས་མཆོད། །འཕྲུལ་ལྡན་རྟ་ནག་གཡག་རོག་ཞོལ་ཆེན་དང་། །འདོད་འཇོའི་བ་དང་ར་སྐྱེས་སྤྱི་དཀར་ལུག །མཁའ་ལྡིང་བྱ་དང་དོམ་འདྲའི་ཁྱི་ནག་དང་། །རིན་ཆེན་བདུན་དང་འདོད་ཡོན་རྣམ་པ་ལྔ། །སྲ་བཙན་གོ་ཁྲབ་རྣོ་བའི་མཚོན་ཆའི་ཚོགས། ཁྱད་པར་ཟག་མེད་དམ་རྫས་གཏོར་མ་ནི། །གླིང་བཞི་རི་རབ་ཀུན་བཟང་མཆོད་སྤྲིན་བཅས། །ཡི་དམ་བསྟན་སྲུང་ཚོགས་ལ་འབུལ་བར་བགྱི། །བཞེས་ནས་དམ་སྐོང་བར་ཅད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །གཏོར་མ་སྒེར་དུ་འབུལ་ན། ཡི་དམ་བསྟན་སྲུང་འཁོར་དང་བཅས་པའི་ལྗགས་ནས་གསོལ་བར་གྱུར་པར་བསམས་ལ། ༀ་ཡ་མཱནྟ་ཀ་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་ལན་གསུམ་མམ་བདུན་གིས་འབུལ་ཞིང་ཨརྒྷཾ་སོགས་ཀྱི་མཆོད་དམ་མིན་ཀྱང་རུང་ལ། ནང་མཆོད་ཡོད་ན་འབུལ། དེ་ནས་བསྟོད་པ་ནི། ཧཱུཾ། མཁྱེན་རབ་དབང་ཕྱུག་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་རས་གཟིགས་དབང་ཕྱག་དྲུག་ཡེ་ཤེས་མགོན། །རེ་མ་ཏི་དང་གནོད་སྦྱིན་ཆེན་པོ་བཞི། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་ལ་བསྟོད། །གང་ཞིག་ཡིན་ལ་དྲན་པ་ཙམ་གྱིས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །དཔག་བསམ་ཤིང་བཞིན་འདོད་རྒུའི་ཆར་འབེབས་པ། །མགོན་དཀར་ཡིད་བཞིན་ནོར་ལ་གུས་པས་བསྟོད། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་ཉན་མཆོག །དགེ་སྡིག་ཤན་འགྱེད་ཆོས་ཀྱི་རྒྱལ་པོ་ཞེས། །བློ་བཟང་རྒྱལ་བའི་བསྟན་པ་ཀུན་སྲུང་བ། །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་བསྟོད། །རྒྱལ་བ་ཀུན་གྱི་འཕྲིན་ལས་མ་ལུས་པ། །གཅིག་བསྡུས་འཇིགས་རུང་སྲིན་མོ་ཁྲོས་པའི་གཟུགས། །དཔལ་ལྡན་དམག་དང་ཟོར་གྱི་རྒྱལ་མོ་ལ། །རྩེ་གཅིག་གུས་པ་ཆེན་པོས་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ། །གདུག་པ་ཚར་གཅོད་སྲིན་པོ་ཁྲོས་པའི་སྐུ། །མིའུ་ཐུང་གུར་མགོན་ལྕམ་དྲལ་འཁོར་བཅས་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་བསྟོད་པར་བགྱི། །བསྟན་དང་བསྟན་འཛིན་ཚོགས་རྣམས་རྟག་སྲུང་ཞིང་། །འཇིགས་བྱེད་བཟོད་པར་དཀའ་བའི་ཤུགས་དང་ལྡན། །རྔམ་པའི་སྟོབས་ཀྱིས་བདུད་དཔུང་ཚར་གཅོད་པའི། །མགོན་པོ་བྱ་རོག་མཚན་ཅན་ཁྱོད་ལ་བསྟོད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །མཐིང་ནག་ཞལ་བཞི་འཇིགས་རུང་ཁྲོས་པའི་སྐུ། །ཡུམ་ཆེན་བཞི་སོགས་སྤྲུལ་པའི་འཁོར་གྱིས་བསྐོར། །བསྟན་སྲུང་ཀུན་གྱི་གཙོ་བོ་ཁྱོད་ལ་བསྟོད། །བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས། །ཤིན་ཏུ་ཁྲོས་པའི་ཀེང་རུས་གཟུགས་འཛིན་པ། །མ་མོ་མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོང་བའི། །དུར་ཁྲོད་བདག་པོ་ཡབ་ཡུམ་བཅས་ལ་བསྟོད། །ཧེ་རུ་ཀ་ཡེ་སྤྲུལ་པའི་ཟློས་གར་ཉིད། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །རྐང་གླིང་འབུད་ཅིང་མཁའ་འགྲོ་དབང་དུ་སྡུད། །བྲམ་ཟེའི་གཟུགས་ཅན་དཔའ་བོ་ཁྱོད་ལ་བསྟོད། །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱེས་བུ་ཀུན། །མ་གཡེལ་བུ་བཞིན་སྐྱོང་བ་ཞལ་བཞེས་པ། །བདེ་ཆེན་ལྕམ་དྲལ་འཁོར་བཅས་བདག་གིས་བསྟོད། །རབ་འཇིགས་གདོང་ལྔའི་དབང་པོ་འགྱིང་པའི་སྟེང་། །རབ་མཛེས་གསེར་གྱི་རི་བོ་བརྩེགས་པ་བཞིན། །རབ་བརྗིད་ཉི་མ་འབུམ་གྱི་གཟི་ལྡན་པ། །དྲང་སྲོང་རྣམ་མང་ཐོས་པའི་སྲས་ལ་བསྟོད། །གཏུམ་ཞིང་དྲག་ལ་མྱུར་བའི་མཐུ་རྩལ་གྱིས། །དྲག་པོའི་འཕྲིན་ལས་སྒྲུབ་ལ་ཐོགས་མེད་པ། །སྒྲོལ་གྱི་དྲག་པོ་སྲོག་བདག་དམར་པོ་ལ། །སྒོ་གསུམ་མི་ཕྱེད་དད་པའི་ཡིད་ཀྱིས་བསྟོད། །བཤད་སྒྲུབ་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །གནོད་སྦྱིན་ཆེན་པོ་ཐ་འོག་ཆོས་རྒྱལ་སོགས། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ། །མཆོད་ཅིང་གུས་པ་ཆེན་པོས་རྟག་ཏུ་བསྟོད། །མཐུ་ལྡན་ཆོས་སྐྱོང་སྲུང་མ་འཁོར་བཅས་ལ། །མཆོད་བསྟོད་གསོལ་བས་རྣལ་འབྱོར་བདག་ཅག་གི །འགལ་རྐྱེན་བར་ཆད་ཉེ་འཚེ་ཞི་བ་དང་། །འདོད་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད། །རྟེན་ཡོད་ན་བདག་དང་འགྲོ་ལ་སོགས་ཀྱི་བརྟན་བཞུགས་དང་། །མེད་ན། ཉེས་བྱས་བཟོད་བཞེས་རང་བཞིན་གནས་སུ་གཤེགས། སླར་ཡང་བྱོན་ནས་མཆོག་ཐུན་དངོས་གྲུབ་སྩོལ། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །དུས་རྣམས་ཀུན་དུ་དགེ་ལེགས་འཕེལ་བར་མཛོད། །ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། རྗེ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་གོང་མ་གཉིས་ཀྱི་མན་ངག་ལ་བརྟེན་ནས་གཞན་ཕན་གྱི་བསམ་པས་སྦྱོར་བ་སྟེ། རྣམ་པ་གཉིས་ཀ་ལྟར་ནའང་འདི་ལྟར་བྱེད་པར་བྱུང་ན་གཏོར་འབུལ་ཙམ་དུ་མ་ཟད། བསྐང་གསོ་བསྡུས་པ་བྱས་པར་འགྱུར་བ་ཡིན་ནོ། །བཀྲ་ཤིས། ཤུབཾ།། །།


previousཆོས་སྐྱོང་རྣམས་ཀྱི་གཏོར་འབུལnext