Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་ཆོས་སོགས་ཀྱི་གཏོར་འབུལ་བསྐང་གསོ་དང་བཅས་པ།
   
   
   
   
   
   
   


 
previousམགོན་ཆོས་སོགས་ཀྱི་གཏོར་འབུལ་བསྐང་གསོ་དང་བཅས་པ།next

མགོན་ཆོས་སོགས་ཀྱི་གཏོར་འབུལ་བསྐང་གསོ་དང་བཅས་པ།

མགོན་ཆོས་སོགས་ཀྱི་གཏོར་འབུལ་བསྐང་གསོ་དང་བཅས་པ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འདིར་ཆོས་སྐྱོང་འགའ་ཞིག་གི་གཏོར་འབུལ་འཁྱེར་བདེ་བར་བརྗོད་པ་ལ། ལྷའི་རྣལ་འབྱོར་སྔར་བསྒོམས་པ་ཡོད་ན་དེའི་ངང་ནས་སམ། ཡང་ན་གསང་བདེ་འཇིགས་གསུམ་གང་རུང་དུ་སྐད་ཅིག་གིས་བསྐྱེད་ནས་བྱིན་བརླབས་རང་རང་གི་ལུགས་ལྟར་རམ། བསྡུས་པ་འདོད་ན་ལོགས་སུ་བཀོད་པ་ཡང་རུང་ལ་དེ་ནས་ཡུལ་སྤྱན་དྲངས་པ་ཡོད་ན་དེ་དང་བསྟུན་ཅིང་། མེད་ན་འདི་ལྟར། ཛཿརང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །བསིལ་བའི་ཚལ་དད་གཤིན་རྗེའི་གྲོང་ཁྱེར་ནས། །ཡེ་ཤེས་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །འཁོར་བཅས་སྤྱན་དྲངས་མདུན་གྱི་ནམ་མཁར་བྱོན། །མུ་ལི་གཏིང་དང་ལྕང་ལོ་ཅན་སོགས་ནས། །འདོད་ཁམས་དབང་ཕྱུག་རྒྱལ་ཆེན་རྣམས་ཐོས་སྲས། །རྟ་བདག་བརྒྱད་དང་ཐ་འོག་ཆོས་རྒྱལ་སོགས། །འཁོར་བཅས་སྤྱན་དྲངས་འདིར་གཤེགས་རྟེན་ལ་བཞུགས། །བདེ་སྟོང་དབྱེར་མེད་རོལ་བ་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་ཉེར་སྤྱོད་རྣམ་པ་ལྔ། །འདོད་ཡོན་རྒྱལ་སྲིད་རྟ་གཡག་ལུག་བྱ་ཁྱི། །གླིང་བཞི་ཉི་ཟླ་རི་རབ་བཅས་ཏེ་འབུལ། །ཁྱད་པར་རབ་ཡངས་ཐོད་པར་འབྲུ་བཅུད་དང་། །དགྲ་བགེགས་ཤ་ཁྲག་རུས་གསུམ་ལས་བྱུང་བའི། །ཟག་མེད་བདུད་རྩིའི་གཏོར་མའི་རྒྱ་མཚོ་འདི། །ཆོས་སྐྱོང་འཁོར་བཅས་འབུལ་གྱིས་བཞེས་སུ་གསོལ། །ཐུགས་མཆོག་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །སྣ་ཚོགས་སྤྲུལ་པའི་གར་མཛད་ཡེ་ཤེས་མགོན། །ཆོས་ཀྱི་རྒྱལ་པོ་དམག་ཟོར་རྒྱལ་མོ་དང་། །རྣམ་སྲས་ཐ་འོག་ཆོས་རྒྱལ་འཁོར་བཅས་བསྟོད། །ཁྱེད་རྣམས་མཆོད་ཅིང་བསྟོད་བསྐུལ་གསོལ་བཏབ་པས། །རྣལ་འབྱོར་སྦྱིན་བདག་འདུས་སྡེ་དགོན་གནས་ཀྱི། །འགལ་ཀྱེན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་འདོད་རྒུ་ཡིད་བཞིན་སྒྲུབ་པར་མཛོད། །ཉེས་ཀུན་བཟོད་བཞེས་རང་རང་རྟེན་རྣམས་དང་། །དབྱེར་མེད་བཞུགས་ནས་རྣལ་འབྱོར་བདག་ཅག་ཀུན། །དུས་རྣམས་རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་། །འདོད་དོན་ཡིད་བཞིན་སྒྲུབ་པའི་འཕྲིན་ལས་མཛོད། །རྟེན་མེད་ན། བཛྲ་མུཿགཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་བརྗོད་པར་བྱའོ། །ཅེས་པ་འདི་ཡང་། རྒྱུད་པའི་དབང་མཛད་པ་དང་། དགེ་བསྐོས་རྣམ་པ་གཉིས་ཀྱིས་གཏོར་འབུལ་འཇུག་པ་བདེ་ཆེད་འདི་ལྟར་ཞིག་གིས་དང་། རྒྱུད་པ་གྲྭ་ཚང་གི་ཞལ་འདོན་དུ་འཇུག་པར་བྱའོ། །ཞེས་བསྐུལ་པ་ལ་བརྟེན་ནས་རྒྱུད་པའི་སློབ་དཔོན་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །ན་མོ་མ་ཧཱ་ཀཱ་ལ་ཡེ། མགོན་པོ་ཕྱག་དྲུག་པ་ལ་མཆོད་གཏོར་བྱ་ཚུལ་འཇུག་པ་བདེ་བར་འགོད་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞེས་པ་ནས་སྐུར་བཞེངས་པར་གྱུར་པར་བསམས་ལ། ནང་མཆོད་དང་མཆོད་གཏོར་རྣམས་བཅུ་གསུམ་མ་ལྟར་བྱིན་གྱིས་རླབས་པའམ། བསྡུ་ན། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཁའི་ཧཱུཾ་ལས་འོད་ཕྲོས་པས། །མཆོད་རྫས་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་ལས་གཅིག །སྤྱན་འདྲེན་ནི། རང་གི་ཐུགས་ཁའི་ཧཱུཾ་གི་འོད་ཟེར་གྱིས། །ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ནས། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །འདོད་ཁམས་དབང་ཕྱུག་ཀྵེ་ཊ་པཱ་ལ་སོགས། །འཁོར་ཚོགས་རྒྱ་མཚོའི་དཔུང་དང་ལྷན་ཅིག་ཏུ། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་སྐད་ཅིག་གིས། །མདུན་གྱི་ནམ་མཁར་སྤྱན་དྲངས་མྱུར་བྱོན་ནས། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཕྱག་འཚལ་ནི། རྣམ་དག་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །མ་རུང་འདུལ་ཕྱིར་ཁྲོས་པའི་གར་མཛད་པ། །ཞལ་གཅིག་ཕྱག་དྲུག་བསྟན་དགྲ་ཚར་གཅོད་སྐུ། །མགོན་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །བཤགས་པ་ནི། ཐོག་མ་མེད་ནས་བསགས་པའི་ཉེས་ཀུན་དང་། །ཁྱད་པར་བླ་མ་མགོན་པོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་འགལ་བར་རབ་སྤྱོད་པའི། །དམ་ཚིག་ཉམས་ཆགས་ཐམས་ཅད་སོ་སོར་བཤགས། །མཆོད་པ་ནི། བླ་མ་མཆོག་གསུམ་ཆོས་དབྱིངས་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་བརླབས་ཀྱིས། །ཕྱི་ནང་མཆོད་ཚོགས་ས་གཞི་བར་སྣང་དང་། །ནམ་མཁའ་ཁྱོན་ཀུན་མ་ལུས་འགེངས་གྱུར་ཅིག ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང་། །ཤ་ཆེན་ཚིལ་དུད་ཞུན་ཆེན་སྒྲོན་མེ་དང་། །ཤ་རུས་ཞལ་ཟས་རྐང་གླིང་རོལ་མོ་འདིས། །མགོན་པོ་འཁོར་བཅས་མཆོད་ཅིང་ཐུགས་དམ་བསྐང་། །མྱུར་མགྱོགས་རྟ་མཆོག་ཞོལ་ཆེན་གཡག་རོག་དང་། །ལུག་ནག་སྤྱི་དཀར་ཁྱུང་འདྲའི་བྱ་ནག་དང་། །དོམ་ལྟའི་ཁྱི་ནག་འཇིགས་པའི་ཚོགས་རྣམས་ཀྱིས། །མགོན་པོ་འཁོར་བཅས༴ གཞན་ཡང་འདོད་ཡོན་ལྔ་དང་རིན་ཆེན་བདུན། །རྡོ་རྗེའི་གོ་ཁྲབ་མདའ་ལྡན་གཏོར་ཆེན་དང་། །རི་གླིང་ཉི་ཟླ་ཕྱི་ནང་མཆོད་སྤྲིན་གྱིས། །མགོན་པོ་འཁོར༴ ཁྱད་པར་ཤ་ཁྲག་འབྲུ་བཅུད་གཏོར་མའི་ཚོགས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་ཀུན། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །བསྟོད་པ་དང་འཕྲིན་ལས་བཅོལ་བ་ནི། །རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པའི། །སྤྱན་རས་གཟིགས་དབང་དྲག་པོའི་སྐུར་བསྟན་པ། །མཁྱེན་བརྩེ་ནུས་པ་ཡོངས་རྫོགས་མཐུ་རྩལ་ཅན། །ཡེ་ཤེས་མགོན་པོ་འཁོར་དང་བཅས་ལ་བསྟོད། །ཡང་ན། མཐུ་སྟོབས་ནུས་པ་འཕྲིན་ལས་ཕུན་ཚོགས་ཤིང་ནས། ཡེ་ཤེས་མགོན་པོ་འཁོར་བཅས་བསྟོད་པར་བགྱི། ཁྱེད་རྣམས་མཆོད་ཅིང་བསྟོད་པས་བདག་ཅག་གི །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །ཚེ་དཔལ་ལོངས་སྤྱོད་སྙན་གྲགས་འདོད་རྒུ་བཅས། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ཞེས་སོགས་བྱ་ལ། མེད་ན། ཉེས་བྱས་བཟོད་བཞེས་རང་བཞིན་གནས་སུ་གཤེགས། །དུས་སུ་བྱོན་ནས་མཆོག་ཐུན་དངོས་གྲུབ་སྩོལ། །བར་ཆད་སེལ་ཞིང་རྟག་ཏུ་སྲུང་སྐྱོབ་དང་། །ཕྱོགས་རྣམས་ཀུན་དུ་བཀྲ་ཤིས་འཕེལ་བར་མཛོད། །ཅེས་པ་འདི་ནི། བཀྲ་ཤིས་འཕེལ་རྒྱས་གླིང་གི་དགོན་སྡེའི་སྤྱི་བ་ཐུན་མོང་གི་ནན་ཏན་དུ་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །ན་མོ་བཛྲ་བྷེ་ར་ཝ་ཡེ། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །མཆོད་གཏོར་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་མམ་གཅིག །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཚོགས། །རབ་འཕྲོས་ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཁྱེད་རྣམས་ལ། །མཆོད་ཡོན་ཉེར་སྤྱོད་འདོད་ཡོན་ནང་མཆོད་དང་། །དགྲ་བགེགས་ཤ་ཁྲག་འབྲུ་བཅུད་ལས་གྲུབ་པའི། །ཟག་མེད་བདུད་རྩིའི་གཏོར་མ་འབུལ་གྱིས་བཞེས། །འདི་རང་གསུམ་མམ་གཅིག །རྒྱལ་བའི་ཡབ་གཅིག་འཇམ་དཔལ་ཞི་ཁྲོ་ཡི། །བཀའ་སྡོད་ཐུབ་བསྟན་སྲུང་མ་ཀུན་གྱི་གཙོ། །དགྲ་བགེགས་ཐལ་བར་རློག་པའི་མཐུ་རྩལ་ཅན། །གཤིན་རྗེ་ཀུན་གྱི་རྒྱལ་པོ་ཁྱོད་ལ་བསྟོད། །མཐུ་ཆེན་ཁྱེད་ལ་མཆོད་ཅིང་བསྟོད་བྱས་པས། །རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ཀྱི། །ཕྱི་ནང་མི་མཐུན་ཉེར་འཚེ་ཀུན་ཞི་ཞིང་། །རྟག་ཏུ་མཐུན་རྐྱེན་བསྒྲུབ་པའི་གྲོགས་མཛོད་ཅིག །གཤེགས་གསོལ་བྱེད་ན། བཛྲ་མུཿགཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། །ཅེས་བརྗོད་ཀྱང་ཆོ་ག་ལ་བརྟན་བཞུགས་བྱེད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ནས་ལེགས་པར་སྩལ་དུ་གསོལ། ཞེས་བྱས་ཀྱང་མི་འགལ་ལོ། །ཅེས་པ་འདི་ཡང་། གནས་བརྟན་གྲགས་པ་འོད་ཟེར་གྱིས་རང་གི་ཞལ་འདོན་གྱི་ཆེད་དུ་བསྐུལ་བའི་ངོར་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས།། །།༈ ན་མོ་བཛྲ་པཱ་ཎི་ཡེ། འདིར་རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ་གཏོར་འབུལ་དང་། བསང་མཆོད་སོགས་བྱེད་ཚུལ་མདོར་བསྡུས་ཞིག་འཆད་པ་ལ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར་པར་བསམས་ལ། མཆོད་གཏོར་བསང་མཆོད་རྣམས་བྱིན་བརླབ་བྱ་ཚུལ་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་ནི་བྱིན་བརླབས་སོ་སོར་བྱ་བ་ཡིན་ནའང་། འདིར་བསྡུ་ན། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་གཏོར་དང་བསང་ཆེན་གྱི་རི་བོས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་ཞིང་མགྲོན་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་བྱེད་པའི་ནུས་ལྡན་དུ་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། གཏོར་མ་དང་བསང་གཉིས་ལས་གང་རུང་ཞིག་ཡིན་ན། དེའི་ཚིག་སྦྱོར་བྱ། དེ་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྒྱལ་ཆེན་རྣམ་སྲས་ནོར་ལྷའི་ཚོགས་དང་བཅས། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །གསེར་གྱི་རི་དབང་ལྟ་བུར་བརྗིད་ཆགས་ཤིང་། །ཉི་མ་འབུམ་གྱི་གཟི་བྱིན་རབ་ཏུ་འབར། །ཡོ་བྱད་ནམ་མཁའ་མཛོད་ལ་དབང་བསྒྱུར་བ། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་ལ་འདུད། །མཆོད་འབུལ་ནི། ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །རིན་ཆེན་བདུན་དང་བཀྲ་ཤིས་རྫས་བརྒྱད་དང་། །གླིང་བཞི་རི་རབ་བདག་ལུས་ལོངས་སྤྱོད་བཅས། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་པ་འབུལ། །གཏོར་འབུལ་ནི། དཀར་གསུམ་མངར་གསུམ་འབྲུ་བཅུད་དང་སྦྱར་བའི། །ཟག་མེད་བདུད་རྩིའི་གཏོར་མའི་རྒྱ་མཚོ་འདི། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ་འབུལ་གྱིས། །བཞེས་ནས་འདོད་རྒུའི་དངོས་གྲུབ་ཆར་ལྟར་ཕོབ། །བསང་མཆོད་ནི། དྲི་ལྡན་བཟང་སྨན་ཤིང་སྣ་བསྲེགས་པ་ལས། །བྱུང་བའི་བསང་ཆེན་དུད་པ་ཆུ་འཛིན་བཞིན། །ནམ་མཁའི་ཁམས་ཀུན་ཡོངས་སུ་ཁྱབ་བྱས་ཏེ། །རྒྱ་ཆེན་རྣམ་སྲས་འཁོར་བཅས་མཆོད་པར་བགྱི། །ཁྱད་པར་ཕྱི་ཡི་མཆོད་པ་ནི། གཞན་ཡང་དགོས་འདོད་ནོར་དང་དཔག་བསམ་ཤིང་། །རིན་ཆེན་ལྗོན་ཤིང་གཏེར་བུམ་བཟང་པོ་དང་། །འདོད་འཇོའི་བ་དང་རྫིང་བུ་བཟང་པོ་སོགས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་མཉེས་ཕྱིར་འབུལ། །གོས་སྔོན་ལུང་ཐང་ཕྲེང་བ་ནེའུ་ལེ་དང་། །མི་འཇིགས་སེང་གེ་རྒྱལ་མཚན་ཉི་མ་ཟླ། །འབྲུ་སྨན་རིན་ཆེན་སྙིང་པོ་ལྔ་ལ་སོགས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་མཉེས་ཕྱིར་འབུལ། །སྦྱིན་གཏོར་རྒྱ་མཚོའི་དགེ་ལ་གོམས་བྱས་པས། །མི་འཛད་གཏེར་གྱི་དཔལ་ལ་དབང་བསྒྱུར་ཞིང་། །ཕོངས་པ་ཀུན་ལ་འདོད་རྒུའི་མཆོག་སྟེར་བ། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་ལ་བསྟོད། ཁྱེད་ལ་མཆོད་ཅིང་གུས་པས་བསྟོད་བྱས་པས། །མི་འདོད་དབུལ་བའི་རྒུད་པ་སེལ་བྱེད་ཅིང་། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་བ་དང་། །རྟག་ཏུ་སྲུང་ཞིང་སྐྱོབ་པའི་འཕྲིན་ལས་མཛོད། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ཞེས་སོགས་དང་། མེད་ན། བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་བསམ་མོ། །ཅེས་པ་འདི་ཡང་དད་དང་རྣམ་དཔྱོད་ལྡན་པའི་བརྩོན་འགྲུས་ཕུན་ཚོགས་ཞེས་བགྱི་བས། རྣམ་སྲས་རང་གི་བརྟེན་པའི་ལྷར་བབ་པས་མཆོད་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་བཤད་སྒྲུབ་མིང་ཅན་གྱི་སྦྱར་བའོ། །བཀྲ་ཤིས།། །།༈ ན་མོ་བཛྲ་བྷེ་ཝ་ར་ཡེ། འདིར་འཇམ་དཔལ་གཤིན་རྗེའི་གཤེགས་ཀྱི་བཀའ་སྔོན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ལ་གཏོར་འབུལ་མདོར་བསྡུས་འཁྱེར་བདེ་ཞིག་བརྗོད་པར་བྱ་སྟེ། བྱིན་རླབས་བཅུ་གསུམ་མ་ལྟར་རམ་བསྡུ་ན། རང་ཉིད་འཇིགས་མཛད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །མཆོད་གཏོར་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་མམ་གཅིག་དེ་ནས། རང་གི་ཐུགས་ཀའི་ཧཱུཾ་གིས་འོད་ཟེར་གྱིས། །ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ཆེན་པོ་ནས། །ལས་ཀྱི་གཤིན་རྗེ་ཡུམ་མཆོག་ཙ་མུཎྜི། །འཁོར་བཅས་སྤྱན་དྲངས་བརྟན་པར་བཞུགས་སུ་གསོལ། །མཆོད་ཡོན་ཉེར་སྤྱོད་རོལ་མོ་འདོད་ཡོན་སོགས། །ཕྱི་ནང་མཆོད་སྤྲིན་ནམ་མཁའ་གང་བ་དང་། ཁྱད་པར་ཟག་མེད་ཤ་ཁྲག་གཏོར་མའི་ཚོགས། །ཆོས་རྒྱལ་འཁོར་བཅས་དགྱེས་པ་བསྐྱེད་ཕྱིར་འབུལ། །པད་ཉི་དགྲ་བགེགས་མ་ཧེའི་གདན་གྱི་སྟེང་། །ཞལ་གཅིག་ཕྱག་གཉིས་གཏུམ་དྲག་ཁྲོས་པའི་སྐུ། །བསྟན་དགྲ་ཚར་གཅོད་བརྐྱང་བསྐུམས་འགྱིངས་སྟབས་ཅན། །མ་ལུས་དགྲ་བགེགས་དཔུང་འཇོམས་ཁྱོད་ལ་བསྟོད། །སྟོབས་ཆེན་ཁྱོད་ལ་མཆོད་ཅིང་བསྟོད་བྱས་པས། །རྣལ་འབྱོར་བདག་ཅག་དགོན་གནས་སྦྱིན་བདག་བཅས། །གཡས་མེད་རྟག་སྲུང་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་མཐའ་དག་ཡིད་བཞིན་སྒྲུབ་པར་མཛོད། །མདོར་བསྡུས་ལ་བརྟན་བཞུགས་དང་གཤེགས་གསོལ་གང་བྱེད་ཀྱི་རྣམ་དབྱེ་རེ་ཞིག་བཞག་གོ །ཅེས་པ་འདི་ནི་རྒྱུད་པའི་བྱང་འདྲེན་དགེ་སློང་བརྩོན་འགྲུས་དར་རྒྱས་ཞེས་བགྱི་བས་གཏོར་འབུལ་འདི་ལྟ་བུ་ཞིག་ཁོ་བོས་སྤར་དུ་བརྐོས་ནས་རྒྱུད་པའི་ཚོགས་འདོན་དུ་འཇུག་ཨེ་ཐུབ་བལྟ་ཞེས་བསྐུལ་བ་ལ་བརྟེན་ནས་རྒྱུད་པའི་སློབ་དཔོན་པ་བཤད་སྒྲུབ་མིང་ཅན་གྱིས་འཕྲལ་དུ་སྦྱར་བའོ། །མངྒལཾ།། །།


previousམགོན་ཆོས་སོགས་ཀྱི་གཏོར་འབུལ་བསྐང་གསོ་དང་བཅས་པ།next