Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ལམ་འཕོ་བའི་མན་ངག་གི་སྐོར།
   
   
   
   
   
   


 
previousཟབ་ལམ་འཕོ་བའི་མན་ངག་གི་སྐོར།next

ཟབ་ལམ་འཕོ་བའི་མན་ངག་གི་སྐོར།

ཟབ་ལམ་འཕོ་བའི་མན་ངག་གི་སྐོར་བཞུགས།

སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །བདེ་ལྡན་ཞིང་གི་འདྲེན་པ་འོད་དཔག་མེད། །ལྷ་བརྒྱའི་གཙུག་རྒྱན་མི་ཕམ་ཆོས་རྗེའི་ཞབས། །གུས་པས་བསྟེན་ནོ་མཆོག་ཐུན་དངོས་གྲུབ་སྩོལ། །འདིར་དམ་པ་གོང་མའི་གསུང་ལས་འབྱུང་བའི་འཁོར་བའི་མན་ངག་ཐུན་མོང་བ་འགའ་ཞིག་ཉམས་ལེན་དུ་འཁྱེར་བདེ་བར་དགོད་པ་ལ་གསུམ་ལས་དང་པོ་བླ་མའི་རྣལ་འབྱོར་ལ་བརྟེན་པའི་འཕོ་བ་ནི་རང་གིས་བསྟེན་པའི་བླ་མའི་རྣལ་འབྱོར་ཡོད་ན་དེ་དང་སྦྱར་བར་བྱ་བའམ། ཡང་ན་འདི་ལྟར་ཉམས་སུ་བླང་བར་བྱའོ། །འདི་ལའང་སྔོན་དུ་རང་གིས་སྦྱོང་བ་དང་། འཆི་བའི་ཚེ་མཁའ་སྤྱོད་སོགས་སུ་འཕོ་བ་གཉིས་ལས་དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་སྤྱི་ལྟར་བྱས་ལ། རང་གི་སྤྱི་བོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རང་གི་དྲི་ཅན་རྩ་བའི་བླ་མ་ཡན་པ་ལ། རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དཔེས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་སྲས་བཅས་ཐམས་ཅད་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཅན་དུ་གྱུར་པར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། གང་གི་དྲིན་གྱིས་བདེ་ཆེན་གནས། སོགས་དང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་མཆོད་དོ། །སྐྱབས་སུ་མཆིའོ། །ལན་བདུན་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་མཎྜལ་རྒྱས་བསྡུས་ཅི་རིགས་དང་། ཇི་སྙེད་ཕྱི་ནང་གསང་བའི་མཆོད་པའི་ཚོགས་ཅི་མཆིས་པ་རྣམས་ཀྱང་འབུལ་བར་བགྱིའོ། །སྒོ་གསུམ་གྱི་སྡིག་ལྷུང་ཉེས་པའི་ཚོགས་མ་ལུས་པ་མཐོལ་ལོ། །འཆགས་སོ། །སྐྱེ་འཕགས་ཀུན་གྱི་དགེ་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ་ལོ། །དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་དག་པའི་ཞིང་དུ་སྐྱེས་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་རྒྱུར་བསྔོའོ། །ཞེས་ཡན་ལག་བདུན་པ་བྱ། དེ་ནས་སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན། འཕགས་ཚོགས་དགེ་འདུན་ཀུན༴ ཡིད་དམ་ཀུན༴ མཁའ་འགྲོ༴ ཆོས་སྐྱོང་ཀུན༴ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ཞེས་སོགས་གསོལ་འདེབས་མང་དུ་བྱས་ལ། རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་མདའ་སྨྱུག་ཙམ་ཞིག་མར་སྣ་ལྟེ་འོག་དང་ཡར་སྣ་ཚངས་བུག་ཏུ་ཐལ་མེར་ཟུག་པ། སྙིང་ཁའི་ཐད་ཀྱི་དབུ་མའི་ནང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་ཀྱི་རང་བཞིན་ཅན་འཕར་ལ་ཁད། འགྱུར་ལ་ཁད་པ་ཞིག་ཏུ་གྱུར་བར་བསམས་ལ། སླར་ཡང་སྔར་ལྟར་གསོལ་འདེབས་ཡན་བདུན་ནམ་ཉེར་གཅིག་རེ་བྱས་པའི་མཐར། བླ་མ་རིན་པོ་ཆེ། བདག་ལ་ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། སྐུ་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ཞེས་སྦྱར་ཏེ་གསོལ་འདེབས་ཅི་ནུས་བྱས་པའི་བར་བར་དུ། ཞེས་གསོལ་བ་བཏབ་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་ནར་གྱིས་བྱུང་སྟེ་རང་གི་ཚངས་བུག་ནས་ཞུགས། རང་སེམས་ཐིག་ལེར་གསལ་བ་ལ་ཟུག་པར་གྱུར་ཅེས་བརྗོད་ནས་ཡང་འདྲེན་པར་བསམས་ལ། དེའི་ཚེ་འོག་རླུང་བྱིན་དུ་འཐེན་པ་དང་། མཉམ་དུ་ཧཱི་ཀ་ཅེས་བརྗོད་པས། ཐིག་ལེ་དེ་ཉིད་དབུ་མའི་ནང་ནས་ཡར་འཕགས་ཏེ་ཚངས་བུག་ལ་ཐུག་ཙམ་རེ་བྱས་ལ་སླར་ཡང་མར་འབེབས་པ་རེས་མོས་བྱེད་པའི་ཚུལ་གྱིས་ཞག་བདུན་ནམ་གསུམ་ལ་སོགས་པར་སྦྱངས་པས་འབྱོངས་པའི་རྟགས་འབྱུང་ཞིང་། མཐར་བླ་མ་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་ཀར་སེམས་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །འདི་ལྟར་བྱས་ན་བླ་མ་བསྟེན་པའི་ཕན་ཡོན་ཀྱང་འཐོབ་པར་འགྱུར་རོ། །གཉིས་པ་རང་འཆི་བའི་དུས་ལ་བབས་པར་ཤེས་ན། ལོངས་སྤྱོད་སོགས་ལ་ཆགས་ཞེན་མེད་པར་བྱས་ལ། བླ་མ་སྔར་བཞིན་སྤྱི་བོར་བསྒོམས་ཏེ་ཡན་ལག་བདུན་པ་གསོལ་འདེབས་རྣམས་ཀྱང་སྔར་ལྟར་བྱ། མཐར་ཧཱི་ཀ་ཕཊ་ཅེས་བརྗོད་པས། རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་དབུ་མའི་ནང་ནས་ཡར་འཕགས་ཏེ་ཚངས་བུག་ནས་རྒྱངས་ཀྱིས་འཐོན། བླ་མའི་ཐུགས་ཀར་ཐིམ། བླ་མ་མཁའ་སྤྱོད་དམ་བདེ་བ་ཅན་མངོན་དགའ་སོགས་གང་མོས་གུས་གཤེགས། རྣམ་ཤེས་ཐུགས་ཀ་ནས་ཕྱིར་ཐོན་ནས་དེར་སྐྱེས་པར་བསམས་ལ་སྨོན་ལམ་གདབ་པ་ལན་རེ་ཁོ་ནས་མི་ཆོག་གི་སྐབས་དང་སྦྱར་ནས་བྱའོ། །འདི་གཞན་ལ་འདེབས་པར་སྦྱར་ཡང་རུང་བར་སེམས་སོ། །གཉིས་པ་འོད་དཔག་མེད་ཀྱི་འཕོ་བ་ལ་གསུམ། རང་གིས་སྦྱོང་བ་དང་། རང་ལ་འདེབས་པ་དང་། གཞན་ལ་འདེབས་པའོ། །དང་པོ་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་པད་ཟླའི་གདན་ལ་རྒྱལ་བ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེས་སྤྲས་ཤིང་སྐུ་ལ་ཆོས་གོས་རྣམས་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བདེ་བ་ཅན་ནས་རྒྱལ་བ་འོད་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ལུས་ཀྱི་ནང་དྲང་པོར་རྩ་དབུ་མ་མདའ་སྨྱུག་ཙམ་ཞིག་མར་སྣ་ལྟེ་འོག་དང་ཡར་སྣ་ཚངས་བུག་ཁང་ཐལ་གྱིས་ཟུག་པའི་སྙིང་ཁའི་ཐད་ཀྱི་དབུ་མར་རང་གི་རྣམ་པར་ཤེས་པ་ཐིག་ལེ་དཀར་པོ་རྒྱ་སྲན་ཙམ་འཕར་ཞིང་འཕུར་ལ་ཁད་པ་ཞིག་ཏུ་གྱུར་པར་བསམས་ལ། དེ་ནས་སྤྱི་བོའི་འོད་དཔག་མེད་ལ་དམིགས་ཏེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་ལན་མང་དུ་བརྗོད་ནས། སྡིག་ལྟུང་ཐམས་ཅད་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། །དགེ་བ་ཀུན་ཀྱང་སངས་རྒྱས་ཐོབ་པའི་རྒྱུད་བསྔོའོ། །ཞེས་པའམ། རྒྱས་པར་ན་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་སོགས་བྱ། དེ་ནས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས་སོ། །ཅི་ནུས་བརྗོད་པའི་མཐར་དེ་དང་། ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་སྦྱར་བ་གཉིས་སྤེལ་ནས་ཉེར་གཅིག་རེ་བརྗོད་པའི་རྗེས་སུ། ཞེས་གསོལ་བ་བཏབ་པས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་ནར་གྱིས་བྱུང་སྟེ་རང་གི་རྣམ་ཤེས་ཐིག་ལེར་གསལ་བ་ལ་ཟུག་པར་གྱུར་པར་བསམས་ལ། གྱེན་དུ་འདྲེན་པའི་དམིགས་པས། འོག་རླུང་གྱེན་དུ་འཐེན་པ་དང་མཉམ་དུ་ཧི་ཀ་ཅས་བརྗོད་པས། ཐིག་ལེ་དེ་ཉིད་དབུ་མའི་ལམ་ནས་ཡང་འཕངས་ཏེ་ཚངས་བུག་ལ་རག་ཙམ་རེ་བྱས་ནས་སླར་ཕབ། དེ་ལྟར་རེས་མོས་བྱེད་པའི་ཚུལ་གྱིས་ཞག་བདུན་ནམ་གསུམ་ལ་སོགས་པར་སྦྱངས་པས་འབྱོངས་བའི་རྟགས་སྤྱི་བོ་ཟ་བའམ་འབུར་བ་རེངས་པ་སོགས་འབྱུང་ཞིང་། མཐར་འོད་དཔག་མེད་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་ཀར་ཚེ་དཔག་མེད་ཀྱི་རྣམ་པར་ཞུགས་པར་བསམས་ལ། །ཨ་མཱ་ར་ཎི་འདོན་ནོ། །གཉིས་པ་རང་ཉིད་འཆི་བའི་ཚེ། རང་གི་སྤྱི་བོར་འོད་དཔག་མེད་སྔར་བཞིན་བསྒོམས་ནས་ཡན་ལག་བདུན་པ་གསོལ་འདེབས་ཉེར་གཅིག་བརྗོད་པའི་བར་བྱས་ཏེ། ཟབ་ལམ་འཕོ་བ་འབྱོངས་པར༴ འཕོ་བས་མཁའ་སྤྱོད་བགྲོད་པར༴ གནར་གཅོད་གཤིན་རྗེའི་འཇིགས་ལས་སྐྱོབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་ཏུ་གསོལ། ། བདག་ཉིད་འདི་ནས་ཤི་འཕོས་གྱུར་མ་ཐག ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །ཞིང་མཆོག་བདེ་བ་ཅན་དེར་འཁྲིད་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟུང་། །ཞེས་སྦྱར་བ་མང་དུ་བརྗོད་པའི་མཐར། ཞེས་གསོལ་བ་བཏབ་པས་ནས་ཧཱི་ཀ་ཅེས་བརྗོད་པས་ཐིག་ལེ་དེ་ཉིད་དབུ་མའི་ལམ་ནས་གྱེན་དུ་འཕངས་ཏེ་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པས། དེ་ཉིད་བདེ་བ་ཅན་དུ་མདའ་འཕངས་པ་ལྟར་གཤེགས། རྣམ་ཤེས་མགོན་པའི་ཐུགས་ཀ་ནས་ཕྱིར་འཐོན་ཏེ། པདྨོའི་དབུས་སུ་བརྫུས་ཏེ་སྐྱེས་པར་བསམས་ལ། རྒྱལ་བའི་དཀྱིལ་འཁོར་སོགས་བསྔོ་སྨོན་བྱའོ། །ཚུལ་འདི་ཡང་ལན་རེ་ཙམ་གྱིས་ནི་མི་ཆོག་པས་སྐབས་དང་སྦྱར་རོ། །གསུམ་པ་གཞན་ལ་སྦྱོར་ན། ཚེ་འདས་ཀྱི་སྤྱི་བོར་འོད་དཔག་མེད་བསྐྱེད་ཚུལ་སོགས་ཤེས་པར་བྱ་ལ། འཕོ་བ་འབྱོངས་ཞེས་པར་ཐེབས་པར་ཞེས་བསྒྱུར་ཀྱང་རུང་ངོ་། །གསུམ་པ་བྱམས་པ་ལ་བརྟེན་པའི་འཕོ་བ་ཉམས་སུ་ལེན་པ་ལ་གསུམ། རང་གིས་སྦྱོང་བ། རང་ལ་འདེབས་པ། གཞན་ལ་སྦྱར་བའོ། །དང་པོ་ནི། སྐྱབས་འགྲོ་སོགས་བྱས་ནས། རང་གི་ལུས་ཀྱི་དྲང་པོ་རྩ་དབུ་མ། །མདའ་སྙུག་ཙམ་ཞིག་མར་སྣ་ལྟེ་འོག་དང་། །ཡར་སྣ་ཚངས་བུག་ཐལ་གྱིས་ཟུག་པ་ལ། །སྙིང་ཀར་རང་སེམས་ཐིག་ལེ་རྒྱ་སྲན་ཙམ། །དཀར་འཚེར་འབར་ཞིང་འཕུར་ལ་ཁད་དུ་གྱུར། །རང་གི་སྤྱི་བོའི་ཐད་ཀྱི་ནམ་མཁའི་དབྱིངས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་དམ་པ་རུ། །བྱམས་མགོན་གསེར་མདོག་ཉི་འོད་འབུམ་འཕྲོ་བ། །ཕྱག་གཉིས་ཆོས་འཁོར་མཚན་དཔེའི་འོད་སྟོང་འབར། །དགྱེས་པའི་འཛུམ་ལྡན་ཆོས་གོས་རྣམ་གསུམ་གསོལ། །སྐྱོན་བྲལ་ཡོན་ཏན་ཀུན་གྱི་བདག་ཉིད་ཅན། །བཟང་པོའི་འདུག་སྟངས་ཉིད་ཀྱིས་མངོན་སུམ་བཞུགས། །རྒྱལ་བའི་རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེར། །གྲངས་མེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །སྒོ་གསུམ་སྡིག་ལྟུང་ཐམས་ཅད་སོ་སོར་བཤགས། །རང་བཞིན་ཀུན་གྱི་དགེ་ལ་རྗེས་ཡི་རང་། །བསྐལ་བརྒྱར་མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་ལ་ཟབ་རྒྱས་ཆོས་འཁོར་བསྐོར་དུ་གསོལ། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །སྐྱབས་གནས་ཀུན་འདུས་རྗེ་བཙུན་བྱམས་མགོན་ལ། །རྩེ་གཅིག་གདུངས་ཤུགས་དྲག་པོས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །དགའ་ལྡན་གནས་སུ་སྐྱེ་བར་བྱིན་གྱིས་རོབས། །ཞེས་གསོལ་འདེབས་ཅི་ནུས་བྱས་ལ། དེ་ལྟར་གསོལ་བས་བྱམས་མགོན་ཐུགས་ཀ་ནས། །འོད་ཀྱི་སྦུ་གུ་རྒྱངས་ཀྱིས་བྱུང་ནས་ནི། །རང་གི་སྤྱི་བོའི་ཚངས་བུག་མཐར་སྐོར་ཟུག །སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིང་། །འོད་སྦུབས་ནང་བརྒྱུད་རང་གི་ཚངས་བུག་ནས། །དབུ་མའི་ལམ་ཞུགས་རྣམ་ཤེས་ཐིག་ལེའི་སྟེང་། །བཏབ་དྲངས་ཐིག་ལེ་གྱེན་སོང་ཚངས་བུག་ལ། །རེག་ཙམ་བྱས་ཏེ་སླར་ཡང་སྙིང་ཀར་བབ། །ཅེས་བརྗོད་ཅིང་བསམས་ལ། འོག་རླུང་གྱེན་དུ་འཐེན་པ་དང་མཉམ་དུ་ཧཱི་ཀ་ཅེས་བརྗོད་པས་ཐིག་ལེ་ཡང་འཕེན་ཅིང་། སླར་ཡང་མར་འབེབས་པའི་ཚུལ་གྱིས་ཞག་བདུན་ནམ་གསུམ་སོགས་སྦྱངས་པས་རྟགས་འབྱུང་ངོ་། །གཉིས་པ་ནི། རང་འཆི་བའི་ཚེ། སྔར་ལྟར་བྱས་ནས། དགའ་ལྡན་གནས་སུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་མང་དུ་བརྗོད་པའི་མཐར། གནད་གཅོད་བར་དོའི་འཁྲུལ་སྣང་སྡུག་བསྔལ་དང་། །ངན་སོང་གཤིན་རྗེའི་འཇིགས་ལས་སྐྱོབ་ཏུ་གསོལ། །གསོལ་བ་འདེབས་སོ་བྱམས་མགོན་ཐུགས་རྗེ་ཅན། །བདག་ནི་འདི་ནས་ཤི་འཕོས་གྱུར་མ་ཐག །ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །དགའ་ལྡན་གནས་དེར་ངེས་པར་དྲང་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །དེ་ལྟར་གསོལ་བས་བྱམས་མགོན་ཐུགས་ཀ་ནས། །ཞེས་པ་ནས། བཏབ་དྲངས་ཐིག་ལེ་སྐར་མདའ་འཕངས་པ་བཞིན། །སོང་སྟེ་རྗེ་བཙུན་ཐུགས་ཀར་ཐིམ་པར་གྱུར། །ཧཱི་ཀ་ཕཊ་ཅེས་བརྗོད་ཅིང་བསམ་པ་ལན་གཅིག་ཙམ་གྱིས་འགྲུབ་པའི་ངེས་པ་མེད་པས་ཅི་ནུས་བྱས་ཏེ། རྣམ་ཤེས་སླར་འཐོན་ཡིད་དགའ་ཆོས་འཛིན་དུ། །པདྨོའི་ལྟེ་བའི་དབུས་སུ་བརྫུས་སྐྱེས་ནས། །མི་ཕམ་ཆོས་རྗེའི་ཞལ་བཟང་མངོན་མཐོང་ཞིང་། །གསུང་གི་བདུད་རྩི་ངོམས་མེད་འཐུང་བར་ཤོག །འདི་ནས་ཤི་འཕོས་གྱུར་མ་ཐག །ཞེས་སོགས་བསྔོ་སྨོན་བྱའོ། །གསུམ་པ་ནི། རང་ཞེས་པ་ཚེ་འདས་སུ་བསྒྱུར་བ་མ་གཏོགས་བཤད་མ་ཐག་པ་བཞིན་བྱའོ། །དེང་དུས་སྙིགས་མའི་འགྲོ་བ་རྣམས། །དག་པའི་ཞིང་དུ་བགྲོད་པའི་ཐབས། །མ་བསྒོམས་འཚང་རྒྱའི་མན་ངག་མཆོག །འཕོ་བའི་གདམས་ངག་འདི་ཀོ་མཚར། །ཅེས་འཕོ་བའི་ཉམས་ལེན་འཁྱེར་བདེ་བར་བཀོད་པ་རྣམ་པ་གསུམ་པོ་འདི་ནི། དད་སྟོབས་རྣམ་དཔྱོད་དང་ལྡན་པའི་གནས་བརྟན་འཇམ་དབྱངས་སྦྱིན་པས་ལྷུང་བཟེད་ཀྱི་སྟེར་སྦྱིན་དང་བཅས་ཏེ་བསྐུལ་བས་རྐྱེན་བྱས་ཤིང་མཆོག་དམན་གང་ཡང་འཆི་ཀའི་དུས་སུ་ངེས་པར་དགོས་པའི་གདམས་ངག་གི་རྒྱལ་པོ་ལྟ་བུར་མ་ཟད། སྡིག་ཅན་ཡིན་ཡང་ངན་འགྲོའི་སྐྱེ་སྒོ་བཙན་ཐབས་སུ་གཅོད་པའི་གདམས་པར་བཤད་པར་མཐོང་ནས་གཞན་ལ་ཕན་འདོད་ཀྱི་བསམས་པས་དམ་པའི་མན་ངག་ལས་འབྱུང་བའི་དོན་དང་མཐུན་པར་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སྦྱར་བའོ།། །།༈ ན་མོ་ཨ་མི་ཏེ་བྷྱཿ འདིར་བདེ་བ་ཅན་གྱི་ཞིང་དུ་བགྲོད་པའི་ཉམས་ལེན་རྒྱུན་འཁྱེར་དུ་བྱེད་པར་འདོད་ན་འོད་དཔག་མེད་ཀྱི་སྐུ་ཡོད་ན་བཀྲམ་སྟེ། དེའི་ཞིང་གི་སྣོད་བཅུད་ཀྱི་འབྱོར་བའི་ཡོན་ཏན་རྣམས་ཞིང་བཀོད་ཀྱི་མདོ་ལས་འབྱུང་བ་ལྟར་ཤེས་ཤིང་དྲན་པའི་ཚུལ་ཅི་རིགས་སྔོན་དུ་བཏང་ནས། དེར་སྐྱེ་འདོད་ཀྱི་འདུན་པར་ཤུགས་ཅན་དང་ལྡན་པས་སྐྱབས་འགྲོ་སོགས་བྱས་ལ། ཕུལ་བྱུང་མཛད་པས་འགྲོ་ལ་ནས་གཤེགས་ཤིག །ཅེས་པའི་བར་རམ། ཡང་ན་རྨད་བྱུང་ཞིང་གི་མཆོག་གྱུར་བདེ་ལྡན་གྱི། །འདྲེན་པ་འོད་དཔག་མེད་མགོན་འཁོར་དང་བཅས། །ཤུག་དྲག་དད་པའི་ཡིད་ཀྱིས་སྤྱན་འདྲེན་ན། །འདིར་གཤེགས་སྨོན་པ་འགྲུབ་པའི་དབང་པོ་མཛོད། །མདུན་གྱི་ནམ་མཁར་ཁྲི་སྟེང་པད་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་བླ་མ་འོད་དཔག་མེད། །སྐུ་མདོག་དམར་པོ་མཚན་དཔེའི་གཟི་བརྗིད་འབར། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང་། །འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །ཆོས་གོས་གསུམ་གསོལ་འོད་ཀྱི་ཕུང་པོའི་དབུས། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་མཐའ་སྐོར་དུ། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །འཁོར་ཚོགས་རྒྱ་མཚོས་ཡོངས་སུ་བསྐོར་བར་གྱུར། །ཞེས་པས་སྤྱན་དྲངས་ཏེ་གསལ་གདབ། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་བྱ། ཤིན་ཏུ་བསྡུ་ན། རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་ཚོགས་མ་ལུས་པ་འབུལ་ལོ། །སྡིག་ལྟུང་ཐམས་ཅད་འཆགས་སོ། །དགེ་ཚོགས་མཐའ་དག་ལ་རྗེས་སུ་ཡི་རང་ངོ་། །རྒྱལ་བ་ཐམས་ཅད་ལ་ཆོས་འཁོར་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་ཀུན་ཀྱང་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུར་བསྔོའོ། །ཞེས་བྱ། དེ་ནས། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ཞེས་ཅི་ནུས་དང་། མགོན་པོ་འོད་དཔག་མེད་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱི་བཀའ་ལུང་ཡང་དག་པར་ནོད་པར་བགྱིའོ། །དེ་ནས་བདག་གཞན་གྱི་དགེ་བའི་རྩ་བ་ཅི་མཆིས་པའི་མཐུ་དང་། འཕགས་པའི་བཀའ་མི་འགྱུར་ཞིང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདེན་པའི་སྟོབས་ཀྱིས། བདག་འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་དུ་པདྨོ་ལས་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་སྤོབས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་མངོན་དུ་གྱུར་ཏེ། སྟོན་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་། སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་ཐོགས་མེད་དུ་བགྲོད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་གྱུར་ཅིག །ཅེས་པ་ལན་གསུམ་སོགས་བྱ། དེ་ནས་རྒྱས་པར་ན་བཟང་སྤྱོད་དང་། བདེ་བ་ཅན་གྱི་སྨོན་ལམ་ཡོངས་རྫོགས་སམ། བསྡུ་ན། རྒྱལ་བའི་དཀྱིལ་འཁོར་སོགས་དང་ནམ་ཞིག་ཚེ་ཡི་ནས་འདྲེན་གྱུར་ཅིག །གི་བར་དང་། ཇི་སྲིད་ཐུབ་མཆོག་ནས་མྱུར་འགྲུབ་ཤོག །ཅེས་པའི་བར་གཅིག་གམ་གསུམ་སོགས་བརྗོད་ལ། མདུན་གྱི་ནམ་མཁར་འོད་དཔག་མེད་འཁོར་བཅས་མངོན་སུམ་དུ་བཞུགས་པར་མོས་ཏེ། རང་གི་སྙིང་ཀར་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་འོད་ཀྱི་རང་བཞིན་ཅན་རྒྱ་སྲན་ཙམ་ཞིག་གསལ་བཏབ་སྟེ་དེ་རང་གི་དབུགས་ཕྱིར་འགྲོ་བ་ན་སྤྱི་བོ་ནས་འཐོན། འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ། དབུགས་ནང་དུ་རྔུབ་པ་ན་ཐུགས་ཀ་ནས་ཕྱིར་འཐོན་ཏེ་རང་གི་སྤྱི་བོ་ནས་སྙིང་ཁར་ཞུགས་པའི་རིམ་པ་ཅི་ནུས་བགྲང་། དེ་ལྟར་མང་དུ་བྱས་པས་སྤྱི་བོ་ཟ་བ་སོགས་བྱུང་ན་ཐིག་ལེ་རང་གི་སྣ་བུག་གཡས་ནས་བྱུང་། འོད་དཔག་མེད་ཀྱི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀར་ཐིམ། སླར་ཤངས་བུག་གཡས་ནས་འཐོན། རང་གི་སྣ་བུག་གཡོན་དུ་ཞུགས་ནས་སྙིང་ཀར་ཐིམ་པའི་དམིགས་པ་བྱ། ཐུན་མཐར་འོད་དཔག་མེད་འཁོར་བཅས་རང་ལ་ཐིམ་པས། རང་ཉིད་འོད་དཔག་མེད་པར་བསམས་ལ། ༀ་ཨ་མི་ཏཱ་བྷ་ཧྲཱིཿ ཞེས་ཅི་ནུས་བཟླས་ནས། སྨོན་ལམ་གདབ་བོ། །ཡང་ཉལ་སྒོམ་བྱེད་པར་འདོད་ན། གཞོགས་གསལ་ཕབ་ནས་སེང་གེའི་ཉལ་སྟབས་ཀྱིས། སྔར་བཞིན་ཉམས་ལེན་བྱས་ནས། མཇུག་ཏུ་རང་གི་གནས་གསུམ་དུ་ཡི་གེ་གསུམ་བཀོད་ལ། ཞིང་དེར་འཕོ་འདུན་གྱིས་གཉིད་ལོག །སྤྱོད་ལམ་ཐམས་ཅད་དུའང་འོད་དཔག་མེད་ཀྱི་དྲུང་དུ་འགྲོ་འདུག་བྱེད་པར་མོས། དེ་ལྟར་ལན་མང་དུ་བྱས་ན། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ཡང་སངས་རྒྱས་ཀྱི་ཞིང་དག་པ་འགའ་ཞིག་ཏུ་སྐྱེ་དཀའ་ལ། ཞིང་ལ་ལར་སྐྱེས་ཀྱང་ངན་འགྲོར་ལྡོག་སྲིད་པས་དགོས་པ་མི་འགྲུབ། བདེ་བ་ཅན་གྱི་ཞིང་དུ་སྐྱེས་ན་ཕྱིར་ངན་འགྲོར་ལྡོག་མི་སྲིད་ཅིང་། སྐྱེ་བའི་རྒྱུ་ཚོགས་ཀྱང་རང་ཅག་གིས་བསྒྲུབ་མི་དཀའ་བར་དགོངས་ནས། སྟོན་པས་མདོ་རྒྱུད་དུ་མ་ལས་ཞིང་དེའི་བསྔགས་པ་མང་དུ་བཤད་ལ། ཁྱད་པར་དུ་འོད་དཔག་མེད་རང་ཉིད་ཀྱི་ཞལ་ནས། ངས་ནི་སྔོན་གྱི་སྨོན་ལམ་འདི་སྐད་བཏབ། །སེམས་ཅན་གང་གིས་ང་ཡི་མིང་ཐོས་ནས། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷག་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག །ཞེས་གསུངས་སོ། །ཅེས་པ་འདི་ཡང་གནས་བརྟན་འཇམ་དབྱངས་སྦྱིན་པས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། གཞན་ལའང་ཕན་འདོད་ཀྱི་བསམ་པས་སྦྱར་བའོ། །མངྒལཾ།། །།


previousཟབ་ལམ་འཕོ་བའི་མན་ངག་གི་སྐོར།next