Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟུངས་གཞུག་འབུལ་བ་དང་རབ་གནས་བྱ་ཚུལ་མདོར་བསྡུས་འཁྱེར་བདེ།
   
   
   
   
   


 
previousགཟུངས་གཞུག་འབུལ་བ་དང་རབ་གནས་བྱ་ཚུལ་མདོར་བསྡུས་འཁྱེར་བདེ།next

གཟུངས་གཞུག་འབུལ་བ་དང་རབ་གནས་བྱ་ཚུལ་མདོར་བསྡུས་འཁྱེར་བདེ།

གཟུངས་གཞུག་འབུལ་བ་དང་རབ་གནས་བྱ་ཚུལ་མདོར་བསྡུས་འཁྱེར་བདེ་ཞེས་བྱ་བ་བཞུགས།

ན་མོ་བཛྲ་དྷཱ་ར་ཡེ། འདིར་རྟེན་ལ་གཟུངས་གཞུག་འབུལ་བ་དང་། རབ་གནས་བྱེད་ཚུལ་ཚང་ལ་མདོར་བསྡུས་ཞིག་བརྗོད་ན། གཉིས་ལས། དང་པོ་ནི། སྲོག་ཤིང་ཙནྡན་དང་ཤུག་པ་སོགས་བྱུང་ནས་བཅད་པའི་གོང་ནས་ཕྱོགས་མི་ནོར་བའི་མཚན་མ་བཏབ་པ་མཆོད་རྟེན་གྱི་ཆོས་འཁོར་ཡན་ཆད་དམིགས་བསལ་ཟླུམ་པོ་དང་། གཞན་གྲུ་བཞི་པ། རྩ་བ་ནས་རྩེའི་བར་རིམ་གྱིས་ཕྲ་སྦོམ་ཡོད་པའི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་བརྐོ་བའམ་བྲི། དེ་མ་གྲུབ་ན་བྷྲུཾ་འབྲི་སྲོལ་ཡང་འདུག་ཅིང་། རྩ་བར་རྡོ་རྗེ་ཕྱེད་པ་བརྐོ་བ་འམ་བྲི་བ་གང་བ་དེ། རིང་ཐུང་ནི། སྐུ་གཟུགས་ལ་སྐྱིལ་ཀྲུང་ངམ་ལྟེ་བ་ཡན་ཆད་དང་། མཆོད་རྟེན་ལ་གདུང་ཆེན་ཡན་གྱི་ཆད་དུ་བྱ། ཡི་གེ་བྲིས་པའི་མདོག་དང་མི་ཟློས་པའི་དྲི་ཚོན་གྱིས་བྱུག །གནས་ལྔའི་ཐད་དུ་རིམ་པར། ༀ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿ ཞེས་དང་། སྐུའི་དབུ་དབྱིངས་དང་མཆོད་རྟེན་གྱི་བྲེ་ཐད་ཙམ་ལ། ༀ་སརྦ་བིདྱ་སྭཱ་ཧཱ་དང་། མཁྲིན་པའི་ཐད་དུ་དབྱངས་དང་གསལ་བྱེད། ཐུགས་ཀའི་ཐད་དུ། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ་དང་། ལྷ་གང་ཡིན་གྱི་སྔགས་ལ་སྤེལ་ཚིག་སྦྱང་བ། ལྟེ་བའི་ཤར་ངོས་ལ་རྣམ་རྒྱལ། ལྷོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུགས་རིང་ཐུང་གཉིས་ཀའམ་གང་འགྲུབ། བཞི་ཀའི་གཤམ་དུ་རྟེན་འབྲེལ་སྙིང་པོ་དང་། དེ་བོད་སྐད་དུ་བསྒྱུར་བ་དང་གཉིས་ཀའང་གང་རུང་དང་། བཟོད་པ་དཀའ་ཐུབ་སོགས་ཐམས་ཅད་དམ་གང་ཐུབ། གསང་གནས་ཀྱི་ཐད་དུ་ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་ཞེས་པ་རྣམས་བྲི། གཟུངས་ཤོག་རྣམས་དྲས་ཏེ་འཐུད་དགོས་པ་རྣམས་འཐུད་ལ་དྲི་བཟང་པོས་བྱུག་སྟེ་དབུ་ནས་ནང་དུ་དམ་པོར་གྲིལ། དབུ་ཞབས་མི་ནོར་བ་དང་གཟུངས་གང་ཡིན་གྱི་རྟགས་བྱ། བགེགས་བསྐྲད་རབ་གནས་ནི། གཟུངས་བསྒྲིལ་མ་བསྒྲིལ་གྲུབ་ཟིན་པའི་སྐབས་གསུམ་གའམ། མ་གྲུབ་ན་སྔ་ཕྱི་གཉིས་ཀྱི་ཚེ་བྱ་ཞིང་། གནོད་སྦྱིན་འཁོར་ལོ་འབྲི་བསྒྲུབ་སོགས་འདོད་ན་གཞན་ནས་འབྱུང་བ་ལྟར་བྱའོ། །འབུལ་བའི་ཚེ། སྲོག་ཤིང་། གཟུངས། བྱིན་རྟེན། དྲི། སྨན། འབྲུ། རིན་པོ་ཆེ། དར་སོགས་ཡོ་བྱད་གང་དགོས་ནམ་སྟ་གོན་བྱས་ལ། དབང་བསྐུར་རབ་གནས་སྦྱིན་སྲེག་སོགས་གང་ལའང་དཀྱིལ་འཁོར་གྱི་ལྷའི་བསྙེན་པ་སྔོན་དུ་མ་སོང་ན་མི་རུང་བར་བཤད་པས། དེ་སྔོན་དུ་སོང་བའི་འགུལ་བ་པོས། རྟེན་རྣམས་བགེགས་བསྐྲད་རབ་གནས་བྱས་ཏེ། ༀ་མནྟཱ་དྷཱ་ཏུ་གནྡྷཱ་ཝ་སྭཱ་ཧཱ། ཞེས་དང་། བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་འདོན་ཅིང་འབུལ། རྟེན་གཞུག་པའི་རིམ་པ་ལ། བླ་མ་དམ་པའི་རིང་བསྲེལ་ཁྱད་པར་ཅན་དབུ་སྐྲ་དང་ན་ཟའི་ཚལ་བུ་ཅི་རིགས་དང་། ཁྱད་པར་དེ་བཞིན་གཤེགས་པའི་འཕེལ་གདུང་ཡོད་ན་སྐུ་གཟུགས་ཀྱི་དབུའི་གཙུག་དང་། མཆོད་རྟེན་གྱི་ཏོག་དང་གདུགས་ཀྱི་ནང་དུ་གཞུག །ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་མཛོད་སྤུའི་ཐད། བླ་མ་བརྒྱུད་པའི་མཚན་སྔགས་དང་གདུགས་དཀར་གཙུག་ཏོར་འཁོར་བསྒྱུར་གྱི་གཟུངས་རྣམས་ནོར་བུ་རྒྱས་པའི་འོག་དང་མཆོད་རྟེན་གྱི་བྲེལ་ན། དབྱངས་གསལ་སོགས་གསུང་མཚོན་པའི་རིགས་རྣམས་སྐུའི་མགུལ་དང་མཆོད་རྟེན་གྱི་ཞབས། བླ་མེད་ཀྱི་གཟུངས་དང་ཐུགས་རྡོ་རྗེ་མཚོན་པའི་རིགས་རྣམས་སྐུའི་སྟོད་དང་མཆོད་རྟེན་གྱི་བུམ་སྟོད། རྣལ་འབྱོར་རྒྱུད་སྤྱོད་རྒྱུད་བྱ་རྒྱུད་ཀྱི་གཟུངས་རྣམས་གོ་རིམ་བཞིན་དུ་སྐུའི་སྐེད་དང་བུམ་སྐེད། གཟུངས་ཆེན་སྡེ་ལྔ་དང་ཡངས་པའི་གྲོང་ཁྱེར་དུ་འཇུག་པ་དང་མདོ་གཟུངས་རྣམས་སྐུའི་ལྟེ་འོག་དང་མཆོད་རྟེན་གྱི་བུམ་སྨད་དུ་འཇུག་ཅིང་། སྲོག་ཤིང་ཡོད་ན་དེ་ལ་འཆིང་། སྟོད་སྨད་བར་གསུམ་གྱི་གཟུངས་རྣམས་ལན་བཟའ་དང་མཚམས་དང་སེར་པོ་ལེགས་པར་བཏང་། གླེགས་བམ་འཇུག་ཚེ་བདེན་རང་རང་གི་གཟུངས་ཀྱི་ཐ་དད་དང་། མི་བདེན་བླ་མེད་སོགས་གོ་རིམ་མ་ལོག་པར་སྐུའི་སྐྱིལ་ཀྲུང་དང་མཆོད་རྟེན་གྱི་བང་རིམ་ནང་དུ་གཞུག་ཅིང་། ཤོག་གུའི་བར་བར་དུ་དྲི་བཟང་གི་ཕྱེ་མ་གདབ། དབུ་ཤོག་ཡར་ལོག་པའི་ཡི་གེ་དབུ་རྟེན་གྱི་རྒྱབ་ངོས་སུ་འོང་བར་བྱ་ནག་གྲིལ་གོས་དང་གང་འབྱོར་དང་ཕྱི་གྲིལ་དར་སེར་པོ་བྱས་ཏེ་གཞུག །སྐུའི་རིགས་བདེན་རང་གི་གཟུངས་ཀྱི་ཐད་དུ་གཞུག་དགོས་ནའང་བྲིས་ཐང་ཡིན་ན་གློ་ནས་གྲིལ་ཏེ་དབུ་ཞབས་མ་ལོག་པར་འཇུག །དེ་དག་གིས་མ་ཁེངས་པའི་བར་རྣམས་སུ་དྲི་བཟང་སྣ་ཚོགས་ཀྱི་ཕྱེ་མ་འཐུམ་པོར་བྱས་ཏེ་འགེངས། སྐུའི་པད་གདན་གྱི་སྟོད་དང་མཆོད་རྟེན་གྱི་ཁྲིའི་སྟོད་དུ་དབུས་སུ་བཀྲ་ཤིས་གཡས་སུ་ཆོས་སྐྱོང་། གཡོན་དུ་དཔལ་མགོན། རྒྱབ་ཏུ་ནོར་ལྷ་ཕྱོགས་སྐྱོང་རྒྱལ་ཆེན་སོགས་ཀྱི་སྔགས་སམ་ཡང་ན་གོ་རིམ་བཞིན་དུ་བྲིས་པ་གཞུག །དེ་དག་གི་བར་དུ་བྲའོ་སོགས་རྫས་ངན་གྱི་རིགས་མ་ཡིན་པའི་འབྲུ་རིགས་རྣམས་དར་རས་སེར་པོས་བཏུམས་ནས་བཅུག་སྟེ་མཚམས་དར་བཏང་། སེང་ཁྲིའི་ནང་གི་འོག་ཏུ་ཞབས་བཀག་འཁོར་ལོ། །དེའི་སྟེང་དུ་བུམ་གཏེར། དེའི་སྟེང་དུ་ཚོགས་བདག་དང་གནོད་སྦྱིན་འཁོར་ལོ་རྣམས་ཡོད་ན་དབུ་རྟེན་གྱི་རྒྱབ་ངོས་སུ་འོང་བར་བྱས་ཏེ་རིམ་པར་འཇོག་ཅིང་། བུམ་གཏེར་འཁོར་ལོའི་སྟེང་དུ་འཇོག་པའི་ལུགས་ཀྱང་ཡོད་པས་གང་བདེ། དམིགས་པས་ལ་ཚེ་ལྡན་ནམ་ཚེ་འདས་གང་གི་དོན་དུ་ཡིན་ན། དེ་དང་དེའི་ཁྱད་ཀྱིས་གཟུངས་དང་སྤེལ་ཚིག་སྦྱོར་ཚུལ་ཤེས་པར་བྱ་དེ་ཡང་སྡིག་སྦྱོང་གཙོ་བོ་ཡིན་ན། ཀུན་རིག་དང་མི་འཁྲུགས་པའི་གཟུངས་སོགས་གང་མང་འཇུག་དགོས་པའི་རིག་འགྲོས་སྦྱོར། དེ་དག་ནི་རྒྱལ་དབང་ལྔ་པའི་གསུང་དང་ལྕང་སྐྱ་ཞབས་ཀྱི་བཞེད་པ་བཞིན་བསྡུས་ནས་བཀོད་པ་ཡིན་ལ། དེ་ཡང་སྐུ་འདྲ་ཆེ་བའི་དབང་དུ་བྱས་པའོ། །སྐུ་ཆུང་བའི་རིགས་ཡིན་ན། བླ་གཟུངས་སོགས་ཐམས་ཅད་དམ། གང་མོས་ལོགས་སུ་བཀར་ཏེ་འཇུག་ལ། སྟེང་འོག་ཏུ་མ་ཆུད་ཚེ་དབུས་དང་གཡས་གཡོན་སོགས་ཀྱིས་བསྐོར་བ་བྱས་ཀྱང་རུང་། གཞན་འཇུག་མ་བདེ་ནའང་རྣལ་རྒྱལ་གཙུག་ཏོར་དྲི་མེད་གསང་བ་རིང་བསྲེལ་བྱང་ཆུབ་རྒྱན་འབུམ་རྟེན་འབྲེལ་སྙིང་པོ་སྟེ་གཟུངས་ཆེན་སྡེ་ལྔར་གྲགས་པ་ནི། རྒྱུད་ནས་རྟེན་གྱི་ནང་དུ་འཇུག་པར་གསུངས་པའི་གཟུངས་ཁྱད་པར་ཅན་ཡིན་པས། ཐམས་ཅད་དམ་གང་རིགས་འཇུག་པ་གནད་ཆེ། གཞུང་ནས་རིང་བསྲེལ་དང་ན་བཟའ་དབུ་སྐྲ་རྣམས་རྟེན་གྱི་གཙུག་གི་ནང་དུ་འཇོག་པ་བཤད་ཀྱང་། དེར་མ་ངེས་ཏེ། རྟེན་ཆུང་བའི་གཙུག་ཏུ་འཇོག་མ་བདེ་ན། དེའི་ཐུགས་ཀ་མན་ཆད་དུ་གཞུག་རུང་ཞིང་ཕྱག་ལེན་ཀྱང་ཡོད་པས་སོ། །དེ་ནས་བླ་མ་ཡི་དམ་སངས་རྒྱས་ཀྱི་སྐུའི་རིགས་རྣམས་ཀྱང་གོ་རིམ་སྤྱིར་གོང་དུ་བརྗོད་པ་ལྟར་ཡིན་ནའང་། མ་བདེ་བའི་ཚེ་སྐབས་བསྟུན་གྱི་བཞག་ཏུ་རུང་སྟེ། དངོས་པོའི་གནས་ཚོད་ལ་ནི། དེ་རྣམས་ལ་ཆེ་ཆུང་གི་ཁྱད་པར་མཐའ་གཅིག་ཏུ་དབྱེ་དཀའ་བའི་ཕྱིར་རོ། །གཉིས་པ་རབ་གནས་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། བདག་བསྐྱེད་རྒྱས་པའམ། ཡང་ན་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས་བཞེངས་པར་གྱུར། ནང་མཆོད་ཡོད་ན་བྱིན་བརླབ་བྱ་ཞིང་། བུམ་པ་རྫས་མགུལ་འཆིང་དང་ལྡན་པ་བསངས་སྦྱངས་སྟོང་པའི་ངང་ལས་པཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་རྫས་རྣམས་རྟེན་གྱི་དྲི་མ་ཐམས་ཅད་སྦྱོང་བའི་ནུས་པ་ཅན་དུ་བྱུང་། ཧྲཱིཿཥྚིཿདང་གཟུངས་ཅི་རིགས་བཟླས་ནས་བྱིན་གྱིས་བརླབས། དེ་ནས་རྟེན་གསུམ་ཀ་ཡོད་ན། སྐུ་རྟེན་རྣམས་ཧྲཱིཿཥྚིཿས་བསངས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་འཁྱུད་པ། གཟུངས་དང་གསུང་རབ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་ཧྲཱིཿམཚན་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་ལ་འཁྱུད་པ། མཆོད་རྟེན་ནས་སཱཙྪ་གཙུག་ལག་ཁང་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པས་ཡུམ་སྤྱན་མ་ལ་འཁྱུད་པ། གསུམ་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྟེན་གསུམ་ཀ་མེད་ཚེ་གང་རུང་ཞིག་བསྐྱེད་ན་ནི་གསུམ་ཀའང་ཞེས་ལ་འདོར་རོ། །ལུངས་ཀར་ལ་དྲག་སྔགས་བཏབ་པ་སྟ་གོན་བྱས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་གཤིན་རྗེ་གཤེད་དཔག་ཏུ་མེད་པ་འཕྲོས། རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་བསྐྲད་པར་གྱུར། ༀ་སུམ་བྷ་ནི་བརྗོད་ཅིང་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་པ་སོགས་བྱ། རྒྱས་པར་ན་ཁྲོ་བོ་སྤྱན་འདྲེན་ཅིང་། བགེགས་ལ་གཏོར་མ་སྦྱིན་པ་དང་། བདེན་བརྗོད་ཀྱང་བྱའོ། །དེ་ནས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཀྱིས་རྟེན་ལ་ཁྲུས་གསོལ་རྒྱས་བསྡུས་སྐབས་དང་བསྟུན་ནས། ལྷ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། ནས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཚིགས་སུ་བཅད་པ་གཅིག་གིས་སྤྱན་དྲངས་ནས། ༀ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ༀ་པཉྩ་ཀུ་ལས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་སརྦ་ཏ་ཐཱ་ནས་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར་བས། ལུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། སྤྱན་དབྱེ་མཚམས་འདིར་བྱས་ཀྱང་རུང་ཡང་། འོག་ཏུ་བྱེད་ན། མཆོད་པ་ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོ་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས་སྤཪྴ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས་ལ། ཚིགས་བཅད་སྔགས་དང་བཅས་པའམ། བསྡུ་ན་སྔར་ལྟར་སྔགས་ཙམ་གྱིས་འདོད་ཡོན་ལྔ་དང་བཅས་པས་མཆོད། མི་བསྐྱོད་རྡོ་རྗེ་སོགས་དང་། རྡོ་རྗེ་དཔག་མེད་སོགས་དང་། རྣམ་པར་སྣང་མཛད་སོགས་གསུམ་ཀའམ། གང་བབས་དང་ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད་ལ། འདོད་ན་ནང་མཆོད་ཀྱང་འབུལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱེད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསམ། །ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོདྷ་ནེ་སྭཱ་ཧཱ། ལན་གསུམ། ཡེ་ཤེས་ཀྱི་མིག་རྣམ་པར་དག་པ་དང་ལྡན་པས་སེམས་ཅན་གྱི་དོན་ལ་གཟིགས་པ་ལྷུར་མཛད་པར་གྱུར། ཅེས་བརྗོད། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿདང་ལྷ་གང་ཡིན་པའི་སྔགས་སམ། ༀ་ཧཱུཾཿཞིས་བརྗོད་ཅིང་། རྟེན་ལ་དངོས་སུ་རེག་པའམ་རེག་པར་མོས་ཏེ། རྡོ་རྗེ་འཆང་ཡབ་ཡུམ་ཞུ་བ་ལས་སྐུ་བརྙན་གྱི་རྣམ་པར་གྱུར། འོད་དཔག་མེད་ཡབ་ཡུམ་ཞུ་བ་ལས་གསུང་རབ་དང་གཟུངས་སྔགས་ཀྱི་རྣམ་པར་གྱུར། རྣམ་སྣང་ཡབ་ཡུམ་ཞུ་བ་ལས་མཆོད་རྟེན་ནམ་གཙུག་ལག་ཁང་གི་རྣམ་པར་གྱུར། ཞེས་པ་གསུམ་ཀའམ་གང་རུང་སྐབས་དང་བསྟུན། དེ་ནས་ཡེ་དྷརྨཱ་ལན་བདུན་ནམ་གསུམ་བརྗོད་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་རྟེན་འདི་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་ཇི་སྲིད་འབྱུང་བ་མེ་ཆུ་རླུང་གསུམ་གྱི་གནོད་པས་མ་ཞིག་གི་བར་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ། ཤིས་བརྗོད་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱའོ། །སྨྲས་པ། སྔོན་བྱོན་ཚད་ལྡན་མཁས་གྲུབ་ཀྱི། །མན་ངག་ལག་ལེན་མདོར་བསྡུས་ཏེ། །འཁྱེར་བདེར་བཀོད་པའི་རྣམ་དཀར་དགེས། །ཐུབ་བསྟན་ཡུན་རིང་གནས་གྱུར་ཅིག །ཅེས་པ་འདིའང་དམ་པ་སྔ་མའི་མན་ངག་ལས་འབྱུང་བའི་དོན་བཞིན་གཞན་ལ་ཕན་སྲིད་སྙམ་པའི་འདུན་པས་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒལཾ་བྷ་ཝནྟུ། བཀྲ་ཤིས།། །།


previousགཟུངས་གཞུག་འབུལ་བ་དང་རབ་གནས་བྱ་ཚུལ་མདོར་བསྡུས་འཁྱེར་བདེ།next