Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་འབྱུང་གནས།
   
   
   
   


 
previousདགེ་སློང་མ་དཔལ་མོའི་ལུགས་ཀྱི་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་འབྱུང་གནས།next

དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་འབྱུང་གནས།

དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་འབྱུང་གནས་བཞུགས།

རབ་འབྱམས་རྒྱལ་བའི་ཐུགས་རྗེའི་ཆུ་ཤེལ་ཀུན། །གཅིག་བསྡུས་སྡུག་བསྔལ་ཚ་གདུང་སེལ་བའི་ཟླ། །འཇིག་རྟེན་གསུམ་མགོན་ཕྱག་ན་པདྨོའི་ཞབས། །བྱང་ཆུབ་བར་དུ་མི་འབྲལ་གཙུག་གིས་བསྟེན། །གང་དེས་རྗེས་བཟུང་གྲུབ་དབང་དཔལ་མོ་ཡི། །བཞེད་སྲོལ་གཅིག་ལྷག་ཕྱོགས་ཀྱི་ཞལ་མངའ་བ། །སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་གའི་ཚུལ། །དམ་པའི་གསུང་བཞིན་ཕན་འདོད་སེམས་ཀྱིས་བྲི། །འདི་དགེ་སློང་མ་དཔལ་མོའི་ལུགས་བཞིན་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་ཉམས་སུ་ལེན་ཚུལ་བཤད་པར་བྱ་སྟེ། སྒྲུབ་ཐབས་འདི་ལ་རྒྱས་འབྲིང་བསྡུས་པ་གསུམ་གྱི་ཚུལ་སྣང་ཡང་། འཇུག་པ་བདེ་བའི་ཕྱིར་འབྲིང་པོའི་དབང་དུ་བྱས་ནས་བརྗོད་པར་བྱའོ། །དེ་ཡང་ཐོག་མར་བཅུ་གཅིག་ཞལ་གྱི་དབང་རྗེས་གནང་གང་རིགས་སོགས་ནོས་པར་བྱས་ནས་རབ་ས་ག་ཟླ་བའམ། དེ་མིན་ཆོ་འཕྲུལ་ཟླ་བ་སོགས་དུས་གཞན་དུའང་རུང་ལ། དང་པོར་གནས་ཁང་བྱིི་དོར་བྱས་ཏེ། དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པ་ལྟེ་བ་དམར། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་། མཚམས་རྣམས་མཛེས་ཚོན་དུ་བྱ། དབུས་དང་ཕྱོགས་བཞིར་རང་རང་གི་བྲིས་འབུར་གྱི་སྐུའམ། ཚོམ་བུ་འགོད། འདིར་རྗེ་དགེ་འདུན་རྒྱ་མཚོའི་གསུང་ལས། ནུབ་དམར་ཞེས་འབྱུང་ཡང་བརྟག་པར་བྱ་སྟེ། རྒྱུ་མཚན་ནི་འོད་དཔག་མེད་ཀྱི་རིགས་ཅན་སྤྱན་རས་གཟིགས་གདན་བཅས་དབུས་སུ་སོང་བའི་དོད་ལ། རྣམ་སྣང་གདན་བཅས་ནུབ་ཏུ་བཞག་པའི་ཕྱིར། དབུས་དམར་ཞིང་ནུབ་དཀར་བ་དོན་གྱིས་ཐོབ་པས། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བའི་ཆོ་གར་ནུབ་དཀར་ཞེས་བཤད་པ་འདི་འོང་ངམ་སྙམ་མོ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་སོགས་མཆོད་པ་རྣམས་ཀྱིས་མཐའ་བསྐོར། བུམ་པ་མགུལ་ཆིངས་དང་བཅས་པ་ཆུ་གཙང་མས་ཕྱེད་ལྷག་ཙམ་དུ་བཀང་སྟེ། དྲི་ལྔ། སྨན་ལྔ། རིན་པོ་ཆེ་ལྔ་རྫོགས་པར་དང་གང་འབྱོར་གཞུག །ཤིང་འོ་མ་ཅན་སོགས་ཀྱིས་ཁ་བརྒྱན་ལ། མཎྜལ་གི་མདུན་ངོས་སུ་བཀོད། དཀར་གཏོར་གསུམ་བཤམ་མོ། །ཆོ་གའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གི་ཆོ་གའོ། །དང་པོ་ལ། སྔ་དྲོ་ལངས་མ་ཐག་ཐལ་མོ་པདྨ་ཁ་ཕྱེ་བའི་ཚུལ་དུ་བཀན་ལ་སྙིང་གར་བཞག་སྟེ། ༀ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྔགས་བརྗོད་ཡན་ལག་དང་ཁ་དག་པར་ཁྲུས་བྱའོ། །གསོ་སྦྱོང་ནི། དང་༼འདིར་ཤོག་ལྡེབ་གཉིས་པ་དེ་ཆད་འདུག༽སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་བཞུགས་པར་གྱུར་བར་བསམ། ཕྱག་འཚལ་བ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། སྐུ་འགྱུར་བ་མེད་པ་བླ་མའི་སྐུ། །ཞེས་སོགས་དང་། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་། །ཞེས་སོགས་དང་། ཊཱཀའི་གཙོ་མོ་དཔལ་ལྡན་དཔལ་མོའི་ཞབས། །མངའ་རིག་པཎ་ཆེན་ཟླ་བ་གཞོན་ནུ་དང་། །ཡེ་ཤེས་བཟང་པོ་ཟླ་བ་རྒྱལ་མཚན་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་སོགས་དང་། ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཞེས་སོགས་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་དང་། དག་པས་འདོད་ཆགས་བྲལ་སོགས་དང་། གྲོལ་ནས་གྲོལ་བའི་སོགས་དང་། འཕགས་པ་སེང་གེའི་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་ཐུགས་རྗེ་མི་ཤོལ་དང་། །དོན་ཡོད་ཞགས་དང་ཧ་ལ་ཧ་ལ་སྟེ། །སྤྱན་རས་གཟིགས་དབང་རྣམས་ལ༴ པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ལ་ཞོན་མགྲིན་སྔོན་ཏེ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམས་ལ༴ རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོགས་དང་། སྤྲོས་པ་ལ་དགའ་ན་ཕྱག་འཚལ་གཞན་ཇི་ལྟར་འོས་པ་སྦྱོར། དེ་ནས། རང་གི་སྙིང་གའི་ཧྲཱིཿལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏཱ་ཨཱཪྱ་ཨ་བ་ལོ་ཀེ་ཤྭ་ར་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་དེ་བཞིན་དུ་ཤཔྟའི་བར་རམ་སྤར་ཤའི་བར་གྱིས་མཆོད། ཅུང་ཟད་སྤྲོ་ན། ཇི་སྙེད་སུ་དག་ཞེས་སོགས་ཡན་ལག་བདུན་པ་དང་། མཎྜལ་རྒྱས་བསྡུས་ཅི་རིགས་དབུལ། མཆོད་པའི་སྤྲིན་གྱི་གཟུངས་འདོན། གཞན་ཡང་། བྱང་ཆུབ་ལྷུང་བཤགས། བླ་མ་རྡོར་འཛིན་མ། གསེར་འོད་ནས་འབྱུང་བའི་བཤགས་པ། སྤྱོད་འཇུག་གི་མཆོད་ལེ། བཤགས་ལེ། བསྔོ་ལེ་སོགས་འདོད་ན་སྐབས་སྦྱར་གྱིས་བྱས་ཆོག་ལ། མི་སྤྲོ་ན། སྔར་གྱི་མཎྜལ་ལན་ཙམ་དང་། མཆོད་པ་ཙམ་གྱིས་ཀྱང་འགྲུབ་པ་གཞུང་གཞན་དང་འབྱུང་བའི་ཚོགས་ཞིང་གི་སྐབས་ཀྱི་རིགས་པས་ཤེས་པས་ཆད་ལྷག་གི་སྐྱོན་དུ་མི་འགྱུར་ཤིང་། མི་འོས་བཞིན་དུ་མགོ་ཉོག་པར་འགྱུར་བའི་སྒོར་མི་བྱའོ། །འདིར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཆོ་གར་ཚུལ་ཁྲིམས་རྣམ་དག་གི་གསུངས་ཉེར་གཅིག་འདོན་པར་བཤད་པ་བཞིན་བྱས་ན་རང་ཕུན་སུམ་ཚོགས་པར་འགྱུར་མོད། ཆོ་ག་ཕལ་ཆེར་ལས་དེ་མ་འབྱུང་བས་མ་བརྗོད་ཀྱང་མི་འགལ་ལོ། །གཉིས་པ་དངོས་གཞིའི་ཚིག་ལ་གཉིས། བདག་བསྐྱེད་དང་། མདུན་བསྐྱེད་དོ། །དང་པོ་ནི། མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་བརླབ། བདག་བསྐྱེད་ལ་གཞུང་དུ་མ་ལས་ཆོ་ག་གསུམ་བསྐྱེད་བཤད་པས་འདིར་རུང་མོད། ཅུང་ཟད་རྒྱས་པར་འདོད་ན། སློབ་དཔོན་སངས་རྒྱས་གསང་བས། སྟོང་པ་ཡི་གེ་སྐྲ་གཟུགས་དང་། །ཕྱག་རྒྱ་མཚན་པ་དྲུག་ཡིན་ཏེ། །ཞེས་གསུངས་པ་ལྟར། ལྷ་དྲུག་བསྐྱོད་བྱ་སྟེ། དེ་ནི་འདི་ལྟར། ༀ་སྭ་བྷཱ་ཝ་ཤུད་དྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུད་དྷོ྅ཧཾ། བདག་དང་བསྒོམ་བྱའི་ལྷ་དང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རོ་གཅིག་པའི་བདག་ཉིད་དུ་གྱུར་པ་བསམ་པ་ནི་དོན་དམ་པའི་ལྷའོ། །སྟོང་པའི་ངང་ལས་ༀ་མ་ཎི་པདྨེ་ཧཱུཾ། ཞེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པར་གྱུར་བ་ནི་སྒྲའི་ལྷའོ། །བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རྣམ་པ་ཅན་གྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པ་དེ་ཉིད་ཤིན་ཏུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པར་གྱུར་པའི་ཡི་གེའི་ལྷའོ། །དེ་ཡོངས་སུ་གྱུར་པ་ལས་གསེར་བཙོ་མ་ལྟར་འབར་བའི་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བ་ལ་ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་པས་མཚན་པར་གྱུར། ཟླ་བ་པདྨ་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་འཕྲོས་པའི་རྩེ་མོ་ལས་འཕགས་པའི་སྐུ་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཆོད་པའི་སྤྲིན་ཆེན་པོས་མཆོད། གཞན་ཡང་སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབ་པས་རིགས་དྲུག་གི་སྡུག་བསྔལ་མ་ལུས་པ་ཞི་བར་བྱས། འཕགས་པའི་གོ་འཕང་ལ་བཀོད། ཚུར་འདུས་ཟླ་བ་པདྨ་སྔགས་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ལང་ཚོ་དར་ལ་བབ་ཅིང་ཞབས་གཉིས་མཉམ་པར་བཞེངས་པ། མཚན་དཔེས་སྤྲས་པའི་སྐུ་ལས་འོད་ཟེར་གྱི་ཚོགས་འཕྲོ་བ། ཞལ་བཅུ་གཅིག་དང་ལྡན་པའི་རྩ་ཞལ་དཀར། གཡས་ལྗང་། གཡོན་དམར། དེའི་སྟེང་མ་དབུས་ལྗང་། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་། དེ་རྣམས་འཛུམ་ཞིང་ཞི་བའི་ཉམས་ཅན། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ་སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པའི་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་རྒྱན་སྤངས་ཤིང་མགུལ་བ་དང་བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང་། གསུམ་པ་ན་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་བབ་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པ་ན་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པ་ན་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པ་ས་རིལ་པ་སྤྱི་བླུག །བཞི་པ་ན་གདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་ཅིང་རས་བཟང་པའི་ཤམ་ཐབས་དང་། ནོར་བུས་སྤྲས་པའི་གསེར་གྱི་སྐེ་རགས་དང་ལྡན་ཞིང་། རལ་པ་དམར་སེར་གྱིས་མཛེས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། འོད་ཟེར་གྱི་ཕྲེང་བས་བསྐོར་བ་ནི་གཟུགས་ཀྱི་ལྟའོ། །དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ནས་པདྨའི་ཕྱག་རྒྱ་བྱས་ཏེ། ༀ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་སྙིང་ཀ་སྨིན་མཚམས་མཛིན་པ་དཔུང་པ་མགོ་རྣམས་ལ་རེག་ཅིང་བྱིན་གྱིས་བརླབ་པ་ནི་ཕྱག་རྒྱའི་ལྷའོ། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ༀ་ཨཱཪྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཕྱག་སྟོང་འཁོར་ལོ་སོགས་ཀྱིས་བསྟོད་ལ། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་སྤྱི་བོར་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་རྣམ་སྣང་། རྣ་ལྟག་གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། འདིར་སླར་ཡང་མཆེད་བསྟོད་བྱེད་དམ་མིན་ཀྱང་རུང་ཞིང་། དེ་ནས་རང་གི་ཐུགས་ཀའི་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་དཀར་པོ་བསམས་ཤིང་རྩེ་གཅིག་ཏུ་སྒོམ་པ་ནི་མཚན་མའི་ལྷའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿཡིག་ལ་ཐིམ་པར་གྱུར་བར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱཪྱ་ཛྙཱ་ནས་ག་ར་བཻ་རོ་ཙ་ན་བྱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་བྷྱ། སམྱཀྶཾ་བུད་དྷ་བྷྱ། ན་མཿ ཨཱཪྱ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ཡ། བོདྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚི་ཝིཊྚི། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལེ། ཙི་ཏི་ཛྭེ་ལ་མ་པཱ་ན་ཡེ་སྭཱ་ཧཱ། ཞེས་པ་ཚར་གཅིག་དང་། ཏདྱ་ཐཱ། མན་ཆད་བརྒྱ་དང་བདུན་ཏེ་བརྒྱ་རྩ་བརྒྱད་དམ་ཅི་ནུས་བཟླ་བ་དང་། ཡང་ན་ཡིག་དྲུག་བཟླ། མཇུག་ཏུ་ཡིག་བརྒྱ་དང་། མཆོད་བསྟོད་མདོར་བསྡུས་བྱ། མི་སྤྲོ་ན་མ་བྱས་ཀྱང་རུང་ངོ་། །གཉིས་པ་མདུན་བསྐྱེད་ནི། རས་བྲིས་སམ། རྡུལ་ཚོན་གྱི་དཀྱིལ་འཁོར་སྔར་བཤད་པ་ལྟར་བཤམས་པ་ལ་དམིགས་ཏེ། ༀ་པདྨཱནྟ་ཀྲིད་ཀྱིས་བསམས། སྭབྷཱ་ཝས་སྟོང་པར་སྦྱངས། རང་གི་ཐུགས་ཀའི་ཧྲཱིཿལས་བྷྲུཾ་དཀར་པོ་འོད་ཟེར༔འཕྲོ་བ་ཞིག་མདུན་དུ་ཆད། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་བཅས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུས་སུ་རིན་པོ་ཆེའི་ཁྲི་ལ་པདྨ་དང་ཟླ་བའི་གདན། དེའི་སྟེང་དུ་ཧྲཱིཿཡིག་དཀར་པོ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟར་འབར་བའི་ལྟེ་བ་ལ་ཧྲཱིཿཡིག་གིས་མཚན་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞེས་པ་ནས་འོད་ཟེར་གྱི་ཕྲེང་བས་བསྐོར་བ། ཞེས་པའི་བར་སྔར་ལྟར་དང་། ཤར་གྱི་འདབ་མ་ལ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག །ལྷོར་ཏྲཾ་ལས་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །ནུབ་ཏུ་ༀ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་གྲུབ་ལྗང་ཁུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། བཞི་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ཧྲཱིཿཡིག་དཀར་པོ་ལས་འོད་འཕྲོས། པོ་ཏ་ལ་ནས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་སོགས་ཚིག་བཅད་གཅིག་གི་མཇུག་ཏུ། ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿཛཿ ཛཿ་ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ཞེས་པ་ནས། གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ཞེས་པའི་བར་སྔར་བཞིན་ནས་ཡང་ན། སྤྱི་གཙུག་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་བརྗོད། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། ༀ་ཨཱཪྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ཞེས་སོགས་སྔགས་ཙམ་གྱིས་མཆོད་པའམ། ཅུང་ཟད་རྒྱས་པར་འདོད་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཚིགས་བཅད་སྔགས་དང་སྦྱར་ནས་འབུལ་ཞིང་། སྐྱོན་གྱིས་མ་གོས་སོགས་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་ཞེས་སོགས་ཀྱིས་བསྟོད་པའང་སྐབས་སུ་བབ་བོ། །གཟུངས་རིང་བརྒྱ་འམ། བརྒྱ་རྩ་བརྒྱད་དང་། མི་ནུས་ན་གཟུངས་ཐུང་དང་། ཡིག་དྲུག་ཅི་འགྲུབ་བཟླས་ནས། ཡིག་བརྒྱ་བརྗོད་ཅིང་མཆོད་པ་མདོར་བསྡུས་ཞིག་བྱས་ནའང་ལེགས། དེ་ནས་རང་གི་སྤྱི་བོར་དགེ་སློང་མ་དཔལ་མོ་བཞུགས་ནས་ངོ་ཆེན་མཛད་པར་བསམས་ཏེ། བསྟོད་ཅིང་གསོལ་བ་གདབ་པ་ནི། ༀ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པའི་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་ནི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། ཁ་བ་དུང་ལྟར་རྣམ་དག་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་མངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་པ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པ་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་པོ་བསྟོད་ཉེར་གཅིག་བརྗོད་ཅིང་། དེའི་ཚེ་ལངས་ཏེ་ཕྱག་འཚལ་བའམ། མཇུས་ན་འདུག་བཞིན་པར་བརྗོད་ཀྱང་རུང་ལ། འདི་ཉེར་གཅིག་བརྗོད་པ་མ་ལྕོགས་ན། རྒྱལ་སྲས་ཐོགས་མེད་བཟང་པོས་ཚར་བདུན་བྱ་བར་བཤད་པ་བཞིན་བྱའོ། །བསྟོད་པ་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་མོད། འོན་ཀྱང་རྣམ་པར་ཐམས་ཅད་དུ་མེད་མི་རུང་བའི་ཡན་ལག་ནི་མ་ཡིན་ཏེ། རྒྱལ་བའི་དབང་པོ་བློ་བཟང་རྒྱ་མཚོས་མཛད་པའི། སྨྱུང་གནས་ཀྱི་ཚོགས་མདོར་བསྡུས་པ་ལས་འདིས་བསྟོད་པར་མ་བཤད་པས་སོ། །གསུམ་པ་མཇུག་ཆོག་ལ། གསོལ་འདེབས་ནི། འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཟབ་ཅིང་རྒྱ་ཆེའི་བླ་མེད་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས། །ཐུགས་རྗེའི་ཕྱག་བརྐྱངས་བདག་དང་འགྲོ་བ་རྣམས། །བདེ་བ་ཅན་གྱི་ཞིང་དུ་དྲང་བར་གསོལ། །འོད་དཔག་མེད་དང་མགོན་པོ་ཁྱེད་ཉིད་ཀྱིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་གདབ། གཏོར་མ་འབུལ་བ་ནི། པཎ་ཆེན་ཐམས་ཅད་མཁྱེན་པའི་ཆོ་གར། གཏོར་མ་འབུལ་བར་འདོད་ན། ཞེས་གསུངས་པ་ལྟར་སྤྱིར་ངེས་པར་དགོས་པ་མིན་ཀྱང་། སྐབས་འདིར་ཡོད་ན་ལེགས་པས། ཆབ་བྲན་ཏེ། ༀ་པདྨཱནྟ་ཀྲིད་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བར་བསམ། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ། དང་པོ་ནི། ༀ་དྷ་ར་དྷ་ར་སོགས་ཀྱི་མཐར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་བཏགས་པ་ལན་གསུམ་གྱིས་འབུལ་བ་འམ། ཡང་ན། ༀ་ཨཱཪྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་པྲཏཱིཙྪ་ཡེ་སྭཱ་ཧཱ། ཞེས་གསུམ་གྱིས་འཕགས་པ་འཁོར་བཅས་ལ་འབུལ་ཞིང་། ༀ་ཨཱཪྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་ཀྱིས་བསྟོད་ལ། མཆོད་སྦྱིན་གི་གཏོར་མ་འདི་ནི། འཕགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཉིས་པ་དང་གསུམ་པ་ནི། ཨ་ཀཱ་རོ་ལན་གསུམ་གསུམ་གྱིས་ཆོས་སྐྱོང་དང་གཞི་བདག་ལ་འབུལ་ཞིང་། དང་པོའི་མཇུག་ཏུ། བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་སྦྱིན་གྱི་གཏོར་མ་འདི་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་པ་ཆོས་སྦྱོང་སྲུང་མ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། བདག་གིས་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་དང་། གཉིས་པའི་མཇུག་ཏུ། མཆོད་སྦྱིན་གྱི་གཏོར་མ་འདི་ནི། གཞི་བདག་གཉུག་མར་གནས་པ་རྣམས་ལ་སྦྱིན་ནོ། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཀོ་ལོང་དང་ཕྲག་དོག་མི་བྱེད་པར་ཆོས་མཐུན་གྱི་སྟོང་གྲོགས་བཟང་པོ་མཛད་དུ་གསོལ། ཞེས་བརྗོད། དེ་ནས་ཁྲུས་བྱ་བ་ནི། མེ་ལོང་ལ་ལྷའི་གཟུགས་བརྙན་ཤར་བ་ལ། བུམ་པའི་ཆུས། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུད་ཀྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་མུན་པ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པར་བྱིན་གྱིས་རློབས། །ཅེས་བརྗོད་ལ་ཁྲུས་གསོལ། སྤྲོ་ན། ཇི་ལྟར་བལྟམས་པ་སོགས་ཁྲུས་གསོལ་སྤྱི་ལྟར་བྱ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་ཅི་རིགས་སྐབས་དང་སྦྱར། ཡིག་བརྒྱ་ལན་གསུམ་བཟླས་ལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པ་སེམས་བྱིང་རྒོད་ཀྱི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ་དང་། གཙང་སྦྲ་མ་བྱས་པ་ལ་སོགས་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་གྱི། བདག་ཅག་ལ་སྒྲིབ་པར་མི་འགྱུར་བར་མཛད་དུ་གསོལ། ཞེས་བརྗོད་དེ་བཟོད་པར་གསོལ། དེ་ནས། ༀ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་པས། ཐུགས་རྗེ་ཆེན་པོ་གཉིས་པ་ཞིག་མདུན་གྱི་ནམ་མཁར་བྱོན་ནས་རང་ལ་ཁྲུས་མཛད་པས་སྡིག་སྒྲིབ་དག་པར་གྱུར་པར་བསམས་ལ། བུམ་ཆུ་བཏུང་ངོ་། །དེ་ལྟར་སྦྱོར་དངོས་གཉིས་ལ་ཆོ་ག་ཚར་གསུམ་གདུལ་དགོས་པའི་ཆོ་ག་དང་པོ་གཉིས་སོ་སོ་ལ་ཁྲུས་བྱས་ཏེ་གསོ་སྦྱོང་ནས་བཟུང་ཚད་དེ་དང་། ཕྱི་མ་གཉིས་ལ་གསོ་སྦྱོང་ལ་གཏོགས་པའི་དང་པོའི་ཁྲུས་ནས་མཇུག་གི་ཁྲུས་ཀྱི་བར་ཚར་གཉིས་བྱའོ། །འོན་ཀྱང་ཕྱི་མ་གཉིས་ལ་དང་པོའི་ཁྲུས་མ་བྱས་ནའང་མི་འགལ་བར་མངོན་ནོ། །སྦྱོར་བའི་ཉིན་དཀར་གསུམ་ལ་བརྟེན་པའི་ཟས་གཙང་མ་ཟ་ཞིང་། ཤ་ཆང་སྒོག་གཙོང་སོགས་ཀྱི་རིགས་དང་། ལྷག་མ། ཏིལ་ལ་ཐུག་སོགས་སྤོང་བ་བྱ་རྒྱུད་ཀྱི་སྐབས་ནས་བཤད་པའི་དམ་ཚིག་ལ་གནས་དགོས། ཕྱི་དྲོ་བུ་རམ་དང་སྦྲང་སོགས་བསྟེན་དུ་རུང་བར་བཤད། ཁ་ཅིག་སྦྱོར་བའི་ཉིན་སྨྲ་བ་གཞན་བཅད་དགོས་པར་འདོད་ཀྱང་དེ་མི་དགོས་ལ། དངོས་གཞིའི་དུས་སུ་སྨྲ་བ་གཞན་བཅད་ནས་འབྲུ་ཉག་གཅིག་གམ་ཆུ་ཐིགས་གཅིག་གིས་བཟའ་བཏུང་ཡང་མི་བྱའོ། །རྒྱལ་དབང་ལྔ་པའི་གསུང་འབུམ་ལས་དངོས་གཞིའི་དུས་སུ་མཆིལ་མ་ཙམ་ཡང་མི་མིད་ཞེས་འབྱུང་ཡང་། ཆོ་ག་གཞན་དུ་དེ་བཞིན་གསལ་བར་བཤད་པ་མ་མཐོང་ཞིང་། པཎ་ཆེན་གོང་མའི་གསུང་དངོས་སུ་ཐོས་པ་ཁ་ཅིག་དང་། ངག་རྒྱུན་དུའང་མཆིལ་མ་ལུས་ཀྱི་ཆར་གཏོགས་པས་མི་འགལ་བར་གྲགས་པ་ལྟར། ལ་ལའི་ཕྱག་ལེན་དུའང་སྣང་བས་ཁོ་བོ་ནི་འདི་འཐད་པའི་ཕྱོགས་ལྟ་བུར་སེམས་ཀྱང་དཔྱད་པར་བྱའོ། །རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བའི་ཆོ་གའི་ཚིག་ཟིན་ལྟར་ན། དངོས་གཞིའི་དུས་སུ་ཆོ་ག་ཡང་དག་ཏུ་མི་བརྗོད་པར་ཡིད་བཤར་བྱེད་པ་ལྟ་བུ་ཞིག་གསུངས་འདུག་ཀྱང་། ཆོ་ག་གཞན་དུ་སྨྲ་བཅད་བྱ་བ་ཙམ་ལས་ཚུལ་དེ་བཤད་པ་མ་མཐོང་ལ། ཡིད་བཟླས་ཀྱང་མ་བཤད་ཅིང་ཆོ་ག་འདོད་པ་དང་སྔགས་བཟླ་དགོས་པ་འདིའི་ཆོ་ག་ཐམས་ཅད་ནས་འབྱུང་བས་ངག་དུ་མ་བརྗོད་པར་ཡིད་ལ་བཤར་བ་ཙམ་གྱིས་ཏོན་པའི་གོ་ཆོད་པར་བཞག་དཀའ་བའི་ཕྱིར། སྔར་གྱི་དེ་འཐད་དམ་མི་འཐད་དང་དགོངས་པ་གང་ཡིན་བརྟག་པར་བྱའོ། །དེས་ན་སྨྲ་བཅད་བྱ་དགོས་པར་གསུངས་པ་ནི་སྐབས་དེར་ཆོ་ག་ལ་མ་གཏོགས་པའི་གཏམ་གཞན་མི་བརྗོད་པའི་དོན་ཡིན་པར་སེམས་སོ། །སང་སྐྱ་རེངས་ཤར་ནས་ཐོར་ཐུག་གསོལ་བ་ཕྱག་ལེན་ལ་ཡོད་ཅིང་། རྗེས་ཆོག་ལ་གསོ་སྦྱོང་མ་གཏོགས་པའི་ཆོ་ག་ཚར་གཅིག་བྱའོ། །རྟེན་ཡོད་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། བཛྲ་མུཿ ཡེ་ཤེས་པ་དང་མགྲོན་གཞན་རང་བཞིན་གི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ཤིང་། གཙོ་བོའི་རྟེན་ཡོད་ཅིང་གཞན་ལ་མེད་ནའང་དེའི་ཁྱད་པར་ཕྱེད་པར་བྱའོ། །རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཅེས་བརྗོད་དེ་བཀྲ་ཤིས་སོགས་བྱའོ། །ཡང་ཉལ་བའི་ཚེ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་མི་དམིགས་པར་གྱུར་པར་བསམས་ལ་ལྷ་ཐོག་ཏུ་འཇོག་པ་གསུངས་པ་བཞིན་བྱས་ཀྱང་རུང་ངོ་། །ཕན་ཡོན་ནི། སྨྱུང་གནས་ཚུལ་བཞིན་དུ་བསྲུངས་ན། བསྐལ་བ་བཞི་ཁྲིའི་འཁོར་བ་ཡང་ཕྱིར་བསྙིལ་ཞིང་། ངན་འགྲོའི་སྐྱེ་སྒོ་གཅོད་པ་དང་། འཚམས་མེད་དང་། རྩ་བའི་ལྟུང་བ་རྣམས་དང་། མི་དགེ་བ་བཅུ་དང་། དཀོར་སྒྲིབ་ལ་སོགས་པ་མང་པོ་ཞིག་འབྱང་བར་འགྱུར་ཞིང་། སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ་དང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་དང་། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། ཞི་སོགས་ཀྱི་ལས་འགྲུབ་སླ་བ་དང་། བུད་མེད་ཡིན་ནའང་རྟག་ཏུ་སྐྱེས་པའི་ལུས་ཐོབ་པ་དང་། གཟུངས་མང་དུ་བཟླས་པའི་ཆུ་གཞན་ལ་བླུད་ན་དེའི་སྡིག་སྒྲིབ་ཀྱང་འདག་ནུས་པ་དང་། དུད་འགྲོ་འཆི་བའི་ཚེ་གཟུངས་བཟླས་ཏེ་དེའི་ལུས་ལ་སྔགས་བཏབ་ན་ནི་དེ་གནས་དེ་ལས་ཐར་ནས་བདེ་འགྲོར་སྐྱེ་བ་སོགས། མདོར་ན་ཚོགས་གཉིས་རྫོགས་ནས་མྱུར་དུ་འཚང་རྒྱ་བའི་ཕན་ཡོན་ཀྱང་ཡོད་ཅེས་གསུངས་ཤིང་། དེར་མ་ཟད་སྨྱུང་གནས་བྱས་ཟིན་མ་ཐག་པའི་ནང་པར་གང་ཟག་དེ་ལ་གཞན་གྱིས་བཤོས་དྲངས་ནའང་། བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པ་ལ་ཕུལ་བ་དང་མཉམ་པ་སོགས་ཀྱི་ཕན་ཡོན་འབྱུང་བར་ཡང་བཤད་དོ། །འདི་ཚུལ་མཐུན་ལྟ་ཞོག །རྗེས་མཐུན་ཙམ་ཡིན་ཡང་ཚོགས་གསོག་སྒྲིབ་སྦྱོང་གི་ཐབས་སུ་འགྱུར་བས་འགོག་མི་རུང་བ་སེམས་སོ། །ཞར་བྱུང་ལོ་རྒྱུས་ཅུང་ཟད་ཙམ་བརྗོད་ན། འདིའི་ཐོག་མའི་སྒྲུབ་ཐབས་གང་གིས་མཛད་པ་ནི། འཕགས་པས་དངོས་སུ་རྗེས་སུ་བཟུང་བའི་དགེ་སློང་མ་དཔལ་མོ་ཞེས་བྱ་བ་དེ་ཡིན་ལ། དེས་རྒྱུད་གང་ལ་བརྟེན་པ་ལ་ཡང་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དང་། ཕྱག་སྟོང་སྤྱན་སྟོང་གི་རྒྱུད་ལ་བརྟེན་ནས་མཛད་དོ། །དེ་ལྟ་བུའི་དགེ་སློང་མ་དེ་ནི་འཕགས་ཡུལ་དུ་འཁྲུངས་ཤིང་། རིག་པའི་གནས་ལྔ་ལ་མཁས་པ་ཞིག་ཡིན་ནའང་། སྔོན་ལས་ཀྱིས་སྐུ་ལ་མཛེ་ནད་ཀྱིས་བཏབ་པས་ཕྱག་གཡས་པའི་མཁྲིག་མ་ཆད་ཅིང་། རྨ་བྱུང་བའི་སྡུག་བསྔལ་གྱི་ཟུག་རྔུ་ཆེན་པོས་གཟིར་བར་གྱུར་ཏེ། བས་མཐའི་གནས་སུ་སྤྱིལ་པོར་ཤུམ་ཞིང་བཞུགས་པ་ན། རྨི་ལམ་དུ་རང་གི་ཡབ་རྒྱལ་པོ་ཨིནྟྲ་བྷུ་ཏི་ཡིན་ཟེར་བ་ཞིག་གིས། ཤེལ་གྱི་བུམ་པ་བདུད་རྩིས་གང་བ་བཟུང་སྟེ། འདི་ཐུགས་རྗེ་ཆེན་པོའི་ཁྲུས་ཆུ་ཡིན་ཟེར་ནས་སྤྱི་བོ་ནས་ཁྲུས་གསོལ་བས་ལུས་ཅུང་བདེ་འབོལ་གྱིས་སོང་། ཁྱོད་ནད་འདིས་རྐྱེན་བྱས་ཏེ་མཆོག་གི་དངོས་གྲུབ་ཀྱང་འཐོབ་པར་འདུག་པས་ཞལ་བཅུ་གཅིག་པ་ལ་ཡི་དམ་གྱིས་ཤིག་གསུངས་ནས་གཤེགས། དེའི་སང་ནས་བཟུང་ཉིན་མོ་ཡིག་དྲུག་དང་། མཚན་མོ་ཞལ་བཅུ་གཅིག་པའི་གཟུངས་ལ་ཐུགས་དམ་མཛད་དེ་ཟླ་བ་དྲུག་སོང་བའི་ཚེ་ཐུགས་ལ་དངོས་སུ་རྗེས་སུ་འཛིན་པའི་ལྷ་ཞིག་ནི་མི་འདུག་པས་སྡུག་བསྔལ་འདི་ལྟ་བུ་མྱོང་བ་ལས་ཤི་ནས་དགའ་སྙམ་པའི་འཕྲོ་ལ་མནལ་དུ་སོང་བ་ན། སྤྱིལ་པོའི་ནང་ཐམས་ཅད་འོད་ཀྱིས་ཁེངས་པའི་སྣང་བ་བྱུང་བ་དང་། ཁྱེའུ་སེང་གེ་ལ་ཞོན་པ་ཞིག་བྱུང་སྟེ། ཁྱོད་དེར་མ་སྡོད་པར་མི་ཁར་ཤིང་འཕེལ་དུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་བཞུགས་པའི་དྲུང་དུ་སོང་ལ་གསོལ་བ་ཐོབ་ཅེས་གསུངས་ནས་ལྕེ་ལ་བདུད་རྩི་རིལ་བུ་གཅིག་བཞག །དེ་ལ་ཁྱོད་སུ་ཡིན་བྱས་པས་ང་འཇམ་པའི་དབྱངས་ཡིན་གསུང་། འོ་ན་མཆོག་གི་དངོས་གྲུབ་ཞུ་བྱས་པས་ད་ལྟའི་དེ་ཀ་ཡིན་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ལི་ཁ་རར་ཕྱིན་པས་ཞག་བདུན་སོང་བའི་ཚེ་ལམ་དུ་མཁའ་འགྲོ་མ་འགའ་ཞིག་གཟིགས་ཤིང་། དེ་རྣམས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་ལི་ཁང་རང་མྱུར་དུ་སླེབ། དེར་ཞལ་བཅུ་གཅིག་པའི་དྲུང་དུ་བཞུགས་ནས་ཉིན་མཚན་ཁོར་ཡུག་ཏུ་སྨྱུང་གནས་ཀྱི་ཐུགས་དམ་མཛད་པས་ལོ་གཅིག་སོང་བ་དང་ནད་ཐམས་ཅད་སོས་ཏེ། ཕྱག་གཡས་པའི་མཁྲིག་མ་ཡང་སྔོན་བཞིན་སོར་ཆུད། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང་། བདུད་ཀྱི་བར་ཆད་ཀྱང་ཕྱིར་ཟློག །ས་ག་ཟླ་བའི་ཚེས་གཅིག་གི་ཐོ་རངས་སྒྲོལ་མའི་ཞལ་གཟིགས་ཤིང་། དེའི་ཚེས་བརྒྱད་ལ་དོན་ཡོད་ཞགས་པ་ལྷ་ལྔ་སོགས་མང་པོའི་ཞལ་གཟིགས། བཅོ་ལྔའི་ཉིན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཞལ་གཟིགས་ནས་དེས་ཆོས་གསུངས་པས་ས་བརྒྱད་པ་ཐོབ་སྟེ་དགྲ་བཅོམ་མར་གྱུར། རང་ཡུལ་དུ་བྱོན་ནས་འགའ་ཞིག་གི་ཐེ་ཚོམ་གཅོད་པའི་ཕྱིར་དུ་རང་གི་དབུ་བཅད་ནས་འཁར་གསིལ་གྱི་རྩེར་བསྐྱོན་པའི་སྤྲུལ་པ་ཡང་བསྟན་ཅིང་། རྗེ་བཙུན་སྒྲོལ་མ་དང་རྟོགས་པ་མཉམ་པར་གྱུར་ཏོ། །དེ་འདྲའི་དགེ་སློང་མ་དེས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡིན་པས། འདིའི་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་ཐོག་མའི་སྒྲུབ་པའི་དུས་ནི་ཟླ་བ་དེ་ལ་བྱས་ན་མཆོག་གི་དངོས་གྲུབ་འཐོབ་པའི་རྟེན་འབྲེལ་ཡོད་པ་ཡིན་ནོ། །ཌཱ་ཀི་ནི་ལཀྵིཾ་ཀ་ར་ཞེས་པ་མཁའ་འགྲོས་དབང་མོ་ཞེས་པ་ཡིན་པས། དགེ་སློང་མ་དེ་ཉིད་ཡིན་ནོ། །དེས་པཎྜི་ཏ་ཡེ་ཤེས་བཟང་པོ་དང་ཟླ་བ་གཞོན་ནུ་གཉིས་ལ་གནང་། དེ་གཉིས་ཀྱིས་བལ་པོ་པ་ཉ་པ་ལ་གནང་། དེས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་གནང་སྟེ། དེ་རྣམས་ཀྱིས་ཀྱང་སྨྱུང་གནས་ལ་བརྟེན་ནས་དངོས་གྲུབ་བརྙེས་པ་ཡིན་ཞིང་། དེ་ནས་རིམ་པར་བརྒྱུད་དེ་དར་རོ། །འདིའི་ལོ་རྒྱུས་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ་ཅེས་སྨྱུང་གནས་ཀྱི་ཆོ་ག་ལོ་རྒྱུས་མདོར་བསྡུས་དང་བཅས་པ་འདི་ནི་དཀའ་བཅུ་བློ་བཟང་བསམ་འགྲུབ་སོགས་རང་གི་སློབ་མ་འགས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་གྲགས་པ་བཤད་གྲུབ་གྱིས་ཅོ་ནེ་དགོན་ཉིད་དུ་ལེགས་པར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །མངྒལཾ།། །།


previousདགེ་སློང་མ་དཔལ་མོའི་ལུགས་ཀྱི་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་འབྱུང་གནས།next