Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་།
   
   
   


 
previousམདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་།next

མདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་།

མདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རླབས་ཆེན་སྨོན་ལམ་བཏབ་པའི་འབྲས་བཟང་པོ། །སྙིགས་དུས་འགྲོ་བའི་དཔལ་དུ་ལེགས་གྲུབ་པ། །བཅོམ་ལྡན་སྨན་གྱི་བླ་སོགས་བདེ་གཤེགས་བདུན། །ཤཱཀྱའི་ཏོག་དང་བཅས་པའི་ཞབས་ལ་འདུད། །འདིར་སྨན་བླའི་ཆོ་ག་རྒྱས་པ་མ་ལྕོགས་པ་འགའ་ཞིག་པཎ་ཆེན་གོང་མས་མཛད་པའི་སྨན་བླའི་མདོ་ཆོག་གི་སྙིང་པོ་བསྡུས་པ་ལྟར་ཉམས་སུ་ལེན་པར་འདོད་པ་ལ་ཆོ་ག་དེར་དོན་གྱི་གཙོ་བོ་རྣམས་ཚང་ཡང་ཁ་བསྐང་བར་འོས་པ་འགའ་ཞིག་སྣང་བ་རྣམས་ཀྱིས་ཟུར་བརྒྱན་ནས་བརྗོད་པར་བྱ་སྟེ། དེ་ཡང་སྦྱོར་བ་ལ། སྐུ་དང་མཆོད་པ་སོགས་ཡོད་ན་སྟ་གོན་བྱ་ཞིང་། མེད་ནའང་མོས་པས་ཀྱང་བྱར་རུང་ལ། སྔོན་དུ་ཐེག་པ་ཆེན་པའི་གསོ་སྦྱོང་འདོད་ན་ལེན་ཅིང་མ་བྱས་ནའང་ལྷག་ཆད་དུ་མི་འགྱུར་རོ། །སྐྱབས་འགྲོ་སེམས་བསྐྱེད་སོགས་སྤྱི་ལྟར་རམ། བདག་དང་སྣང་བ་ཐམས་ཅད་ཞེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། དངོས་གཞི་ནི། མོས་པ་ཤུགས་དྲག་དང་བཅས་ཏེ་འདི་ལྟར། །མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས། །ཞིང་འདི་བདེ་བ་ཅན་ལྟར་སྣོད་བཅུད་ཀྱི། །སྲིད་ཞིའི་ཕུན་ཚོགས་འདོད་དགུས་འབྱོར་གྱུར་ཅིག །རིན་ཆེན་ས་གཞི་ལྗོན་ཤིང་ཆུ་མཚོས་བརྒྱན། །གསེར་དངུལ་མུ་ཏིག་བྱེ་མ་སྦྲམ་བུར་བདལ། །མེ་ཏོག་གཅལ་བཀྲམ་ཙནྡ ན་དྲི་བསུང་ལྡང་། །ལྷ་མིའི་ལོངས་སྤྱོད་ཀུན་བཟང་མཆོད་པས་ཁྱབ། །དེར་ནི་ཡིད་འོང་ནོར་བུའི་ཕོ་བྲང་དབུས། །པདྨ་སེང་ཁྲིར་རྒྱལ་བ་སྲས་བཅས་རྣམས། །བཞུགས་ནས་གཟུངས་རིང་མོས་སྟོབས་ཀྱིས་བསྐྲུན་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིང་། །ཅེས་པས་ས་གཞི་སོགས་བྱིན་བརླབ་བྱ། དེ་ནས། འདོད་ན་རྣམ་དག་ཆོས་དབྱིངས་མ་དང་། མ་ལུས་སེམས་ཅན་མ་ལྟ་བུ་ཅི་རིགས་ཀྱི་འཕྲོར། སྙིགས་མའི་མགོན་པོ་བརྩེ་ལྡན་བདེ་གཤེགས་བདུན། །ཐུབ་དབང་དམ་ཆོས་བྱང་སེམས་བཀའ་སྡོད་བཅས། །བདག་སོགས་སྐྱོབ་ཕྱིར་མགོན་སྐྱབས་དཔུང་གཉེན་དུ། །སྤྱན་འདྲེན་འདིར་གཤེགས་གདན་འཛོམ་བྱིན་བརློབ་མཛོད། །ཅེས་པས་སྤྱན་དྲངས་ཏེ། སྤྲོ་ན་ཁྱེད་སྐུ་རང་བཞིན་སོགས་ཀྱིས་ཁྲུས་དང་སྐུ་དབྱིངས་གོས་འབུལ་རྣམས་ཀྱང་བྱས་ཆོག །ཐུང་མོང་དུ་ཡན་ལག་བདུན་གྱི་ཐོག་མར་ཕྱ་འཚལ་བ་ནི། ལྷར་བཅས་སྐྱེ་རྒུ་མ་ལྟ་བུ་རྒྱས་པའམ། བསྡུ་ན། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཤཱཀྱའི་རྒྱལ་པོ་འཇམ་དབྱངས་ཞི་འཚོ་སོགས། །ཟབ་མོའི་མདོ་འདི་ཕྱག་མཚན་བཞེས་པ་ཡི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉམས་ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཡང་ན། མཁས་བཙུན་ཆེན་པོ་སོགས་དང་། མཚན་ལེགས་རིན་ཆེན་སོགས་དང་། ཀུན་འབྱུང་མུན་པའི་ས་བོན་སོགས་དང་། འཇམ་དཔལ་དབྱངས་དང་སྐྱབས་འགྲོ་ལ་སོགས་གཞན་ནས་འབྱུང་བ་ལྟར་བྱས་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །མཆོད་པའི་ཡན་ལག་རྒྱས་པར་ན། མེ་ཏོག་དམ་པ་ནས། མཆོད་པར་བགྱི། །ཞེས་པའི་མཇུག་ཏུ། དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་དག །ཤཱཀྱའི་བསྟན་པ་ལྔ་བརྒྱའི་ཐ་མ་ལ། །འགྲུབ་པར་འགྱུར་བ་ཞལ་གྱིས་བཞེས་པ་བཞིན། །བདག་ལ་བདེན་པ་མངོན་སུམ་བསྟན་དུ་གསོལ། །ཞེས་པས་དབང་དུ་གསོལ། དེ་ནས་སོ་སོར་ཡན་ལག་བདུན་སྨོན་ལམ་བཅས་བྱེད་པ་ལ། དང་པོ་ནི་དད་ཤུགས་དྲག་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་སྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་བདུན་དང་། དེ་བཞིན་དུ་གཞན་བདུན་ལ་འགྲེ། མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་བ། །མཚན་ལེགས་ཡོངས་སྒྲགས་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། ཆེན་པོར་བསྔོ། །ཞེས་པའི་བར་གྱིས་ཡན་ལག་བདུན་པ་བྱ་ཞིང་། འདིའང་འོག་མ་དགུ་ལ་སྦྱོར། རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །ནད་རིམས་གཤེད་བྱེད་སྡིག་ཅན་གདོན་ལས་ཐར། །དབང་པོ་ཀུན་ཚང་སྡུག་བསྔལ་སྡིག་རྒྱུན་ཆད། །ངན་འགྲོར་མི་ལྟུང་ལྷ་མིའི་བདེ་བ་མྱོང་། །བཀྲེས་སྐོམ་དབུལ་འཕོངས་ཞི་ཞིང་འབྱོར་གྱུར་ཅིག །བཅིངས་དང་བརྡེག་སོགས་ལུས་ཀྱི་གདུང་བ་མེད། །སྟག་སེང་སྦྲུལ་གྱིས་འཚེ་བྲལ་འཐབ་རྩོད་ཞི། །བྱམས་པའི་སེམས་ལྡན་ཆུ་ཡིས་སྐྲགས་རྣམས་ཀྱང་། །དབུགས་ཕྱིན་འཇིགས་མེད་བདེ་བར་བརྒལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །མཚན་ལེགས་ཡོངས་སྒྲགས་ལ་སོགས་རྒྱལ་རྣམས་ཀྱི། བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །གཉིས་པ་ནི། བཅོམ་ལྡན་འདས་ནས། སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱད་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །རིན་ཆེན་ཟླ་བ་དང་པདྨས་རབ་བརྒྱད་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བ། །སྒྲ་དབྱངས་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དངོས་བཤམས་ནས། བསྔོ། རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གཡེངས་རྣམས་ཆོས་འཕེལ་ལྷ་མིའི་ཚོག་ཆས་འབྱོར། །བཙའ་བའི་གདུང་བྲལ་རྟག་ཏུ་སྐྱེས་པར་གྱུར། བྱང་ཆུབ་སེམས་དང་མི་འབྲལ་དགེ་ཆོས་རྒྱལ། །སྒྲིབ་བྱང་ལྷ་ཡིའི་བདེ་བ་འཐོབ་གྱུར་ཅིག །བཤེས་བྲལ་མུན་པར་གདོན་གཙེས་འཆི་དང་དགྲ། །དགོན་པའི་གནོད་མེད་མཆོད་དང་རིམ་འགྲོར་བརྩོན། །དམན་རྣམས་ཏིང་འཛིན་དྲན་སྟོབས་གཟུངས་ལྡན་ཅིང་། །ཤེས་རབ་མཆོག་ཐོབ་མེས་ཉེན་བསིལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །སྒྲ་དབྱངས་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །གསུམ་པ་ནི། བཅོམ་ལྡན་ནས། གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། རྒྱལ་བའི། ནས་སེམས་ཅན་གང་དང་གང་། །ཚེ་ཐུང་རིང་འཚོ་དབུལ་རྣམས་དབང་ཕྱུག་ཚངས། །འཐབ་རྩོལ་འགྱེད་པའང་བྱམས་པའི་སེམས་ལྡན་ཞིང་། །བསླབ་བྲལ་ངན་སོང་མི་ལྟུང་སྡོམ་པས་བསྡམས། །བྱང་ཆུབ་སེམས་དང་འབྲལ་བ་མེད་གྱུར་ཅིག །འདི་ནས་ཤི་འཕོས། ནས། གསེར་བཟང་དྲི་མེད་ལ་སོགས་རྒྱལ་རྣམས་ཀྱི། །ཞེས་བསྒྱུར་བ་མ་གཏོགས་སྔར་བཞིན་ནོ། །བཞི་པ་ནི། བཅོམ་ལྡན་འདས། ནས། མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །མྱ་ངན་འདས་ཞི་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་དུག་གསུམ་སྡུག་བསྔལ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས་བསྔོ། རྒྱལ་བའི། ནས། གང་དང་གང་། མྱ་ངན་སོགས་ཞི་མི་འབྲལ་ཚེ་རིང་བདེ། །དམྱལ་བར་རྒྱལ་བའི་འོད་ཀྱིས་བདེ་དགའ་རྒྱས། །མདངས་ལྡན་མཛེས་འབྱོར་འབྱུང་པོས་མི་འཚེ་ཞིང་། །ཕན་ཚུན་བྱམས་ལྡན་ནད་རྣམས་མེད་གྱུར་ཅིག །འདི་ནས་ཤི་འཕོས། ནས། མྱ་ངན་མེད་མཆོག་སོགས་སྔར་བཞིན་ནོ། །ལྔ་པ་ནི། བཅོམ་ལྡན་འདས། ནས། ཆོས་སྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་སྡུག་བསྔལ་མ་ལུས་ཞི་མཛད་པ། །ཆོས་སྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། རྒྱལ་བའི༴ བདག་ཅག་ལ༴ རྟག་ཏུ་ཡང་དག་ལྟ་དང་དད་ལྡན་ཞིང་། །ཆོས་ཀྱི་སྒྲ་ཐོས་བྱང་ཆུབ་སེམས་ཀྱིས་ཕྱུག །ལོངས་སྤྱོད་སླད་དུ་སྡིག་སྤངས་འབྱོར་པ་འཕེལ། །བྱམས་གནས་ཚེ་རིང་ཆོག་ཤེས་ཉིད་གྱུར་ཅིག །འདི་ནས༴ ཞིང་དེར༴ ཆོས་སྒྲགས་རྒྱ་མཚོ་སོགས་སྔར་བཞིན་ནོ། །དྲུག་པ་ནི། བཅོམ་ལྡན་འདས་ནས། ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །རྒྱལ་བའི་ནས། གང་དང་གང་། གཡེངས་རྣམས་གནོད་སེམས་མེད་ཅིང་ཆོག་ཆས་འབྱོར། །ངན་སོང་ལམ་ངན་ཞུགས་རྣམས་དགེ་བཅུ་ཐོབ། །གཞན་དབང་གྱུར་རྣམས་རང་དབང་ཕུན་ཚོགས་ཤིང་། །ཀུན་ཀྱང་ཚེ་རིང་མཚན་ཐོས་དགེ་གྱུར་ཅིག །འདི་ནས་ཤི་འཕོས་ནས། མངོན་མཁྱེན་རྒྱལ་པོ་སོགས་སྔར་བཞིན་ནོ། །བདུན་པ་ནི། བཅོམ་ལྡན་འདས་ནས། སྨན་གྱི་བླ་བཻཌཱུཪྱཱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུཪྱཱའི་འོད་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། རྒྱལ་བའི་ནས། སེམས་ཅན་གང་དང་གང་། །མཚན་དཔེས་མཛེས་ཤིང་འགྲོ་ཀུན་བདག་འདྲར་གྱུར། །འོད་ཀྱིས་མུན་སེལ་ཤེས་རབ་ཐབས་མཁས་ཀྱིས། །ལོངས་སྤྱོད་མི་ཟད་ལམ་ལོག་དམན་མོས་རྣམས། །ཐེག་ཆེན་ལམ་ཞུགས་སྡོམ་པས་མཛེས་གྱུར་ཅིག །ཚུལ་འཆལ་གདུང་བྲལ་དབང་པོ་ཀུན་ཚང་ཞིང་། །ནད་མེད་ཡོ་བྱད་འཕེལ་ཞིང་བུད་མེད་ཀྱི། །དངོས་པོས་སྐྱོ་རྣམས་རྟག་ཏུ་སྐྱེས་དབང་ལྡན། །བདུད་ཞགས་ལྟ་བ་ངན་ལས་གྲོལ་གྱུར་ཅིག །རྒྱལ་པོས་མནར་རྣམས་བདེ་ཞིང་བཀྲེས་པའི་རྒྱུས། །སྡིག་པས་འཚོ་རྣམས་ཆོས་འབྱོར་ཟས་ཀྱིས་ཚིམ། །ཚ་དྲང་ངལ་ཞི་བསམ་པ་ཡོངས་རྫོགས་ཤིང་། །འཕགས་པ་དགྱེེས་པའི་ཚུལ་ལྡན་གྲོལ་གྱུར་ཅིག །འདི་ནས་ཤི་འཕོས་ནས། སྨན་པའི་རྒྱལ་པོ་སོགས་སྔར་བཞིན་ནོ། །བརྒྱད་པ་ནི། སྟོན་པ་བཅོམ་ལྡན་འདས་ནས། དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འ ཚལ་ལོ། །དངོས་བཤམས་ནས། བསྔོ། །སྟོན་པ་མཆོག་དེས་མདོ་སྡེའི་ཆོ་ག་ལས། །ཇི་ལྟར་གསུངས་པའི་ཕན་ཡོན་མ་ལུས་པ། །བདག་ཅག་མགོན་མེད་འགྲོ་བ་མཐའ་དག་གིས། །དེང་འདིར་ཕྲལ་དུ་ཐོབ་པར་བྱིན་གྱིས་རློབས། །དགུ་པ་ནི། མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །འདི་མན་ལན་བདུན་ནམ་གསུམ་ཅི་རིགས་བྱ། ཀུན་འབྱུང་མུན་པའི་ས་བོན། སོགས་ཀྱི་མཐར། དངོས་བཤམས། ནས། བསྔོ། །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་བརླབས་ཀྱིས། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འགྲུབ་གྱུར་ཅིག །བཅུ་པ་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སྟོན་པས་མདོ་སྡེ་དབང་པོ་གསུངས་པའི་ཚེ། །ཕན་ཡོན་ཆོ་ག་ཇི་ལྟར་བྱ་བ་སོགས། །གསལ་མཛད་རྒྱལ་སྲས་འཇམ་དཔལ་སྐྱབས་གྲོལ་དང་། གསང་བདག་འཁོར་བཅས་རྣམས་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་སོགས། །བདེ་གཤེགས་སྲས་པོ་སུམ་ཁྲི་དྲུག་སྟོང་གིས། །རྒྱལ་བའི་ཐུགས་དམ་བསྐུལ་ཞིང་གླེང་བསླངས་ནས། །མདོ་སྡེའི་ཕན་ཡོན་ཇི་སྐད་གསུངས་པ་རྣམས་དེང་འདིར་བདག་ལ་མངོན་དུ་འགྱུར་བར་མཛོད། །བཅུ་གཅིག་པ་ནི། ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་བྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སོ་སོར་དབྱེ་བར་འདོད་ན་གཞན་ནས་འབྱུང་བ་ལྟར་བྱ། ཡངས་པ་ཅན་དུ་བདེ་གཤེགས་གདན་འཛོམ་ཚེ། །བསྟན་དང་མདོ་སྡེ་འཛིན་པར་བྱེད་པ་གང་། །སྲུང་བར་ཞལ་བཞེས་འཇིག་རྟེན་སྐྱོང་བ་དང་། །གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་བ་ཐམས་ཅད་དང་གནོད་སྦྱིན་གྱི་སྡེ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་བདག་གིས་མཆོད་པའི་ཚོགས་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་བར་བགྱིའོ། །གཏོར་མ་ཡོད་ན། ཁྱད་པར་དུ་ཡང་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་འབུལ་ལོ། །བཞེས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། བདག་སོགས་ལ་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་བ་དང་། བར་ཆད་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག །འཇིག་རྟེན་སྐྱོང་བ་སྡེ་དཔོན་བཅས་པས་ཀྱང་། །སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་བཞིན། །དགྲ་དང་གནོད་པ་ནད་རིམས་བཟློག་པ་དང་། །འཐབ་རྩོད་ཀུན་ཞི་ལུས་སེམས་བདེ་བ་རྒྱས། །ལོངས་སྤྱོད་དབང་ཕྱུག་ནོར་འབྲུ་ཚེ་འཕེལ་ཞིང་། །བསམས་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །རྟག་ཏུ་བསྲུང་སྐྱོབ་གཡེལ་བ་མེད་པར་མཛོད། །གཞི་བདག་གཏོར་མ་འབུལ་བར་འདོད་ན་སྤྱི་ལྟར་ཕུལ་ཆོག །དེ་ནས། ༀ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱཻ་གུ་རུ་བཻཌཱུཪྱཱ་པྲ་བྷ་རྭ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱ་ཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱེ། རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། ཅེས་གཟུགས་རིང་ནས། ཡང་ན། ཏདྱ་ཐཱ། བྷཻ་ཥ་ཛྱཻ་སོགས་གཟུངས་ཐུང་དང་། གྷུ་མེ་གྷུ་མེ་སོགས་ཀྱང་བཟླའོ། །གཟུངས་བུམ་བསྒྲུབས་ཀྱང་མི་འགལ་ལ། གསེར་བཟང་དང་ཕྱག་རྡོར་གྱི་གཟུངས་སོགས་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །མཇུག་ཏུ་བསྟོད་ཕྱག་རྒྱས་པར་སྦྱོར་བའམ། །བསྡུ་ན། མཁའ་ཁྱབ་ཞིང་གི་སོགས་སམ། བཀའ་དྲིན་མཉམ་མེད་སོགས་བླ་མ་དང་། ཉམ་ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །ཞེས་སོགས་གཉིས་ཀྱི་མཇུག་ཏུ། དངོས་བཤམས། ནས། བསྔོ། །ཡང་ན། ཇི་སྙེད་སུ་དག་ནས། བྱང་ཆུབ་ཆེན་པོར་བསྔོ། །ཞེས་པའི་བར་གྱིས་དེ་རྣམས་བྱས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང་། ཞེས་སོགས་སཾ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཀྱིས་བཟོད་གསོལ་བྱ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་གཤེགས་གསོལ་དང་། འཇམ་དཔལ་དཔའ་བོ་སོགས་དང་། སྙིགས་མའི་འགྲོ་ལ་སོགས་པ་ཅི་རིགས་ཀྱིས་བསྔོ་སྨོན་བཀྲ་ཤིས་ཀྱང་བྱའོ། །རྗོད་བྱེད་ཚིག་གི་སྤྲོས་བྲལ་ཡང་། །མདོ་ཆོག་དོན་གྱི་སྙིང་པོ་ཀུན། །བརྗོད་བྱར་མ་ཚང་མེད་འདུས་པ། །འདི་ཀོ་རིན་ཆེན་བུམ་བཟང་བཞིན། །ཅེས་མདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་ཞེས་བྱ་བ་འདི་ཡང་། གནས་བརྟན་གྲགས་པ་དཔལ་འབྱོར་ལ་སོགས་པ་གཞན་འགའ་ཞིག་གིས་བསྐུལ་བས་རྐྱེན་བྱས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་དགོངས་པ་གསལ་བར་བྱ་བའི་ཕྱིར་དུ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས།། །། ༈ ན་མོ་སཔྟ་ཏ་ཐཱ་ག་ཏཱ་ཡེ། སྨན་བླའི་མདོ་དང་དེའི་ཆོ་ག་རྒྱས་པ་ནས་འབྱུང་བའི་སྨོན་ལམ་རྣམས་ཟུང་དུ་བཀོལ་ནས་རང་གཞན་གྱི་དོན་དུ་ཁ་ཏོན་བྱས་ན་འཇུག་པ་བདེ་ཞིང་། སྨན་བླའི་མདོའི་དོན་གྱི་སྙིང་པོ་ཡང་ཉམས་སུ་བླང་བར་འགྱུར་བས་ཕན་ཡོན་ཀྱང་ཆེ་བར་མཐོང་ནས། ས་བཞི་བྱིན་རླབས་སོགས་ཀྱི་སྟེང་དུ་ཡན་ལག་བདུན་པ་དང་བཅས་པ་བྱས་རྗེས། སྨོན་ལམ་རྣམས་ཕྱོགས་གཅིག་ཏུ་འདོན་ཚུལ་དངོས་སུ་མ་བཀོད་པར་གཞན་དུ་ཁ་འཕངས་པའི་སྒོ་ནས་བརྗོད་ན། སྐྱབས་སེམས་སོགས་སྔོན་དུ་བཏང་ནས་འདི་ལྟར། མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་མཆོད་ཚོགས་སྦྱར་བ་འདི་ཀུན་ཀྱང་། །བདེ་ལྡན་ཞིང་གི་བཀོད་པ་ལྟར་གྱུར་ཅིག །མདུན་གྱི་ནམ་མཁའ་གཞལ་མེད་ཁང་ཆེན་དབུས། །རིན་ཆེན་སེང་ཁྲིར་པད་ཟླའི་གདན་ལ་སོགས། །བདེ་གཤེགས་རྣམས་དང་བྱང་སེམས་ཆོས་སྐྱོང་བའི། །བཞུགས་གནས་ཕུན་ཚོགས་མཛེས་པར་གྲུབ་གྱུར་ཅིག །ཤར་ཕྱོགས་གང་གཱའི་བྱེ་སྙེད་འདས་པ་ཡི། །སངས་རྒྱས་ཞིང་ནས་བདེ་གཤེགས་མཆེད་བདུན་དང་། །ཐུབ་དབང་བྱང་སེམས་ཉན་རང་བཀའ་སྡོད་བཅས། །བརྩེ་བའི་ཐུགས་རྗེས་འདིར་གཤེགས་བཞུགས་སུ་གསོལ། །འདོད་ན་གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། །སོགས་ཀྱིས་སྤྱན་འདྲེན་དང་། ཁྱེད་སྐུ་རང་བཞིན་སོགས་དང་། དེ་བཞིན་གཤེགས་དང་སོགས་ཀྱིས་ཁྲུས། དེ་དག་སྐུ་ལ་སོགས་ཀྱིས་སྐུ་བྱི། སྲབ་འཇམ་སོགས་ཀྱིས་གོས། ས་གཞི་སྤོས་ཀྱི་འམ། བདག་གཞན་ལུས་ངག་སོགས་ཀྱིས་མཎྜལ་འབུལ་ཞིང་། བསྟོད་ཕྱག་རྒྱས་པའམ། བསྡུ་ན། མཁན་ཆེན་ཞི་འཚོ་ལ་སོགས་བླ་མ་དང་། བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། རྒྱ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། མཁའ་ཁྱབ་ཞིང་གི་སོགས་ཕྱག་བྱ། དེ་ནས་བདེ་གཤེགས་རྣམས་ལ་ཕྱག་མཆོད་ཕྱོགས་གཅིག་ཏུ་བྱེད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་སྨན་གྱི་བླ་བཻཌཱུཪྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་སོ་སོ་ནས་ལན་བདུན་རེ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་དམ་པའི་ཆོས་རྣམས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །མཆོད་པའི་ཚོགས་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་བར་བགྱིའོ། །སྡིག་ལྟུང་ཉེས་པའི་ཕུང་པོ་ཅི་བགྱིས་པ་རྣམས་སོ་སོར་བཤགས་སོ། །རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། འདི་ལྟར་བགྱིས་པའི་དགེ་བ་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་རྒྱུར་བསྔོའོ། །ཡང་ན་འཕགས་པའི་ཚོགས་དེ་དག་ལ་མཆོད་ཡོན་དང་སོགས་གཞན་ནས་འབྱུང་བ་ལྟར་བྱ། དེར་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམས་པའི་སྤྱན་སྔར་དེ་བཞིན་གཤེགས་པ་བདུན་དང་སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ནས་འཇིགས་པ་མེད་པར་རྒལ་བར་གྱུར་ཅིག་ཅེས་པའི་བར་གྱིས་མཚན་ལེགས་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་ཀྱི་ལས་ནས་དངོས་པོ་ཐོབ་པར་གྱུར་ཅིག་ཅེས་པའི་བར་གྱིས་སྒྲ་དབྱངས་དང་། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ་ནས་དགོངས་པར་གྱུར་ཅིག་ཅེས་པའི་བར་གྱིས་གསེར་བཟང་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་མྱ་ངན་དང་ནས་ཡོངས་སུ་ཐར་བར་གྱུར་ཅིག་ཅེས་པའི་བར་གྱིས་མྱ་ངན་མེད་པ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་ནས་ཆོ་ག་ཤེས་པར་གྱུར་ཅིག་ཅེས་པའི་བར་གྱིས་ཆོས་སྒྲགས་རྒྱ་མཚོ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་དང་ནས་བདེ་བ་མྱོང་བར་གྱུར་ཅིག་ཅེས་པའི་བར་གྱིས་ཆོས་རྒྱ་མཚོ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོ་ནས་བདེ་བ་ལ་གནས་པར་གྱུར་ཅིག་ཅེས་པའི་བར་གྱིས་སྨན་བླའི་སྨོན་ལམ་རྣམས་བརྗོད་ནས་མཐར་ཐུན་མོང་དུ། འདི་ནས་ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེས་པ་གྱུར་ཅིག་ནས། སྟོན་པ་དེ་བཞིན་གཤེགས་པ་མཆེད་བདུན་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནས་འཇུག་པར་གྱུར་ཅིག །བཅོམ་ལྡན་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་ཚེ་སྨོན་ལམ་རྣམ་མང་བཏབ་པའི་འབྲས། ནས་ཁྱད་མ་བདག་ཅག་རྣམས་ཀྱིས་གཙོ་བྱས་པའི། །ཞེས་པའམ། ཚེ་འདས་སམ། དམིགས་ཡུལ་ལམ། འགྲོ་འདིས་ཞེས་ཅི་རིགས་པར་སྒྱུར། འགྲོ་རྣམས་ནས་ཐོབ་བྱིན་རློབས། །དེ་ནས་འདོད་ན་གྷུ་མེ་གྷུ་སོགས་གཟུངས་རིང་ཐུང་ཅི་རིགས་བཟླ་ཞིང་མཇུག་བསྡུ་བར་བྱའོ། །འདི་ནི་ཚོགས་ཞིང་ཡིན་གྱི་ཆོ་ག་དངོས་མ་ཡིན་པས་བཟོད་གསོ་བ་དང་གཤེགས་གསོལ་སོགས་དགོས་པ་མིན་ནའང་། བྱེད་པར་འདོད་ན་མ་རྙེད་སོགས་ཀྱིས་བཟོད་གསོལ་དང་རྟེན་ཡོད་ན་བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང་། མེད་ན་ཁྱེད་ཀྱིས་སེམས་ཅན་སོགས་གཤེགས་གསོལ་དང་བསྔོ་སྨོན་ཤིས་བརྗོད་ཅི་རིགས་བྱའོ། །སྨན་བླ་རྒྱས་པ་མ་ལྕོགས་བདག་གམ་གཞན་གྱིས་ཀྱང་རྒྱུན་པའི་ཁ་ཏོན་ནམ་ཚེ་ལྡན་དང་ཚེ་འདས་གང་གི་དོན་དུ་དམིགས་ཏེ་འདི་བཞིན་དུ་བྱས་ན་མདོའི་དགོངས་པ་དང་འབྲེལ་ཞིང་ཤིན་ཏུ་ལེགས་པ་ཁོ་བོས་རིགས་པས་ལེགས་པར་རྟོགས་སོ། །ཞེས་སྨན་བླའི་མདོ་ཆོག་རྒྱས་པའི་སྙིང་པོ་ཉམས་སུ་ལེན་ཚུལ་ཡང་སྙིང་ཉུང་ངུ་རྣམ་གསལ་ཁྱེར་བདེ་ཞེས་བྱ་བ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་འགའ་ལ་ཕན་སྲིད་པར་བསམས་ནས་སྦྱར་བའོ། །བཀྲ་ཤིས་པར་གྱུར་ཅིག། །།


previousམདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་།next