Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམིགས་བརྩེ་མའི་རིལ་སྒྲུབ་དང་འབྲེལ་བའི་ཆར་འབེབས་ཀྱི་ལས་ཚོགས་ཕན་བདེའི་འབྱུང་གནས།
   
   


 
previousདམིགས་བརྩེ་མའི་རིལ་སྒྲུབ་དང་འབྲེལ་བའི་ཆར་འབེབས་ཀྱི་ལས་ཚོགས་ཕན་བདེའི་འབྱུང་གནས།next

དམིགས་བརྩེ་མའི་རིལ་སྒྲུབ་དང་འབྲེལ་བའི་ཆར་འབེབས་ཀྱི་ལས་ཚོགས་ཕན་བདེའི་འབྱུང་གནས།

དམིགས་བརྩེ་མའི་རིལ་སྒྲུབ་དང་འབྲེལ་བའི་ཆར་འབེབས་ཀྱི་ལས་ཚོགས་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཕུང་པོ་ཉིད། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པའི་ཕྱིར། །རྒྱལ་སྲས་གཞོན་ནུའི་གར་གྱིས་རྣམ་རོལ་པ། །རྒྱལ་བའི་གདུང་འཚོབ་ཙོང་ཁ་པ་དེར་འདུད། །གང་དེའི་གསང་བའི་འཕྲིན་ལས་ཞེས་གྲགས་པ། །དངོས་གྲུབ་ཆར་ཆེན་འབེབས་པའི་ཐབས་ཀྱི་མཆོག །རིལ་སྒྲུབ་ཆོ་ག་ཕན་བདེ་འབྱུང་བའི་གནས། །དམ་པའི་མན་ངག་ཇི་བཞིན་བཤད་པར་བྱ། །དེ་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསོལ་འདེབས་ཀྱི་སྙིང་པོ་དམིགས་བརྩེ་མའི་ལས་ཚོགས་ལ་ཆར་འབེབས་བྱེད་ཚུལ་སོགས་རིམ་པ་བཅུ་གཅིག་སྣང་བ་ལས། དང་པོ་ཆར་འབེབས་ཀྱི་ལས་ཚོགས་བསྒྲུབ་པ་ལ་གཉིས། རིལ་བུ་སྒྲུབ་པ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། གནས་གཙང་མར་རྗེ་བླ་མའི་སྐུ་སོགས་རྟེན་བཀྲམ། ཆར་འབེབས་གཙོ་བོར་བྱེད་ན་གླ་རྩི་སོགས་དང་མ་འདྲེས་པའི་དྲི་སྨན་སྣ་ཚོགས་དང་ར་དཀར་དང་བ་དམར་གྱི་འོ་མ་གྲོ་ཟན་དང་སྦྱར་བའི་རིལ་བུ་ཅི་ཙམ་འདོད་པར་བྱས་ལ། ན་བཟའ་གུར་གུམ་སོགས་ཀྱིས་སེར་པོར་བྱ་བའམ། ཡང་ན་མཚལ་གྱིས་དམར་པོ་བསྒྱུར་ནས། ཟངས་བུམ་གྱི་ནང་དུ་བླུག །བུམ་པ་གསུམ་སོགས་བྱེད་ཚེ་གཅིག་ཏུ་སྔར་བཞིན་བྱ་ལ། གཞན་རྣམས་སུ་མ་ཎི་རིལ་བུར་འགྲོ་བའི་རྫས་རྣམས་བསྲེང་རུང་ཞིང་། སྔ་མ་ཀླུའི་དོན་དང་། གཞན་རྣམས་སྦྱིན་བདག་སོགས་ཀྱི་ཆེད་དུ་དགོས་སོ། །གང་ལྟར་ཡང་རིལ་བུ་བླུག་པའི་བུམ་པ་རྣམས་དར་དམར་གྱིས་ཁ་བཅིངས་ཏེ་སྟེགས་མཐོན་པོའི་ཁར་བཀོད་ལ། མཐར་མཆོད་པ་ཅི་འབྱོར་བཤམ་ཞིང་གཙང་སྦྲ་འཐོན་པར་བྱའོ། །དེ་ནས་སྒྲུབ་པ་པོ་རྣམས་འཁོད་དེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། །བདག་མདུན་གཉིས་ཀྱི་དང་པོ་བདག་བསྐྱེད་ལ་རྒྱས་བསྡུས་གཉིས་ལས། བསྡུས་པ་ནི། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཙོང་ཁ་པ་ཆེན་པའི་སྐུར་གསལ་བར་གྱུར་བར་བསམས་ལ་མཆོད་པ་རྣམས་ཐུན་མོང་དུ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་སམ། ཡང་ན་ཀུན་རིག་ཚེ་དཔག་ལྟ་བུའི་མཆོད་པ་བཞིན་སོ་སོར་བྱིན་བརླབ་བྱ། ཚོགས་ཞིང་བྱེད་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཚིགས་བཅད་གཅིག་དང་། ཕུན་ཚོགས་བདེ་ལེགས་སོགས་དང་། རྣམ་དག་ཆོས་ཀྱི་དབྱིངས་སོགས་དང་། ཐུགས་རྗེའི་བདག་ཉིད་སོགས་ཀྱིས་སྤྱན་དྲང་ནས། བདག་དང་འགྲོ་ལ་སོགས་ཀྱིས་བཞུགས་སུ་གསོལ་ཏེ། ཁྲུས་གསོལ་རྒྱས་བསྡུས་ཅི་རིགས་སམ། ཡང་ན་བཟང་སྤྱོད་སོགས་ནས་འབྱུང་བའི་ཡན་ལག་བདུན་པ་ཙམ་མམ། ༀ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་པར་བྱའོ། །བསྡུ་ན་དེས་ཆོ་ག་ལ། ཅུང་ཟད་རྒྱས་པར་བྱེད་ན། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་དམར་སེར། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ངོ་བོ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེར་ཕྱིར་གྱི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་བཙོང་ཁ་པ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མ་མཆིས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་པ་ནས། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམས་ལ། བསྡུ་ན། ༀ་ཨཱཪྱ་མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང་རྒྱས་པར་ན་ཚིགས་བཅད་དང་སྦྱོར། གཞོན་ནུའི་ཆ་ལུགས་སོགས་ཀྱིས་བསྟོད་ལ། རང་གི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་དྷཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབ་ཐམས་ཅད་བསྡུས་ནས་རང་ཉིད་ཐིམ་པར་གྱུར་བར་བསམས་ལ། ༀ་ཨ་ར་པ་ཙ་ན་དྷཱིཿ ཞེས་བརྒྱ་སྟོང་སོགས་བཟླ། མཐར་ཡིག་བརྒྱ་བརྗོད་ཅིང་། སྔར་བཞིན་མཆོད་བསྟོད་བྱའོ། །གཉིས་པ་མདུན་བསྐྱེད་ལ། རིལ་བུ་ལྟར་བསྐྱེད་མི་བསྐྱེད་པའི་ཚུལ་གཉིས་སྣང་བ་ལས། འདིར་བསྐྱེད་པའི་ལུགས་ལྟར་བྱ་སྟེ། བུམ་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བུམ་པ་གཉིས་སོགས་ཡོད་ན། བྷྲུཾ་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་རིལ་བུ་རྣམས་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མི་ཕྱེད་པའི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པས་ཡུ་བ་ནས་བཟུང་བའི་ཨུཏྤ་ལའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། པན་ཞྭ་དང་ཆོས་གོས་རྣམ་གསུམ་གསོལ་ཞིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རྣམས་སུ་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། ནས་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་ནས། སོགས་དང་། ཆོས་རྣམས་རང་བཞིན་འགྲོ་འོང་སོགས་ཀྱི་མཐར། ༀ་གུ་རུ་སུ་མ་ཏི་ཀཱིརྟི་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། གོང་དུ་བདག་བསྐྱེད་རྒྱས་པ་བྱས་ན་འདིར་ཡང་མཆོད་པ་བྱིན་གྱིས་བརླབས་ལ། རབ་འབྱམས་རྒྱ་མཚོ་སོགས་སམ། ཆོས་དབྱིངས་རྣམ་དག་སོགས་དང་། ཆུ བོ་གངྒཱའི་སོགས་གང་རུང་གི་མཇུག་ཏུ། ༀ་གུ་རུ་སུ་མ་ཏི་ཀཱིརྟི་ས་པཱ་རི་ཝ་ར་ཨརྒྷ་ནས་ཤཔྟ་པྲ་ཏིཙྪ་འི་བར་གྱིས་མཆོད། རྒྱས་པར་ན་འདོད་ཡོན་ལྔ་སོགས་འབུལ་ཡང་རུང་། དེ་ནས་ས་གསུམ་མ། གསང་བའི་རྣམ་ཐར། རྣམ་དག་གངས་རི་མ། ཙོང་ཁ་བརྒྱད་ཅུ་སོགས་ཅི་རིགས་ཀྱིས་བསྟོད་གསོལ་བྱས་པའི་མཐར། མ་ཎི་རིལ་སྒྲུབ་ནས་འབྱུང་བའི་རྒྱལ་པའི་སྲས་པོ་ཞེས་སོགས་ལ་ཚིག་ཕྲད་ཅུང་ཟད་བསྒྱུར་ཏེ་བརྗོད་ན་ལེགས་པས་འདི་ལྟར། རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །གདུང་ཤུགས་དྲག་པོས་ཐུགས་རྗེའི་རྒྱུད་བསྐུལ་ན། །དམ་རྫས་རིལ་བུ་འདི་ལ་བྱིན་བརླབས་ལ། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པའི་བྱེད་པ་ཡིས། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཚོགས་འཕྲོས་ཏེ། །རྒྱལ་བ་སྲས་བཅས་ཉན་རང་ལ་སོགས་པ། །སྐྱབས་གནས་ཀུན་གྱི་བྱིན་རླབས་ནུས་མཐུའི་ཚོགས། །འོད་དང་འོད་ཟེར་བདུད་རྩིའི་ཆུ་རྒྱུན་དང་། །རྗེ་བཙུན་སྐུ་ཡི་རྣམ་པར་ཐོགས་མེད་བསྡུས། །རིལ་བུ་གང་དེར་གསལ་ལ་དབྱེར་མེད་པར། །གཅིག་ཏུ་འདྲེས་ནས་བྱིན་གྱིས་བརླབས་པར་གྱུར། །ཅེས་ལན་གསུམ་མམ་གཅིག་བརྗོད་དེ། །དམིགས་བརྩེ་མ་ཅི་ནུས་འབྲང་། །བར་སྐབས་སུ་སྡར་གྱི་གསོལ་འདེབས་དེ་རྣམས་ཅི་རིགས་བྱས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ལ་རིལ་སྒྲུབ་གཙོ་བོར་བྱེད་ན། རབ་བྱེ་བའམ་ས་ཡ། འབྲིང་འབུམ་ཕྲག་བཞི། ཐ་མ་འབུམ་ཕྲག་གཅིག་བྱ་དགོས་སོ། །མཐར་ཡིག་བརྒྱ་ལན་གསུམ་དང་། སྔགས་མཆོད་ཙམ་མམ། མེ་ཏོག་དམ་པ་སོགས་ཀྱིས་མཆོད་ལ། བློ་གྲོས་ཁང་བཟང་སོགས་ཀྱིས་བསྟོད། མ་རྙེད་སོགས་ཀྱིས་བཟོད་གསོལ་དང་། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང་། ཤིས་བརྗོད་བྱའོ། །གྲོལ་བའི་ཉིན་གི་མཇུག་ཏུ། རྐང་པ་ཐ་མ་གཉིས་ལ། རིལ་བུ་རྗེ་བཙུན་བླ་མར་གསལ་བ་རྣམས། །འོད་ཞུ་གཉིས་སུ་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་རིལ་བུ་བླ་མའི་རྣམ་པར་བཞུགས་པ་འོད་དུ་ཞུ་ནས་རིལ་བུ་སོ་སོའི་རྣམ་པར་ཅན་དུ་གྱུར་ཅེས་བརྗོད་ཅིང་བསམ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་དང་། སུ་པྲ་ཏིཥྛ་ས་བརྟན་བཞུགས་སོགས་བྱ། ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་ཡང་སྤྱི་ལྟར་འབུལ་རུང་ངོ་། །གཉིས་པ་ལ་ནི། རས་དཀར་པོ་ལ། དམིགས་མེད་སོགས་རྐང་པ་དང་པོ། །ལྗང་ཁུ་ལ། དྲི་མེད་སོགས་རྐང་པ་གཉིས་པ། དམར་པོ་ལ། གངས་ཅན་སོགས་རྐང་པ་གསུམ་པ། སྔོན་པོ་ལ། བློ་བཟང་སོགས་རྐང་པ་བཞི་པ་རྣམས་གསེར་སོགས་རིན་པོ་ཆེའམ། མཚལ་དྲི་སྨན་སོགས་དང་སྦྱར་བས་དབུ་ཅན་དུ་འབྲི་ཞིང་། ལྷག་ཆད་སོགས་དང་བྲལ་བར་བྱའོ། །ཡང་སྔོན་པོ་ལྔ་ལ། དམིགས་བརྩེ་མ་ཡོངས་རྫོགས་དང་། ཀླུ་དབང་། སེང་གེའི་སྒྲའི་གཟུངས་དང་། རིགས་གསུམ་མགོན་པོའི་སྙིང་པོ། །ཀླུའི་གཟུངས་གཞན་དང་། ཁྱད་པར་ༀ་ནཱ་ག་ཕུཿ པྲ་ཏི་བཛྲ་དུནྟེ། མི་ལི་མི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ། བྷ་རི་ཤ་ཡ་བྷ་རི་ཤ་ཡ། ཆར་དྲག་ཏུ་ཕོབ། མྱུར་དུ་ཕོབ། མཱ་ར་ཡ། བྷྱོཿབྷྱོཿབྷྱོཿ ཕོབ་མྱུར་དུ་ཕོབ། ༀ་བཛྲ་སུ་མེ་ནི་ཏེ་མི་ལི་སྭཱ་ཧཱ། ཆར་དྲག་ཏུ་ཕོབ། མྱུར་དུ་ཕོབ། ཅེས་པ་རྣམས་སྔར་ལྟར་བྲིས་ལ། བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཛ་དར་དང་པོ་དཀར་ལྗང་དམར་སྔོན་པོ་བཞི་རིམ་པ་བཞིན་དུ་ཡེ་ཤེས་ཀྱི་ཁྱུང་དཀར་པོ། ཁྱུང་ཁྲ་བོ། ཁྱུང་དམར་པོ། ཁྱུང་ལྗང་སྔོན་བཞི། ཕྱག་གཡས་ན་རིམ་པ་བཞིན་དུ་འཁོར་ལོ། །རིན་ཆེན། པདྨ། རལ་གྲི་དང་། གཡོན་ན་རང་རང་གི་ཁ་དོག་ཅན་གྱི་སྦྲུལ་བཟུང་ནས་ཞལ་དུ་གསོལ་བ། རྭ་དང་མཆུ་སྡེར་རྣོ་ཞིང་། ཀླུ་དཀར་ཕྱོགས་བསྣམས་རྗེས་སུ་འཛིན་པ་དང་ནག་ཕྱོགས་པ་རྣམས་ཚར་གཅོད་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར། གཞན་རྣམས་ནི་སྐད་ཅིག་གིས་རྗེ་བླ་མ་ལ་ཀླུ་དབང་གི་རྒྱལ་པོ་དང་། རིགས་གསུམ་གྱི་མགོན་པོ། །སངས་རྒྱས་བྱང་སེམས་ཉན་རང་སྲུང་མའི་ཚོགས་ཀྱིས་བསྐོར་བར་གྱུར་པའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཕྱག་བྱར་སོགས་ཀྱིས་བསྟོད། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་སོགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་དེ་དག་གི་ཐུགས་ཀར་ཐིམ་པར་ཁྱུང་བར་བསམ་ལ། དམིགས་བརྩེ་མ་དང་། ཏདྱཱ་ཐཱ། ༀ་ཏ་ཐཱ་ག་ཏ་བྷ་ག་ཝན། ནཱ་ག་དཱ་ཛེ་ཤྭ་ར་ཨ་དྷིཥྛ་ན་ཨ་བྷིཥྛི་ཏེ་སྭཱ་ཧཱ་དང་། ༀ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུཾ་ཕཊ་དང་། རིགས་གསུམ་གྱི་སྙིང་པོ་དང་། ༀ་བཀྵི་སྭཱ་ཧཱ་དང་། ༀ་ནཱ་ག་བུཿ སོགས་ཅི་འགྲུབ་བཟླ། མཐར་ལྷ་རྣམས་འོད་དུ་ཞུ་ནས་བྲིས་པའི་རྣམ་པར་གྱུར་པར་བསམ། དེ་ནས། ཆུ་གཟའ་ཆུ་སྐར་སོགས་འཇོམ་པའི་དུས་སུ། ཆུ་འགོར་འགྲོ་བའི་ཚེ་རང་རྗེ་བླ་མར་བསྒོམས་ལ་དམིགས་བརྩེ་མ་འདོན་ཞིང་འགྲོ། སླེབ་འཕྲལ་ལ་སྐྱབས་འགྲོ་བྱས་ལ། རྗེ་བླ་མ་གསལ་བཞིན་པར་དམིགས་བརྩེ་མ་གང་འགྲུབ་བཟླས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཀླུ་ཆེན་བརྒྱད་ལ་སོགས་པ་ཀླུའི་ཚོགས་རྣམས་མ་ལུས་པ་གནས་འདིར་སྤྱན་དྲངས། །ནཱ་ག་རཱ་ཛཱ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་དམ། སྤྲོ་ན་ཀླུ་གཏོར་རྒྱས་བསྡུས་གང་རུང་གཏོང་། ཀླུའི་སྔགས་བཟླ་བར་འདོད་ན། ༀ་ནཱ་ག་རཱ་ཛ་བ་སུ་ཀི་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཀ རྐོ་ཊ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཤངྑ་པཱ་ལ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཨ་ནཏྣ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཝཱ་རུ་ཎ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཏ་ཀྵ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཀུ་ལི་ཀཱ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་པདྨ་ལ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་མ་ཧཱ་པདྨ་ཡ་ཕུཿསྭཱ་ཧཱ། ཞེས་པ་ཀླུ་རྒྱལ་རྣམས་ཀྱི་སྒྲགས་དང་། ༀ་ནཱ་ག་གུ་ལ་པཉྩ་ཤནྟི་སྭཱ་ཧཱ། ༀ་ནཱ་ག་པྲ་ཏི་པོ་ལ་སྭཱ་ཧཱ། ༀ་ནཱ་ག་པྲ་བྷཉྩ་པུ་ཉེ་བ་སྭཱ་ཧཱ། ༀ་ཏ་ཐཱ་ག་ཏི་ཧྲིཿཏ་ཧཱུཾ་སྭཱ་ཧཱ། ཞེས་ཀླུ་རིགས་བཞིའི་སྔགས་རྣམས་དང་། ༀ་ནཱ་ག་ཕུཿ སོགས་ཀྱང་ཅི་ནུས་བཟླའོ། །དེ་ནས་འདི་སྐད་དུ། ཀླུའི་རྒྱལ་པོ་དགའ་བོ་དང་གཙུག་ན་རིན་ཆེན་ལ་སོགས་པ་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས་གདོལ་པའི་རིགས་སུ་གྱུར་པའི་ཀླུའི་རིགས་རྣམས་ཐམས་ཅད་ཉོན་ཅིག་ཅེས་བརྗོད་ནས་དུང་ལན་གསུམ་འབུད། འོ་འདིར་བདག་ཅག་ཁྱེད་རྣམས་ལ་དོ་བསྔོ་བ་དང་། བོན་འཚོལ་བ་སོགས་གནོད་པའི་ཆེད་དུ་འོང་བ་མ་ཡིན་གྱི། འཛམ་བུའི་གླིང་དུ་ཆར་དཀོན་པས། ཁྱེད་རྣམས་ལ་ཆར་སློང་དུ་འོངས་པ་ཡིན། ཡུལ་ཁམས་འདི་དག་ཏུ་ཆར་ཆེན་པོའི་རྒྱུན་མྱུར་དུ་ཕོབ་ལ། ལོ་ཏོག་དང་རྩི་བཅུད་རྒྱས་པར་མཛོད་ཅིག །ཅེས་ལན་གསུམ་བརྗོད་ཅིང་དམིགས་བརྩེ་མ་འདོན། ཕྱོགས་ཕྱོགས་སུ་མཚམས་ཐོ་དང་དེའི་ནང་གི་ཕྱོགས་བཞིར་ཐོ་བཞི་བརྩིགས་པ་ལ་དར་ཅོག་དཀར་པོ་སོགས་བཞི་མདུན་ནས་གཡས་བསྐོར་གྱིས་བཙུགས་ལ་སྔར་ལྟར་ཁྱུང་བཞིར་བསྐྱེད། ༀ་བཛྲ་ག་རུ་ཌས་མཆོད་གཏོར་ཕུལ་ཏེ། ཡེ་ཤེས་ཀྱི་ཁྱུང་བཞི་པོ་ཁྱེད་རྣམས་ཀྱིས་ཆུ་འགོ་འདིར་གནས་པའི་ཀླུ་རྣམས་གཞན་དུ་མི་འགྲོ་བར་བསྲུང་བ་དང་། ཆར་པའི་བར་ཆད་བྱེད་པ་རྣམས་ཞི་བར་མཛོད་ཅིག །ཅེས་འཕྲིན་ལས་བཅོས། དར་ཅོག་གཞན་ལྔ་ཆུ་འགོའི་སྟེང་དང་མཚམས་བཞིར་བཙུགས་ཏེ། སྔར་བསྒྲུབ་པའི་སྐབས་བཞིན་ཡིད་ཀྱིས་གསོལ་བཏབ་ལ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། །བདེ་གཤེགས་ཀླུ་དབང་གི་རྒྱལ་པོ། རྗེ་བཙུན་སེང་གེའི་སྒྲ། འཕགས་པ་རིགས་གསུམ་གྱི་མགོན་པོ་སོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡུལ་འདིར་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག །ཅེས་གསོལ་བ་གདབ། གཞི་བདག་གི་གཏོར་མ་བཏང་ལ་འཕྲིན་ལས་བཅོས། །བསངས་བཏང་སྟེ་ཆར་འབེབས་པའི་འདོད་དོན་ཞུ། དེ་ནས་སྔར་བསྒྲུབས་པའི་རིལ་བུ་དང་བཅས་པའི་བུམ་པ་དེ་ཡིན་ན་རབ། མེད་ན། ཀླུ་སྦྲན་གྱི་རྫས་ལས་གྲུབ་པའི་རིལ་བུ་བརྒྱ་རྩ་བརྒྱད་དང་ལྡན་པའི་བུམ་པ་གསར་དུ་བསྒྲུབས་ནས། ཆུ་འགོའི་ནང་དུ་བརྟན་པོ་འོང་བར་བྱས་ནས་བཞག །གྲུབ་ན་དེའི་སྟེང་དུ་རྗེའི་སྐུ་རབ་གནས་ཅན་ཞིག་ཀྱང་བཞུགས་སུ་བཅུག་སྟེ་དར་རས་ཀྱི་གུར་བླ་རེ་ཡོལ་བ་སོགས་ཀྱིས་ལེགས་པར་བརྒྱན། མཐར་མཆོད་པ་ཅི་འབྱོར་བཤམས་ལ། སྒྲུབ་པ་པོ་རྣམས་འཁོད་དེ། སྐྱབས་འགྲོ་སོགས་བྱས་ནས། རང་སྐད་ཅིག་གིས་རྗེ་བླ་མར་བསྐྱེད། མདུན་གྱི་ནམ་མཁར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་མོས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་རྗེ་རིན་པོ་ཆེ་གཙོ་འཁོར་རྣམས་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཀླུའི་ཚོགས་རྣམས་ལ་ཕོག་པས། དེ་དག་གི་གནོད་པ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། བྱམས་པའི་སེམས་དང་ལྡན་པར་བྱས་ནས་མཁའ་ལ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལས་ཆར་གྱི་རྒྱུན་འབེབས་པར་བསམ་པ་དང་། ཡང་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། ཆར་འབེབས་པ་ལ་བར་དུ་གཅོད་པའི་རིགས་དང་། ཐན་པའི་འབྲས་བུ་མྱོང་འགྱུར་གྱི་ལས་ངན་པ་ཐམས་ཅད་དག་པར་གྱུར་ཅེས་བརྗོད་ཅིང་བསམ་པ་སོགས་བྱེད་པའི་ཚུལ་གྱིས་དམིགས་བརྩེ་མ་བཟླ། གྲོགས་འགའ་ཞིག་གིས་སྤྲིན་ཆེན་པོ་དང་མཆུ་སྡེ་ལྔ་སོགས་འདོན་པ་དང་། བརྒྱ་རྩ། འབྱུང་བཞི། ཀླུ་གཏོར། ཆ་གསུམ། ལན་ཆགས་གཏོར་མ་གཏོང་བ་དང་། ཆོས་སྐྱོང་ལ་གཏོར་འབུལ་ཁྲུས་གསོལ་སོགས་ཀྱང་གང་ཐུབ་བྱ། ཆར་འབེབས་ཀྱི་རིང་ལ་གནས་དེར་འཐབ་འཁྲུག་མི་བྱེད་ཅིང་མི་གྲིབ་ཅན་སོགས་དང་། ཤ་ཆང་སྒོག་གཙོང་ཐ་མ་ཁི་སོགས་ལ་འཛེམ་དགོས་པར་བཤད། དེ་ཡང་བྱེད་པ་པོ་རྣམས་ཀྱིས་ཁྲལ་བབས་པ་ལྟ་བུ་དང་རྒོད་བག་གི་བསམ་པ་ཙམ་མ་ཡིན་པར་ཕན་པའི་སེམས་དང་དུ་བ་ཤུགས་དྲག་པོས་དེ་ལྟར་བསྒྲུབ་པར་འབད་ན། ཞགས་གསུམ་དང་། མཐའ་བཞག་བདུན་ཚུན་ཆད་དུ་ངེས་པར་འབེབ་ཅེས་གསུང་ངོ་། །དེ་ནས་ཕྱིར་ལོག་པར་འདོད་པའི་ཚེ། དཀོན་མཆོག་ལ་མཆོད་པ་དང་། ལྷ་ཀླུ་སོགས་ལ་བཏང་རག་གི་ཚུལ་དུ་བསངས་གཏོར། བུམ་པའི་ནང་གི་རིལ་བུ་ཐམས་ཅད་དམ། འགའ་ཞིག་ཆུ་འགོའི་ནང་དུ་བླུག་ལ་བྱ་ཁྱི་སོགས་ཀྱིས་མི་ཟ་བར་བྱ་ཞིང་། དར་ཅོག་རྣམས་བསྡུ་ཐོ་རྣམས་བསྐྱེལ་ཏེ་ཤིས་བརྗོད་ཀྱང་བྱའོ། །སྨྲས་པ། རབ་འབྱམས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། རབ་དཀར་གངས་རིའི་ལྗོངས་སུ་བསྟན་འགྲོའི་དོན། །རབ་མང་ཉེ་བར་བསྒྲུབ་ཕྱིར་མངོན་བྱོན་པ། །རབ་མཆོག་རྗེ་བཙུན་བླ་མར་སླར་ཕྱག་འཚལ། །གང་དེའི་གསང་བའི་འཕྲིན་ལས་ཆར་འབེབས་ཚུལ། །དམ་པའི་མན་ངག་དང་བསྟུན་རང་གི་བློས། །སྦྱར་ལས་ནོངས་གྱུར་ཉེས་རྣམས་འགྱོད་ཆགས་ཤིང་། །དགེ་ཀུན་གཞན་ལ་ཕན་པའི་ཆེད་དུ་བསྔོ། །ཅེས་པ་འདི་ནི། ཕྱོགས་འདིར་བསྟན་པའི་མངའ་བདག་ཀོའུ་ཤྲི་ནང་སོ་ཡེས་ཀྱིས་གཞན་ཕན་སྤྱི་དང་། ཁྱད་པར་དུ་རྗེ་བླ་མའི་བསྟན་པ་དར་བ་དང་། འཕྲིན་ལས་ཆར་འབེབས་ཀྱི་ཆེད་དང་། ཕྱིས་འབྱུང་དུ་འང་ཕན་འདོད་ཀྱི་དགོངས་པས། ཆར་འབེབས་ལ་གཙོ་བོར་དམིགས་པའི་རིལ་བསྒྲུབ་མཛད་པར་བརྩོན་པའི་ཚེ། འདི་ལྟར་བུ་ཞིག་གྱིས་ཞེས་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། དམིགས་བརྩེ་མའི་ཆར་འབེབས་ཀྱི་ལས་ཚོགས་སྔོན་བྱུང་བ་འགའ་དང་། རྗེ་བཙུན་ལྕང་སྐྱ་ཞབས་དྲུང་གིས་མཛད་པའི་ཆར་འབེབས་ཀྱི་ལས་ཚོགས་རྣམས་གོ་བསྡུར། མ་ཎི་རིལ་བསྒྲུབ་སོགས་ནས་ཀྱང་ལེགས་ཆས་ཟུང་བརྒྱན་ཅིང་བཀོད་པ་སྟེ། འདི་འབྲི་བའི་འགོ་འཛུག་པ་དང་ཆར་འབེབས་པའི་རྟེན་འབྲེལ་འགྲིག་པས་གཞན་ལའང་ཕན་པར་འགྱུར་སྙམ་དུ་སེམས་སོ། །བཀྲ་ཤིས།། །།


previousདམིགས་བརྩེ་མའི་རིལ་སྒྲུབ་དང་འབྲེལ་བའི་ཆར་འབེབས་ཀྱི་ལས་ཚོགས་ཕན་བདེའི་འབྱུང་གནས།next