Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀོན་མཆོག་གསུམ་དང་སྐྱབས་འགྲོའི་རྣམ་གཞག་གསལ་བར་བསྟན་པ་དངོས་གྲུབ་འབྱུང་གནས།
   


 
previousདཀོན་མཆོག་གསུམ་དང་སྐྱབས་འགྲོའི་རྣམ་གཞག་གསལ་བར་བསྟན་པ་དངོས་གྲུབ་འབྱུང་གནས།next

དཀོན་མཆོག་གསུམ་དང་སྐྱབས་འགྲོའི་རྣམ་གཞག་གསལ་བར་བསྟན་པ་དངོས་གྲུབ་འབྱུང་གནས།

དཀོན་མཆོག་གསུམ་དང་སྐྱབས་འགྲོའི་རྣམ་གཞག་གསལ་བར་བསྟན་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། རང་གཞན་དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས། །འགོག་ལམ་བདེན་གཉིས་དངོས་གྱུར་དམ་པའི་ཆོས། །རིག་གྲོལ་ཚོགས་གཉིས་དཔལ་ལྡན་དགེ་འདུན་ལ། །གུས་པས་བཏུད་ནས་དེ་ཡི་རྣམ་གཞག་བཤད། །དེ་ཡང་ཐར་འདོད་ཀྱིས་སྐྱེས་བུས་ནི། །སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ཁྱད་པར་ཤེས་དགོས་ཏེ། དེ་མ་ཤེས་པར་སྐྱབས་སུ་འགྲོ་བ་ནི་དད་པའི་རྗེས་སུ་འབྲང་བའི་མོས་པ་ཙམ་ཡིན་གྱི། ཚད་མས་དྲངས་པའི་ངེས་ཤེས་བརྟན་པོ་ཐོབ་པ་མིན་པས་སོ། །དེ་ན་འདིར་དེའི་རྣམ་གཞག་འཆད་པ་ལ་གཉིས། དངོས་དང་འཕྲོས་དོན་ནོ། །དང་པོ་ལ་གཉིས། །ཉན་ཐོས་སྡེ་བའི་འདོད་ཚུལ་བཤད་པ་དང་། །ཐེག་ཆེན་པའི་ལུགས་རྣམ་པར་བཞག་པའོ། །དང་པོ་ནི། བྱེ་བྲག་སྨྲ་བས། སངས་རྒྱས་ཀྱི་སྐུ་ལ་གཟུགས་སྐུ་དང་སྤྲུལ་སྐུའི་ཐ་སྙད་བྱེད་ཀྱང་། ལོངས་སྐུའི་རྣམ་གཞག་ཁས་མི་ལེན་པས། མཆོག་གི་སྤྲུལ་སྐུའི་ཐ་སྙད་ཀྱང་། དངོས་སུ་མི་བཞེད་པར་གསལ་ལོ། །དེས་གཟུགས་སྐུ་སངས་རྒྱས་སུ་ཁས་ལེན་ཀྱང་སངས་རྒྱས་དཀོན་མཆོག་ཏུ་མི་འདོད་དེ། དེས་དེ་སྡུག་བསྔལ་བདེན་པར་འདོད་པས་སོ། །ཉན་ཐོས་སྡེ་གཉིས་ཀས་སློབ་པ་འཕགས་པ་རྣམས་དགེ་འདུན་དུ་བཞེད་ཀྱང་། དགེ་འདུན་དཀོན་མཆོག་ཏུ་མི་འདོད་དེ། དེས་དེ་དག་གི་རྒྱུད་ཀྱི་ལམ་བདེན་རྣམས་དགེ་འདུན་དཀོན་མཆོག་དང་འགོག་བདེན་རྣམས་ཆོས་དཀོན་མཆོག་ཏུ་ཁས་ལེན་པའི་ཕྱིར་རོ། ཁྱད་པར་ཞིབ་པར་ནི་གཞན་ནས་ཤེས་པར་བྱའོ། །གཉིས་པ་ཐེག་ཆེན་པོའི་ལུགས་བཤད་པ་ལ་གཉིས། སྐྱབས་ཀྱི་རྣམ་གཞག་དང་། སྐྱབས་འགྲོའི་རྣམ་གཞག་བཤད་པའོ། །དང་པོ་ལ་ལྔ། སྐྱབས་གསུམ་དུ་འཇོག་པའི་རྒྱུ་མཚན། སྐྱབས་གསུམ་གྱི་ངོ་བོ། ཀུན་རྫོབ་དང་དོན་དམ་པའི་སྐྱབས་ཀྱི་ཁྱད་པར། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར། སྒྲ་དོན་ནོ། །དང་པོ་དེར་འཇོག་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་རྣམས་ནི། གཙོ་བོར་སངས་རྒྱས་དཀོན་མཆོག་ལ་མོས་ཤིང་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་མཛད་ནས། དེ་དེ་རྣམས་ཀྱི་སྐྱབས་སུ་བཞག །གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྣམས་ནི། ཆོས་དཀོན་མཆོག་ལ་མོས་ཤིང་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་མཛད་ནས། དེ་དེ་རྣམས་ཀྱི་སྐྱབས་སུ་བཞག །གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྣམས་ནི། གཙོ་བོར་དགེ་འདུན་དཀོན་མཆོག་ལ་མོས་ཤིང་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་མཛད་ནས། དེ་དེ་རྣམས་ཀྱི་སྐྱབས་སུ་བཞག་ཅིང་། དེ་ལྟ་ནའང་གདུལ་བྱ་རེ་རེས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པ་པོ། དམ་པའི་ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བྱེད་པར་མཚུངས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལས། །མོས་པ་གསུམ་གྱི་དབང་མཛད་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྐྱབས་གསུམ་གྱི་ངོ་བོ་བཤད་པ་ལ་གསུམ་གྱི་དང་པོ་སངས་རྒྱས་དཀོན་མཆོག་ལ་གསུམ། མཚན་ཉིད་དང་། ཡོན་ཏན་གྱི་ཁྱད་པར། དབྱེ་བའོ། །དང་པོ་ནི། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག །སངས་རྒྱས་དཀོན་མཆོག་གི་མཚན་ཉིད། གཉིས་པ་ནི། སངས་རྒྱས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། རང་དོན་གྱི་ཡོན་ཏན་གསུམ་དང་གཞན་དོན་གྱི་ཡོན་ཏན་གསུམ། ཁྱད་གཞི་རང་དོན་ཕུན་ཚོགས་ཀྱི་ཡོན་ཏན་དང་། གཞན་དོན་ཕུན་ཚོགས་ཀྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་ཡོན་ཏན། འབད་རྩོལ་ཉེ་བར་ཞི་བ་ལྷུན་གྱིས་གྲུབ་པའི་ཡོན་ཏན། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་རྐྱེན་ཙམ་གྱིས་ཇི་ལྟ་བ་བཞིན་རྟོགས་མི་ནུས་པའི་ཡོན་ཏན་གསུམ་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡོན་ཏན། བརྩེ་བ་སྙིང་རྗེ་ཆེན་པོའི་ཡོན་ཏན། ནུས་པའི་ཡོན་ཏན་གསུམ། དབྱེ་གཞི་རང་དོན་དང་གཞན་དོན་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། བྱམས་མགོན་གྱིས་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་དབྱེ་ན། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་དང་། དོན་དམ་པའི་སངས་རྒྱས་དཀོན་མཆོག་གཉིས། དང་པོ་གཞན་དོན་གཟུགས་སྐུ་དང་། གཉིས་པ་ནི་རང་དོན་ཆོས་སྐུ་ལ་བྱེད་དོ། །དང་པོ་ལ་དབྱེ་ན་གཉིས། ལོངས་སྐུ་དང་སྤྲུལ་སྐུའོ། །དང་པོ་ནི། ལོངས་སྐུ་དེ་ཐ་མལ་པའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་ཕྲ་བ་ཡེ་ཤེས་ཀྱི་སྐུ་ཅན་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གི་བསྐོར་བ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུང་བ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་ཀྱི་བར་དུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་བཞུགས་པའི་ཕྱིར། མཚན་ཉིད་ལྔ་དང་ཡང་ལྡན་ཏེ། སྐུ་མཚན་དཔེས་བརྒྱན་པའི་སྒོ་ནས་ཆོས་སྟོན་པ་རྒྱུན་མི་ཆད། གསུང་ཡན་ལག་དྲུག་ཅུའི་སྒོ་ནས་ཐེག་ཆེན་གྱི་ཆོས་བརྗོད་པ་རྒྱུན་མི་ཆད། ཐུགས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འཕྲིན་ལས་མཛད་པ་རྒྱུན་མི་ཆད། འབད་རྩོལ་གྱི་འདུ་བྱེད་མེད་པ་དང་། གདུལ་བྱའི་ངོ་བོར་སྤྲུལ་པ་སྣ་ཚོགས་སུ་སྣང་བའི་ཕྱིར་ཏེ། བྱམས་པས། བརྗོད་སྟོན་མཛད་རྒྱུན་མི་ཆད་དང་། མངོན་པར་འདུ་བྱེད་མེད་པ་དང་། དེའི་ངོ་བོར་མི་སྟོན་པ། འདིར་ནི་སྣ་ཚོགས་སྣང་བར་བརྗོད། ཅེས་གསུངས་པའི་ཕྱིར། གཉིས་པ་ལ་དབྱེ་ན་གསུམ། མཆོག་གི་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུའོ། །དང་པོ་ནི། མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སྤྲུལ་སྐུ་སྟེ། བདག་ཅག་གི་སྟོན་པ་ལྟ་བུའོ། །འདི་ནི་སོ་སྐྱེའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ཀྱང་། སྐུ་ཤ་རུས་བརྡོས་བཅས་ལྟར་སྣང་ཡང་དེ་མ་ཡིན་པར་གསེར་གར་བུ་བཞིན་ཏེ། དོན་ལ་ནི་ཕོ་བ་དང་ནང་ཁྲོལ་རྒྱུ་མ་སོགས་ཀྱང་མེད་ཅེས་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་རྒྱས་པར་བཤད་པ་ལྟར་རོ། །གཉིས་པ་ནི། བི་ཤྭ་ཀརྨ་ལྟ་བུ། གསུམ་པ་ནི། དམ་པ་ཏོག་དཀར་ལྟ་བུའོ། །གཉིས་པ་ཆོས་སྐུ་ལ་གཉིས། སྤངས་པ་ཆོས་སྐུ་དང་། རྟོགས་པ་ཆོས་སྐུའོ། །དང་པོ་ནི། ངོ་བོ་ཉིད་སྐུ་སྟེ། འདི་ནི་དག་པ་གཉིས་ལྡན་གྱི་ཆོས་ཉིད་ཀྱི་སྐུ་ཞིག་ལ་བྱེད་ཅིང་། དབྱེ་ན་གཉིས། རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུའོ། །སྐུ་དེ་ཡོན་ཏན་ལྔ་དང་ལྡན་པ་ཡིན་ཏེ། གཞལ་དུ་མེད་པའི་ཡོན་ཏན། གྲངས་མེད་པའི་ཡོན་ཏན། བསམ་གྱིས་མི་ཁྱབ་པའི་ཡོན་ཏན། མི་མཉམ་པའི་ཡོན་ཏན། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ། བྱམས་པས། གཞལ་མེད་གྲངས་མེད་བསམ་མེད་དང་། །མཉམ་མེད་དག་པའི་མཐར་ཐུག་པ། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་ལྔ་དང་ཡང་ལྡན་ཏེ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ། རྟོགས་པའི་ཡོན་ཏན་དུ་མའི་ཚོགས་པ་དང་ངོ་བོ་དབྱེར་མེད་པ། སྒྲོ་སྐུར་གྱི་མཐའ་གཉིས་སྤངས་པ། སྒྲིབ་པ་གསུམ་ལས་གྲོལ་བ། རང་བཞིན་རྣམ་དག་གི་ཆ་འོད་གསལ་བ་དང་ལྡན་པའི་ཕྱིར། བྱམས་པས། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །སྒྲིབ་གསུམ་ལས་ནི་ངེས་གྲོལ་བ། །ཞེས་པ་ནས། དག་པའི་ཕྱིར་ན་འོད་གསལ་བ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྟོགས་པ་ཡེ་ཤེས་ཆོས་སྐུ་དང་རྣམ་མཁྱེན་དོན་གཅིག་ཅིང་། འདི་ལ་དེར་གྱུར་པའི་ཇི་ལྟར་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་སམ། མེ་ལོང་ཡེ་ཤེས་སོགས་ལྔ་དང་། རྒྱས་པར་ན་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད། དེ་རྣམས་བསྡུ་ན་ཆོས་གཟུགས་ཀྱི་སྐུ་གཉིས་སུ་འདུ་ཞིང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་འང་འདུ། རྒྱུ་གང་ལ་བརྟེན་ནས་ཐོབ་པ་ནི། གཟུགས་སྐུ་གཉིས་གཙོ་བོར་བསོད་ནམས་ཀྱི་ཚོགས་དང་། ཆོས་སྐུ་གཉིས་གཙོ་བོར་ཡེ་ཤེས་ཀྱི་ཚོགས་ལས་འགྲུབ་པར་འགྱུར་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཆོས་དཀོན་མཆོག་ལ་གསུམ། །མཚན་ཉིད། ཡོན་ཏན། དབྱེ་བའོ། །དང་པོ་ནི། འགོག་ལམ་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད། གཉིས་པ་ཆོས་དཀོན་མཆོག་དེ་ཡང་ཡོན་ཏན་བརྒྱད་དང་ལྡན་ཏེ། འགོག་བདེན་གྱིས་བསྡུས་པའི་ཡོན་ཏན་གསུམ་དང་། ལམ་བདེན་གྱིས་བསྡུས་པའི་ཡོན་ཏན་གསུམ། ཁྱད་པར་དེ་ལྡན་གྱི་འགོག་པ་དང་ལམ་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། རྟོག་གེའི་བློས་མཐའ་བཞིར་བསམ་དུ་མེད་པ། ལས་ཉོན་གཉིས་ཅི་རིགས་མེད་པ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་མེད་པའི་ཡོན་ཏན་གསུམ་དང་། རང་གི་ངོ་བོ་དང་འཛིན་སྟངས་ལ་སྒྲིབ་པའི་སླད་པ་མ་ཞུགས་པའི་དག་པ། སེམས་ཀྱི་གནས་ལུགས་རྟོགས་པའི་གསལ། མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའི་ཡོན་ཏན་གསུམ་དང་། གང་ཞིག་ཆགས་པ་དང་བྲལ་བ་འགོག་པ་དང་། གང་གིས་ཆགས་པ་དང་བྲལ་བྱེད་ལམ་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། བྱམས་པས། བསམ་མེད་གཉིས་མེད་རྟོག་མེད་དང་། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ངོ་བོའི་སྒོོ་ནས་དབྱེ་ན་འགོག་བདེན་དང་། ལམ་བདེན་གཉིས། དངོས་པོ་བཏགས་མ་ཕྱེ་བར་དབྱེ་ན། ཀུན་རྫོབ་པའི་ཆོས་དཀོན་མཆོག་དང་། དོན་དམ་པའི་ཆོས་དཀོན་མཆོག་གཉིས། དང་པོ་ནི། རྒྱས་འབྲིང་བསྡུས་གསུམ་ལྟ་བུ་ལུང་གི་ཆོས་འཁོར་རྣམས་ཏེ། འདི་དག་ནི་ཆོས་དཀོན་མཆོག་བཏགས་པ་བ་ཡིན་གྱི། དངོས་ནི་མིན་ནོ། །གཉིས་པ་ནི། འཕགས་རྒྱུད་ཀྱིས་བསྡུས་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་སོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་གསུམ། མཚན་ཉིད། ཡོན་ཏན། དབྱེ་བའོ། །དང་པོ་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། གཉིས་པ་ནི། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་ཏེ། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། སོ་སོ་རང་རིག་པ་གསུམ་དང་། ཆགས་སྒྲིབ། ཐོགས་སྒྲིབ། དམན་སྒྲིབ་ལས་གྲོལ་བ་གསུམ་དང་། ཁྱད་གཞི་རིག་པ་དང་གྲོལ་བའི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། བྱམས་པས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ངོ་བོའི་སྒོ་ནས་དབྱེ་ན། ཐེག་པ་གསུམ་གྱི་འཕགས་པའི་གང་ཟག་རྣམས་སུ་ཡོད་ལ། སྒྲས་བརྗོད་རིགས་ཀྱིས་དབྱེ་ན། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་དང་། དོན་དམ་པའི་དགེ་འདུན་དཀོན་མཆོག་གཉིས། དང་པོ་ནི། ལམ་ཞུགས་ཀྱི་སོ་སྐྱེ་རྣམས་ཏེ། དགེ་འདུན་ཡིན་ཡང་། དགེ་འདུན་དཀོན་མཆོག་ནི་མིན་ནོ། །དེར་མ་ཟད། ལམ་དུ་མ་ཞུགས་ཀྱང་ཐར་པ་དོན་དུ་གཉེར་བའི་རབ་བྱུང་རྣམས་ནི་དགེ་འདུན་ཙམ་ཡིན་པ་མི་འགལ་ལ། འདུལ་བ་ལས་ནི། དགེ་སློང་བཞི་ཚན་དུ་ལོངས་པ་ལ་ནི། དགེ་འདུན་དང་། དེ་རེ་རེ་ལ་ནི་གང་ཟག་ཅེས་པའི་ཐ་སྙད་མཛད་དོ། །གཉིས་པ་དོན་དམ་པའི་དགེ་འདུན་དཀོན་མཆོག་ནི། འཕགས་པའི་གང་ཟག་ཐམས་ཅད་ལ་བྱའོ། །མདོར་ན། བདག་མེད་ཕྲ་རགས་གང་རུང་མངོན་སུམ་དུ་མ་རྟོགས་ཚུན་ཆད་འཕགས་ལམ་ཐོབ་པ་མེད་ཅིང་། འཕགས་ལམ་ཐོབ་པ་དང་དགེ་འདུན་དཀོན་མཆོག་ཏུ་གྱུར་བ། ཆོས་དཀོན་མཆོག་ཐོབ་པ་གསུམ་དུས་མཉམ་མོ། །འདིར་བཞེད་པ་མི་འདྲ་བ་ནི། མཁས་པའི་དབང་པོ་ཁ་ཅིག །ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་དང་། དོན་དམ་པའི་དགེ་འདུན་དཀོན་མཆོག་གཉིས་འགལ་བར་བཞེད་ལ། ཁ་ཅིག་ནི། དགེ་འདུན་དཀོན་མཆོག་ཡིན་ན། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ཡིན་པས་ཁྱབ་ཅེས་གསུངས་ཤིང་། ཁ་ཅིག་བྱང་སེམས་འཕགས་པ་རྣམས་དོན་དམ་པའི་དགེ་འདུན་དཀོན་མཆོག་ཡིན་ཀྱང་། ཐེག་དམན་འཕགས་པ་རྣམས་དེ་མིན་ཞེས་འདོད་པ་དང་། ཁ་ཅིག་དོན་དམ་པའི་དགེ་འདུན་དཀོན་མཆོག་ཡིན་ན། ལམ་བདེན་ཡིན་པས་ཁྱབ་ཅེས་ཟེར་ཡང་། རང་ལུགས་ནི་སྔར་ལྟར་བྱས་ན་ལེགས་ཏེ། དྲིན་ལན་གསབ་བའི་མདོ་ལས། བཅོམ་ལྡན་འདས་དགེ་འདུན་གང་ལ་སྐྱབས་སུ་འགྲོ་ལགས། བཀའ་སྩལ་པ། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི། ཀུན་རྫོབ་པའི་དགེ་འདུན་ལ་ནི་མ་ཡིན་ནོ། །ཞེས་སྐྱབས་སུ་འགྲོ་ཡུལ་གྱི་དགེ་འདུན་ལ་གཙོ་ཕལ་གྱི་ཁྱད་པར་བསྟན་པས་ཤེས་སོ། །འདིས་ནི་དེ་གཉིས་ཀྱི་ནང་ནས་གཙོ་བོར་དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་དགོས་པར་བསྟན་གྱི། ཀུན་རྫོབ་པའི་དགེ་འདུན་ལ་སྐྱབས་སུ་མི་འགྲོ་བ་བསྟན་པ་ནི་མིན་ནོ། །གསུམ་པ་ནི། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་སྐྱབས། དོན་དམ་པའི་སྐྱབས་ཀྱི་མཚན་ཉིད། དེ་དང་སངས་རྒྱས་དཀོན་མཆོག་གཉིས་དོན་གཅིག་ལམ་གྱི་བགྲོད་པ་མཐར་མ་ཕྱིན་པའི་སྐྱབས། ཀུན་རྫོབ་པའི་སྐྱབས་ཀྱི་མཚན་ཉིད། དེ་དང་སངས་རྒྱས་པའི་སྐྱབས་གཉིས་དོན་གཅིག །མདོར་ན། སློབ་པ་འཕགས་པ་རྣམས་དང་། དེ་དག་གི་རྒྱུད་ཀྱི་ལུང་རྟོགས་ཀྱི་ཆོས་རྣམས་ནི་ཀུན་རྫོབ་པའི་སྐྱབས་ཡིན་གྱི། དོན་དམ་པའི་སྐྱབས་མ་ཡིན་ཏེ། རྒྱུད་བླ་མ་ལས། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དོན་དམ་པའི་སྐྱབས་ནི་སངས་རྒྱས་ཁོ་ན་ཡིན་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་ནི། རྒྱུ་སྐྱབས་དང་། རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་ནི་འབྲས་སྐྱབས་ཡིན་ལ། གཞི་གཅིག་ལ་བལྟོས་ཏེ། དེ་གཉིས་ནི་འགལ་ཡང་། སྤྱིར་དེ་གཉིས་མི་འགལ་ཏེ། བདག་ཅག་གི་སྟོན་པ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར་ཏེ། དེ་རང་དང་རྒྱུད་ཐ་དད་པའི་སེམས་ཅན་གྱི་རྒྱུ་སྐྱབས་དང་། རང་དང་རྒྱུད་གཅིག་པའི་སེམས་ཅན་གྱི་འབྲས་བུ་སྐྱབས་ཡིན་པའི་ཕྱིར་རོ། །བྱང་སེམས་གྱི་རྒྱུ་སྐྱབས་ཡིན་ན། དེའི་རྒྱུ་ཡིན་པས་མ་ཁྱབ་སྟེ། བྱང་སེམས་མཐོང་ལམ་པ་དང་དུས་མཉམ་པའི་དེའི་ཕྱིར་ཡོངས་འཛིན་དེ། དེའི་རྒྱུ་སྐྱབས་ཡིན་པའི་ཕྱིར། དེའི་འབྲས་སྐྱབས་ཡིན་ན། དེའི་འབྲས་བུ་ཡིན་པས་མ་ཁྱབ་ཏེ། དེའི་རྒྱུད་ཀྱི་ནང་གི་ཡོངས་འཛིན་ཐབས་ཤེས་ཁྱད་པར་ཅན་དེ། དེའི་འབྲས་སྐྱབས་དང་། དེའི་ཐོབ་འགྱུར་གྱི་ངོ་བོ་ཉིད་སྐུ་ཡང་། དེའི་འབྲས་སྐྱབས་ཡིན་པའི་ཕྱིར་རོ། །ལྔ་པ་སྒྲ་དོན་ནི། བྱམས་པས་རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སྐྱབས་འགྲོའི་རྣམ་གཞག་བཤད་པ་ལ་དྲུག །སྐྱབས་སུ་འོས་ཚུལ། སྐྱབས་སུ་འགྲོ་བའི་རྒྱུ། སྐྱབས་འགྲོའི་ངོ་བོ། སྐྱབས་སུ་འགྲོ་ཚུལ། བསླབ་བྱ། ཕན་ཡོན་ནོ། །དང་པོ་ནི། སངས་རྒྱས་དཀོན་མཆོག་ཉིད་སྐྱབས་སུ་འོས་པ་ཡིན་ཏེ། གདུལ་བྱའི་དོན་མཛད་ཚུལ་ཤེས་པའི་མཁྱེན་པ་དང་། དེ་མཛད་པར་བཞེད་པའི་བརྩེ་བ་དང་། དེ་མཛད་ནུས་པའི་ནུས་པ་གསུམ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །དེས་ན། དེ་ཉིད་ཀྱིས་བསྟན་པའི་ཆོས་དང་དེ་སྒྲུབ་པའི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །གཉིས་པ་ནི། རང་ཉིད་འཇིགས་པ་སྤྱི་དང་། བྱེ་བྲག་ངན་སོང་དང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའོ། །གསུམ་པ་ངོ་བོར་བཤད་པ་ལ་གསུམ། མཚན་ཉིད། དབྱེ་བ། བཞེད་ཚུལ་གྱི་ཁྱད་པར་མི་འདྲ་བ་བསྟན་པའོ། །དང་པོ་ནི། སྐྱབས་ཡུལ་ལ་རང་སྟོབས་ཀྱིས་དཔུང་གཉེན་དུ་རེ་བ་འཆའ་བའི་སེམས་པ་དང་། སྐྱབས་འགྲོའི་མཚན་ཉིད། གཉིས་པ་དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རྡོ་རྗེ་བྱེད་ཚིག་གི་སྐྱབས་འགྲོ་དང་། ལྟོས་པ་བློའི་སྐྱབས་འགྲོ་གཉིས། དང་པོ་ནི། སྐྱབས་སུ་འགྲོ་བའི་ཚིག་རྣམས་ཏེ། དེ་སྐྱབས་འགྲོ་དངོས་མིན་ནོ། །གཉིས་པ་དབྱེ་ན་གཉིས། སྐྱབས་འགྲོ་ཁྱད་པར་ཅན་དང་། ཕལ་པའོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དཀོན་མཆོག་ལ་རང་སྟོབས་ཀྱི་དཔུང་གཉེན་དུ་རེ་བ་འཆའ་བའི་སེམས་པ། སྐྱབས་འགྲོ་ཁྱད་པར་ཅན་གྱི་མཚན་ཉིད། གཉིས་པ་དབྱེ་ན་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སྐྱབས་འགྲོ། །འབྲིང་དང་ཐུན་མོང་པའི་སྐྱབས་འགྲོ། །སྐྱེས་བུ་ཆེན་པོའི་སྐྱབས་འགྲོའོ། །དང་པོ་ནི། རང་ཉིད་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། གཉིས་པ་ནི། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། གསུམ་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་པའི་ཕྱིར་དུ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོའོ། །གཞན་ཡང་རྒྱུའི་སྐྱབས་འགྲོ་དང་། །འབྲས་བུའི་སྐྱབས་འགྲོ་གཉིས་ཏེ། དང་པོ་ནི། གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་པོ་གང་རུང་ལ་སྐྱབས་སུ་འགྲོ་བ་དང་། གཉིས་པ་ནི། རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་པོ་གང་རུང་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་སྟེ། སྐྱབས་འགྲོ་དེ་གཉིས་ཀའི་གཞི་མཐུན་ཡང་ཡོད་པར་མངོན་ནོ། །གཉིས་པ་སྐྱབས་འགྲོ་ཕལ་པ་ལ་གཉིས། མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། སྐྱབས་ཕལ་པ་ལ་རང་སྟོབས་ཀྱིས་དཔུང་གཉེན་དུ་རེ་བ་འཆའ་བའི་སེམས་པ། སྐྱབས་འགྲོ་ཕལ་པའི་མཚན་ཉིད། གཉིས་པ་ནི། འཇིག་རྟེན་པའི་ལྷ་ཚངས་པ་དང་། བརྒྱ་བྱིན། དབང་ཕྱུག་སོགས་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ལྟ་བུའོ། །རྒྱལ་པོ་དང་བློན་པོ་སོགས་ལ་རེ་བལྟོས་འཆའ་བ་ཡོད་ཀྱང་། དེ་སྐྱབས་འགྲོ་ཕལ་པར་ཡང་འཇོག་དཀའ་སྟེ། དེ་འཇོག་ན། ཕ་མ་དང་སྨན་པ་སོགས་སེམས་ཅན་དང་། ཁང་ཁྱིམ་ལྗོན་ཤིང་སོགས་སེམས་ཅན་མ་ཡིན་པ་གཞན་དུ་མ་ལ་རེ་བལྟོས་འཆའ་བའང་སྲིད་པས། ཐམས་ཅད་ཀྱང་སྐྱབས་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་བཞེད་ཚུལ་མི་འདྲ་བ་ནི། མཁས་པའི་དབང་པོ་ཁ་ཅིག ། སྐྱབས་འགྲོ་སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་ཡིན་པས། ཕྱི་རོལ་པའི་རྒྱུད་ལ་སྐྱབས་འགྲོ་མེད་དེ། ཕྱི་རོལ་པའི་རྒྱུད་ཀྱི་ཚངས་པ་ལ་རེ་བལྟོས་འཆའ་བའི་སེམས་པ་དེ། སྐྱབས་འགྲོ་ཕལ་པ་ཡིན་ཀྱང་སྐྱབས་འགྲོ་མིན་ནོ་ཞེས་བཞེད་ཅིང་། ཁ་ཅིག །དཀོན་མཆོག་ལས་གཞན་པའི་གང་ཟག་ལས་སྐྱབས་སུ་སོང་ཡང་། སྐྱབས་འགྲོའི་གོ་མི་ཆོད་པས། སྐྱབས་འགྲོ་ཡིན་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཡིན་པས་ཁྱབ་ཅེས་གསུངས་ལ། ཁ་ཅིག །འཕགས་པ་མ་ཡིན་པའི་ལམ་ཞུགས་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་དེ། སྐྱབས་འགྲོ་རྣམས་དག་ཡིན་ཀྱང་། ཚངས་པ་སོགས་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་དེ། སྐྱབས་འགྲོ་ཡང་མིན་ཞེས་ཟེར། ཁ་ཅིག །དཀོན་མཆོག་གསུམ་པོ་གང་རུང་གཅིག་ཁོ་ན་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཡོད་ཅེས་གསུངས་ཤིང་། ཁ་ཅིག་ནི། དེ་འདྲ་མི་སྲིད་ཅེས་བཞེད་པ་སོགས་མང་ཡང་། རང་ལུགས་ནི་བཤད་ཟིན་པ་ལྟར་རོ། །བཞི་པ་སྐྱབས་སུ་འགྲོ་ཚུལ་ལ་བཞི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ་ཤེས་པ། གཞན་དུ་མི་སྨྲ་བ་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་ཚུལ་ལོ། །དང་པོ་ནི། གོང་དུ་བཤད་པ་ལྟར་དཀོན་མཆོག་གི་ཡོན་ཏན་རྣམས་དང་། སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པའོ། །གཉིས་པ་ནི། སྔར་བཤད་པ་ལྟར་དཀོན་མཆོག་གསུམ་པོ་སོ་སོའི་མཚན་ཉིད་ཀྱི་ཁྱད་པར་སྤངས་རྟོགས་ཀྱི་ཁྱད་པར། འཕྲིན་ལས་ཀྱི་ཁྱད་པར་ཤེས་པའོ། །གསུམ་པ་ནི། སྟོན་པ་སངས་རྒྱས་ལ་སྐྱབས་སྟོན་པ་པོ། །ཆོས་མྱང་འདས་ལ་སྐྱབས་དངོས། འཕགས་པའི་དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་དམ་བཅའ་བའོ། །བཞི་པ་ནི། དཀོན་མཆོག་ལ་སྐྱབས་སུ་སོང་ནས་དེ་ཉིད་ལ་སྐྱབས་སུ་འགྲོ་དགོས་ཀྱི། དེ་དང་མི་མཐུན་པའི་སྐྱབས་ལྟར་སྣང་གཞན་ལ་སྐྱབས་སུ་མི་འགྲོ་བའོ། །ལྔ་པ་བསླབ་བྱ་ལ་གཉིས། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་གཉིས། དགག་པ་དང་། བསྒྲུབ་པའི་བསླབ་བྱའོ། །དང་པོ་ནི། མདོ་མྱང་འདས་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་ལྟར་རོ། །གཉིས་པ་ནི། སངས་རྒྱས་སྐུ་བརྙན་དང་། ཆོས་ཚིགས་སུ་བཅད་པ་གཅིག་ཡན་དང་། རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་། དེ་དག་དངོས་ཀྱི་འདུ་ཤེས་འཇོག་ཅིང་གུས་པར་བྱའོ། །གཉིས་པ་ཐུན་མོང་གི་བསླབ་བྱ་བདུན་བཅུ་སྟེ། སྐྱེས་བུ་དམ་པ་བསྟེན་པ། ཚུལ་བཞིན་ཡིད་ལ་བྱེད་པ། སྡོམ་པ་ལེན་པ། སྙིང་རྗེ་ཆེ་བ། དཀོན་མཆོག་གི་ཡོན་ཏན་དྲན་པ། རང་གིས་ཅི་ནུས་སུ་མཆོད་པ། གཞན་དཀོན་མཆོག་མཆོད་པ་ལ་བསྐུལ་བ། དགོས་པ་ཅི་འདྲ་བ་ལའང་དཀོན་མཆོད་ཅིང་གསོལ་བ། ཕན་ཡོན་ཤེས་ནས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ། སྲོག་གི་ཕྱིར་ཡང་དཀོན་མཆོག་བློས་མི་གཏོང་བའོ། །སྐྱབས་འགྲོའི་བསླབ་བྱ་གཞན་དང་འགལ་ན་ཉེས་པ་འབྱུང་ཡང་སྐྱབས་འགྲོ་མི་གཏོང་ལ། ཕྱི་མ་འདི་དང་འགལ་ན་ནི་སྐྱབས་འགྲོ་གཏོང་བས་ཤིན་ཏུ་གཟབ་པར་བྱའོ། །དྲུག་པ་ཕན་ཡོན་ནི་བརྒྱད་དེ། ནང་པ་སངས་རྒྱས་པར་ཆུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ། སྒྲིབ་པ་དག་པ། ཚོགས་རྫོགས་པ། ངན་འགྲོར་མི་ལྟུང་བ། བར་ཆད་ཀྱིས་ཚུགས་དཀའ་བ། བསམ་པ་འགྲུབ་པ། མྱུར་དུ་འཚང་རྒྱ་བའི་ཕན་ཡོན་རྣམས་འཐོབ་པར་འགྱུར་བའོ། །གཉིས་པ་འཕྲོས་དོན་ནི། སྤྱིར་མདོ་སྔགས་གང་གི་དབང་དུ་བྱས་ཀྱང་སྐྱབས་ཀྱི་ངོ་བོ་དང་། སྐྱབས་སུ་འགྲོ་ཚུལ་སོགས་སྔར་བཤད་པ་ལྟར་ཡིན་ནའང་། བླ་མེད་ཀྱི་སྐབས་སུ་སྐུ་གསུམ་གྱི་རྣམ་གཞག་མདོ་ལུགས་དང་ཅུང་མི་འདྲ་བ་ཡོད་དེ། ངེས་པ་ལྔ་དང་མི་ལྡན་པའི་ལོངས་སྐུ་དང་། འདུས་བྱས་ཡིན་པའི་ངོ་བོ་ཉིད་སྐུ་ཡང་བཞེད་པར་གསུངས་ཤིང་། སྐུ་གསུམ་གྱི་ཐ་སྙད་ཙམ་ནི་གཞི་ལམ་འབྲས་གསུམ་གྱི་སྐབས་སུའང་ཡོད་དོ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་དཀོན་མཆོག་གསུམ་པོ་གང་རུང་དུ་འདུ་བ་ཡིན་ཏེ། དེ་དག་ལས་སངས་རྒྱས་ཡིན་པ་རྣམས་ནི་དེ་ཉིད་དང་། དེ་མིན་པ་རྣམས་ནི་དགེ་འདུན་དུ་འདུ་བའི་ཕྱིར་རོ། །དེས་ན་ཁ་ཅིག །རྗེ་མི་ལས། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་སྐྱབས་འགྲོ་ཡིན། །ཞེས་དང་། བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་འགྲོ་ཡིན། །ཞེས་དང་། རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་འགྲོ་ཡིན། །ཞེས་གསུངས་པ་ལ་བརྟེན་ནས། སྔགས་ཀྱི་སྐབས་སུ་ཕྱི་ནང་གསང་བའི་སྐྱབས་འགྲོའི་ཐ་སྙད་མཛད་ཀྱང་། དེ་ལྟར་བྱེད་པ་ནི། རྒྱུད་རྒྱ་གཞུང་སོགས་ལས་བཤད་པ་ཞིག་ཡོད་ན། རྗེ་ཡབ་སྲས་ཀྱིས་ཀྱང་གསལ་བར་འཆད་དགོས་ནའང་། དེ་མི་འདུག་པས་འདིར་བཏང་སྙོམས་སུ་བྱ་བ་རིགས་སོ། །སྐྱབས་སུ་འགྲོ་བའི་དམིགས་རིམ་དང་ཆོ་ག་ནི། གཞན་ནས་ཤེས་པར་བྱ་སྟེ། མང་དུ་དོགས་ནས་མ་བྲིས་སོ། །སྨྲས་པ། གང་དག་རྒྱལ་བའི་བསྟན་ལ་མཆོག་གསུམ་པོར། ཚིག་རྗེས་འབྲང་བའི་དད་པ་ཙམ་མིན་པར། །རིགས་པའི་རྗེས་ཞུགས་སྐྱབས་སུ་འགྲོ་འདོད་ན། །སྐྱབས་ཀྱི་ངོ་བོ་ཁྱད་པར་ཤེས་པ་གཅེས། ཚུལ་དེ་མི་ཤེས་བྲིས་འབུར་གླེགས་བམ་སོགས། །བརྡར་བཏགས་སྐྱབས་ཀྱི་གཟུགས་བརྙན་ཙམ་ཞིག་ནི། །དེ་དག་དངོས་སུ་བཟུང་ནས་སྐྱབས་སོང་ཡང་། །འབེན་མ་མཐོང་བའི་མུན་པའི་མདའ་འཕེན་བཞིན། །ཞིང་གི་དམ་པ་བླ་མ་དཀོན་མཆོག་གསུམ། །གུས་པས་བསྟེན་ཅིང་མཆོད་པ་ཡལ་བོར་ནས། །དུད་འགྲོའི་ཁྱུ་མང་སྐྱབས་ལྟར་རྟག་བསྟེན་པའི། །རབ་བྱུང་གང་དེ་བསྟན་འདིར་ཇི་ལྟ་བུ། །རྙེད་པ་ཐོབ་ན་དཀོན་མཆོག་དྲིན་ལས་ཏེ། །མ་ཐོབ་འགྱོད་མེད་གནས་པའི་ནུས་མེད་པར། །དེ་ཉིད་ཆེད་དུ་གཙོ་བོར་འབད་པ་ཁྱོད། །རབ་ཏུ་བྱུང་བའི་དགོས་པ་དེའམ་ཅི། ཞེས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། གཞན་ལ་ཕན་འདོད་ཀྱི་འདུན་པ་ཁོ་ནས་སྦྱར་བ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་པར་གྱུར་ཅིག ། མངྒལཾ།། །།


previousདཀོན་མཆོག་གསུམ་དང་སྐྱབས་འགྲོའི་རྣམ་གཞག་གསལ་བར་བསྟན་པ་དངོས་གྲུབ་འབྱུང་གནས།next