Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལས་ཀྱི་རྣམ་གཞག་གསལ་བའི་མེ་ལོང་།


 
previousལས་ཀྱི་རྣམ་གཞག་གསལ་བའི་མེ་ལོང་།no next

ལས་ཀྱི་རྣམ་གཞག་གསལ་བའི་མེ་ལོང་།

ལས་ཀྱི་རྣམ་གཞག་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷཱོ་ཥཱ་ཡ། གནས་དང་གནས་མིན་མཁྱེན་པའི་སྟོབས་ཉིད་ཀྱིས། །ལས་དང་འབྲས་བུའི་གནས་ཚུལ་མངོན་གཟིགས་ནས། །བརྩེ་བས་འགྲོ་ལ་ཇི་བཞིན་གསལ་མཛད་པ། །ཟླ་མེད་སྟོན་པ་ཤཱཀྱའི་རྒྱལ་པོར་འདུད། །རྒྱལ་ཚབ་དམ་པ་མི་ཕམ་ཆོས་རྗེ་དང་། །རྒྱལ་སྲས་ཀླུ་སྒྲུབ་ཐོགས་མེད་སྐུ་མཆེད་ཞབས། །རྒྱལ་བ་གཉིས་པ་བརྒྱུད་པར་བཅས་པ་ལ། །བཏུད་ནས་ལས་ཀྱི་ནམ་གཞག་བཤད་པར་བྱ། །འདི་ལ་དགུ། ལས་ཀྱི་མཚན་ཉིད། ངོ་བོའི་སྒོ་ནས་དབྱེ་བ། ལས་གསོག་ཚུལ། དབྱེ་བའི་རྣམ་གྲངས་གཞན། ལས་ལམ་བཅུའི་རྣམ་གཞག །ལས་ལྕི་ཡང་གི་ཁྱད་པར། ལས་ཀྱི་འབྲས་བུའི་རྣམ་གཞག །འཕེན་རྫོགས་ཀྱི་ཁྱད་པར། དེ་དག་གི་འཕྲོས་སོ། །དང་པོ་ནི། ཐལ་འགྱུར་བ་དང་བྱེ་བྲག་སྨྲ་བས་ལུས་ངག་གི་ལས་གཟུགས་ཅན་དུ་འདོད་ཀྱང་། འདིར་ཐོགས་མེད་སྐུ་མཆེད་སོགས་ཀྱི་བཞེད་པ་ལྟར་འཆད་པས། ཉོན་མོངས་དང་དེའི་བག་ཆགས་གང་རུང་གིས་ཀུན་ནས་བསླངས་ཤིང་ཉོན་མོངས་ལས་གཞན་པའི་སེམས་བྱུང་སེམས་པ་དེ། ལས་ཀྱི་མཚན་ཉིད། གཉིས་པ་ལས་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་ཡོད་པའི་སེམས་པའི་ལས་དང་ཡིད་ལས་དོན་གཅིག་ཅིང་། བསམ་པའི་ལས་ནི་ལུས་ངག་གི་ལས་ལ་བྱེད་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ལས། དེ་ལ་སེམས་པའི་ལས་ཞེས་གང་། །གསུངས་པ་དེ་ནི་ཡིད་ཀྱིར་འདོད། །བསམ་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གིར་འདོད། །ཞེས་དང་། དབྱིག་གཉེན་གྱིས་མཛོད་ལས་ཀྱང་། །ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པའི་ཕྱིར། སྒྲ་དོན་ནི། སེམས་པའི་ལས་དེ་ལ་ཡིད་ཀྱི་ལས་ཞེས་བྱ་སྟེ། ཡིད་ཀྱིས་བསྒྲུབས་པ་ཙམ་གྱིས་ཆོག་གི་ལུས་ངག་གང་རུང་དུ་ཐོན་པ་ལ་མ་བལྟོས་པའི་ལས་ཡིན་པའི་ཕྱིར། བསམ་པའི་ལས་དེ་ལ་ལུས་ངག་གི་ལས་ཞེས་བྱ་སྟེ། ཡིད་ལས་སེམས་པས་བསྐུལ་ནས་ལུས་ངག་གང་རུང་གིས་བསྒྲུབ་པར་བྱ་དགོས་པའི་ལས་ཡིན་པའི་ཕྱིར་ཞེས་བྱའོ། །དེ་ལྟར་ན་ལུས་ངག་ལ་མ་བལྟོས་པར་རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་སྐུལ་བར་བྱེད་པས་རབ་ཏུ་ཕྱེ་བའི་ལས་དེ་སེམས་པའི་ལས་ཀྱི་འཇོག་བྱེད་དང་། ལུས་ངག་གང་རུང་གིས་བསྒྲུབ་དགོས་པའི་རིག་གནས་ཀྱི་ལས་དེ་བསམ་པའི་ལས་ཀྱི་འཇོག་བྱེད་དུ་རིགས་སོ། །གསུམ་པ་ལས་ཇི་ལྟར་གསོག་ཚུལ་ནི། ལས་གསོག་པ་པོའི་རྟེན་ལ་སྐྱེ་འཕགས་གཉིས་ཡོད་ཅིང་། འཕགས་པའི་རྟེན་ལ་ནི་ཟག་བཅས་ཀྱི་དགེ་བའི་ལས་གསོག་པ་ཡོད་ཀྱང་། འཁོར་བར་འཕེན་བྱེད་ཀྱི་ལས་གསར་དུ་གསོག་པ་ནི་མེད་དེ། རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པའི་ཕྱིར། ཇི་སྲིད་ཡན་ལག་དང་པོ་མ་རིག་པའི་དབང་དུ་འགྲོ་བ་དེ་སྲིད་དུ་འཕེན་བྱེད་ཀྱི་ལས་དཀར་ནག་གཉིས་གསོག་ཅིང་། དེ་ཡང་འཕགས་ལམ་མ་ཐོབ་བར་དུ་གསོག་ཀྱང་དེ་ཐོབ་ནས་གསོག་པར་མི་འདོད་དོ། །དེ་ཡང་ཚེ་འདི་ཙམ་གྱི་ཆེད་དུ་སྲོག་གཅོད་སོགས་མི་དགེ་བ་ལ་འཇུག་ན་བསོད་ནམས་མ་ཡིན་པའི་ལས་གསོག་ལ། ཕྱི་མ་ཙམ་གྱི་ཆེད་དུ་འདོད་ཁམས་ཀྱི་སྦྱིན་གཏོང་དང་ཚུལ་ཁྲིམས་སྲུང་བ་སོགས་བྱེད་ན་བསོད་ནམས་ཀྱི་ལས་གསོག་ཅིང་། ཁམས་གོང་མའི་སས་བསྡུས་པའི་ཞིག་ནས་སོགས་བསྒོམས་ན་མི་གཡོ་བའི་ལས་གསོག་པའི་ཚུལ་གྱིས་འཁོར་བར་འགྲུབ་པར་འགྱུར་བ་ཡིན་ནོ། །དེའི་རིག་པས་འཁོར་བ་ལས་ཐར་འདོད་ཀྱི་བློས་དགེ་བའི་ལས་ལ་འཇུག་ན་ཐར་པའི་རྒྱུར་འགྱུར་པའི་ལས་གསོག་པར་འགྱུར་བ་འགྲུབ་བོ། །བཞི་པ་ནི། སྤྱིར་ལས་དེ་ལ་དབྱེ་ན། དགེ་མི་དགེ་ལུང་མ་བསྟན་གྱི་ལས་གསུམ། དེ་གསུམ་ཡང་ཟག་བཅས་ཟག་མེད་ཀྱི་ལས་གཉིས་སུ་འདུའོ། །རྣམ་གྲངས་ཀྱིས་དབྱེ་ན་མང་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ། བདེ་སྡུག་བཏང་སྙོམས་མྱོང་འགྱུར་གྱི་ལས་གསུམ། རྣམ་སྨིན་མྱོང་བར་ངེས་པ་དང་མ་ངེས་པའི་ལས་གཉིས། མྱོང་ངེས་ལ་ནི་མཐོང་ཆོས་དང་སྐྱེ་གནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུམ། བསགས་མ་བསགས་དང་བསགས་ལ་མ་བྱས་པ་དང་བྱས་ལ་མ་བསགས་པ་དང་བྱས་ཤིང་བསགས་པ་དང་མ་བྱས་ཤིང་མ་བསགས་པའི་ལས་རྣམས་དང་། དཀར་ལ་རྣམ་སྨིན་དཀར་བ་དང་ནག་ལ་རྣམ་སྨིན་ནག་པ་དང་དཀར་ནག་འདྲེས་མའི་ལས་དང་མི་དཀར་མི་ནག་པའི་ལས་བཞིའོ། །དེ་རྣམས་ཀྱི་ཁྱད་པར་རིམ་པར་བཤད་ན་འདི་ལྟར་ཡིན་ཏེ། རྣམ་སྨིན་བདེ་བ་མྱོང་འགྱུར་གྱི་ལས་དེ་དགེ་བའི་ལས་ཡིན་ལ། མཚན་གཞི་ནི་སྲོག་གཅོད་སྤོང་བའི་ལས་ལྟ་བུ། རྣམ་སྨིན་སྡུག་བསྔལ་མྱོང་འགྱུར་གྱི་ལས་དེ་མི་དགེ་བའི་ལས། མཚན་གཞི་ནི་སྲོག་གཅོད་ཀྱི་ལས་ལྟ་བུ། རྣམ་སྨིན་བདེ་སྡུག་གང་ཡང་མྱོང་འགྱུར་མ་ཡིན་པའི་ལས་དེ་ལུང་མ་བསྟན་གྱི་ལས། མཚན་གཞི་ནི་དགེ་སྡིག་གང་ཡང་མིན་པའི་བར་མའི་སེམས་ཀྱིས་བྱས་པའི་ལས་ལྟ་བུ་ཡིན་པའི་ཕྱིར། དགེ་བ་དང་ལུང་མ་བསྟན་གྱི་ལས་ནི་ཁམས་གསུམ་ན་ཡོད་ཀྱི། མི་དགེ་བའི་ལས་ནི་འདོད་ཁམས་མ་གཏོགས་ཁམས་གོང་ན་མེད་དེ། ཁམས་གོང་གི་སས་བསྡུས་པའི་མི་དགེ་བ་མེད་པའི་ཕྱིར་ཏེ། གོང་སས་བསྡུས་པའི་ཉོན་མོངས་ཡོད་ཀྱང་ཐམས་ཅད་ལུང་མ་བསྟན་ཡིན་པའི་ཕྱིར་ཏེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །ཞེས་གསུངས་པའི་ཕྱིར། གཙོ་བོའི་དབང་དུ་བྱས་ན་ཀུན་སློང་དགེ་བས་བྱས་པའི་ལས་དེ་དགེ་བའི་ལས་དང་། ཀུན་སློང་དུག་གསུམ་གང་རུང་གིས་བྱས་པའི་ལས་དེ་མི་དགེ་བའི་ལས་ཡིན་ཏེ། ཀུན་སློང་བཟང་ངན་གྱིས་དགེ་མི་དགེར་འགྱུར་བའི་ཕྱིར་ཏེ། མཛོད་ལས། དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། །ཞེས་གསུངས་པའི་ཕྱིར། ཀུན་སློང་བཟང་པོས་བྱས་པའི་ལས་ལ་དགེ་བ་དང་། ཀུན་སློང་ངན་པས་བྱས་པའི་ལས་ཡིན་ན་མི་དགེ་བ་ཡིན་པས་མ་ཁྱབ་པར་སེམས་ཏེ། མང་པོའི་དོན་དུ་སྙིང་རྗེས་ཀུན་ནས་བསླངས་ཏེ་གཞན་གྱི་སྲོག་བཅད་པའི་དངོས་གཞིའི་ལས་དེ་དགེ་བར་འཇོག་དཀའ་ཞིང་། ཀུན་སློང་ངན་ཡང་སྦྱིན་པ་བཏང་བའི་ལས་དེ་མི་དགེ་བར་ཡང་འཇོག་དཀའ་བའི་ཕྱིར། དེ་ལྟ་བུ་མེད་དོ་ཞེ་ན་ཡོད་དེ། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་དུང་ཐུང་བསད་པ་ལྟ་བུ་དང་། དུད་འགྲོ་གསོད་པའི་ཆེད་དུ་ཁ་ཟས་སྦྱིན་པའང་མཐོང་བའི་ཕྱིར། འོན་ཀྱང་མཁས་པ་ཁ་ཅིག་འདི་གཉིས་ཀྱང་ཀུན་སློང་གི་དབང་ཁོ་ནས་དགེ་མི་དགེར་འདོད་ལ། ཁ་ཅིག་སྔོན་མའི་རྒྱུའི་ཀུན་སློང་དགེ་བ་ཡིན་ཀྱང་དངོས་གཞི་སྲོག་བཅད་པའི་ལས་དེ་མི་དགེ་བ་དང་། ཕྱི་མའི་རྒྱུའི་ཀུན་སློང་མི་དགེ་བ་ཡིན་ཀྱང་དངོས་གཞི་སྦྱིན་པ་བཏང་བའི་ལས་དེ་དགེ་བར་འདོད་པ་ལས་ཕྱི་མ་ལྟར་འཐད་སྙམ་སྟེ། བརྟག་པར་བྱའོ། ཁ་ཅིག་དེ་གཉིས་ཀྱི་ནང་ནས་སྔོན་མ་དེ་ལས་ནག་ལ་རྣམ་སྨིན་དཀར་བའི་ལས་ཡིན་ནོ་ཟེར། དེ་ནི་མི་འཐད་དེ། ལས་ནག་པོའི་རྣམ་སྨིན་དཀར་བ་མི་སྲིད་པའི་ཕྱིར་ཏེ། རྒྱུ་མི་དགེ་བ་ལས་རྣམ་སྨིན་གྱི་འབྲས་བུ་བདེ་བ་དང་རྒྱུ་དགེ་བ་ལས་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་འབྱུང་བ་མི་སྲིད་པའི་ཕྱིར་ཏེ། བསྟོད་སྤྲིན་རྒྱ་མཚོ་ལས། སྦྱིན་ལས་འབྱོར་ལྡན་གནས་ཡིན་དབུལ་པོ་མིན། །སེར་སྣ་དབུལ་པོའི་གནས་ཡིན་འབྱོར་ལྡན་མིན། །ཞེས་གསུངས་པ་ལྟར་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་ཡོད་པའི་ཕྱིར། ལས་དགེ་མི་དགེ་གཉིས་རྣམ་སྨིན་བདེ་སྡུག་འབྱིན་པའི་སྒོ་ནས་བཞག་ཀྱང་། ལས་དགེ་མི་དགེ་ལ་རྣམ་སྨིན་འབྱིན་པས་མ་ཁྱབ་སྟེ། ཁོང་ཁྲོས་གཏན་མེད་དུ་འཇོམས་ནུས་པའི་དགེ་བ་དང་། སྟོབས་བཞིའི་བཤགས་པས་གཏན་ནས་འདག་ངེས་ཀྱི་མི་དགེ་བའི་ལས་ཡོད་པའི་ཕྱིར་ལུང་མ་བསྟན་གྱི་ལས་ལ་ནི་རྣམ་སྨིན་མི་འབྱིན་པས་ཁྱབ་ཀྱང་འབྲས་བུ་འབྱིན་པ་ཡོད་དེ། རྒྱུ་མཐུན་དང་སྐྱེས་བུ་བྱེད་པའི་འབྲས་བུ་འབྱིན་པ་ཡོད་པའི་ཕྱིར་རོ། །ཟག་བཅས་ཟག་མེད་ཀྱི་ལས་ཀྱི་ཁྱད་པར་ཡོད་དེ། །སོ་སྐྱེའི་རྒྱུད་ཀྱི་ལས་དགེ་སྡིག་རྣམས་ཟག་བཅས་ཀྱི་ལས་ཡིན་ཀྱང་། ཐེག་དམན་འཕགས་པའི་རྒྱུད་ལ་ནི་ཟག་བཅས་ཀྱི་ལས་ཡོད་ཀྱི། ཐེག་ཆེན་འཕགས་པ་དང་དེའི་དགྲ་བཅོམ་པའི་རྒྱུད་ལ་ནི་ཟག་མེད་མ་གཏོགས་ཟག་བཅས་ཀྱི་ལས་མེད་པའི་ཕྱིར། སངས་རྒྱས་འཕགས་པའི་རྒྱུད་ལ་ཟག་བཅས་ལྟ་ཅི། ཟག་མེད་ཀྱི་ལས་ཀྱང་མེད་དེ། ཟག་མེད་ཀྱི་ལས་ལ་ནི་འབད་རྩོལ་ཕྲ་མོ་དང་བཅས་པའི་རྟོག་པ་ཞིག་དགོས་ལ་སངས་རྒྱས་འཕགས་པ་ལ་འབད་རྩོལ་དང་རྟོག་པ་མེད་པའི་ཕྱིར། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱི་ཁྱད་པར་ཡོད་དེ། འདོད་པའི་དགེ་བའི་ལས་ནི་བསོད་ནམས་ཀྱི་ལས་དང་། མི་དགེ་བའི་ལས་ནི་བསོད་ནམས་མ་ཡིན་པའི་ལས་དང་། ཁམས་གོང་མའི་ལས་བསྡུས་པའི་ལས་ནི་མི་གཡོ་བའི་ལས་ཡིན་པའི་ཕྱིར། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྲུང་བར་ཚིམ་པར་བྱེད་པ་དང་མི་བྱེད་པས་དེ་སྐད་དུ་བརྗོད་པའི་ཕྱིར། མི་གཡོ་བའི་ལས་དེ་སྤྱིར་དགེ་བ་ཡིན་ཀྱང་མི་གཡོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འདོད་པའི་ལས་གཉིས་ཀྱི་རྣམ་སྨིན་གྱི་འབྲས་བུ་གཞན་དུ་འགྱུར་ཞིང་གཡོ་བ་ཡོད་ལ། མི་གཡོ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི་གོང་མ་ལས་ས་གཞན་འདོད་ཁམས་སུ་མི་སྨིན་པས་མེ་གཡོ་བ་ཞེས་བརྗོད་པའི་ཕྱིར་ཏེ། མཛོད་ལས། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ཁམས་ཀྱི་ལས་གཉིས་ཀའི་རྣམ་སྨིན་གཡོ་བ་ཡོད་དེ། དཔེར་ན། སྦྱིན་པ་བཏང་བས་ལྷ་མིའི་རྟེན་ལ་ལོངས་སྤྱོད་ཆེན་པོ་འབྱུང་བ་ཡིན་པ་ལ། སྲོག་གཅོད་མང་པོ་བྱས་པའི་རྐྱེན་གྱིས་རྒྱན་སྣ་ཚོགས་དང་ལྡན་པའི་གླང་པོ་ཆེ་ས་སྲུང་གི་བུར་སྐྱེས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། མཛོད་རང་འགྲེལ་ལས། ལྷ་དག་གི་ནང་དུ་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ཉིད་རེས་འགའ་རྐྱེན་གཞན་གྱི་དབང་གིས་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་ནང་དུ་རྣམ་པར་སྨིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདི་ཡང་ཚུལ་ཁྲིམས་མ་བསྲུངས་པའི་དབང་གིས་གླང་ཆེན་དུ་སྐྱེས་པ་ཡིན་གྱི། སྦྱིན་པའི་རྣམ་སྨིན་ལ་དུད་འགྲོར་སྐྱེ་བ་མེད་དེ། རྒྱུ་དགེ་བ་ལས་རྣམ་སྨིན་ངན་འགྲོར་སྐྱེ་བ་མེད་པར་བཤད་ཟིན་པའི་ཕྱིར། འོན་ཀྱང་དེར་སྦྱིན་འབྲས་དེའི་བོང་ཚོད་དང་ཁ་དོག་དང་ལོངས་སྤྱོད་ཀྱི་རྣམ་སྨིན་དུ་སོང་བ་ཡིན་ཏེ། དཀའ་བའི་གནས་ཡིན་པས་གཞུང་ཆེན་མོ་རྣམས་དང་བསྟུན་ནས་དཔྱད་དགོས་པ་ཡོད་དོ། །བདེ་སྡུག་བཏང་སྙོམས་མྱོང་འགྱུར་གྱི་ལས་གསུམ་གྱི་ཁྱད་པར་ཡོད། འབྲས་བུ་མྱོང་ཚུལ་གྱི་སྒོ་ནས་བཞག་པ་ཙམ་མ་གཏོགས། དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། དགེ་བ་ལས་བདེ་བ་དང་མི་དགེ་བ་ལས་སྡུག་བསྔལ་དང་ལུང་མ་བསྟན་གྱི་ལས་ཀྱིས་བདེ་སྡུག་བར་མ་བཏང་སྙོམས་མྱོང་འགྱུར་གྱི་སྒོ་ནས་བཞག་པ་ཡིན་པའི་ཕྱིར། མྱོང་བར་ངེས་པ་དང་མ་ངེས་པའི་ལས་ཀྱི་ཁྱད་པར་ཡོད་དེ། ཐོགས་མེད་ཀྱིས་སའི་དངོས་གཞི་ལས། མྱོང་བར་འགྱུར་བ་ངེས་པའི་ལས་ནི་བསམས་བཞིན་དུ་བྱས་པ་དང་བསགས་པའི་ལས་གང་ཡིན་པའོ། །མྱོང་བར་འགྱུར་བར་མ་ངེས་པའི་ལས་ནི་བསམས་བཞིན་བྱས་ལ་མ་བསགས་པ་གང་ཡིན་པའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེའི་ཁྱད་པར་ནི་འོག་ཏུ་འཆད་ལ། མཛོད་ལས་ནི། ཉོན་མོངས་རབ་དང་དྲག་པོ་དང་། ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། ཕ་མ་གསོད་གང་དེ་ངེས་སོ། །ཞེས་མྱོང་ངེས་ཀྱི་ལས་དྲུག་ཏུ་ཡང་བཤད་དེ། གཙོ་བོའི་དབང་དུ་བྱས་པའོ། །མྱོང་བར་ངེས་པ་ནི་ལས་དེའི་གཉེན་པོ་མེད་ན་ངེས་ཞེས་པའི་དོན་ཡིན་གྱི། མྱོང་ངེས་ཀྱི་ལས་ཡིན་ན། རྣམ་སྨིན་ངེས་པར་མྱོང་དགོས་པས་མ་ཁྱབ་སྟེ། སྟོབས་བཞིའི་བཤགས་བསྡམ་བྱས་ན་མྱོང་ངེས་ཀྱི་ལས་ངན་པ་ཡང་འདག་པར་བརྒྱད་སྟོང་འགྲེལ་ཆེན་ལས་གསུངས་པའི་ཕྱིར། མ་ངེས་པ་ནི་གཉེན་པོ་མེད་ཀྱང་རང་སྟོབས་ཀྱིས་ནམ་སྨིན་འབྱིན་མི་ནུས་པ་ཡིན་ལ། གྲོགས་རྐྱེན་དང་འཕྲད་ན་འབྱིན་པའང་ཡོད་དོ། །མཐོང་ཆོས་ལ་མྱོང་བ་སོགས་ལས་གསུམ་གྱི་ཁྱད་པར་ཡོད་དེ། ཚེ་འདི་ལ་བྱས་པའི་ལས་ཀྱི་རྣམ་སྨིན་ཚེ་འདི་ཉིད་དུ་སྨིན་པ་ནི་མཐོང་ཆོས་ལ་མྱོང་བ་དང་། ཚེ་ཕྱི་མ་ཉིད་ལ་སྨིན་པ་ནི་སྐྱེ་བ་གཞན་ལ་མྱོང་བ་དང་། ཕྱི་མའི་ཡང་ཕྱི་མའི་ཐོག་ཏུ་སྨིན་པར་འགྱུར་བའི་ལས་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡིན་པའི་ཕྱིར། མཐོང་ཆོས་ལ་མྱོང་འགྱུར་སོགས་གསུམ་པོ་དེ་རྣམ་སྨིན་འགོ་ཟུག་པའི་དབང་དུ་བྱས་པ་ཡིན་གྱི། ཚེ་གསུམ་པོ་དེ་ཙམ་དུ་མ་ངེས་ཏེ། རྒྱུན་སྐྱེ་བ་གཞན་དང་གཞན་དུ་མྱོང་བའང་ཡོད་པའི་ཕྱིར་ཏེ། མཛོད་འགྲེལ་ལས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཚེ་རབས་གཞན་དག་ན་ཡང་ཡོད་མོད་ཀྱི། རྩོམ་པའི་དབང་གིས་མིང་དེ་ལྟར་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། མཐོང་ཆོས་སམ་ཚེ་འདི་ལ་སྨིན་པར་འགྱུར་བའི་ལས་ཀྱི་མཚན་གཞི་ཡོད་དེ། མཐོང་ལམ་དང་དགྲ་བཅོམ་གསར་དུ་ཐོབ་པ་ལ་ཕན་གནོད་བྱས་པ་དང་། འགོག་སྙོམས་དང་བྱམས་པ་ཚད་མེད་བསྒོམས་པ་དང་ཉོན་མོངས་མེད་པའི་སྙོམས་འཇུག་ལས་ལངས་མ་ཐག་པའི་གང་ཟག་རྣམས་ལ་ཕན་གནོད་བྱས་པའི་རྣམ་སྨིན་ཚེ་འདི་ཉིད་ལ་འཕྲལ་དུ་སྨིན་པར་འགྱུར་བའི་ཕྱིར་ཏེ། མཛོད་ལས། མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འབྲལ་དུ་མྱོང་བར་འགྱུར། །ཞེས་དང་། གང་དག་འགོག་བྱམས་ཉོན་མོངས་མེད། །ལངས་པ་དེ་ལ་ཕན་གནོད་བྱས། །འབྲས་བུ་འབྲལ་དུ་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། བསགས་མ་བསགས་སོགས་ཀྱི་ལས་ཀྱི་ཁྱད་པར་ཡོད་དེ། མཛོད་ལས། བསམས་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་ནོར་བ་མ་ཡིན་པར་བསམས་བཞིན་དུ་བྱས་པ་དང་། རྣམ་སྨིན་གྱི་སྐྱེ་བ་འགྲུབ་ངེས་ལྟ་བུ་རྫོགས་པར་བྱས་པ་དང་། ལས་དེ་ལ་འགྱོད་པ་མེད་པ་དང་། དེ་ལ་གནོད་བྱེད་ཀྱི་གཉེན་པོ་མེད་པ་དང་། ལས་བྱས་པ་དེ་ལ་རྗེས་སུ་ཡི་རང་བ་དང་། གནས་སྐབས་མ་ངེས་ཀྱང་རྣམ་སྨིན་ངེས་པའི་ལས་དྲུག་པོ་དེ་ལ་བསགས་པའི་ལས་སུ་དངོས་སུ་བསྟན་ནས། ཤུགས་ལ་དེ་དྲུག་ལས་གཞན་པའི་ལས་རྣམས་མ་བསགས་པའི་ལས་སུ་བཤད་ལ། སའི་དངོས་གཞི་ལས། བསགས་པའི་ལས་ནི་རྣམ་པ་བཅུ་མ་གཏོགས་པ་སྟེ། འདི་ལྟ་སྟེ། རྨི་ལམ་དུ་བྱས་པ་དང་མ་ཤེས་པར་བྱས་པ་དང་བསམས་བཞིན་མི་ཡིན་པར་བྱས་པ་དང་དྲག་པོ་མིན་ལ་རྒྱུན་ཆགས་མིན་པར་བྱས་པ་དང་ནོར་བས་བྱས་པ་དང་བརྗེད་པས་བྱས་པ་དང་མི་འདོད་བཞིན་དུ་བྱས་པ་དང་རང་བཞིན་གྱིས་ལུང་དུ་མ་བསྟན་པ་དང་འགྱོད་པས་བསལ་བ་དང་གཉེན་པོས་བསལ་བ་སྟེ། ལས་རྣམ་པ་བཅུ་པོ་འདི་དག་ལས་མ་གཏོགས་པའི་ལས་གཞན་གང་ཡིན་པའོ། །མ་བསགས་པའི་ལས་ནི་རྣམ་པ་བཅུ་པོ་ཇི་སྐད་བསྟན་པ་ཉིད་དོ། །ཞེས་རྨི་ལམ་དུ་བྱས་པ་ནས་གཉེན་པོས་བསགས་པའི་བར་གྱི་ལས་བཅུ་པོ་དེ་མ་བསགས་པའི་ལས་སུ་གསལ་བར་བསྟན་ནས། འདི་དག་ལ་མ་གཏོགས་པའི་ལས་ཞེས་པས་བཅུ་པོ་ལས་གཞན་པའི་ལས་ནི་བསགས་པའི་ལས་སུ་བསྟན་པ་ལྟར་ཡིན་པའི་ཕྱིར། བསྡུ་བར་མུ་བཞི་བཤད་དེ། བྱས་ལ་མ་བསགས་པའི་ལས་ནི། མི་མཁས་པས་བྱས་པ་དང་རྨི་ལམ་དུ་བྱས་པ་དང་ཆེད་དུ་བྱས་པ་དང་རང་མི་འདོད་ཀྱང་གཞན་གྱིས་བྱེད་དུ་བཅུག་པ་དང་ལན་གཅིག་བྱས་ནས་འགྱོད་པ་ད ང་གཉེན་པོ་བསྟེན་ནས་སྲབ་མོར་བྱས་པའི་ལས་སོགས་དང་། བསགས་ལ་མ་བྱས་པ་ནི་སྲོག་གཅོད་སོགས་ཀྱི་ལས་དེ་དང་དེ་བྱེད་པའི་ཆེད་དུ་ཡུན་རིང་པོ་ནས་བསམས་ཀྱང་སྲོག་གཅོད་སོགས་མ་བྱས་པ་དང་། བྱས་ལ་བསགས་པ་ནི་བསམས་བཞིན་དང་མ་ནོར་བ་དང་འགྱོད་སེམས་མེད་པ་སོགས་ཀྱིས་ལས་དེ་དང་དེ་བྱས་པ་དང་། མ་བྱས་ཤིང་བསགས་པ་ནི་དེ་རྣམས་སུ་མ་གཏོགས་པ་སྟེ་བཞིར་བཤད་པའི་ཕྱིར། མཛོད་འགྲེལ་ལས་ནི་བློ་སྔོན་བཏང་ནས་ཤེས་བཞིན་བྱས་ཀྱང་གོམས་པ་ལང་ཤོར་གྱིས་སྨྲས་པའི་བརྫུན་ལྟ་བུ་ནི་བྱས་པ་ཡིན་ཀྱང་བསགས་པ་མ་ཡིན་པ་དང་། བསམས་བཞིན་དུ་བྱས་ཀྱང་འགྲོ་བ་དེར་སྐྱེས་ངེས་ཀྱི་ལས་མིན་ན་བྱས་པ་ཡིན་ཡང་བསགས་པ་མ་ཡིན་པར་བཤད་དེ། ཅུང་ཟད་མི་འདྲ་བ་ཡོད་པས་ཞིབ་ཆ་དགོས་སོ། །དཀར་ལ་རྣམ་སྨིན་དཀར་བ་སོགས་ཀྱི་ལས་བཞིའི་ཁྱད་པར་ཡོད་དེ། མི་དགེ་བའི་ལས་ནི་ནག་ལ་རྣམ་སྨིན་ནག་པའི་ལས་དང་། གཟུགས་ཁམས་ཀྱི་དགེ་བའི་ལས་ནི་དཀར་ལ་རྣམ་སྨིན་དཀར་བ་དང་། འདོད་པའི་དགེ་བའི་ལས་ནི་དཀར་ནག་འདྲེས་མ་ལ་རྣམ་སྨིན་ཡང་འདྲེས་མ་དང་ཟག་མེད་ཀྱི་ལས་ནི་སྤྱིར་ངོ་བོ་དཀར་ཡང་རྣམ་སྨིན་མི་འབྱིན་པས་དེའི་དབང་དུ་བྱས་པའི་མི་དཀར་མི་ནག་པའི་ལས་ཡིན་པའི་ཕྱིར་ཏེ། མཛོད་ལས། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའི་རྩ་འགྲེལ་ལས་དེ་ལྟར་བཤད་པའི་ཕྱིར། །འདོད་པའི་དགེ་བའི་ལས་དེ་མཛོད་ཀྱི་ལུགས་འདིར་དཀར་ནག་འདྲེས་མའི་ལས་སུ་འཇོག་པའི་ཚུལ་ཡོད་དེ། རྒྱུད་གཅིག་ལ་མི་དགེ་བ་དང་སྡུག་བསྔལ་ཅི་རིགས་འདྲེས་པས་ན་དེ་ལྟར་དུ་བཞག་པ་ཡིན་གྱི། ལས་ཀྱི་ངོ་བོ་འདྲེས་མ་ཡིན་པའི་སྒོ་ནས་མ་ཡིན་པའི་ཕྱིར་ཏེ། ངོ་བོ་དང་རྣམ་སྨིན་གཉིས་དཀར་ནག་གཉིས་ཀ་ཡིན་པའི་ལས་མེད་པའི་ཕྱིར་ཏེ། མཛོད་འགྲེལ་ལས། འདི་ནི་རྒྱུད་ཀྱི་སྒོ་ནས་བཞག་གི །ངོ་བོ་ཉིད་ཀྱི་སྒོ་ནས་མིན་ཏེ། ལས་སམ་རྣམ་པར་སྨིན་པ་གཅིག་ལ་དཀར་བ་ཡང་ཡིན་ནག་པོ་ཡང་ཡིན་པ་དེ་ལྟ་བུ་ནི་མེད་དེ། ཞེས་གསུངས་པའི་ཕྱིར། འོན་ཀྱང་ཀུན་བཏུས་ལས་ནི། མུ་དང་པོ་དང་ཐ་མ་གཉིས་སྔར་དང་འདྲ་ཡང་། མུ་གཉིས་པ་ནི་ཁམས་གསུམ་གྱི་དགེ་བའི་ལས་ལྟ་བུ་དང་། གསུམ་པ་ནི་སྦྱོར་བ་དཀར་ལ་བསམ་པ་ནག་པ་དང་། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས་ལྟ་བུ་ལ་བཤད་དེ་མི་འགལ་ལོ། ཁ་ཅིག་རྒྱུའི་ཀུན་སློང་མི་དགེ་བས་བསླངས་ཡང་དུས་ཀྱི་ཀུན་སློང་དགེ་བས་བྱས་པའི་ལས་དེ། ལས་དཀར་ལ་རྣམ་སྨིན་ནག་པ་དང་། རྒྱུའི་ཀུན་སློང་དགེ་ཡང་དུས་ཀྱི་ཀུན་སློང་མི་དགེ་བས་བྱས་པའི་ལས་དེ། ལས་ནག་ལ་རྣམ་སྨིན་དཀར་བ་ཡིན་ཟེར། ཁ་ཅིག་དེ་ནི་འཐད་དེ། དགེ་མི་དགེ་ནི་རྒྱུའི་ཀུན་སློང་བཟང་ངན་གྱི་དབང་གིས་འགྱུར་བས་ལས་སྔ་མ་ནག་ལ་ཕྱི་མ་དཀར་བའི་ཕྱིར་ཏེ། དབུ་མ་རིན་ཆེན་འཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བར་འདོད། །ཅེས་གསུངས་པའི་ཕྱིར་ཟེར་ཡང་གོང་དུ་བཤད་པ་ལྟར་དཔྱད་དགོས་པ་ཡོད་དོ། །སྤྱིར་ལས་དེ་ལ་བསམ་པའི་དབང་གིས་དངོས་གཞི་དཀར་ལ་སྦྱོར་མཇུག་ནག་པ་དང་། སྦྱོར་མཇུག་ནག་ལ་དངོས་གཞི་དཀར་བ་དང་། གསུམ་ཀ་དཀར་པ་དང་། གསུམ་ཀ་ནག་པ་དང་འདྲེས་མ་ཅི་རིགས་ཡོད་པར་སེམས་ཏེ། རྒྱུའི་ཀུན་སློང་དཀར་ལ་དུས་ཀྱི་ཀུན་སློང་ནག་པ་དང་། དེ་ལས་ལྡོག་པ་དང་། གཉིས་ཀ་དཀར་བ་དང་། གཉིས་ཀ་ནག་པ་སོགས་ཅི་རིགས་འབྱུང་བའི་དབང་གིས་དངོས་གཞི་ཡང་རྫོགས་མ་རྫོགས་དང་དཀར་ནག་ཅི་རིགས་སུ་འགྱུར་ཞིང་། མཇུག་ཏུ་ཡང་རྗེས་སུ་ཡི་རང་བ་དང་འགྱོད་པ་ཡོད་མེད་ཀྱིས་དཀར་ནག་མི་འདྲ་བར་འགྱུར་བའི་ཕྱིར་ཏེ། རྒྱུའི་ཀུན་སློང་ཕན་པར་འདོད་ཀྱང་དུས་ཀྱི་ཀུན་སློང་དང་སྦྱོར་བའི་དུས་སུ་གནོད་སེམས་སྐྱེ་བ་དང་། དེ་ལས་ལྡོག་པ་སོགས་འབྱུང་བ་མཐོང་བའི་ཕྱིར། སྦྱིན་གཏོང་ལྟ་བུ་གཅིག་ལའང་ཀུན་སློང་མི་འདྲ་བ་འབྱུང་སྟེ། ཀུན་སློང་བཟང་པོས་སྦྱིན་པ་གཏོང་བར་མ་ཟད། གཞན་གྱི་ནོར་འཕྲོ ག་ནས་དེ་གཏོང་བ་དང་། མི་འདོད་བཞིན་དུ་གཏོང་བ་དང་། གསོད་པར་འདོད་ནས་གཏོང་བ་དང་། ལན་ལ་རེ་སྟེ་གཏོང་བ་དང་། ཆགས་པའི་དབང་གིས་གཏོང་བ་དང་། མཛའ་བ་ཙམ་གྱི་ཕྱིར་གཏོང་བ་སོགས་མི་འདྲ་བ་སྣ་ཚོགས་འབྱུང་བའི་ཕྱིར། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ་སོགས་ལའང་ཅི་རིགས་ཡོད་པར་ཤེས་པར་བྱའོ། །ལྔ་པ་ལས་ལམ་བཅུ་བཤད་པ་ནི། དགེ་མི་དགེའི་ལས་ཀྱི་རྣམ་གྲངས་མང་ཡང་། གཙོ་བོ་བསྡུས་ནས་བཅུར་གསུངས་པ་ཡིན་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་འབྱུང་བ་ལྟར་རོ། །འདི་ལ་གཉིས། མི་དགེ་བའི་ལས་ལམ་བཅུ་དང་། དགེ་བའི་ལས་ལམ་བཅུའོ། །དང་པོ་ལ་བཅུ་ལས། སྲོག་གཅོད་པ་སོགས་རེ་རེ་ལའང་གཞི་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་བཞི་བཞིས་བཤད་ན། སྲོག་གཅོད་ཀྱི་གཞི་ན་སེམས་ཅན་གཞན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་གཞི་སེམས་ཅན་ཡིན་པ་ལ་ཡིན་པར་འདུ་ཤེས་པ་དང་སེམས་ཅན་མིན་པར་འདུ་ཤེས་པ་དང་། སེམས་ཅན་མིན་པ་ལ་མིན་པར་འདུ་ཤེས་དང་སེམས་ཅན་དུ་འདུ་ཤེས་པ་བཞི་ཡོད་པའི་འདུ་ཤེས་དང་པོ་དང་གསུམ་པ་ནི་མ་འཁྲུལ་ལ། གཉིས་པ་དང་བཞི་པ་ནི་འཁྲུལ་བའོ། །འདི་ལ་ཀུན་སློང་བྱེ་བྲག་པ་ལྷས་སྦྱིན་ཁོ་ན་གསོད་སྙམ་ནས་སྦྱོང་བ་བརྩམས་པ་ན་མཆོད་སྦྱིན་དུ་ནོར་ནས་བསད་ན་དངོས་གཞིའི་ལས་ལམ་མེད་པས། དེ་ལྟ་བུ་ལ་འདུ་ཤེས་མ་འཁྲུལ་པ་དགོས་ཤིང་། སྦྱོར་བའི་དུས་སུ་གང་བྱུང་ཡང་གསོད་སྙོམ་པ་ཀུན་སློང་སྤྱི་ལ་ཞུགས་པ་ཡོད་ན་འདུ་ཤེས་མ་འཁྲུལ་བ་མི་དགོས་ཏེ། འདི་ནི་གཞན་དགུ་ལའང་ཅི་རིགས་པར་ཤེས་པར་བྱའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་གསོད་པར་འདོད་པའོ། །སྦྱོར་བ་ནི་རང་ངམ་གཞན་ལ་བྱེད་དུ་འཇུག་པ་གཉིས་སོ། །སྦྱོར་བའི་ངོ་བོ་ནི་མཚོན་ནམ་དུག་གམ་རིག་སྔགས་ཀྱི་སྒོ་ནས་བྱས་པ་གང་རུང་ངོ་། །མཐར་ཐུག་སྦྱོར་བ་དེའི་རྐྱེན་གྱིས་ཕ་རོལ་པོ་དེའི་ཚེ་འམ་རང་གི་སྔོན་དུ་ཤི་བ་སྟེ། རང་དང་དུས་མཉམ་མམ་རང་སྔོན་དུ་ཤི་བའི་རྗེས་སུ་དེ་ཤི་ན་ནི་དངོས་གཞི་མེད་དོ། །དམག་ལ་སོགས་པ་མང་པོ་གྲོས་མཐུན་བྱས་ནས་གསོད་པ་པོ་གཅིག་གིས་ཕ་རོལ་པོ་བསད་ནའང་ཐམས་ཅད་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་འབྱུང་བ་ཡིན་ཏེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་པའི་ཕྱིར། འོན་ཀྱང་གྲོས་མཐུན་ཚིག་ཙམ་གྱིས་མི་འདོད་བཞིན་དུ་བྱས་ནས་གསོད་སེམས་གཏན་མེད་ན་ནི་དངོས་གཞི་མི་འབྱུང་བ་གསལ་ལ། མ་མཐོང་ཞིང་གསོད་སེམས་མེད་པར་སྲོག་ཆགས་རྐང་འོག་ཏུ་ཤི་བ་ལྟ་བུས་སྡིག་པ་འཕྲན་བུ་འོང་ཡང་དངོས་གཞིའི་ལས་ལམ་མེད་དོ། །སྲོག་གཅོད་ཀྱི་ལས་རྣམས་ལུས་ཀྱི་ལས་ཡིན་ཀྱང་། ལུས་ཀྱིས་དངོས་སུ་བྱས་པས་མ་ཁྱབ་སྟེ། ངག་དང་ཡིད་ཀྱིས་དབང་ཙམ་གྱིས་སྲོག་གཅོད་པ་ཡོད་པའི་ཕྱིར་ཏེ། དྲང་སྲོང་ཁྲོས་པ་ཙམ་དང་དམོད་པོར་བ་ཙམ་གྱིས་གཞན་གྱི་སྲོག་འགགས་པ་ཡོད་པར་བཤད་པའི་ཕྱིར། མ་བྱིན་ལེན་གྱི་གཞི་ནི་གཞན་གྱི་རྫས་སོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་དང་། ཀུན་སློང་ནི་མ་བྱིན་པར་ལེན་པར་བརྗོད་པའོ། །སྦྱོར་བ་ནི་རང་ངམ་གཞན་གྱིས་རྐུ་བའམ་འཕྲོག་ཏུ་བཅུག་ཀྱང་འདྲའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པས་ཆོག་གི་གནས་དཔགས་ངེས་པར་མི་དགོས་ཏེ། ས་ཞིང་འགྲོག་པ་ལྟ་བུའང་ཡོད་པས་སོ། །མ་བྱིན་ལེན་འདི་ལ་འདུལ་བའི་སྐབས་སུ་མིའི་རྫས་དང་དཀོན་མཆོག་གི་ཡོ་བྱད་དང་མི་མ་ཡིན་པའི་ཡོ་བྱད་དང་། འཇོག་རྫས་དང་བགོ་རྫས་སོགས་མ་བྱིན་པར་བླངས་པ་ལ་ལྟུང་བ་ཆེ་ཆུང་གི་ཁྱད་པར་མང་དུ་བཤད་དེ། འདིར་སྤྱི་ལ་སྦྱར་མི་དགོས་ཀྱང་ཤེས་དགོས་པ་ཡོད་དོ། །ལོག་གཡེམ་གྱི་གཞི་ལ་བཞི་སྟེ་བགྲོད་བྱ་མིན་པ་ནི་མ་ལ་སོགས་པའི་བུད་མེད་གཞན་དང་སྐྱེས་པ་ཐམས་ཅད་དང་། ཡན་ལག་མིན་པ་ནི་མངལ་སྒོམ་གཏོགས་པ་ཁ་ལ་སོགས་པ་དང་། གནས་མིན་པ་ནི་བླ་མ་དང་རྟེན་བཞུགས་པའི་དྲུང་དང་། དུས་མིན་པ་ནི་སྦྲུམ་མ་དང་བསྙེན་གནས་སྲུང་བ་ལྟ་བུའི་དུས་སོ། །བསམ་པ་ལ་གསུམ་ལས་འདུ་ཤེས་མ་འཁྲུལ་བ་ནི་སྤྱིར་བཏང་སྟེ། འདུལ་བ་ལས་འདི་ལ་འདུ་ཤེས་འཁྲུལ་མ་འཁྲུལ་གང་ཡིན་ཀྱང་འདྲ་བར་བཤད། ཉོན་མོངས་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་མི་ཚངས་པར་སྤྱོད་པར་འདོད་པའོ། །སྦྱོར་བ་ནི་དེའི་ཆེད་དུ་རྩོལ་བའོ། །མཐར་ཐུག་ནི་གཉིས་ཀྱི་གཉིས་སྤྲད་པའོ། །རང་གི་བུད་མེད་ལ་ནི་ལོག་གཡེམ་མི་འབྱུང་བས། ལོག་གཡེམ་ལ་མི་ཚངས་སྤྱོད་ཀྱིས་ཁྱབ་ཀྱང་། མི་ཚངས་སྤྱོད་ལ་ལོག་གཡེམ་གྱི་མ་ཁྱབ་པོ། །བརྫུན་དུ་སྨྲ་བའི་གཞི་ལ་གཉིས་ཏེ་མཐོང་ཐོས་སོགས་དང་ཕ་རོལ་པོས་དོན་གོ་ནུས་པའོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་མཐོང་བས་སོགས་ལ་མ་མཐོང་བ་སོགས་སུ་བསྒྱུར་བའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་འདུ་ཤེས་བསྒྱུར་ན་སྨྲ་འདོད་པའོ། །སྦྱོར་བ་མི་སྨྲ་བའམ་ཅང་མི་སྨྲ་བ་སོགས་ཀྱི་བརྡའམ་མཚན་མས་དང་དུ་ལེན་པའོ། །དེ་ནས་བརྫུན་སྨྲའི་ལས་ལས་འབྱུང་བ་ལ་ངག་གིས་སྨྲ་དགོས་པས་མ་ཁྱབ་བོ། །མཐར་ཐུག་ནི་ཕ་རོལ་པོས་གོ་བའོ། །དེ་ནི་ཚིག་ཙམ་གོ་བས་མི་ཆོག་གི་དོན་གོ་དགོས་ཏེ། དོན་མ་གོ་ན་ཅི་ཟེར་མི་ཤེས་པས་སོ། །དོན་མ་གོ་ན་ངག་ཀྱལ་ཙམ་དུ་འགྲོ་སྟེ། དེ་ནི་ཕྲ་མ་དང་ཚིག་རྩུབ་ལའང་འདྲའོ། །ཕྲ་མའི་གཞི་ནི་མཐུན་པ་དང་མི་མཐུན་པའི་སེམས་ཅན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་ནི་སྔར་ལྟར་རོ། །ཀུན་སློང་ནི་མཐུན་པ་དབྱེ་འདོད་དང་མི་མཐུན་པ་འདུ་མ་མི་འདོད་པའོ། །སྦྱོར་བ་ནི་དེའི་ཆེད་དུ་ཚིག་བདེན་མི་བདེན་གང་རུང་སྨྲ་བའོ། །མཐར་ཐུག་ནི་སྨྲས་པའི་དོན་གོ་བའོ། །ཚིག་རྩུབ་ཀྱི་གཞི་ནི། མནར་སེམས་སྐྱེ་བའི་གཞིར་གྱུར་བའི་སེམས་ཅན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི་ངག་རྩུབ་པོ་སྨྲ་འདོད་པའོ། །མཐར་ཐུག་ནི་སྨྲས་པའི་དོན་དེས་གོ་བའོ། །ཕན་སེམས་ཀྱིས་ཡིན་ན་དངོས་གཞིའི་ལས་ལམ་མེད་དོ། །ངག་ཀྱལ་གྱི་གཞི་ནི་དོན་དང་མི་ལྡན་པའོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་བརྗོད་དོན་དེ་ལ་དེར་འདུ་ཤེས་པའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་འབྲེལ་མེད་དུ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་དེ་སྨྲ་བར་བཞུགས་པའོ། །མཐར་ཐུག་ནི་དེ་སྨྲ་ཟིན་པ་སྟེ། འདི་ལ་དོན་གོ་དགོས་པའི་ངེས་པ་མེད་དོ། །ངག་ཀྱལ་གྱི་ངོ་བོ་ནི་འཐབ་མོའི་གཏམ་དང་མཚང་འདྲུ་བ་དང་སྨྲེ་ངག་འདོན་པ་དང་དགའ་མགུར་སྤྱོད་པའི་གཏམ་དང་འདུ་འཛིན་དང་ར་རོ་བའི་གཏམ་དང་། བཞད་གད་དང་གླུ་དང་བསྟན་བཅོས་ངན་པ་འདོན་པ་སོགས་སོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱད་དོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་གཞི་དེ་ལ་དེར་འདུ་ཤེས་པའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་དེར་རྩོལ་བར་བྱེད་པའོ། །མཐར་ཐུག་ནི་དེ་བདག་གིར་གྱུར་ཅིག་སྙམ་པའོ། །གནོད་སེམས་ཀྱི་གཞི་དང་འདུ་ཤེས་དང་ཉོན་མོངས་ནི་ཚིག་རྩུབ་བཞིན་ནོ། །ཀུན་སློང་ནི་རྡེག་པ་ལ་སོགས་པར་འདོད་པའོ། །སྦྱོར་བ་ནི་དེའི་ཆེད་དུ་སྦྱོར་བའོ། །མཐར་ཐུག་ནི་རྡེག་པ་དང་འཆིང་བ་སོགས་བྱ་བར་ཐག་བཅད་པའོ། །ལོག་ལྟའི་གཞི་ནི་ཡོད་པའི་དོན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་དོན་དེ་ལ་བདེན་པར་འདུ་ཤེས་པའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་སྐུར་པར་འདེབས་འདོད་པའོ། །སྦྱོར་བ་ནི་བསམ་དོན་དེར་བརྩམས་པའོ། །འདི་ལ་བཞི་སྟེ། ལེགས་སྤྱད་དང་ཉེས་སྤྱད་སོགས་མེད་དོ་ཞེས་རྒྱུ་ལ་སྐུར་འདེབས་བྱེད་པ་དང་། དེ་གཉིས་ཀྱི་རྣམ་སྨིན་མེད་དོ་ཞེས་འབྲས་བུ་ལ་སྐུར་བ་དང་། འཇིག་རྟེན་ཕ་རོལ་དང་བརྫུས་ཏེ་སྐྱེ་བ་དང་། ཕས་ས་བོན་བཏབ་པ་དང་མས་ས་བོན་བཟུང་བ་མེད་དོ་ཞེས་བྱེད་པ་ལ་སྐུར་བ་དང་། དགྲ་བཅོམ་པ་མེད་དོ་ཞེས་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་རྣམས་སོ། །མཐར་ཐུག་ནི་སྐུར་པ་གདབ་པར་ངེས་པའོ། །ལོག་ལྟའི་ལས་ལམ་གྱི་དངོས་གཞི་རྫོགས་པ་ལ་ཁྱད་ཆོས་དུ་མ་ཚང་དགོས་ཀྱི། དེ་ལྟར་སྐྱེས་པ་ཙམ་གྱིས་མི་ཆོག་གོ །མཛོད་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་འབྱུང་བ་ལྟར་ལས་ལམ་ཡིན་མིན་གྱི་ཁྱད་པར་ཡོད་དེ། ལུས་ངག་གི་ལས་བདུན་ནི་ལས་ཀྱང་ཡིན་ཞིང་། རང་ཉིད་ཀུན་ནས་སློང་བྱེད་ཀྱི་སེམས་པ་འཇུག་པའི་གཞི་ཡིན་པས་ལས་ཀྱི་ལམ་ཡང་ཡིན་ལ། ཡིད་ཀྱི་ལས་གསུམ་ནི་རང་དང་མཚུངས་ལྡན་གྱི་སེམས་པ་འཇུག་པའི་གཞི་ཡིན་པས་ལས་ཀྱི་ལམ་ཡིན་ཀྱང་ལས་དངོས་མ་ཡིན་པའི་ཕྱིར། དེ་དག་གི་ཀུན་སློང་དང་མཚུངས་ལྡན་གྱི་ཡིད་ལས་སེམས་པ་ནི་ལས་ཡིན་ཀྱང་ལས་ཀྱི་ལམ་མ་ཡིན་ཏེ། རང་གི་ངོ་བོའི་སྒོ་ནས་ལས་ཁོ་ནར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཞིབ་ཏུ་དཔྱད་དགོས་པ་ཡོད་དོ། །གཉིས་པ་དགེ་བའི་ལས་ལམ་བཅུ་ནི་མི་དགེ་བ་བཅུ་ལས་ལྡོག་པའི་སྒོ་ནས་ཅི་ལྟར་རིགས་པར་ཤེས་པར་བྱའོ། །དྲུག་པ་ལ་གཉིས། ལས་ལམ་བཅུའི་ལྕི་ཡང་དང་། ལས་སྟོབས་ཆེ་བ་གཞན་བཤད་པའོ། །དང་པོ། ལུས་ཀྱི་ལས་གསུམ་དང་ངག་གི་བཞི་སྟེ་བདུན་ནི་སྔ་མ་སྔ་མ་ལྕི་ཞིང་། ཡིད་ཀྱི་གསུམ་ནི་ཕྱི་མ་ཕྱི་མ་ལྷག་པར་ལྕིའོ། །གཞན་ཡང་སའི་དངོས་གཞི་ལྟར་ན་ཀུན་སློང་དྲག་པོའི་དབང་གིས་ལྕི་བ་དང་། ལན་མང་པོ་དང་ཡུན་རིང་དུ་བྱས་ནས་ལྕི་བ་དང་། དཀོན་མཆོག་གསུམ་དང་བླ་མ་དང་ཕ་མ་ལྟ་བུ་ལ་ཕན་གནོད་བྱས་པས་ལྕི་བ་དང་། གཉེན་པོ་མེད་པས་ལྕི་བ་སོགས་ཡོད་ཅིང་། བཤེས་སྤྲིངས་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་དང་གཞི་ལས་བྱུང་བའི་ལས། དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྦྱོང་ལ་བརྩོན་པར་གྱིས། །ཞེས་གསུངས་ཏེ་འདྲའོ། །གཉིས་པ་ལ་ཞིང་གི་སྒོ་ནས་སྟོབས་ཆེ་བ་འཕགས་པ་དང་དེར་མ་ཟད། སོ་སྐྱེ་ཡིན་ཡང་བསོད་ནམས་གསོག་པའི་རྟེན་དུ་སྟོབས་ཆེ་བ་ནི། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའ་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། །སྤྱིར་དཀོན་མཆོག་དང་བླ་མའམ་བླ་མ་དང་འདྲ་བ་དང་ཕ་མ་སོགས་ལ་ཕན་གནོད་ཆུང་ངུ་ཞིག་བྱས་ཀྱང་ཕན་ཡོན་དང་ཁ་ན་མ་ཐོ་བའི་སྡིག་ཆེ་བར་བཤད། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་ན་ནི་དམྱལ་བ་ཆེན་པོར་ལྟུང་ལ། འདུ་སྒོ་མིན་ཡང་དགེ་འདུན་གྱི་ཡོད་བྱད་མ་བྱིན་པར་བླངས་ན་ནི་མནར་མེད་ཀྱི་འཁོར་དུ་སྐྱེ་བར་གསུངས་ཏེ། ད་ལྟ་ནི་འདི་འདྲ་བྱེད་མཁན་བྱུང་དོགས་པས་གཟབ་པར་འཚལ་ལོ། །རྟེན་གྱི་སྒོ་ནས་སྟོབས་ཆེ་བ་ནི། སྤྱིར་མཁས་པའི་སྡིག་པ་ཡང་ལ། བླུན་པོའི་སྡིག་པ་ལྕི་བར་གསུངས་ཏེ། དེ་ཡང་མཁས་པ་སྡིག་ལྟུང་ལ་འགྱོད་སེམས་ཀྱི་བཤག་སྡོམ་བྱེད་པས་ཡང་བར་འགྱུར་བ་དང་། བླུན་པོས་དེ་ལྟར་མི་བྱེད་པའི་སྟེང་དུ་སྡིག་པ་འགའ་ཞིག་ལ་རྗེས་སུ་ཡི་རང་བྱས་ནས་འཕེལ་བར་འགྱུར་བའི་དབང་དུ་མཛད་ཀྱི། ཤེས་བཞིན་དུ་དགེ་སྡིག་ཁྱད་དུ་གསོད་པའི་མཁས་རློམ་ལ་ནི་ལྕི་བ་ཡིན་ནོ། །རྟེན་ཁྱིམ་པ་དང་རབ་བྱུང་གཉིས་ལས་ཕྱི་མས་བྱས་པའི་དགེ་སྡིག་ནི་ལྷག་པར་སྟོབས་ཆེ་ཞིང་སྡོམ་ལྡན་དང་སྡོམ་ལྡན་མིན་པ་གཉིས་ལས་སྔ་མས་བྱས་པའི་ལས་སྟོབས་ཆེ་ལ། སྡོམ་ལྡན་ལའང་གཅིག་ལྡན་དང་གཉིས་ལྡན་ནམ་གསུམ་ལྡན་རྣམས་ལས་ཕྱི་མ་ཕྱི་མས་བྱས་པའི་ལས་སྟོབས་ལྷག་པར་ཆེའོ། །བྱང་སེམས་ཡིན་མིན་གཉིས་ལས་སྔ་མས་བྱས་པའི་དགེ་བའི་ལས་སྟོབས་ཆེ་བ་སོགས་ཤེས་པར་བྱའོ། །དངོས་པོའི་སྒོ་ནས་སེམས་ཅན་ལ་སྦྱིན་པ་གཏོང་བ་ལ་ཆོས་ཀྱི་སྦྱིན་པ་སྟོབས་ཆེ་ལ། སངས་རྒྱས་ལ་མཆོད་པ་ལ་ཟང་ཟིང་ལས་སྒྲུབ་པའི་མཆོད་པ་ཆེས་ཕུལ་དུ་བྱུང་ངོ་། །བསམ་པའི་སྒོ་ནས་ཐར་པ་དོན་གཉེར་གྱི་བསམ་པས་མཆོད་པ་སྟོབས་ཆེ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་མཁྱེན་པ་དོན་གཉེར་གྱི་བསམ་པས་མ་ཆོད་པ་ནི་དེ་བས་ཀྱང་སྟོབས་ཆེ་བར་གསུངས་སོ། །ལས་ཉོན་སྟོབས་ཆེ་བ་མང་ཡང་བྱང་སེམས་ལ་ཁྲོས་པའི་ཁོང་ཁྲོ་དང་། མཚམས་མེད་དང་། ཆོས་སྤོང་གི་ལས་དང་། ལོག་ལྟ་འགའ་ཞིག་ནི་ལྷག་པར་སྟོབས་ཆེ་སྟེ། དེའི་ཚུལ་གཞན་དུ་ཤེས་པར་བྱའོ། །མདོར་ན་ལས་སྟོབས་ཆེ་ཆུང་དུ་འགྱུར་བའི་ཚུལ་ཡོད་དེ། །མཛོད་ལས། འཇུག་དང་ཞིང་དང་གཞི་དང་ནི། སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །ཅེས་འབྱུང་བ་ལྟར་ལས་དེ་བྱས་པའི་མཇུག་ཏུ་རྗེས་སུ་ཡི་རང་བྱེད་པ་དང་། ཕ་མ་དང་སློབ་དཔོན་སོགས་ཕན་འདོགས་པའི་ཞིང་དང་བླ་མ་དང་དཀོན་མཆོག་གསུམ་སོགས་ཡོན་ཏན་གྱི་ཞིང་དང་། ལས་ལམ་བྱེད་པའི་གཞི་དང་། ལས་ལམ་དེའི་སྦྱོར་བ་དང་། རྫོགས་པར་བྱེད་པའི་སེམས་པ་དང་། ཀུན་སློང་བསམ་པའི་ཁྱད་པར་དྲུག་པོ་ཆུང་བ་ལས་ནི་ལས་སྟོབས་ཆུང་ལ། དེ་རྣམས་ཆེ་བ་ལས་ནི་ལས་ཀྱང་སྟོབས་ཆེ་བའམ་ལྕི་བར་འགྱུར་བའི་ཕྱིར་རོ། །བདུན་པ་ལས་གཉིས་ཀྱི་འབྲས་བུ་ལ་དགེ་བའི་འབྲས་བུར་རྣམ་སྨིན། རྒྱུ་མཐུན། བདག་པོ་འམ་དབང་གི་འབྲས་བུ་གསུམ། དང་པོ་ནི། མི་དགེ་བཅུ་ཆེན་པོ་རེ་རེས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེའོ། །མཛོད་ལས་མི་དགེ་བཅུ་པོ་ཐམས་ཅད་ལ་སྦྱོར་དངོས་མཇུག་གསུམ་སོ་སོར་བྱས་ནས་སྦྱོར་བས་རྣམ་སྨིན་དང་། དངོས་གཞིས་རྒྱུ་མཐུན་དང་། མཇུག་གིས་བདག་འབྲས་འབྱིན་པ་ཞིག་ཀྱང་གསུངས་ཏེ། དེ་ཉིད་ལས། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཞེས་པའི་ཐད་ཀྱི་འགྲེལ་པ་རྣམས་ལས་དེ་ལྟར་སོ་སོར་ཕྱེ་ནས་བཤད་པའི་ཕྱིར། འདི་ནི་སྲོག་གཅོད་པའི་ཚེ་སྦྱོར་བའི་དུས་སུ་གཞན་སྡུག་བསྔལ་བར་བྱེད་ཅིང་། དངོས་གཞིའི་དུས་སུ་དེ་མི་འབྱུང་བ་ལ་དགོངས་སོ། །རྣམ་སྨིན་གྱི་འབྲས་བུ་ལ་ཕྱི་མའི་འཕངས་འབྲས་ཀྱིས་མ་ཁྱབ་སྟེ། མཐོང་ཆོས་ལ་རྣམ་སྨིན་མྱོང་བ་སྲིད་པའི་ཕྱིར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། མིར་སྐྱེས་ཀྱང་སྲོག་གཅོད་སོགས་རིམ་པ་བཞིན་ཚེ་ཐུང་བ་དང་ལོངས་སྤྱོད་ཆུང་བ་དང་ཆུང་མ་མ་བསྲུངས་པར་འགྱུར་བ་དང་སྐུར་བ་མང་བ་དང་མཛའ་བོ་དང་དབྱེ་བ་དང་སྒྲ་ཡིད་དུ་མི་འོང་བ་ཐོས་པ་དང་ཚིག་མི་ཉན་པ་དང་དུག་གསུམ་ཆེ་བའོ། །བདག་འབྲས་ནི། སྲོག་བཅད་པ་ལས་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བཏུང་དང་སྨན་དང་འབྲས་བུ་སོགས་མཐུ་ཆུང་བར་འགྱུར་བ་དང་། མ་བྱིན་པ་བླངས་པས་འབྲས་བུ་ཉུང་བ་དང་ཐན་པ་དང་ཆར་དང་སེར་བས་འབྲས་བུ་མ་རུང་བར་བྱད་པ་དང་། ལོག་གཡེམ་གྱིས་འདམ་རྫབ་དང་ལྗན་ལྗིན་སོགས་དང་བཅས་པ་དང་། བརྫུན་དུ་སྨྲ་བས་ལས་ཀྱི་མཐའ་མི་རྒྱས་པ་དང་མི་མཐུན་པ་དང་བསླུ་བ་དང་འཇིགས་པ་དང་བཅས་པ་དང་། ཕྲ་མས་ས་ཕྱོགས་འབར་འབུར་དང་བགྲོད་དཀའ་བ་སོགས་དང་བཅས་པ་དང་། ཚིག་རྩུབ་ཀྱིས་ས་ཕྱོགས་སྡོང་དུམ་དང་ཚེར་མ་དང་རྡོ་མང་བ་དང་ཆུ་དཀོན་པ་སོགས་དང་བཅས་པ་དང་། ངག་ཀྱལ་གྱིས་ལྗོན་ཤིང་སོགས་ལ་འབྲས་བུ་མི་འཆགས་པ་སོགས་དང་བཅས་པ་དང་། བརྣབ་སེམས་ཀྱིས་ཕུན་སུམ་ཚོགས་པ་རྣམས་རིམ་གྱིས་འགྲིབ་པར་འགྱུར་བ་དང་། གནོད་སེམས་ཀྱིས་ནད་ཡམས་དང་འཁྲུགས་པ་མང་བ་དང་སྟག་དང་སེང་གེ་སོགས་ཀྱིས་འཚེ་བར་བྱེད་པ་དང་། ལོག་ལྟས་ནི་སྣོད་ཀྱི་འབྱུང་ཁུང་མཆོག་དང་གཙོ་བོ་རྣམས་ནུབ་པར་འགྱུར་བའོ། །དེ་དག་ནི་ལས་སོ་སོའི་འབྲས་བུའི་དབང་དུ་བྱས་པ་སྟེ། མཁས་པ་ཁ་ཅིག །སྤྱིར་རྣམ་སྨིན་གྱི་འབྲས་བུ་ཡིན་ན། རང་དང་སྐྱེས་བུ་བྱེད་འབྲས་དང་བདག་འབྲས་དང་རྒྱུ་མཐུན་གྱི་འབྲས་བུ་བཞི་ཀ་ཡིན་པས་ཁྱབ་པ་དང་། འདུས་བྱས་ཡིན་ན་བྱེད་འབྲས་དང་བདག་འབྲས་གཉིས་ཀ་ཡིན་དགོས་ཞེས་འདོད་པས་དེ་ཡང་ཤེས་དགོས་སོ། །གཉིས་པ་ལ་གསུམ་ལས། དགེ་བའི་རྣམ་སྨིན་ནི་དགེ་བ་ཆུང་འབྲིང་ཆེན་པོ་གསུམ་གྱིས་མི་དང་འདོད་པའི་ལྷ་དང་ཁམས་གོང་མའི་ལྷར་སྐྱེ་ལ། རྒྱུ་མཐུན་དང་བདག་འབྲས་ནི་མི་དགེ་བའི་འབྲས་བུ་ལས་ལྡོག་སྟེ་སྦྱར་བའོ། །མདོར་ན་མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་རྣམས་ནི་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། དཔལ་ལྡན་ཟླ་བས་དབུ་མ་འཇུག་པར། འགྲོ་བ་མ་ལུས་ལས་ལས་སྐྱེས་བར་གསུངས། །ཞེས་དང་། མཛོད་ལས་ཀྱང་། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་གསུངས་པའི་ཕྱིར། དཀར་པོའི་ལས་དེ་རྣམས་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བསམ་པ་ཙམ་གྱིས་ཟིན་ན་ནི་དམན་པའི་བྱང་ཆུབ་འགྲུབ་པའི་རྒྱུར་འགྱུར་ལ། བྱང་ཆུབ་ཀྱི་སེམས་དང་རྫོགས་བྱང་དུ་བསྔོ་བའི་བསྔོ་བས་ཟིན་ན་ནི་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་བ་ཡིན་ནོ། །བརྒྱད་པ་ལ་གཉིས། འཕེན་རྫོགས་ཀྱི་ཁྱད་པར་དང་། དུས་མྱུར་བུལ་དང་ལས་གང་གི་འབྲས་བུ་སྔོན་ལ་འབྱིན་ཚུལ་ལོ། །དང་པོ་ནི། རིན་ཆེན་འཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། དེ་བཞིན་ངན་འགྲོ་ཐམས་ཅད་དང་། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར་དགེ་བའི་ལས་ཀྱིས་ནི་བདེ་འགྲོར་འཕེན་གྱི། ངན་འགྲོར་འཕེན་མི་སྲིད་ལ། མི་དགེ་བའི་ལས་ཀྱིས་ནི་ངན་འགྲོར་འཕེན་གྱི། བདེ་འགྲོར་འཕེན་མི་སྲིད་དེ། ལས་དཀར་ནག་གཉིས་ཀྱི་རྣམ་སྨིན་འཆོལ་ནས་འབྱིན་པ་མི་སྲིད་པའི་ཕྱིར། དཔེར་ན། གྲོ་ནས་སོགས་ཀྱི་ས་བོན་སྣ་ཚོགས་ལས་འབྲས་བུ་ནོར་ནས་མི་འབྱུང་བ་བཞིན་ནོ། །རྫོགས་བྱེད་ལ་ནི་ངེས་པ་མེད་དེ། འཕེན་བྱེད་དགེ་བས་འཕངས་ཤིང་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་དང་། འཕེན་བྱེད་མི་དགེ་བས་འཕངས་ཤིང་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་། དགེ་བས་འཕངས་ཀྱང་མི་དགེ་བས་རྫོགས་པ་དང་། མི་དགེ་བས་འཕངས་ཀྱང་དགེ་བས་རྫོགས་པ་དང་། དགེ་བས་འཕངས་ཀྱང་འདྲེས་མས་རྫོགས་པ་དང་། མི་དགེ་བས་འཕངས་ཀྱང་འདྲེས་མས་རྫོགས་པ་དང་དྲུག་ཡོད་པའི་ཕྱིར་ཏེ། བདེ་འགྲོའི་རྟེན་ལ་བདེ་བ་ཤས་ཆེར་ཡུན་རིང་མྱོང་བ་དང་པོ་དང་། ངན་འགྲོའི་རྟེན་ལ་སྡུག་བསྔལ་ཆེར་མྱོང་བ་གཉིས་པ་དང་། བདེ་བའི་རྟེན་ལ་སྡུག་བསྔལ་ཆེར་མྱོང་བ་གསུམ་པ་དང་། ངན་འགྲོའི་རྟེན་ལ་བདེ་བ་ཆེར་མྱོང་བ་བཞི་པ་དང་། བདེ་འགྲོའི་རྟེན་ལ་བདེ་སྡུག་འདྲེས་མར་མྱོང་བ་ལྔ་པ་དང་། ངན་འགྲོའི་རྟེན་ལ་བདེ་སྡུག་འདྲེས་མར་མྱོང་བ་དྲུག་པ་ཡིན་པའི་ཕྱིར། གཞན་ཡང་དགེ་བས་བདེ་འགྲོར་སྐྱེས་ཀྱང་ཡན་ལག་དང་ཉིད་ལག་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་ཚེ་ཐུང་བ་དང་ནད་མང་བ་དང་དབུལ་བ་སོགས་ནི་མི་དགེ་བས་བྱེད་ལ། མི་དགེ་བས་ལྷ་མིན་དང་དུད་འགྲོ་དང་ཡི་དྭགས་སུ་སྐྱེས་ཀྱང་ལོངས་སྤྱོད་ལྷའི་དཔལ་འབྱོར་ལྟ་བུར་གྱུར་པ་ནི་དགེ་བས་བྱས་པ་སྟེ། དེས་མཚོན་ནས་གཞན་ཡང་ཤེས་དགོས་སོ། །བྱེ་བྲག་སྨྲ་བས་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ཅིང་། རྫོགས་བྱེད་ལ་དུ་མ་འབྱུང་བ་དང་། ལས་དུ་མས་ཀྱང་སྐྱེ་བ་གཅིག་ཁོ་ན་མི་འཕེན་པར་འདོད་མོད། ཀུན་བཏུས་ལས་ནི། ལས་གཅིག་གིས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད། ལས་གཅིག་གིས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད་དོ་ཞེས་གསུངས་པ་ལྟར་འདིར་ཡང་འདོད་དེ། ལས་སྟོབས་ཆེན་གཅིག་གིས་ལུས་མང་པོ་དང་། ལས་སྟོབས་ཆུང་དུ་མས་ལུས་གཅིག་འཕེན་པར་འདོད་རིགས་པའི་ཕྱིར་ཏེ། དགྲ་ནག་གི་འགྲེལ་བ་ལས། ཚིགས་བཅད་གཅིག་ཙམ་ཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟ་བུས་འགྲུབ་པའི་ཕྱིར། འོན་ཀྱང་ཞི་བ་ཆ་འབྱེད་དགོས་པ་ཡོད་དོ། །གཉིས་པ་ལ་ལས་སྟོབས་ཆེན་འགའི་རྣམ་སྨིན་ནི་ཚེ་འདིའམ་ཕྱི་མ་ལྟ་བུར་སྨིན་པར་འགྱུར་ཡང་། ལས་འགའ་ཞིག་དང་རྣམ་སྨིན་གྱི་འབྲས་བུའི་བར་དུ་བསྐལ་པ་ལ་སོགས་པས་ཀྱང་ཆོད་པ་ཡོད་དེ། མདོ་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་པ་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་སྨིན་པར་འགྱུར། །ཞེས་གསུངས་པའི་ཕྱིར། །དགེ་མི་དགེའི་ལས་ཆེ་ཆུང་མང་པོ་བསགས་པ་རྣམས་ཀྱི་རྣམ་སྨིན་འབྱིན་ཚུལ་ཡོད་དེ། སྤྱིར་ལས་ལྕི་བ་གང་ཡིན་པ་དེ་ཐོག་མར་སྨིན་ལ། ལྕི་ཡང་མཉམ་ན་འཆི་ཁར་གང་མངོན་དུ་གྱུར་པ་དེ་ཐོག་མར་སྨིན། དེ་ཡང་འདྲ་ན་གང་གོམས་ཆེ་བ་དེ་སྔོན་ལ་སྨིན། དེ་ཡང་འདྲ་ན་གང་ཐོག་མར་བྱས་པ་དེ་སྔོན་ལ་སྨིན་པར་འགྱུར་བའི་ཕྱིར་ཏེ། མཛོད་འགྲེལ་ལས། ལས་ཀྱིས་འཁོར་བར་ལྕི་གང་དང་། ཉ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དགུ་པ་ལ། འདི་སྙམ་དུ་ལས་བྱེད་པའི་དུས་ཀྱི་རྟེན་དེ་ཞིག་ནས་ཡུན་རིང་དུ་སོང་བའི་ཚེ་སྔར་བྱས་པའི་ལས་དེ་ཡང་ཞིག་དགོས་པས་ཕྱིས་དེའི་འབྲས་བུ་ཇི་ལྟར་སྨིན་པར་འགྱུར་ཞེ་ན། དེའི་ལན་ནི་རྒྱས་པར་དབུ་མའི་གཞུང་ཆེ་བ་ནས་བཤད་པ་ལྟར་ལས་ལ་རྟག་ཆད་སྤོང་བའི་སྤོང་ཚུལ་ཞིག་བདག་གིས་ལོགས་སུ་བྲིས་ཡོང་བས་འདིར་མི་འཆད་ལ། མཚོན་ཙམ་ནི་ལས་དེ་དང་དེ་བྱས་ནས་འགགས་ཀྱང་དེའི་བག་ཆགས་སེམས་རྒྱུད་ཀྱི་སྟེང་དུ་བཞག་པའི་རྟེན་འབྲེལ་གྱི་རྒྱུན་རང་རྒྱུད་ལ་ཡོད་པ་དེ་རྐྱེན་གྱིས་གསོས་འདེབས་པ་དང་འཕྲད་ན་ལས་དེ་དང་དེའི་འབྲས་བུ་འབྱིན་པ་ཡིན་ལ། དེ་ཡང་རྨི་ལམ་གྱི་དཔེ་ལྟར་འགགས་ནས་རིང་དུ་སོང་ཡང་རང་བཞིན་མེད་པའི་ལས་ཀྱིས་རང་བཞིན་གྱིས་མེད་པའི་འབྲས་བུ་བསྐྱེད་པ་ནི་འཐད་པ་ཡིན་ཏེ། ཟླ་བས་ཡབ་སྲས་མཇལ་བའི་མདོའི་དོན་བསྡུས་ནས་དབུ་མ་འཇུག་པ་ལས། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་ལྟར། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེས་ན་དགེ་བའི་ལས་བྱས་པ་རྣམས་ལ་རྗེས་སུ་ཡི་རང་ཞིང་དགའ་བ་དང་། རྫོགས་བྱང་དུ་བསྔོས་ན་འཕེལ་བ་དང་མི་འཛད་པ་སོགས་ཡིན་པས་དེ་ལྟར་བྱས་དགོས་ལ། མི་དགེ་བའི་ལས་ལ་ནི་སྟོབས་བཞིའི་བཤགས་བསྡམ་ཅི་ནུས་བྱ་དགོས་ཏེ། བཤགས་བསྔམ་ཤུགས་དྲག་བྱས་ན་མྱོང་ངེས་ཀྱི་ལས་ཀྱང་འདག་པར་གསུངས་པའི་ཕྱིར། ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བའི་མྱོང་ངེས་ཀྱི་ལས་ཤིན་ཏུ་སྟོབས་ཆེན་འགའ་ཞིག་ནི། ཤེར་ཕྱིན་ལ་བསླབ་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཙམ་གྱིས་སྦྱངས་ནས་ལས་ཀྱི་ལྷག་མ་འགའ་ཞིག་གི་རྣམ་སྨིན་ཕྲན་བུ་ཚེ་འདི་ཐོག་ཏུ་མྱོང་སྟེ་རྩ་བ་ནས་ཟད་པར་འགྱུར་བའང་ཡོད་དེ། ཤེར་ཕྱིན་སུམ་བརྒྱ་པ་ལས། ཡང་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་ཏུའང་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དེ་དག་ནི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དེ་དག་ཚེ་འདི་ཉིད་ལ་མནར་བས། ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་དང་། རྟོག་གེ་འབར་བ་ལས་ཀྱང་། དམྱལ་བར་སྐྱེ་བའི་ལས་རྣམས་དེས་ནི་ཚེ་འདིར་མགོ་བོ་ཚ་བ་ཙམ་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འོ་ན། མདོ་ལས། ལས་རྣམས་བསྐལ་བ་བརྒྱར་ཡང་ནི། ཆུད་མི་ཟ་ཞེས་པ་དང་། སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ་ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། དང་པོ་ནི་གཉེན་པོ་མེད་ན་ངེས་ཞེས་པའི་དོན་ཡིན་ལ། ཕྱི་མ་ནི་རྣམ་སྨིན་གྲུབ་ཟིན་པ་ལོང་བ་དང་འོན་པ་དང་ལྐུགས་པ་སོགས་གསོ་དཀའ་བ་ལ་དགོངས་པ་ཡིན་པའི་ཕྱིར་རོ། །ལས་དཀར་ནག་གཉིས་ལ་འཇུག་ལྡོག་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། ལས་ཀྱི་དབང་གིས་སོ་སྐྱེ་ལྟ་ཅི་ཐེག་དམན་འཕགས་པ་ཡང་འཁོར་བར་སྐྱེ་བ་ཡོད་ལ། བྱང་སེམས་སོ་སྐྱེ་སྦྱོར་ལམ་བཟོད་པ་མ་ཐོབ་པ་ངན་སོང་དུ་སྐྱེ་བའང་སྲིད་ཅིང་། ལས་ཀྱིས་མི་ཚུགས་པའི་ས་ཕྱོགས་ཀྱང་མེད་པའི་ཕྱིར་ཏེ། སྐྱེས་རབས་ལས། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། བརྩེ་བའི་བདག་ཉིད་ཆེ་ཡང་དུད་འགྲོར་སྐྱེས། །ཞེས་དང་། ཚོམས་ལས། གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཞེས་གསུངས་པའི་ཕྱིར། མདོར་ན་ལས་འབྲས་སོགས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་རྟེན་འབྲེལ་གྱི་དོན་དུ་གོ་ན་ནི་ལྷག་པར་གནད་ཆེ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་ཆུ་བུར་སྨིག་རྒྱུ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ན ས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། རྒྱལ་བའི་གསུང་རབ་མང་དང་ཁྱད་པར་དུ། །མངོན་པའི་མདོ་བསྟན་གཞུང་ལུགས་རྒྱ་མཚོ་ནས། །འབྱུང་བའི་ལས་ཀྱི་རྣམ་གཞག་ཆ་ཙམ་ཞིག །བློ་གྲོས་སོར་རྩེས་ཉེར་བླངས་བཀོད་པའི་དགེས། །བདག་གཞན་ཀུན་གྱིས་ཚེ་རབས་ཐོག་མེད་ནས། །ད་ལྟའི་བར་བསགས་ལས་ཀྱི་སྒྲིབ་པའི་ཚོགས། །རབ་བྱང་མངོན་མཐོ་ལྷ་མིའི་རྟེན་བརྒྱུད་དེ། །མཐར་ཐུག་བླ་མེད་རྫོགས་བྱང་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་ཅོ་ནེའི་གཟིམས་ཁང་ཉིད་ནས་སྦྱར་བའི་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་གྲགས་པ་འོད་ཟེར་རོ།། །


previousལས་ཀྱི་རྣམ་གཞག་གསལ་བའི་མེ་ལོང་།no next