Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐར་ལམ་གསལ་བྱེད།
   
   
   
   
   
   


 
previousབདེན་བཞི་དང་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐར་ལམ་གསལ་བྱེད།next

བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐར་ལམ་གསལ་བྱེད།

བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། རྒྱལ་བའི་གསུང་རབ་ཀུན་གྱི་དྲང་ངེས་ཚུལ། །རྒྱལ་བ་ཉིད་ཀྱི་དགོངས་པ་བཞིན་འགྲེལ་བར། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་སོགས། །རྒྱལ་སྲས་འཛམ་གླིང་རྒྱན་གྱུར་རྣམས་ལ་འདུད། །དེ་ལ་འདིར་ཐུབ་པའི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་དག་ལས་འབྱུང་བའི་དོན་གྱི་གཙོ་བོ་འགའ་ཞིག་བཤད་པར་བྱ་སྟེ། འདི་ལ་གསུམ། བདེན་བཞིའི་རྣམ་གཞག །རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག །འཆི་འཕོ་ཇི་ལྟར་བྱེད་པའི་རིམ་པའོ། །དང་པོ་ལ་བདུན། བདེན་བཞིའི་གྲངས་ངེས། གོ་རིམ། ངོ་བོའི་ཁྱད་པར། རྒྱུད་གང་ལ་ཡོད་མེད། རྣམ་པ་སྒྲུབ་ཚུལ། སྒྲ་དོན། དགོས་པའོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་གཏན་ལ་དབབ་བྱ་དང་འཇུག་ལྡོག་གི་གཙོ་བོ་ལ་བདེན་པ་བཞིར་གྲངས་ངེས་པ་ཡིན་ཏེ། འཁོར་བར་འཇུག་ལྡོག་གི་རིམ་པ་ལ་དེ་བཞིར་ངེས་པའི་ཕྱིར་ཏེ། འཁོར་བར་འཇུག་པའི་རྒྱུ་ཀུན་འབྱུང་དང་བཅིངས་པའི་འབྲས་བུ་སྡུག་བདེན་གཉིས་སུ་ངེས་ལ། འཁོར་བ་ལས་ལྡོག་པའི་རྒྱུ་ལམ་བདེན་དང་བྲལ་བའི་འབྲས་བུ་འགོག་བདེན་གཉིས་སུ་ངེས་པའི་ཕྱིར་རོ། །གཉིས་པ་གོ་རིམ་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་མར་བདེན་བཞི་སྟོན་པའི་རིམ་པ་གཉིས་གསུངས་ཏེ། དེ་ཡང་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ནས་དང་པོར་ཀུན་འབྱུང་། དེ་ནས་ལམ་བདེན། དེ་རྗེས་སྡུག་བདེན། དེ་ནས་འགོག་བདེན་བསྟན་ལ། མངོན་རྟོགས་སྐྱེ་བའི་རིམ་པའི་དབང་དུ་བྱས་ན། དང་པོར་སྡུག་བདེན། དེ་ནས་ཀུན་འབྱུང་། དེ་རྗེས་འགོག་བདེན། དེ་ནས་ལམ་བདེན་བསྟན་པ་ཡིན་པའི་ཕྱིར། སྐབས་འདིར་ཕྱི་མའི་དབང་བྱས་ཏེ་བཤད་ན། རིམ་པ་དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། བདེན་བཞིའི་བླང་དོར་ལ་འཇུག་པའི་ཚེ། ཐོག་མར་རང་ཅག་རྣམས་སྐྱེ་རྒ་ན་འཆི་སོགས་འཁོར་བའི་སྡུག་བསྔལ་གྱིས་གཟིར་བའི་ཚུལ་ཤེས་པར་བྱས་ནས་སྡུག་བསྔལ་དེ་སྤོང་འདོད་ཀྱི་བློ་བསྐྱེད་དགོས་པས་སྡུག་བདེན་དུས་དང་པོར་བསྟན། དེ་ནས་སྡུག་བསྔལ་དེ་གང་ལས་བྱུང་ན་ཆགས་སོགས་ཀྱི་ཉོན་མོངས་དང་ལས་ཀྱི་ཀུན་འབྱུང་ལས་བྱུང་བར་ཤེས་ནས་དེ་སྤོང་འདོད་ཀྱི་བསྐྱེད་དགོས་པས་ཀུན་འབྱུང་དུས་གཉིས་པར་བསྟན། དེ་རྗེས་སྡུག་ཀུན་གཉིས་སྤངས་པའི་འགོག་བདེན་ཐར་པ་ལ་ཐོབ་འདོད་ཀྱི་བློ་བསྐྱེད་དགོས་པས་འགོག་བདེན་དུས་གསུམ་པར་བསྟན། དེ་ནས་ཐར་བ་དེ་ཐོབ་པའི་ཐབས་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སོགས་ལམ་བདེན་རང་རྒྱུད་ལ་བསྟེན་དགོས་པས་ལམ་བདེན་དུས་བཞི་པར་བསྟན་པའི་ཕྱིར་ཏེ། དེ་ཡང་། དཔེར་ན་དང་པོར་རང་ཅག་ལྟ་བུ་ནད་ཀྱིས་གདུངས་པའི་སྡུག་བསྔལ་དེ་ཤེས་དགོས། དེ་ཤེས་ན་དེའི་རྒྱུ་སྤོང་འདོད་སྐྱེ་ལ། དེ་སྐྱེས་ན་ནད་ཀྱི་སྡུག་བསྔལ་དེ་དང་བྲལ་བའི་བདེ་བ་ལ་ཐོབ་འདོད་སྐྱེ་ཞིང་། དེའི་ཆེད་དུ་སྨན་བསྟེན་པ་ལ་འཇུག་པ་བཞིན་ཡིན་པའི་ཕྱིར་ཏེ། རྗེ་བཙུན་བྱམས་པས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། བདེན་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདེན་བཞི་བསྒོམ་ཚུལ་གྱི་གོ་རིམ་ཡང་དེ་ལྟར་རོ། །རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ན། ཉོན་མོངས་ཕྱོགས་ཀྱི་ཀུན་འབྱུང་ལས་སྡུག་བདེན་འབྱུང་ལ། རྣམ་བྱང་ཕྱོགས་ཀྱི་ལམ་བདེན་ལས་འགོག་བདེན་ཐོབ་པར་འགྱུར་རོ། །གསུམ་པ་ངོ་བོའི་ཁྱད་པར་ནི། འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་དང་། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང་ཡིན་པ། ལས་དང་ཉོན་མོངས་པའི་དབང་གིས་སྐྱེས་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་དག་ནི་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །ཞེས་དང་། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་དེའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། འོན་ཀྱང་འདི་དག་གི་མཚན་གཞི་ལ་མི་མཐུན་པ་ཆེར་མེད་ནའང་། མཚན་ཉིད་ལ་ནི་བཞེད་ཚུལ་མི་འདྲ་བ་མང་ངོ་། །དེ་ལྟར་ནའང་གོ་བ་གཙོ་བོར་བྱས་ཚེ། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པས་ལག་རྗེས་བཞག་པའི་ཉེར་ལེན་གྱི་ཕུང་པོ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ། དང་པོ་ནི། ལུས་ལ་ཚོར་བ་དྲག་པོས་གཟིར་བའི་གནད་གཅོད་ཀྱི་སྡུག་བསྔལ་ལྟ་བུ། གཉིས་པ་ནི། ཟས་བཟང་བོ་ནི་རོ་ལ་སྲེད་ནས་ཉམས་སུ་མྱོང་བའི་ཚོར་བ་བདེ་བ་ལྟ་བུ། གསུམ་པ་ནི། ལས་ཉོན་གྱིས་ལག་རྗེས་བཞག་པའི་ཟག་བཅས་ཀྱི་ཕུང་པོ་ལྔ་ལྟ་བུའོ། །གཞན་ཡང་། དེ་ལ་དབྱེ་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་། མ་དག་པའི་བཅུད་ཀྱི་སེམས་ཅན་གཉིས། དང་པོ་ནི། འདོད་ཁམས་ཀྱི་གནས་འདི་ལྟ་བུ། གཉིས་པ་ནི། རང་ཅག་ལྟ་བུའི་སོ་སྐྱེ་རྣམས་སོ། །ཡང་དེ་ལ་དབྱེ་ན། དེར་གྱུར་བའི་རྣམ་སྨིན་གྱི་འབྲས་བུ་དང་། བདག་པོའི་འབྲས་བུ་གཉིས། དང་པོ་ནི། སོ་སྐྱེའི་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ། གཉིས་པ་ནི། དམྱལ་བའི་ལྕགས་སྲེགས་ཀྱི་ས་གཞི་ལྟ་བུའོ། །ཡང་། མྱོང་ཚུལ་གྱིས་དབྱེ་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དགྲ་སྡང་བ་དང་ཕྲག་དོགས་པའི་སྡུག་བསྔལ། གཉེན་སྡུག་པ་དང་བྲལ་དོགས་པའི་སྡུག་བསྔལ། འདོད་པ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ། གནས་ངན་ལེན་གྱི་སྡུག་བསྔལ་དང་བརྒྱད་ཡོད། རང་འབྲས་སྡུག་བསྔལ་བདེན་པ་བསྐྱེད་བྱེད་ཀྱི་རིགས་སུ་གནས་པའི་ཉེར་ལེན་གྱི་ཕུང་བོ་དེ། ཀུན་འབྱུང་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ཉོན་མོངས་པའི་ཀུན་འབྱུང་དང་། ལས་ཀྱི་ཀུན་འབྱུང་། དེ་ལས་གཞན་པའི་ཀུན་འབྱུང་དང་གསུམ། དང་པོ་ལ། དེར་གྱུར་པའི་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཉོན་མོངས་ཅན། ལྟ་བ་ཉོན་མོངས་ཅན་ཏེ་རྩ་བའི་ཉོན་མོངས་དྲུག་དང་། ཁྲོ་བ་དང་། ཁོན་འཛིན་འཆབ་པ། འཚིག་པ་སོགས་ཉེར་ཉོན་ཉི་ཤུ། གཉིས་པ་ལ། དེར་གྱུར་པའི་བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ། དང་པོ་ནི། འདོད་པའི་བདེ་འགྲོར་འཕེན་བྱེད་ཀྱི་སྲོག་གཅོད་སྤོང་པའི་ལས་དང་སྦྱིན་པ་བྱིན་པའི་ཟག་བཅས་ཀྱི་ལས་ལྟ་བུ། གཉིས་པ་ནི། ངན་འགྲོར་འཕེན་བྱེད་ཀྱི་སྲོག་གཅོད་དང་མ་བྱིན་ལེན་ལྟ་བུ། གསུམ་པ་ནི། གཟུགས་དང་གཟུགས་མེད་ཀྱི་ལྷར་སྐྱེ་བ་འཕེན་བྱེད་ཀྱི་བསམ་གཏན་བཞི་དང་གཟུགས་མེད་བཞི་བསྒོམ་པའི་ལས་རྣམས་ལྟ་བུའོ། །གསུམ་པ་ནི། ཉོན་མོངས་དང་ལས་ཀྱི་ཀུན་འབྱུང་དང་མཚུངས་ལྡན་དུ་གྱུར་པའི་གཙོ་སེམས་ལྟ་བུའོ། །ཡང་ལས་ཀྱི་ཀུན་འབྱུང་ལ། དེར་གྱུར་པའི་སྒོ་གསུམ་གྱི་ལས་དང་། ལུང་མ་བསྟན་གྱི་ལས་རྣམས་སུ་ཡོད། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ལམ་བདེན་གྱི་བྲལ་བའི་འབྲས་བུར་གྱུར་པའི་སོ་སོར་བཏགས་འགོག །འགོག་བདེན་གྱི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། སོ་སོར་བཏགས་མིན་གྱི་འགོག་པའམ་བརྡར་བཏགས་པའི་འགོག་པ། དོན་དམ་པའི་འགོག་པ། དེ་བཞིན་དུ་རྒྱན་བཅས། རྒྱན་མེད། ལྷག་བཅས། ལྷག་མེད། ཡོངས་སུ་རྫོགས་པ། ཡོངས་སུ་མ་རྫོགས་པའི་འགོག་པ་རྣམས་སུ་ཡོད། དང་པོ་ནི། སྦྱོར་ལམ་རྩེ་མོ་བའི་རྒྱུད་ཀྱི་ཁོང་ཁྲོས་དགེ་རྩ་གཅོད་པ་སྤངས་པའི་ཆ་དང་། སྦྱོར་ལམ་བཟོད་པ་ནས་ངན་འགྲོར་སྐྱེ་བ་སྤངས་པའི་ཆ་དང་། སོ་སྐྱེའི་རྒྱུད་ཀྱི་འདོད་པའི་ཉོན་མོངས་མངོན་གྱུར་བ་ལ་རེ་ཞིག་ཆགས་པ་དང་བྲལ་བའི་ཆ་དང་། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་བདེན་འཛིན་ཀུན་བཏགས་འགག་པའི་ཆ་ལྟ་བུའོ། །གཉིས་པ་དང་འགོག་བདེན་དོན་གཅིག །གསུམ་པ་ནི། མངོན་ཤེས་དྲུག་ཐོབ་པའི་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ལྟ་བུ། བཞི་བ་ནི། མངོན་ཤེས་མ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་འགོག་བདེན་ལྟ་བུ། ལྔ་བ་དང་དྲུག་པ་ནི། ཉེར་ལེན་གྱི་ཕུང་བོ་དང་བཅས་མ་བཅས་སམ། ཐལ་འགྱུར་བ་ལྟར་ན་བདེན་སྣང་གི་ལྷག་མ་དང་བཅས་མ་བཅས་ཀྱི་མྱང་འདས་གཉིས། བདུན་པ་དང་བརྒྱད་པ་ནི། སློབ་པའི་རྒྱུད་ཀྱི་འགོག་བདེན་དང་། མི་སློབ་པའི་རྒྱུད་ཀྱི་འགོག་བདེན་ནོ། །མཁས་པ་ཁ་ཅིག་ནི་མྱང་འདས་ཐམས་ཅད་རྫོགས་པའི་འགོག་བདེན་ཡིན་གསུང་། རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་གྱི་བྲལ་རྒྱུ་བྱེད་པའི་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། ལམ་བདེན་གྱི་མཚན་ཉིད། དེ་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཏེ་ལྔ། ངོ་བོའི་སྒོ་ནས་ཐེག་པ་གསུམ་གྱི་འཕགས་པའི་རྒྱུད་ཀྱི་ལམ་བདེན་རྣམས་སུ་དབྱེའོ། །འགོག་ལམ་གཉིས་ཇི་ལྟར་ཐོབ་ཚུལ་ནི། རང་གི་ངོ་སྐལ་གྱི་སྤང་བྱ་ཀུན་བཏགས་དང་ལྷན་སྐྱེས་གང་དངོས་སུ་སྤོང་བའི་གཉེན་པོ་བྱེད་པའི་འཕགས་པའི་ཡེ་ཤེས་ཀུན་གྱིས་ཀྱང་རང་གིས་དངོས་སུ་ཐོབ་པར་འགྱུར་བའི་འགོག་བདེན་རྣམས་ཀྱི་བྲལ་རྒྱུ་བྱས་ནས། ནམ་ཡེ་ཤེས་དེ་དག་གིས་རང་རང་གི་སྤང་བྱ་དེ་རྣམས་དངོས་སུ་སྤངས་པ་དེའི་ཚེ། སྤང་བྱ་དེ་ཤེས་རྒྱུད་ཀྱི་སྟེང་དུ་སླར་མི་སྐྱེ་བའི་ཚུལ་གྱིས་སྤངས་པའི་ཆ་ཐོབ་པར་འགྱུར་བས། དེ་ལ་ནི་འགོག་བདེན་ཞེས་བྱ་ཞིང་། དེ་དང་དུས་མཉམ་པའི་རྣམ་གྲོལ་རྣམས་ཀྱང་འགོག་བདེན་གྱི་བྲལ་རྒྱུ་བྱེད་པའི་རིགས་སུ་གནས་པའི་ལམ་བདེན་དུ་འཇོག་པ་ཡིན་ནོ། །བཞི་བ་དེ་རྣམས་གང་གི་རྒྱུད་ལ་ཡོད་མེད་ནི་སྡུག་ཀུན་གཉིས་སོ་སྐྱེའི་རྒྱུད་ལ་ཡོད་པ་གཙོ་ཆེ་ཞིང་འགོག་བདེན་དང་ལམ་བདེན་གཉིས་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད། མ་དག་པའི་ཞིང་སྡུག་བདེན་ཡིན་ཀྱང་དག་པའི་ཞིང་སྡུག་བདེན་མིན་པར་གསུངས་པས་བདེ་བ་ཅན་དང་དེའི་སོ་སྐྱེ་རྣམས་ནི་སྡུག་བདེན་མིན་ལ། དེ་ལས་གཞན་སོ་སྐྱེ་རྣམས་དང་དེའི་ཉེར་ལེན་གྱི་ཕུང་བོ་དང་དེ་དག་གི་རྒྱུད་ཀྱི་ལས་ཉོན་རྣམས་ནི། སྡུག་ཀུན་ཅི་རིགས་སུ་ངེས། ཐེག་དམན་འཕགས་པའི་རྒྱུད་ལ་ཉེར་ལེན་གྱི་ཕུང་བོ་ཡོད་པས། སྡུག་བདེན་དང་ལས་ཀྱི་ཀུན་འབྱུང་གཉིས་ཀ་ཡོད་ཀྱང་། ཐེག་ཆེན་འཕགས་པའི་རྒྱུད་ལ་སྡུག་ཀུན་གཉིས་ཀ་མེད་པས་དེའི་རྒྱུད་ཀྱི་ལས་དང་ཉོན་མོངས་རྣམས་ཀྱང་ཀུན་འབྱུང་མིན་ནོ། །སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་འདོད་ཁམས་ན་ཡོད་ཅིང་ཁམས་གོང་མ་ན་མེད་ལ། འདུ་བྱེད་ཀྱི་སྡུག་བསྔལ་ནི་ཁམས་གསུམ་ཀ་ན་ཡོད་དོ། །མཁས་པའི་དབང་བོ་ཁ་ཅིག །སྡུག་ཀུན་གཉིས་ཡིན་ཁྱབ་མཉམ་དུ་བཞེད་ལ། ཁ་ཅིག་དེ་གཉིས་འགལ་བར་འདོད་ཅིང་། གཞན་དག་ཀུན་འབྱུང་བདེན་པ་ཡིན་ན། སྡུག་བདེན་ཡིན་པས་ཁྱབ་ཀྱང་། སྡུག་བདེན་ཡིན་ན། ཀུན་འབྱུང་བདེན་པ་ཡིན་པས་མ་ཁྱབ་ཅེས་བཞེད་དོ། །དེས་ན་དཔྱད་དཀའ་ཙམ་སྣང་ཡང་། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་དངོས་སུ་བཤད་ཚུལ་ནི་གོང་དུ་དྲངས་པ་ལྟར་རོ། །གཞན་ཡང་། མཁས་པ་ཁ་ཅིག །སྡུག་བདེན་ཡིན་ན། སྡུག་བསྔལ་ཡིན་པས་ཁྱབ་ཅེས་བཞེད་ལ། ཁ་ཅིག་ནི། སོ་སྐྱེའི་རྒྱུད་ཀྱི་བསམ་གཏན་གྱི་ཡན་ལག་ཏུ་གྱུར་པའི་དགའ་བ་དེ་དང་། རྒྱུ་དགེ་བ་བྱས་པ་ལས་བྱུང་བའི་རྣམ་སྨིན་གྱི་འབྲས་བུ་ཚོར་བ་བདེ་བ་ལྟ་བུ་རྣམས་ནི་སྡུག་བདེན་ཡིན་ཀྱང་། སྡུག་བསྔལ་མིན་ཞེས་བཞེད་པར་སྣང་བ་ལས། ཁོ་བོ་ནི་ཕྱི་མ་འདི་འཐད་པར་སེམས་ཡང་དཔྱད་པར་བྱའོ། །ལམ་རིམ་ལས། སོ་སྐྱེའི་རྒྱུད་ཀྱི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་པའི་དགེ་བ་ཁྱད་པར་ཅན་རྣམས་དང་། བྱང་ཆུབ་ཀྱི་སེམས་དང་། བདག་མེད་རྟོགས་པའི་ཤེས་པ་ལྟ་བུ་ཀུན་འབྱུང་བདེན་པ་མིན་ལ། དེ་དག་དང་དེ་ལྟ་བུས་མ་ཟིན་པའི་དགེ་བ་ཕལ་ཆེར་ཀུན་འབྱུང་བདེན་པར་འགྲོ་བར་བཤེད་དོ། །ལྔ་པ་རྣམ་པ་སྒྲུབ་ཚུལ་ལ། བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་ཡོད་པ་ལས། སྡུག་བདེན་གྱི་རྣམ་པ་ལ་མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་བཞི་སྟེ། ཉེར་ལེན་གྱི་ཕུང་བོ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རེ་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། དོན་གཞན་གྱིས་སྟོང་སྟེ། དབང་སྒྱུར་བ་པོའི་བདག་དོན་གཞན་གྱིས་སྟོང་བའི་ཕྱིར། བདག་མེད་པའི་རྣམ་པ་ཡིན་ཏེ། རང་དབང་བའི་བདག་ཏུ་མ་གྲུབ་པའི་ཕྱིར། དེ་ལྟར་དྲན་ཅིང་བསྒོམས་པས་རིམ་པ་བཞིན་དུ་ཉེར་ལེན་གྱི་ཕུང་བོ་རྟག་པར་འཛིན་པ། བདེ་བར་འཛིན་པ། གཙང་བར་འཛིན་པ། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤོང་བར་བྱེད། ཀུན་འབྱུང་བདེན་པའི་རྣམ་པ་ལ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི་སྟེ། ཟག་བཅས་ཀྱི་ལས་ཉོན་གཉིས་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་བ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཀུན་ཡང་བསྐྱེད་པའི་ཕྱིར། རབ་སྐྱེ་ཡིན་ཏེ། སྡུག་བསྔལ་དེ་ཤུགས་དྲག་ཏུ་བསྐྱེད་པའི་ཕྱིར། རྐྱེན་གྱི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པས། རིམ་པ་བཞིན་དུ་སྡུག་བསྔལ་རྒྱུ་མེད་དུ་འཛིན་པ། དེ་རྒྱུ་གཅིག་ཁོ་ནས་བྱས་པར་འཛིན་པ། དེ་དབང་ཕྱུག་སོགས་ཀྱིས་བྱས་པར་འཛིན་པ། དེ་རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པའི་རྟོག་པ་རྣམས་སྤོང་བར་བྱེད། འགོག་བདེན་གྱི་རྣམ་པ་ལ་འགོག་པ་ཞི་བ་གྱ་ནོམ་པ་ངེས་འབྱུང་བཞི་སྟེ། སྡུག་ཀུན་གཏན་ནས་སྤངས་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པ་ཡིན་ཏེ། ཕན་བདེའི་ངོ་བོར་གྱུར་པའི་ཐར་བ་ཡིན་པའི་ཕྱིར། ངེས་འབྱུང་ཡིན་ཏེ། སླར་མི་ལྡོག་པའི་ཐར་བ་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པས། རིམ་པ་བཞིན་དུ་ཐར་བ་ཡེ་མེད་དུ་འཛིན་པ། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་བར་འཛིན་པ། སྡུག་བསྔལ་གྱི་རང་བཞིན་འགའ་ཞིག་ཐར་བར་འཛིན་པ། ཐར་བ་ཡོད་ཀྱང་སླར་ལྡོག་པར་འཛིན་པའི་རྟོག་པ་རྣམས་སྤོང་བར་བྱེད། ལམ་བདེན་གྱི་རྣམ་པ་ལ་ལམ་སྒྲུབ་པ་རིག་པ་ངེས་འབྱིན་བཞི་སྟེ། བདག་མེད་མངོན་སུམ་དུ་རྟོགས་བའི་ཡེ་ཤེས་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་བར་བགྲོད་བྱེད་ཀྱི་ལམ་དངོས་སམ་དེར་གཏོགས་ཀྱི་ལམ་ཡིན་པའི་ཕྱིར། སྒྲུབ་པ་ཡིན་ཏེ། བདག་མེད་ཅི་རིགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། རིག་པ་ཡིན་ཏེ། ཉོན་མོངས་ཀྱི་གཉེན་པོ་བྱེད་པའི་ལམ་ཡིན་པའི་ཕྱིར། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་སླར་མི་ལྡོག་པར་བྱེད་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པས་རིམ་པ་བཞིན་དུ། ཐར་ལམ་ཡེ་མེད་དུ་འཛིན་པ། བསམ་གཏན་གྱི་ངོ་བོ་འགའ་ཞིག་ཐར་ལམ་དུ་འཛིན་པ། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ། སྡུག་བསྔལ་གཏན་ཟད་པའི་ཐར་ལམ་མེད་པར་འཛིན་པའི་རྟོག་པ་རྣམས་སྤོང་བར་བྱེད་དོ། །དྲུག་པ་སྒྲ་དོན་ནི། བཞི་བོ་དེ་དག་ལ་འཕགས་པའི་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། ཡོད་དེ། དེ་རྣམས་འཕགས་པས་གཟིགས་པ་ལྟར་བདེན་ཅིང་། བྱིས་པ་སོ་སྐྱེས་པ་བ ཟུང་བ་ལྟར་མི་བདེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། མཛོད་འགྲེལ་ལས། འཕགས་པ་རྣམས་ཀྱིས་བདེན་པའི་དོན་དེ་ཁོ་ན་ལྟར་ཡིན་པའི་ཕྱིར་བདེན་པ་སྒོམ་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་གཟིགས། བྱིས་པ་རྣམས་ཀྱིས་མི་ཤེས་མི་མཐོང་བས་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །བདུན་པ་དགོས་པ་ནི། བདེན་བཞིའི་རྣམ་གཞག་ཤེས་དགོས་པ་ཡིན་ཏེ། ལམ་རིམ་ལས། དེ་ལྟ་ན་བདེན་བཞི་ནི་ཐེག་པ་ཆེ་ཆུང་ཀུན་དུ་ལན་དུ་མར་གསུངས་ཤིང་། འཁོར་བར་འཇུག་པ་དང་ལྡོག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས་རྣམ་གྲོལ་བསྒྲུབ་པ་ལ་ཤིན་དུ་གལ་ཆེ་ཞིང་། ཉམས་ལེན་གྱི་འགག་སྡོམ་ཡང་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། ཞེས་དང་། ཉམས་མགུར་ལས་ཀྱང་། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་བ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང་། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །ཞེས་གསུངས་པའི་ཕྱིར་རོ།། །།གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་བཤད་པ་ལ་བདུན། སྤྱིའི་མཚན་ཉིད། སོ་སོའི་དབྱེ་བ། བསྡུ་བ། བྱེད་ལས། ཚེ་དུས་ལ་རྫོགས། བསྒོམ་ཚུལ། བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། ས་ལུ་ལྗང་པའི་མདོ་ལས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །ཞེས་པ་ནས། འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། ཞེས་སོགས་ཀྱིས་བསྟན་པའི་དགོངས་པ་རྟེན་འབྲེལ་མདོ་འགྲེལ་སོགས་ལས་རྒྱས་པར་བཤད་ལ། དེ་དག་གི་དངོས་བསྟན་ནི། འདུས་བྱས་ཀྱི་རྟེན་འབྲེལ་གྱི་དབང་དུ་བྱས་ལ། སྤྱིར་བལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད། །རང་གི་རྒྱུ་རྐྱེན་ལ་བལྟོས་ནས་གྲུབ་པ། །འདུས་བྱས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་དོ། །གཉིས་པ་དེ་ལ་དབྱེ་ན་རྣམ་པ་བཅུ་གཉིས་ཡོད་དེ། མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་ཡོད་པའི་ཕྱིར། དང་པོ་ནི། སྤྱིར་མ་རིག་པ་དེ་ལ་ལས་འབྲས་ལ་རྨོངས་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ཡོད་ཅིང་། སྔ་མས་ནི་ངན་འགྲོར་འཕེན་བྱེད་ཀྱི་ལས་གསོག་ལ། ཕྱི་མས་ནི་བདེ་འགྲོ་དང་ངན་འགྲོ་གཉིས་ཀར་འཕེན་བྱེད་ཀྱི་ལས་གསོག་པ་ཡོད་དོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མ་རིག་པ་ནི། ཐལ་རང་གཉིས་ཀ་ལྟར་ནའང་བདེན་འཛིན་ཐམས་ཅད་ལ་བྱེད་པ་ཡིན་ཀྱང་། ཐལ་འགྱུར་བས་ནི་བདེན་འཛིན་ཡིན་ན། མ་རིག་པ་ཡིན་པས་ཁྱབ་ཅེས་བཞེད་ལ། རང་རྒྱུད་པས་ནི། དེ་ལྟར་མི་བཞེད་དོ། །རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་ལྟར་ན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་རྣམས་ནི། མ་རིག་པ་ཡིན་པས། ཐལ་རང་གཉིས་ཀྱི་ལུགས་ལ་འཁོར་བའི་རྩ་བ་ངོས་འཛིན་ཚུལ་མི་འདྲའོ། །གང་ལྟར་ནའང་རང་རང་གི་ལུགས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་སོ་སྐྱེའི་རྒྱུད་ཀྱི་དེ་འདྲའི་མ་རིག་པ་དེ། འཁོར་བའི་རྩ་བར་བཞེད་པར་ནི་འདྲའོ། །དེས་ན་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡང་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྟེ། འདི་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀ་ཡོད་པར་བཤད་ཀྱང་། འཕགས་པའི་རྒྱུད་ལ་ནི། ཡན་ལག་བཅུ་གཉིས་ཀྱི་ཐོག་མར་གྱུར་པའི་མ་རིག་པ་མེད་དོ། །མཁས་པ་ཕལ་ཆེར་འདུ་བྱེད་ཀྱི་ལས་ཀྱི་རྒྱུའི་ཀུན་སློང་གི་མ་རིག་པ་ལ་ནི་ལས་འབྲས་ལ་རྨོངས་པའི་མ་རིག་པ་མི་སྲིད་ཅེས་བཞེད་པར་སྣང་ཡང་དུས་ཀྱི་ཀུན་སློང་ལ་ནི་དེ་ཡོད་དོ། །གཉིས་པ་འདུ་བྱེད་ནི་ལས་ཡིན་ལ། དེ་ལའང་ངན་འགྲོར་འཕེན་བྱེད་ཀྱི་བསོད་ནམས་མ་ཡིན་པ་དང་། འདོད་ཁམས་ཀྱི་བདེ་འགྲོར་འཕེན་པའི་བསོད་ནམས་དང་། ཁམས་གོང་མའི་བདེ་འགྲོར་འཕེན་པའི་མི་གཡོ་བའི་ལས་དང་གསུམ་མོ། །གསུམ་པ་རྣམ་པར་ཤེས་པ་ནི། མདོ་ལས་རྣམ་ཤེས་ཚོགས་དྲུག་གསུངས་ཀྱང་འདིར་ནི་གཙོ་བོའི་དབང་དུ་བྱས་ན་ཡིད་ཀྱི་རྣམ་ཤེས་ཏེ། དེ་ལ་དགེ་མི་དགེའི་ལས་གང་བསགས་པའི་བག་ཆགས་བསྒོས་པའི་ཚེ་འདིའི་རྣམ་ཤེས་ནི་རྒྱུ་དུས་ཀྱི་རྣམ་ཤེས་ཡིན་ལ། ཕྱི་མར་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་ན་འབྲས་དུས་ཀྱི་རྣམ་ཤེས་སུ་འགྱུར་བས། གཉིས་ཀ་ལ་རྣམ་ཤེས་ཀྱི་རྟེན་འབྲེལ་ཞེས་གཅིག་ཏུ་བགྲང་བའོ། །བཞི་བ་མིང་གཟུགས་ཀྱི་མིང་ནི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་གཟུགས་ཅན་མ་ཡིན་པའི་མིང་བཞིའི་ཕུང་བོ་དང་། གཟུགས་ནི་མེར་མེར་བོ་ལ་སོགས་པ་སྟེ། གཟུགས་མེད་དུ་སྐྱེ་ན་གཟུགས་ཀྱི་ས་བོན་ཙམ་ཡོད་ཀྱི། གཟུགས་ནི་མེད་དོ། །གཉིས་ཀ་བསྡོམས་པས་མིང་གཟུགས་ཅེས་བྱའོ། །ལྔ་བ་སྐྱེ་མཆེད་དྲུག་ནི། མངལ་དུ་སྐྱེ་ན། དང་པོར་རྣམ་ཤེས་ཞུགས་པའི་ཁུ་ཁྲག་གི་མེར་མེར་བོ་དང་མིང་རྣམས་འཕེལ་ནས་གྲུབ་པའི་མིག་དང་རྣ་བ་ལ་སོགས་པའི་སྐྱེ་མཆེད་རྣམས་ཏེ། ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་སྔར་ནས་ཡོད་དོ། །བརྫུས་ཏེ་སྐྱེ་ན་དབང་བོ་རྣམས་ཅིག་ཅར་དུ་འགྲུབ་པས་རིམ་པ་དེ་ལྟར་མེད་ལ། སྒོང་སྐྱེས་དང་དྲོད་སྐྱེས་ལ་ནི་མངལ་མ་གཏོགས་ཆ་འདྲ་བར་བཤད། དྲུག་པ་རེག་པ་ནི། ཡུལ་དང་དབང་བོ་དང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གཟུགས་སོགས་ཡིད་དུ་འོང་མི་འོང་བར་མ་གསུམ་གང་རུང་ཡོངས་སུ་གཅོད་པའི་སེམས་བྱུང་དང་པོ་གྲུབ་པ་སྟེ། འདི་ལ་མིག་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་ཅི་རིགས་ཡོད་དོ། །བདུན་པ་ཚོར་བ་ནི། རེག་པས་ཡུལ་གསུམ་གང་རུང་གཅད་པ་དང་རྗེས་སུ་མཐུན་པར་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གང་རུང་སྐྱེས་པའོ། །འདི་ལའང་སྔར་བཞིན་ཡོད། བརྒྱད་པ་སྲེད་པ་ནི། ཚོར་བ་བདེ་བ་ལ་མི་འབྲལ་བ་དང་སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པའམ། བཏང་སྙོམས་ལ་སྲེད་པ་གང་རུང་སྟེ། འདི་ལ་འདོད་སྲེད། སྲིད་སྲེད། འཇིག་སྲེད་གསུམ། དགུ་བ་ལེན་པ་ནི། སྲེད་པ་དེ་ཉིད་ཆེར་འཕེལ་བར་བྱེད་པའི་གནས་སྐབས་ཀྱི་འདོད་ཆགས་ཏེ། འདི་ལ་འདོད་པ་ཉེར་བ་ལེན་པ། ལྟ་བ་ཚུལ་ཞུགས། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞིའོ། །དང་པོ་ནི། གཟུགས་སྒྲ་སོགས་འདོད་ཡོན་ལ་ཆགས་པ། གཉིས་པ་ནི་འཇིག་ལྟ་མ་ཡིན་པའི་ལྟ་ངན་ལ་ཆགས་པ། གསུམ་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་ཆགས་པ། བཞི་པ་ནི་འཇིག་འཇིག་ལྟ་ལ་འདུན་ཞིང་ཆགས་པའི་སྲེད་པའོ། །བཅུ་པ་སྲིད་པ་ནི། སྔར་འདུ་བྱེད་ཀྱི་ལས་ཀྱི་བག་ཆགས་རྣམ་ཤེས་ལ་བསྒོས་པ་དེ་ཉིད་སྲེད་ལེན་གཉིས་ཀྱིས་གསོས་བཏབ་ནས་ཡང་སྲིད་ཕྱི་མ་འདྲེན་པ་ལ་ནུས་པ་མཐུ་ཅན་དུ་སོང་བའི་སྐབས་ཀྱི་ལས་ཏེ། སྲིད་པ་ཞེས་པ་ནི་འབྲས་མིང་རྒྱུ་ལ་བཏགས་པའོ། །འདི་ལ་ཁམས་གསུམ་གྱི་ལས་གསུམ། བཅུ་གཅིག་པ་སྐྱེ་བ་ནི། སྲིད་ལས་ཀྱི་མཐུས་སྐྱེ་གནས་བཞི་བོ་གང་རུང་དུ་རྣམ་ཤེས་དང་པོར་ཉིང་མཚམས་སྦྱར་བ་སྟེ། འདི་ལ་མངལ་དུ་ཉིང་མཚམས་སྦྱར་བ་སོགས་བཞིའམ། ཁམས་གསུམ་དུ་ཉིང་མཚམས་སྦྱར་བ་གསུམ། ཁ་ཅིག །འདིའི་སྐྱེ་བ་ལ་ཉིང་མཚམས་སྦྱར་མ་ཐག་པའི་གནས་སྐབས་ཀྱི་ཕུང་བོ་ལྔ་དང་། ཁ་ཅིག་མངལ་ནས་ཕྱི་རོལ་དུ་བཙའ་བ་དེ་འཇོག་པར་སྣང་ཡང་། ལམ་རིམ་དུ་ཉིང་འཚམས་སྦྱར་བ་ཞེས་པ་ཙམ་ལས་མི་གསལ་ལ། ཁོ་བོ་ནི་མཁས་པ་ཁ་ཅིག །ཉིང་འཚམས་སྦྱར་བའི་ཆ་དང་པོ་ཞེས་གསུང་བ་འདི་འཐད་པར་མཐོང་སྟེ། གཞན་གྱི་ལྟར་ན་དེའི་སྐབས་སུ་ཕུང་བོ་ལྔ་འཁོར་བར་ཐལ་བ་དང་། ལམ་རིམ་དང་འགལ་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །བཅུ་གཉིས་པ་རྒ་ཤིའི་རྒ་བ་ནི་ཕུང་བོ་སྨིན་ཅིང་གཞན་དུ་འགྱུར་བའི་ཆ་ཡིན་ལ། ཤི་བ་ནི་ཕུང་བོའི་རིས་མཐུན་འདོར་བའམ་དོར་བའོ། །འདིར་རྒ་བ་ནི་སྐྱེས་པའི་སྐད་ཅིག་གཉིས་པ་ནས་ན་ཚོད་རྙིང་བར་གྱུར་པའི་ཆ་རྣམས་ཡིན་གྱི། འཇིག་རྟེན་ན་གྲགས་པའི་རྒས་པ་ཁོ་ནར་མ་ངེས་ལ། ཤི་བ་ནི་ཤི་ཟིན་པ་ཁོ་ནར་བྱེད་པར་ཡང་མ་ངེས་སོ། །རྒ་ཤི་གཉིས་ཡན་ལག་གཅིག་ཏུ་འཇོག་པ་ནི། དེ་གཉིས་གོ་རིམ་མ་ངེས་པའི་རྒྱུ་མཚན་གྱིས་ཡིན་ནོ། །མྱ་ངན་དང་སྨྲེ་ངག་འདོན་པ་སོགས་ནི་ཡན་ལག་ཏུ་འགྱུར་བར་མ་ངེས་པས་ཞར་བྱུང་ཙམ་ཏེ། སྐྱོ་བ་བསྐྱེད་པའི་ཆེད་དུ་གསུངས་པའོ། །གསུམ་པ་བསྡུ་བ་ལ་གཉིས་ཏེ། མདོར་བསྡུ་བ་དང་། ཀུན་ནས་ཉོན་མོངས་པའི་བསྡུ་བའོ། །དང་པོ་ནི། ཡན་ལག་བཅུ་གཉིས་པོ་དེ། རྒྱུ་འབྲས་གཉིས་ཀྱིས་བསྡུས་ཏེ། འཕེན་བྱེད་ཀྱི་རྒྱུ་འབྲས་དང་། འགྲུབ་བྱེད་ཀྱི་རྒྱུ་འབྲས་གཉིས་ཀྱིས་བསྡུས་པའི་ཕྱིར། དེ་ཡང་། མ་རིག་པ། འདུ་བྱེད། རྒྱུ་དུས་ཀྱི་རྣམ་ཤེས་གསུམ་ནི། འཕེན་བྱེད་ཀྱི་རྒྱུ་དང་། འབྲས་དུས་ཀྱི་རྣམ་ཤེས་དང་མིང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྟེ་ཕྱེད་དང་ལྔ་ནི་འཕངས་པའི་འབྲས་བུ། སྲེད་ལེན་སྲིད་པ་གསུམ་འགྲུབ་བྱེད་ཀྱི་རྒྱུ་དང་། སྐྱེ་རྒ་གཉིས་ནི། གྲུབ་པའི་འབྲས་བུའི་ཡན་ལག་ཏུ་འདུའོ། །གང་འཕངས་ན། འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་ཡན་ལག་ཕྱེད་དང་ལྔའོ། །གང་གིས་འཕངས་ན། མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་ཀྱི་ལས་ཀྱིས་སོ། །ཇི་ལྟར་འཕངས་ན། རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །འཕངས་པའི་དོན་ནི། སྲེད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན། འབྲས་བུ་དེ་རྣམས་འགྲུབ་རུང་དུ་བྱས་པའོ། །གང་གིས་འགྲུབ་པར་བྱེད་ན། སྲེད་པའི་རྐྱེན་ཅན་གྱི་ལེན་པས་སོ། །གང་འགྲུབ་ན། སྐྱེ་བ་དང་རྒ་ཤིའོ། །ཇི་ལྟར་འགྲུབ་པར་བྱེད་ན། འདུ་བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་མཐུ་ཅན་དུ་བྱས་ཚུལ་གྱིས་སོ། །དེས་ན་འདིའི་འཕངས་པའི་ཡན་ལག་དང་གྲུབ་པའི་ཡན་ལག་གཉིས་ངོ་བོ་གཅིག་གོ །གཉིས་པ་ཉོན་མོངས་པའི་བསྡུ་བ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་གསུངས་པ་ལྟར། མ་རིག་པ་སྲེད་ལེན་གསུམ་ཉོན་མོངས་པའི་ཀུན་འབྱུང་། འདུ་བྱེད་དང་སྲིད་ལས་གཉིས་ལས་ཀྱི་ཀུན་འབྱུང་། འབྲས་དུས་ཀྱི་རྣམ་ཤེས་སོགས་བདུན་ནི་སྡུག་བདེན་དུ་འདུའོ། །བཞི་བ་བྱེད་ལས་ནི། མ་རིག་པས་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད། འདུ་བྱེད་ཀྱིས་ཡང་སྲིད་ཕྱི་མའི་ཕུང་བོའི་ས་བོན་འདེབས་པར་བྱེད། རྣམ་ཤེས་ཀྱིས་སྐྱེ་གནས་སུ་འཁྲིད་པར་བྱེད། མིང་གཟུགས་ཀྱིས་ལུས་འཛིན་པར་བྱེད། སྐྱེ་མཆེད་ཀྱིས་ལུས་རྫོགས་པར་བྱེད། རེག་པས་ཡུལ་གྱི་འགྱུར་བ་སྤྱོད་པར་བྱེད། ཚོར་བས་རྣམ་སྨིན་ལ་ལོང་སྤྱོད་པར་བྱེད། སྲེད་པས་ཕུང་བོ་སླར་སྡུད་པར་བྱེད། ལེན་པས་ཕུང་བོ་འགྲུབ་པ་ལ་སྦྱོར་བར་བྱེད། སྲིད་པས་ཕྱི་མའི་ཕུང་བོ་མངོན་དུ་འགྱུར་བར་བྱེད། སྐྱེ་བ་དང་རྒ་ཤིས་རང་གང་ལ་ལྡན་པའི་གང་ཟག་དེ་སྡུག་བསྔལ་བར་བྱེད་དོ། །ལྔ་བ་ཚེ་དུ་ལ་རྫོགས་པ་ནི། བཅུ་གཉིས་པོ་དེ་མྱུར་ན་ཚེ་གཉིས་ལ་རྫོགས་ནུས་ཞིང་། བུལ་ན་ཚེ་གསུམ་ལ་རྫོགས་པར་འགྱུར་ལ། མཁས་པ་ཁ་ཅིག་ཚེ་བཞི་ལ་རྫོགས་པའང་ཡོད་ཅེས་གསུང་ཡང་། ལམ་རིམ་གྱི་བཞེད་པ་ནི་སྔར་ལྟར་རོ། །དེ་ཡང་ཚེ་གཉིས་ལ་རྫོགས་ཚུལ་ནི་སྐྱེས་ནས་མྱོང་འགྱུར་གྱི་དབང་དུ་བྱས་པ་སྟེ། དཔེར་ན། མི་འགའ་ཞིག་གིས་མ་རིག་པ་ཀུན་ནས་བསླངས་ཏེ། རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་སྟེང་དུ་འདོད་ལྷར་སྐྱེ་བའི་འདུ་བྱེད་ཀྱི་ལས་བསགས། ལས་དེ་ལ་འཆི་ཀ་ཚུན་ཆད་དུ་སྲེད་ལེན་གཉིས་ཀྱིས་གསོལ་བཏབ་ནས་སྲིད་ལས་ནུས་ལྡན་དུ་བྱས་ནས་སྐྱེ་བ་བླངས་ན་ཚེ་སྔ་མ་ལ་ཕྱེད་དང་དྲུག་དང་། ཕྱི་མ་ལྷར་སྐྱེས་པའི་ཚེ་འབྲས་དུས་ཀྱི་རྣམ་ཤེས་སོགས་ཕྱེད་དང་བདུན་འགྲུབ་པར་འགྱུར་བས་སོ། །ཚེ་གསུམ་ལ་རྫོགས་པ་ནི། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་དབང་དུ་བྱས་པ་སྟེ། དཔེར་ན་མི་ཞིག་གིས་རྟེན་དེ་ལ་མ་རིག་པའི་སྟོབས་ཀྱིས་རྣམ་ཤེས་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་བཞག་པ་དེ་ལ་སྲེད་ལེན་གཉིས་ཀྱིས་གསོས་མ་བཏབ་པར་དུད་འགྲོར་སྐྱེས་ནས། རྟེན་དེ་ལ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་སྟེ་སྲིད་ལས་ནུས་པ་མཐུ་ཅན་དུ་བྱས་ནས་འདོད་ལྷར་སྐྱེ་བ་བླངས་པའི་ཚེ་ཡན་ལག་དང་པོ་གཉིས་ཚེ་དང་པོ་དང་། སྲེད་ལེན་སྲིད་པ་གསུམ་ཚེ་གཉིས་པ་དང་། ལྷག་མ་རྣམས་ཚེ་གསུམ་པ་ལ་རྫོགས་པ་བཞིན་ནོ། །ཚེ་བཞི་ལ་རྫོགས་སྲིད་པར་ཁས་ལེན་ན་ནི་སྲེད་པས་གསོས་བཏབ་ཀྱང་ལེན་པས་གསོས་མ་བཏབ་པ་ཞིག་འདོད་དགོས་སོ། །འདི་དག་ནི་ཐེག་ཆེན་པའི་དབང་དུ་བྱས་པ་སྟེ། མདོ་སྡེ་པ་དང་བྱེ་བྲག་སྨྲ་བའི་ལུགས་ལ་ཅུང་མི་འདྲ་བ་ཞིག་ཡོད་དོ། །འོ་ན། འཕེན་བྱེད་ཀྱི་ལས་ངན་པའམ། བཟང་བོ་གཅིག་གིས་ཁྱི་དང་། ལྷའི་རྣམ་སྨིན་གྱི་ཕུང་བོ་བརྒྱ་འཕངས་པ་ན། བརྒྱ་བོ་དེ་ཐམས་ཅད་རྟེན་འབྲེལ་ཚར་གཅིག་གམ། ཐ་དད་ཞེ་ན། འདི་ལ་མཁས་པའི་དབང་བོ་ཁ་ཅིག ཁྱིའམ་ལྷའི་ཚེ་བརྒྱ་བོ་དེ་ཐམས་ཅད་ཀྱང་རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པའི་ཚེའི་ཆར་གཏོགས་ཞེས་འདོད་ལ། ཁ་ཅིག་ནི་ལམ་རིམ་ལས། འཕེན་བྱེད་དང་འགྲུབ་བྱེད་ཀྱི་བར་དུ་ཚེ་དུ་མས་ཆོད་ཀྱང་རྟེན་འབྲེལ་གཞན་གྱི་ཚེ་ཡིན་གྱི། རྟེན་འབྲེལ་དེའི་ཚེ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས། འཕེན་བྱེད་གཅིག་གིས་འཕངས་ཀྱང་འགྲུབ་བྱེད་སོ་སོ་བ་ཡིན་པས། ཚེ་དང་པོ་མ་གཏོགས་ཕྱི་མ་རྣམས་རྟེན་འབྲེལ་ཚར་གཞན་གྱི་དབང་དུ་བྱས་པའི་ཚེ་ཡིན་ཞེས་བཞེད་པར་སྣང་བ་ལས་ཁོ་བོ་ནི་ཕྱི་མ་འཐད་པར་སེམས་ཡང་བརྟག་པར་བྱ་ཞིང་། འགྲུབ་བྱེད་དང་གྲུབ་པའི་འབྲས་བུའི་བར་དུ་ནི་ཚེ་གཞན་གྱིས་ཆོད་མི་སྲིད་ཅེས་རྒྱལ་ཚབ་རིན་པོ་ཆེས་བཤད་པ་ལྟར་རོ། །དྲུག་པ་བསྒོམ་ཚུལ་ནི། ཇི་སྐད་དུ། འཇིག་རྟེན་རྒུད་པ་ཇི་སྙེད་པ། དེ་ཡི་རྩ་བ་མ་རིག་སྟེ། ཞེས་གསུངས་པ་ལྟར། ཡན་ལག་དང་པོའི་མ་རིག་པ་འཁོར་བའི་རྩ་བར་འགྱུར་ཚུལ་སྤྱི་དང་ཁྱད་པར་དེའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བ་ནི་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་། རྒ་ཤི་ནི་གང་ལས་འབྱུང་ན་སྐྱེ་བ་ལས་འབྱུང་བ་ནས། འདུ་བྱེད་མ་རིག་པ་ལས་འབྱུང་བའི་བར་ནི་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་ལྡོག མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་བ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་། གང་འགགས་པས་རྒ་ཤི་འགག་སྙམ་ན་སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་པ་ནས། མ་རིག་པ་འགགས་པས་འདུ་བྱེད་འགག་པའི་བར་ནི་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་ལྡོག་ཏུ་བསྒོམ་པར་བྱའོ། །དེ་ཡང་དང་པོ་གཉིས་ལྟར་བསམ་པ་ནི། རིམ་པ་བཞིན་དུ་སྡུག་ཀུན་གཉིས་ཤེས་པར་བྱེད་པ་ཡིན་ལ། ཕྱི་མ་གཉིས་ལྟར་བསམ་པ་ནི། འགོག་ལམ་གཉིས་སྒོམ་པར་བྱེད་པ་ཡིན་ནོ། །བདུན་པ་ཕན་ཡོན་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཅིག་ཅེས་པ་ཟབ་མོ་སྟེ། གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམས་མཆོག་མཐོང་། །ཞེས་དང་། ལམ་རིམ་ལས་ཀྱང་། སྔར་བཤད་པ་ལྟར་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སྡུག་བསྔལ་གྱི་ཕུང་བོ་འགྲུབ་ཚུལ་དང་། ཁྱད་པར་དུ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྲིད་པའི་འཁོར་ལོ་འཁོར་ཚུལ་རྣམས་ལེགས་པར་ཤེས་པར་བྱས་ནས་དེ་ལ་གོམས་པར་བྱེད་པ་ནི། རྒུད་པ་ཐམས་ཅད་ཀྱི་རྩ་བ་རྨོངས་པའི་མུན་པ་མི་བཟད་པ་འཇོམ་པར་བྱེད་པ། རྒྱུ་མེད་མི་མཐུན་པའི་རྒྱུ་ལས་ཕྱི་ནང་གི་འདུ་བྱེད་རྣམས་འབྱུང་བར་འཛིན་པའི་ལོག་པར་ལྟ་བ་ཐམས་ཅད་སེལ་ཏེ། རྒྱལ་བའི་གསུང་གི་མཛོད་ཀྱི་གཅེས་པའི་ནོར་སྤེལ་བ། འཁོར་བའི་མཚན་ཉིད་ཇི་ལྟ་བ་བཞིན་རིག་ནས་སྐྱོ་ཤེས་དྲག་པོས་ཐར་ལམ་ལ་ཡིད་བསྐུལ་བ། སྔར་དེ་ལྟར་གོམས་པ་རྣམས་ལ་འཕགས་པའི་གོ་འཕང་འཐོབ་པའི་བག་ཆགས་སད་པར་བྱེད་པའི་ཐབས་དམ་པ་ཡིན་ནོ། །ཞེས་གསུངས་པ་ལྟར་གྱི་ཕན་ཡོན་རྣམས་དང་། གཙོ་བོ་ནི་ཐར་བ་ཐོབ་པར་འགྱུར་བའི་ཕན་ཡོན་འབྱུང་བ་ཡིན་པས། དེ་ལྟར་དུ་འབད་པར་བྱའོ། །གསུམ་པ་འཆི་འཕོ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་སྡུད་ཚུལ། བར་དོ་འགྲུབ་ལུགས། སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཚེ་ཟད་ནས་འཆི་བ་དང་། དེ་མ་ཟད་པར་འཆི་བ་གཉིས་ཀྱི་དང་པོ་ནི་དུས་ཀྱི་འཆི་བ་ཡིན་ལ། གཉིས་པ་ནི་དུས་མིན་པར་འཆི་བའོ། །ཕྱི་མ་ལ་བསོད་ནམས་ཟད་ནས་ནད་སོགས་ཀྱིས་འཆི་བ་དང་། གཞན་ཡང་དུས་མིན་གྱི་འཆི་རྐྱེན་དགུ་མདོ་ལས་གསུངས་སོ། །གཉིས་པ་འཆི་བའི་སེམས་ནི་གསུམ་སྟེ། དགེ་མི་དགེ་ལུང་མ་བསྟན་གྱི་སེམས་གསུམ་ཅི་རིགས་དང་ལྡན་པར་འབྱུང་ངོ་། །དེ་ཡང་སྤྱིར་དགེ་བ་བྱེད་པ་རྣམས་འཆི་བའི་ཚེ་དགེ་སེམས་དང་། མི་དགེ་བ་བྱེད་པ་རྣམས་འཆི་བའི་དུས་སུ་སྡིག་སེམས་འབྱུང་ལ། དམིགས་བསལ་ནི་ངེས་པ་མེད་དོ། །དགེ་མི་དགེའི་སེམས་ཀྱིས་འཆི་བ་ནི་འདུ་ཤེས་རགས་པ་རྒྱུ་བའི་ཚེ་ཡིན་གྱི། འདུ་ཤེས་ཕྲ་མོ་རྒྱུ་བའི་སྐབས་སུ་ནི་དགེ་མི་དགེའི་སེམས་ལོག་ནས་ལུང་མ་བསྟན་གྱི་སེམས་ཁོ་ནར་འགྱུར་རོ། །གསུམ་པ་དྲོད་སྡུད་ཚུལ་ནི། མི་དགེ་བ་ཆེན་པོ་བྱེད་པ་རྣམས་ཀྱི་དྲོད་སྟོད་ནས་སྡུད་པར་བྱེད་ལ། དགེ་བ་བྱེད་པ་རྣམས་ཀྱི་དྲོད་སྨད་ནས་སྡུད་ཅིང་། གཉིས་ཀ་ཡང་དྲོད་སྙིང་གའི་བར་བསྡུས་ཏེ་དེ་ནས་རྣམ་ཤེས་འཕོའོ། །བཞི་བ་བར་དོ་འགྲུབ་ལུགས་ནི། རྣམ་ཤེས་ཕྱིར་འཕོ་བ་དང་བར་ཆད་མེད་པར་སྲང་མདའི་མཐོ་དམན་བཞིན་དུ་བར་དོ་འགྲུབ་སྟེ། འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེའི་ལུས་ཀྱི་དབྱིབས་ཅན་དུ་འགྱུར་རོ། །འོན་ཀྱང་གཟུགས་མེད་ཁམས་སུ་སྐྱེ་བའི་ཚེ་བར་དོ་མེད་དོ། །ལྔ་པ་ཉིང་འཚམས་སྦྱོར་ཚུལ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། མངལ་དུ་སྐྱེ་ན་ནི། བར་དོ་བ་དེས་རང་དང་རིས་མཐུན་པའི་སེམས་ཅན་དག་མཐོང་ནས་དེ་དག་ལ་ལྟ་བ་དང་རྩེ་བ་སོགས་བྱེད་ལ། ཕ་མའི་ཁུ་ཁྲག་ལ་ནི་ཕྱིན་ཅི་ལོག་ཏུ་མཐོང་བའི་བློ་སྐྱེ་སྟེ། དེར་ཕ་མ་གཉིས་ཉལ་པོ་བྱེད་པ་མེད་བཞིན་དུ་དེ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་ནས་དེ་ལ་ཆགས་པར་འགྱུར་རོ། །དེའི་ཚེ་མོར་སྐྱེ་ན་ནི་བུད་མེད་དང་བྲལ་བར་འདོད་ཅིང་། སྐྱེས་པ་ལ་ཆགས་ཏེ་ཉལ་བར་འདོད་ལ། ཕོར་སྐྱེ་ན་ནི་འདུ་ཤེས་དེ་ལས་ལྡོག་སྟེ་འབྱུང་ངོ་། །དེ་ལྟ་བུའི་འདོད་པ་སྐྱེས་ནས་དེར་ཉེ་བར་ཕྱོགས་པ་ན། སྐྱེས་པ་དང་བུད་མེད་དེའི་དབང་པོ་ཙམ་ཞིག་མ་གཏོགས། གཞན་གང་ཡང་མི་སྣང་བར་གྱུར་པ་ན་དེ་ལ་ཁྲོས་ནས་ཤི་འཕོས་ཏེ་ཉིང་འཚམས་སྦྱར་རོ། །ཉིང་འཚམས་སྦྱར་མ་ཐག་པའི་རྣམ་པར་ཤེས་པ་ནི། ཡིད་ཀྱི་རྣམ་ཤེས་ཉིད་ཡིན་གྱི། དབང་ཤེས་ནི་དེའི་ཚེ་མེད་དོ། །དེར་མེར་མེར་བོ་དང་དེ་ལས་གཞན་པའི་འབྱུང་བ་ཆ་ཕྲ་བ་རྣམས་དང་འདྲེས་ནས་རིམ་གྱིས་འཕེལ་ཏེ། ཞག་བདུན་ཕྲག་སོ་བརྒྱད་ལྷག་ཙམ་ནས་ཕྱི་རོལ་ཏུ་བཙའ་བར་འགྱུར་ཏེ། འདི་དག་གི་རྣམ་གཞག་ནི་དགའ་བོ་མངལ་འཇུག་གི་མདོ་ལས་རྒྱས་པར་འབྱུང་ངོ་། །དམྱལ་བ་ཕལ་ཆེར་དང་དུད་འགྲོ་དང་ཡིད་དྭགས་དང་མི་དང་འདོད་གཟུགས་ཀྱི་ལྷར་སྐྱེ་ན་ནི། རང་དང་རིགས་མཐུན་གྱི་སེམས་ཅན་མཐོང་སྟེ་དེར་སོང་བ་ན་སྐྱེ་གནས་ལ་ཁྲོས་པའི་རྐྱེན་གྱིས་བར་སྲིད་འགགས་ནས་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་ལ། འོན་ཀྱང་ལུག་དང་ཕག་དང་བྱ་རི་དྭགས་མང་བོ་གསོད་པའི་སྡིག་ཅན་དམྱལ་བར་སྐྱེ་ངེས་རྣམས་ལ་བར་སྲིད་ན། ལུག་དང་ཕག་ལ་སོགས་པ་དེ་དག་རྨི་ལམ་བཞིན་དུ་མཐོང་ནས་སྔོན་གྱི་གོམས་པའི་དགའ་བས་དེར་རྒྱུག་གོ །དེ་ནས་སྐྱེ་བའི་གནས་ལ་ཁྲོས་ནས་བར་སྲིད་འགགས་ཏེ་སྐྱེ་སྲིད་དུ་འཕོ་བར་འགྱུར་རོ། །སྒོ་ང་ལས་སྐྱེ་བ་ནི་ཕལ་ཆེར་མངལ་དང་འདྲ་ལ། དྲོད་གཤེར་ལས་སྐྱེ་ན་དྲི་དང་། བརྫུས་ཏེ་སྐྱེ་ན་གནས་འདོད་ཅིང་། ཚ་དམྱལ་དུ་སྐྱེ་ན་དྲོད་དང་། གྲང་དམྱལ་དུ་སྐྱེ་བ་ན་ནི་བསིལ་བར་འདོད་པས་རྐྱེན་བྱས་ཏེ་ཉིང་འཚམས་སྦྱོར་བར་བཤད་དོ། །གཉིས་པ་འཕྲོས་དོན་ནི། དབུ་མ་པའི་ལུགས་ཀྱི་དབང་དུ་བྱས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་ལེགས་པར་ཤེས་དགོས་ཏེ། དེ་ཡང་ཕུང་བོ་འདི་ཉིད་བདག་མ་ཡིན་ལ། ཕུང་བོ་འདི་ལས་དོན་གཞན་པའི་རང་རྐྱ་ཐུབ་པའི་བདག་ཞིག་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མ་ཡིན་གྱི། ཕུང་བོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་སྒྱུ་མ་ལྟ་བུའི་ཆོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་བརྟེན་པའི་ཚུལ་གྱིས་ཀུན་རྫོབ་ཙམ་དུ་འཁོར་བར་འཁོར་བར་འགྱུར་བའི་ཚུལ་ཤེས་དགོས་པའི་ཕྱིར་རོ། །དེ་ལྟར་མ་ཤེས་པས་ནི་འཁོར་བར་འཁོར་བར་འགྱུར་བ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། འབྲས་བུའི་ཡན་ལག་དེ་རྣམས་གྲུབ་པའི་ཚེ་ན་ཡང་། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོའི་གང་ཟག་གི་བདག་ནི་མེད་ཀྱི། སྔར་བཤད་པ་ལྟར་ཆོས་ཙམ་གྱི་རྒྱུའི་ཡན་ལག་ལས་ཆོས་ཙམ་གྱི་འབྲས་བུའི་ཡན་ལག་དེ་རྣམས་འབྱུང་ཞིང་འཁོར་བའི་ཚུལ་མ་ཤེས་པར་དེ་ལ་རྨོངས་ནས་བདག་ཏུ་བཟུང་ཞིང་། བདག་བདེ་བར་འདོད་ནས་དེའི་ཕྱིར་དུ་སྒོ་གསུམ་གྱི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱས་པས་སླར་ཡང་འཁོར་བས་ན། ཉོན་མོངས་པ་གསུམ་ལས་ལས་གཉིས་དང་དེ་ལས་སྡུག་བསྔལ་བདུན་འབྱུང་ཞིང་། བདུན་ལས་ཀྱང་ཉོན་མོངས་དང་དེ་ལས་ཀྱང་སྔར་ལྟར་འཁོར་བས་སྲིད་པའི་འཁོར་ལོ་རྒྱུན་ཆད་མེད་པར་འཁོར་སྟེ། ཞེས་གསུངས་པས་སོ། །དེ་ལྟར་འཁོར་བའི་ཚེ་རྣམ་ཤེས་ཉིད་འདི་ནས་ཕྱི་མར་ཉིང་འཚམས་སྦྱོར་ཚུལ་དང་། དེ་ལ་དཔེ་ཇི་འདྲ་བ་ཞིག་ཡོད་ཅེ་ན། བཤད་པར་བྱ་སྟེ། ཐེག་པ་ཆེན་པོའི་ལུགས་ཀྱི་རྣམ་ཤེས་ཕྱི་མར་ཉིང་འཚམས་སྦྱོར་ཚུལ་མདོ་ལས་བཤད་པའི་དོན་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རྟེན་འབྲེལ་སྙིང་བོ་ལས། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་གཞན་ཅིའང་མེད། །སྟོང་བ་ཁོ་ནའི་ཆོས་རྣམས་ལས། །སྟོང་བའི་ཆོས་རྣམས་འབྱུང་བར་ཟད། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་བོ་ཉིང་འཚམས་སྦྱོར་བ་ཡང་། ཞེས་གསུངས་པ་ལྟར། འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་རང་རྐྱ་ཐུབ་པའི་བདག་གམ་གང་ཟག་ཅི་ཡང་མེད་ཀྱང་། རང་བཞིན་གྱིས་སྟོང་བའི་ང་ཙམ་ཞིག་ཀུན་རྫོབ་ཏུ་ཡན་ལག་བཅུ་གཉིས་ཀྱི་རྒྱུ་འབྲས་ལ་བརྟེན་ནས་ཕྱི་མར་ཉིང་འཚམས་སྦྱོར་བར་འགྱུར་རོ། །སྦྱོར་ཚུལ་འདི་ལ་དཔེ་བརྒྱད་ཡོད་དེ། སློབ་དཔོན་ལས་སློབ་མའི་ཁ་ཏོན་འབྱུང་བ་ནས་སྒྲ་ལས་སྒྲ་བརྙན་འབྱུང་བའི་བར་རྣམས་ཏེ། འཆད་པར་འགྱུར་རོ། །དེ་དག་གི་དོན་ནི་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་དབུ་མ་རྟེན་འབྲེལ་སྙིང་བོའི་རྣམ་བཤད་ལས། དཔེར་ན། བླ་མའི་ཁ་ནས་བརྗོད་པ་རྣམས་སློབ་མར་འཕོ་ན་ནི། བླ་མས་བརྗོད་པ་དེ་མེད་པར་ཡང་འགྱུར་བས་མི་འཕོའོ། །སློབ་མས་སྨྲས་པ་ཡང་གཞན་མ་ཡིན་ཏེ། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མའི་ཁ་ནས་བརྗོད་པ་ལྟར་འཆི་ཀའི་སེམས་ཀྱང་དེ་བཞིན་ཏེ། རྟག་པའི་སྐྱོན་དུ་འགྱུར་བས་འཇིག་རྟེན་ཕ་རོལ་ཏུ་མི་འགྲོའོ། །འཇིག་རྟེན་ཕ་རོལ་ཡང་གཞན་ལས་མི་འབྱུང་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་བླ་མས་བརྗོད་པའི་རྒྱུ་ལས་སློབ་མ་དེ་ཉིད་དང་གཞན་ནོ་ཞེས་བརྗོད་པར་མི་ནུས་པ་ལྟར། འཆི་ཀའི་སེམས་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་སེམས་ཀྱང་དེ་བཞིན་ཏེ། བདག་ཉིད་དང་དེ་ལས་གཞན་ནོ་ཞེས་བརྗོད་པར་མི་ནུས་སོ། །དེ་བཞིན་དུ་ཇི་ལྟར་མར་མེ་ལས་མར་མེ་དང་། ཞེས་པ་ནས། སྒྲ་ལས་བྲག་ཆ་འབྱུང་བར་འགྱུར་ཞིང་། དེ་དག་ཀྱང་དེ་ཉིད་དང་དེ་ལས་གཞན་ནོ་ཞེས་ཤེས་པར་སླ་བ་མ་ཡིན་པ་དེ་བཞིན་དུ། ཕུང་བོ་ཉིང་འཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་བཤད་པ་ལྟར་རོ། །དེ་དག་གི་དོན་མདོར་བསྡུས་ཏེ་གོ་སླ་བར་བརྗོད་ན། དཔེར་ན། བླ་མས་སློབ་མ་ལ་ན་མོ་བུདྡྷ་ཡ་ཞེས་པ་ལྟ་བུའི་ཁ་ཏོན་བློ་ཐོག་ནས་ངག་གིས་སློབ་པ་དེ་སློབ་མས་བློ་ལ་བཟུང་ནས་དེ་ལྟར་བརྗོད་པའི་ཚེ། སློབ་དཔོན་གྱི་དེ་འདྲའི་ངག་དེ། སློབ་མའི་ངག་དེ་ཉིད་དུ་འཕོས་པ་མ་ཡིན་ཏེ། ཡིན་ན་སླར་བླ་མ་ལ་ངག་དེ་འདྲ་བརྗོད་རྒྱུ་མེད་པར་འགྱུར་རོ། །སློབ་མས་བླ་མའི་གསུང་བཞིན་དུ་སྨྲས་པ་དེ། བླ་མའི་ངག་ལ་མ་བརྟེན་པར་བྱུང་བའང་མིན་ཏེ། ཡིན་ན། རྒྱུ་མེད་པར་འགྱུར་བས་སོ། །དཔེ་དེ་བཞིན་དུ་ཤི་ནས་ཕྱི་མར་ཉིང་འཚམས་སྦྱོར་བའི་ཚེ་འཆི་ཀའི་རྣམ་ཤེས་དེ་ཉིད་ངོ་བོ་འགྱུར་མེད་དུ་ཕྱི་མའི་རྣམ་ཤེས་སུ་འཕོ་བ་ནི་མ་ཡིན་ཏེ། ཡིན་ན། དེ་རྟག་པར་འགྱུར་བས་སྐྱེ་བ་ལེན་པ་ཡང་མི་འཐད་དོ། །ཕྱི་མའི་རྣམ་ཤེས་དེ་འཆི་ཀའི་རྣམ་ཤེས་ལ་མ་བརྟེན་པར་མི་འབྱུང་སྟེ། འབྱུང་ན་ཕྱི་མའི་རྣམ་ཤེས་ལ་རྒྱུ་མེད་པར་འགྱུར་བས་སོ། །དེ་ལྟ་ནའང་བླ་མས་བརྗོད་པའི་རྒྱུ་ལས་སློབ་པའི་ངག་འབྱུང་བ་ལྟར། སྔ་མའི་རྣམ་ཤེས་ཀྱི་རྒྱུན་ལས་ཕྱི་མའི་རྣམ་པར་ཤེས་པ་ཉིད་འབྱུང་ལ། བླ་མའི་ངག་དང་སློབ་མའི་ངག་གཅིག་ཏུ་མི་རུང་བ་དེ་བཞིན་དུ་ཚེ་འདིའི་འཆི་ཀ་མའི་རྣམ་ཤེས་དང་ཕྱི་མར་ཉིང་འཚམས་སྦྱར་བའི་རྣམ་ཤེས་གཉིས་གཅིག་མ་ཡིན་ཞིང་། སློབ་མའི་ངག་དེ་བླ་མའི་ངག་ཐོས་པ་ལ་བརྟེན་ནས་བྱུང་བ་ལྟར་ཕྱི་མའི་རྣམ་ཤེས་ཡང་སྔ་མའི་རྣམ་ཤེས་ལ་བརྟེན་ནས་བྱུང་བ་ཡིན་གྱི། མི་བརྟེན་པར་གློ་བུར་དུ་བྱུང་བའི་གཞན་ཡང་མ་ཡིན་ནོ། །ཞེས་པ་སྟེ། དེ་བཞིན་དུ། མར་མེ་ལས་མར་མེ་གཉིས་པ་བྱུང་བ་དང་། མེ་ལོང་ལ་བྱད་བཞིན་གྱི་གཟུགས་བརྙན་འཆར་བ་དང་། ལྷ་སྐུ་སོགས་ཀྱི་པར་གྱི་རྒྱ་ལས་དེ་འདྲའི་འབུར་རམ་རིང་མོ་འབྱུང་བ་དང་། མེ་ཤེལ་ལས་མེ་འབྱུང་བ་དང་། ས་བོན་ལས་མྱུ་གུ་འབྱུང་བ་དང་། ཤིང་ཏོག་སོགས་ཁ་ཟས་སྐྱུར་མོ་མཐོང་བ་ལས་འགྲམ་ཆུ་ལྡང་བ་དང་། སྒྲ་གྲགས་པ་ལས་བྲག་ཅ་འབྱུང་བ་རྣམས་ལའང་སྔར་བཤད་པའི་རིགས་པ་སྦྱར་བར་བྱ་སྟེ། དེ་དག་ཀྱང་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་དཔེ་ལྟར། སྐྱེ་བ་སྔ་མ་དང་རྣམ་ཤེས་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་ཚུལ་ཤེས་པར་བྱའོ། །དཔེ་འདི་དག་ཀྱང་མདོ་ལས་གསལ་བར་བཤད་པའི་དོན་བདག་གིས་ཅུང་ཟད་རྒྱས་པར་གཞན་དུ་བཤད་ཟིན་པས། འདིར་མང་དུ་དོགས་ནས་མ་བྲིས་སོ། །གཞན་ཡང་། འཆི་འཕོ་ཐ་སྙད་དུ་ཡོད་ཀྱང་། མདོ་ལས། རྒྱལ་བོ་ཆེན་པོ། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ། འཆི་འཕོ་བ་དང་སྐྱེ་བ་ཡོད་པར་མངོན་ས་ཡང་ཡོད་དེ། རྒྱལ་བོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་བ་ཞེས་བྱ་ལ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགགས་པའི་ཚེ་ཡང་གང་དུའང་མི་འགྲོ་ལ། རྣམ་པར་ཤེས་པ་སྐྱེ་བའི་ཆར་གཏོགས་པ་བྱུང་བའི་ཚེ་གང་ནས་ཀྱང་འོང་བ་མེད་དོ། །ཞེས་པ་དང་། གོང་དུ་དྲངས་པ་ལྟར། ཕུང་བོ་ཉིང་འཚམས་སྦྱོར་བ་ཡང་། མི་འཕོ་བ་ཡང་མཁས་རྟོགས་བྱ། ཞེས་པ་འདི་དག་གིས་དོན་དམ་པར་འཆི་འཕོ་མི་བྱེད་ཀྱང་། ཐ་སྙད་དུ་བྱེད་པར་བསྟན་པ་ཡིན་ཏེ། དེ་ཡང་རྣམ་ཤེས་སམ་སྐྱེ་བ་སྔ་མའི་ངོ་བོ་རྣམ་པར་མ་འགྱུར་བར་ཕྱི་མའི་བདག་ཉིད་དུ་མི་འཕོ་ལ། ཕྱི་མ་དེ་སྔ་མ་ལ་མ་བལྟོས་པར་གཞན་ཞིག་ནས་ཚུར་རང་ངོས་ནས་འོང་བ་མེད་ཀྱང་། ཐ་སྙད་ཙམ་དུ་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་འཆི་འཕོ་བྱེད་པར་བཤད་པའི་ཕྱིར་རོ། །དེ་ལྟར་ཤེས་ན་ནི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བར་འགྱུར་ཏེ། གཞན་དུ་ན་བདེན་གྲུབ་ཏུ་ཞེན་ན་ནི་རྟག་མཐར་ལྟུང་ལ། གཏན་མེད་པར་འཛིན་ན་ནི་ཆད་མཐར་ལྟུང་བར་འགྱུར་བའི་ཕྱིར་རོ། །འཆི་འཕོ་ཐ་སྙད་དུ་ཡོད་ཅིང་རང་བཞིན་གྱིས་མེད་པས་མཐའ་གཉིས་དང་བྲལ་བ་ལྟར་འདུས་བྱས་ཐམས་ཅད་ཀྱི་སྐྱེ་བ་དང་འགགས་པ་ཡང་དེ་བཞིན་ཡིན་ཏེ། རྒྱ་ཆེར་རོལ་བ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ཕྱིར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་དང་། རྒྱ་ལས་རྒྱ་ཡིི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་དམིགས་པའང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལའང་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །ཅེས་གསུངས་ཤིང་། ལུང་དང་པོའི་དོན་ནི་རྩ་བ་ཤེས་རབ་ཀྱིི་རྣམ་བཤད་ལས་རྗེས་འདིས་ནི་ས་བོན་ཉིད་མྱུ་གུ་ཕར་འཕོ་ཞིང་འགྲོ་བ་དང་། མྱུ་གུ་ས་བོན་ལས་གཞན་ཞིག་ནས་ཚུར་འོང་བ་བཀག་སྟེ། ཞེས་དང་། གཉིས་པའི་དོན་ནི་རྒྱ་ལས་རྒྱའི་འབུར་གྱི་རྣམ་པ་རྒྱས་བཏབ་པའི་གཞི་ལ་སྣང་བ་ན་རྒྱ་དེ་དེར་འཕོ་ཞིང་འགྲོ་བ་དང་། རྒྱ་ལས་གཞན་ནས་ཀྱང་དེ་འོངས་པ་མིན་པ་དཔེར་བྱས་ནས། འདུས་བྱས་ཐམས་ཅད་ཀྱང་འབྲས་བུ་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བ་དང་རྒྱུ་འགགས་པའི་ཚེ་གང་དུ་ཡང་མི་འགྲོ་བར་རྟག་ཆད་དང་བྲལ་བར་གསུངས་སོ། །ཞེས་བཤད་པ་ལྟར་རོ། །དེས་ན། འཇིག་རྟེན་རྨོངས་པ་དག་གི་བསམ་ཚོད་དང་། དངོས་སྨྲ་བ་རྣམས་ཀྱི་འདོད་པ་ཁོ་ན་ལྟར་མི་ཞེན་པར། དབུ་མའི་ལུགས་ཀྱི་འཆི་འཕོ་བྱེད་ཚུལ་སོགས་འདུས་བྱས་རྣམས་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བར་ཤེས་པ་ལ་འབད་པར་བྱའོ།། །།གཉིས་པ་ཞར་བྱུང་ནི། བླ་མེད་ཀྱི་ལུགས་ལ་བདེན་འཛིན་གྱི་མ་རིག་པས་འཁོར་བའི་རྩ་བ་བྱས་ཏེ། ཤིན་དུ་ཕྲ་བའི་རླུང་སེམས་ཙམ་ལ་བརྟེན་ནས་བཏགས་པའི་ང་ཉིད་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་བསྒོས་ནས་ཕྱི་མར་སྐྱེ་གནས་རྣམས་སུ་ཉིང་འཚམས་སྦྱོར་བར་འགྱུར་བ་ཡིན་ཏེ། དགོངས་པ་ལུང་སྟོན་ལས། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །མ་རྟོགས་པ་ཡི་སེམས་དེ་ནི། །འཁོར་བའི་རྒྱ་མཚོར་གནས་གྱུར་ཀྱང་། །དེ་ནི་ཕྱིན་ཅི་ལོག་སོང་བས། ཁྱི་དང་ཅེ་སྤྱང་གླང་བོ་དང་། །སེམས་དེ་རྟར་ཡང་འགྲོར་བར་འགྱུར། །ཞེས་དང་། རྡོ་རྗེ་འཕྲེང་བ་ལས་ཀྱང་། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བཏགས་པས། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་པའི་ཚུལ་གྱིས་སྐྱེ་བ་ལེན་པའོ། །ཞེས་པ་ནི་མཚོན་ཙམ་སྟེ། ཆེས་ཟབ་ཅིང་གསང་བའི་གནས་ཡིན་པས་འདིར་གསལ་བར་མི་འཆད་དོ། །སྨྲས་པ། རྒྱལ་བའི་གསུང་རབ་མཛོད་ཀྱི་གཅེས་པའི་ནོར། །བདེན་བཞི་རྟེན་འབྲེལ་འཆི་འཕོ་བྱེད་པའི་ཚུལ། །ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་བཞིན། །མདོར་བསྡུས་མ་ནོར་གོ་སླའི་ངག་གིས་བཤད། །ཅེས་པ་འདིའང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་བྲིས་པའོ།། །།དགེའོ།། །།


previousབདེན་བཞི་དང་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐར་ལམ་གསལ་བྱེད།next