Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གྲུབ་མཐའ་ཀུན་གྱི་སྙིང་པོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་།
   
   


 
previousགྲུབ་མཐའ་ཀུན་གྱི་སྙིང་པོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་།next

གྲུབ་མཐའ་ཀུན་གྱི་སྙིང་པོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་།

གྲུབ་མཐའ་ཀུན་གྱི་སྙིང་པོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གཞུང་ལུགས་ཀུན་ལ་ལྟ་བའི་མིག་གི་མཆོག །རིགས་ལམ་མན་ངག་ཚོགས་དང་ཆ་ཤས་ཀྱང་། །སྟེར་མཛད་ཡོངས་སུ་འཛིན་པའི་བཤེས་གཉེན་རྣམས། །དྲན་པ་ཡིས་ཀྱང་དད་པའི་སྤུ་ལོང་གཡོ། །རང་སྡེའི་གྲུབ་མཐའ་སྤྱི་དང་ཁྱད་པར་རྣམས། །མཁས་གྲུབ་རྣམས་ཀྱི་བཞེད་པ་ཇི་བཞིན་དུ། །དོན་བསྡུས་གོ་སླའི་ངག་གིས་འདིར་བཤད་ཀྱི། །གཟུར་གནས་བློ་ལྡན་མཆིས་ན་འཇུག་པར་རིགས། གཉིས་པ་རང་སྡེའི་གྲུབ་མཐའི་རྣམ་པར་བཞག་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། རང་སྡེའི་གྲུབ་མཐའ་ཐུན་མོང་བ་རྣམ་པ་བཞིར་ངེས་པ་ཡིན་ཏེ། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པའི་གྲུབ་མཐའ་དང་བཞིར་ངེས་པའི་ཕྱིར་ཏེ། རིགས་ལྡན་གྲགས་པས། བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་འབྱོར་སྤྱོད་དང་དབུ་མ་བ། །འགྱུར་རོ་ཞེས་གསུངས་པའི་ཕྱིར། བཞི་བོ་དེ་དག་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་གཉིས་སུ་འདུ་བ་ཡིན་ཏེ། བྱེ་མདོ་གཉིས་ཀྱི་གྲུབ་མཐའ་ནི་ཐེག་དམན་གྱི་གྲུབ་མཐའ་དང་། དབུ་སེམས་གཉིས་ཀྱི་གྲུབ་མཐའ་ནི་ཐེག་ཆེན་གྱི་གྲུབ་མཐར་འདུ་བའི་ཕྱིར། ཐེག་པ་ཆེ་ཆུང་གཉིས་ཀྱི་ཤིང་རྟའི་སྲོལ་གང་གིས་ཕྱེ་སྙམ་ན། དེ་ཡང་ཀླུ་སྒྲུབ་ཀྱིས་དབུ་མ་པ་དང་། ཐོགས་མེད་ཀྱི་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་ཞིང་དེ་གཉིས་ཀས་ཀྱང་ཐེག་ཆེན་གྱི་ཤིང་རྟའི་སྲོལ་ཕྱེ་བ། དེའི་ཞར་བྱུང་དུ་ཐེག་དམན་གྱི་གྲུབ་མཐའ་ལ་བལྟོས་པའི་ཤིང་རྟའི་སྲོལ་ཡང་ཕྱེ་བ་ཡིན་ནོ། །གྲུབ་མཐའ་བཞི་བོ་སོ་སོ་ནས་རང་རང་གི་ལུགས་དེ་སྟོན་པ་སངས་རྒྱས་ཀྱི་རང་ལུགས་དང་། རང་གི་ལུགས་དེ་ཡང་རྟག་ཆད་ཀྱི་མཐའ་གཉིས་དང་མ་འདྲེས་པར་འདོད་ལ། དེ་ལྟ་ནའང་། གཞན་སྡེ་ཕྱི་རོལ་པས། རྟག་པའི་བདག་སོགས་ཁས་བླངས་པ་ནི། རང་སྡེ་བྱེ་བྲག་སྨྲ་བས་འགོག་ཅིང་། བྱེ་བྲག་སྨྲ་བས་འདུས་མ་བྱས་ལ་རྫས་གྲུབ་འདོད་པ་དེ། མདོ་སྡེ་པས་འགོག །དེས་རང་མཚན་རྣམས་རང་རང་གི་མིང་གི་ཐ་སྙད་ཀྱི་གཞིར་གནས་ཚོད་ཀྱི་དབང་གིས་གྲུབ་པར་འདོད་པ་དེ། སེམས་ཙམ་པས་འགོག །སེམས་ཙམ་པས་དངོས་པོ་བདེན་གྲུབ་ཏུ་འདོད་པ་དེ། དབུ་མ་པས་འགོག་པས་གྲུབ་མཐའ་འོག་མ་འོག་མ་ལས་གོང་མ་གོང་མ་མཆོག་ཡིན་ནོ། །དེས་ན་གྲུབ་མཐའ་བཞི་བོ་རྣམས་ལས་སྔ་མ་རྣམས་ཕྱི་མའི་སྟེགས་སུ་འགྱུར་ཏེ། དེའི་ཚུལ་ཡང་ཕྱི་རོལ་བས་བདག་དང་སྐྱེ་བ་སྔ་ཕྱི་ལྟ་བུ་འཇོག་མ་ཤེས་ལ། བྱེ་སྨྲས་དེ་ལྟར་ཤེས་པ་དེ། མདོ་སྡེ་པས་འདུས་བྱས་པ་དང་འདུས་མ་བྱས་ལ་བཏགས་ཡོད་འཇོག་ཤེས་པའི་སྟེགས་དང་། མདོ་སྡེ་པས་དེ་ལྟར་ཤེས་པ་དེ། སེམས་ཙམ་པ་ཆོས་ཐམས་ཅད་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་གཞིར་རང་དབང་གིས་མ་གྲུབ་ཀྱང་བྱ་བྱེད་འཐད་པ་དང་། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འཇོག་ཤེས་པའི་སྟེགས་དང་། སེམས་ཙམ་པས་དེ་ལྟར་ཤེས་པ་སྟེ། དབུ་མ་པས་ཆོས་ཐམས་ཅད་མིང་བརྡས་བཞག་པ་ལས་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་བྱ་བྱེད་འཐད་པར་གོ་བའི་སྟེགས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟར་མཆོག་དམན་གྱི་ཁྱད་པར་ཡོད་ཀྱང་། དེ་གསུང་བ་པོའི་སངས་རྒྱས་ལ་ཉེ་རིང་ཡོད་པ་སོགས་ཀྱི་སྐྱོན་མིན་གྱི། གདུལ་བྱ་ལ་དབང་བོ་མཆོག་དམན་ཡོད་པས་དེ་དག་རིམ་གྱིས་སངས་རྒྱས་ཀྱི་སར་བཀྲི་བའི་ཐབས་ཡིན་ཏེ་དེ་ལྟར་ཡང་། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ། །དེ་དག་ཐུགས་རྗེ་མངའ་བའི་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། ཞེས་པ་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། བརྡ་སྤྲོད་པ་དག་ཇི་ལྟ་བུས། །ཡི་གེའི་ཕྱི་མོ་ཟློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཅི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་པ་ནས། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་པའི་བར་གསུངས་པའི་ཕྱིར། དེ་ལྟ་ནའང་དབུ་མ་པ་གཉིས་ལས་ཐལ་འགྱུར་བའི་ལུགས་ནི། ལུགས་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་བ་ཡིན་ཏེ། རྟག་ཆད་ཀྱི་མཐའ་དག་དང་བྲལ་བའི་ལུགས་རྣམ་པར་དག་པ་ཡིན་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས། ལུགས་འདི་ནི་གཞན་དང་ཐུན་མོང་མིན་པའོ་ཞེས་སོགས་དང་། རྗེ་བླ་མས། ཡོད་དང་མེད་པའི་མཐའ་སྤངས་པ། ཞེས་སོགས་གསུངས་པའི་ཕྱིར། ནང་བའི་ཐུན་མོང་གི་གྲུབ་མཐའ་ལ་བཞིར་ངེས་པས་དེ་སྨྲ་བའི་གང་ཟག་ལ་ཡང་བཞིར་ངེས་ལ། དེ་དག་ནི་འཆད་པར་འགྱུར་རོ། །གཉིས་པ་སོ་སོར་བཤད་པ་ལ་བཞི། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་བའི་གྲུབ་མཐའ་འོ། །དང་པོ་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའི་འདོད་ཚུལ་ལོ། །དང་པོ་ནི། རང་རིག་མི་འདོད་ཅིང་ཕྱི་དོན་ཡོད་པར་བདེན་ཞེན་གྱིས་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་བྱེ་བྲག་སྨྲ་བའི་མཚན་ཉིད། གཉིས་པ་ནི། བྱེ་བྲག་བཤད་མཚོ་ཆེན་མོའི་རྗེས་སུ་འབྲང་བ་དང་། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན། བྱེ་བྲག་སྨྲ་བའོ། །གསུམ་པ་དེ་ལ་དབྱེ་ན། ངོ་བོའི་སྒོ་ནས་ཁ་ཆེ་བྱེ་བྲག་སྨྲ་བ་དང་། ཉི་འོག་བྱེ་བྲག་སྨྲ་བ་གཉིས། གྱེས་ཚུལ་གྱི་སྒོ་ནས་དབྱེ་ན་སྡེ་བ་བཅོ་བརྒྱད་ཡོད་དེ། ཐོག་མར་རྩ་བའི་སྡེ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བ། ཕལ་ཆེན་པ། གནས་བརྟན་པ། མང་བོས་བཀུར་བའི་སྡེ་བ་དང་བཞིར་གནས་པ་ལ། དང་པོ་ལས་བདུན། གཉིས་པ་ལས་ལྔ། གསུམ་པ་ལས་གསུམ། བཞི་པ་ལས་ཀྱང་གསུམ་སྟེ་བཅོ་བརྒྱད་དུ་གྱེས་པ་ཡོད་པའི་ཕྱིར། འདི་ལ་ཡང་འདོད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་སློབ་དཔོན་དུལ་བ་ལྷ་ལྟར་ན། ཇི་སྐད་དུ། འོད་སྲུངས་སྟོན་ཆོས་སྲུང་སྟེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་དང་གཞི་ཀུན་པ། །ཐམས་ཅད་ཡོད་པར་སྨྲ་བ་བདུན། །ཤར་ནུབ་རི་དང་གངས་རིར་གནས། །འདུས་བྱས་རྟག་པར་སྨྲ་བ་དང་། །འཇིག་རྟེན་འདས་སྨྲ་ཕལ་ཆེན་སྡེ། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་གསུམ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་པའི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཞེས་བཤད་པ་ལྟར་རོ། །འདི་དག་གི་ཁྱད་པར་རྒྱས་པར་ནི་འདུལ་བ་སོགས་ནས་ཤེས་པར་བྱ་ཞིང་ཐེག་དམན་གྱི་གང་ཟག་དང་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་ལ་ནི་ཁྱད་པར་ཡོད་པ་ཡང་ཤེས་དགོས་སོ། །བཞི་བ་གྲུབ་མཐའི་འདོད་ཚུལ་ལ་གསུམ། གཞི་དང་། ལམ་དང་། འབྲས་བུའོ། །དང་པོ་བཞི་ལ་རྒྱས་པར་ཕྱེ་ན་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་བོ་སྟེ་ཕུང་བོ་ལྔ། མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་བོ་ལྔ། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་སྐྱེ་མཆེད་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྣམས་འདུས་བྱས་དང་། ནམ་མཁའ་དང་འགོག་པ་གཉིས་འདུས་མ་བྱས་སོ། ཁམས་བཅོ་བརྒྱད་འདོད་དེ། གཟུགས་ནས་ཆོས་ཁམས་ཀྱི་བར་ཡུལ་གྱི་ཁམས་དྲུག །མིག་ནས་ཡིད་ཀྱི་བར་རྟེན་གྱི་ཁམས་དྲུག །མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་གྱི་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་དྲུག་གསུམ་བཅོ་བརྒྱད་འདོད་པས་སོ། །སྐྱེ་མཆེད་བཅུ་གཉིས་ཀྱང་འདོད་དེ། གཟུགས་སྒྲ་སོགས་ཡུལ་གྱི་སྐྱེ་མཆེད་དྲུག །མིག་སོགས་དབང་བོའི་སྐྱེ་མཆེད་དྲུག་སྟེ་བཅུ་གཉིས་འདོད་པའི་ཕྱིར། དེ་ཡང་ཕུང་བོར་སྤུངས་པས་ན་ཕུང་བོ། །སྐྱེ་བའི་སྒོ་ཡིན་པས་ན་སྐྱེ་མཆེད། །ཆོས་དེའི་རིགས་ཡིན་པས་ན་ཁམས་ཞེས་བྱའོ་ཤེས་བྱ་ཐམས་ཅད་ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་སུ་འདུས་པར་འདོད་ལ། འདི་ཙམ་ཞིག་ནི་གྲུབ་མཐའ་གོང་མ་ཐམས་ཅད་དང་ཐུན་མོང་དུ་ཁས་ལེན་ནོ། །དེར་མ་ཟད་འགྲོ་བ་ལྔ། སྐྱེ་གནས་བཞི་སོགས་བཞེད་ལ། མི་འདྲ་བའི་ཁྱད་པར་ནི། འདིས་དངོས་པོ་ལ་རྟག་པའི་དངོས་པོ་དང་། མི་རྟག་པའི་དངོས་པོ་གཉིས་འདོད་པའི་སྔ་མ་ནི། ནམ་མཁས་རླུང་བརྟེན་པའི་དོན་བྱེད་ནུས་པ་ལྟ་བུ་སྟེ། ཅིག་ཤོས་ནི་སླའོ། །དེས་ན་དོན་བྱེད་ནུས་པ་དང་ཤེས་བྱ་དོན་གཅིག་པར་བཞེད་ཅེས་གསུང་། ཤེས་བྱའམ་དངོས་པོ་ལ་དབྱེ་ན། བདེན་པ་གཉིས་སུ་ཡོད། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་རྣམས་ནི་ཀུན་རྫོབ་བདེན་པ་ཡིན་ལ། བསམ་དོན་ནི་མཚོན་ན། རྫ་བུམ་ལྟ་བུ་ཞིག་མ་བཤིག་པའི་གནས་སྐབས་སུ་དེ་ལ་བུམ་པའོ་སྙམ་པའི་བློ་སྐྱེ་ཡང་། བཤིག་པའི་ཚེ་དེ་ལ་བུམ་པའི་བློ་མི་སྐྱེ་བས་ན། རྫ་བུམ་དང་དེའི་ནང་གི་ཆུ་ལྟ་བུ་ནི་ཀུན་རྫོབ་བདེན་པ་ཡིན་ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ། ཞེས་གསུངས་པའི་ཕྱིར། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་མི་འདོར་བའི་ཆོས་རྣམས་དོན་དམ་བདེན་པ་ཡིན་ལ། བསམ་དོན་ནི་སྔར་གྱི་ཟློག་ཕྱོགས་ཀྱིས་ཤེས་ཤིང་། མཚན་གཞི་ནི། གཟུགས་དང་ཚོར་བ་ལྟ་བུ། གཞན་ཡང་རྡུལ་ཕྲན་ཆ་མེད། ཤེས་པ་སྐད་ཅིག་ཆ་མེད། འདུས་བྱས་ཆ་མེད་རྣམས་སོ། །ཀུན་རྫོབ་དང་བཏགས་ཡོད་དོན་གཅིག་ལ། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་པར་འདོད་དོ། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་དེ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། གནས་མ་བུ་པས་དེ་འདྲའི་སྟོང་བ་དེ་གང་ཟག་གི་བདག་མེད་ཕྲ་མོར་མི་འདོད་ཀྱང་། རྟག་གཅིག་རང་དབང་ཅན་གྱིས་སྟོང་བ་དེ་བདག་མེད་ཕྲ་མོར་འདོད་ལ། ཆོས་ཀྱི་བདག་མེད་ཞེས་པའི་ཐ་སྙད་ཁས་མི་ལེན་ནོ། །ཕུང་བོའི་རྒྱུན་དང་། ཚོགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་འགའ་ཞིག་གང་ཟག་ཏུ་ཁས་ལེན་པ་དང་། མངོན་སུམ་དང་རྗེས་དཔག་ཚད་མ་ཁས་ལེན་ཀྱང་། དབང་བོ་གཟུགས་ཅན་པ་ནི་ཚད་མར་འདོད་དོ། །འདི་དང་མདོ་སྡེ་པ་ཁ་ཅིག་ཐེག་ཆེན་གྱི་མདོ་བཀར་མི་འདོད་ཀྱང་འདོད་པའང་ཡོད་ཅེས་གསུང་། གཉིས་པ་ལམ་ལ་གཉིས། སྤང་བྱ་དང་། ལམ་དངོས་སོ། །དང་པོ་ནི། སྒྲིབ་པ་ལ་ཉོན་མོངས་ཅན་དང་། ཉོན་མོངས་ཅན་ཡིན་པའི་སྒྲིབ་པའམ་མུན་པ་གཉིས་འདོད་ཀྱང་། ཤེས་སྒྲིབ་ཀྱི་ཐ་སྙད་ནི་ཁས་ལེན་པར་མ་བཤད། གང་ཟག་གི་བདག་འཛིན་དང་། དེ་ལས་བྱུང་བའི་ཉོན་མོངས་རྣམས་ཉོན་མོངས་ཅན་གྱི་སྒྲིབ་པ་ཡིན་ལ། དེ་དག་གི་བག་ཆགས་དང་། དེའི་དབང་གིས་བྱུང་བའི་གནས་ངན་ལེན་རྣམས་ཉོན་མོངས་ཅན་མིན་པའོ། །གཉིས་པ་ལམ་དངོས་ལ། ཚོགས་སྦྱོར་གྱི་ལམ་གཉིས། མཐོང་སྒོམ་གྱི་ལམ་གཉིས། མི་སློབ་ལམ་སྟེ་ལྔ་འདོད་ལ། ཡང་དྲན་པ་ཉེར་གཞག་ནས་འཕགས་ལམ་ཡན་ལག་གི་བར་བྱང་ཕྱོགས་སོ་བདུན་སོགས་འདོད་ཅིང་། འོན་ཀྱང་ས་བཅུ་དང་ལོངས་སྐུའི་ཐ་སྙད་ཁས་མི་ལེན་ནོ། །གྲོལ་ལམ་གྱི་གཙོ་བོ་ནི་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་དང་། ཁྱད་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བར་རྟོགས་པའི་ཡེ་ཤེས་སོ། །མཐོང་ལམ་སྐད་ཅིག་མ་བཅོ་ལྔ་པོ་རིམ་ཅན་དུ་སྐྱེ་བ་དང་། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་དུ་འདོད་དོ། །གསུམ་པ་འབྲས་བུ་ལ། སྔར་བཤད་པའི་ལམ་གྱི་གཙོ་བོ་དེ་དག་བསྒོམས་པས། །ཉོན་མོངས་ཅན་གྱི་མི་ཤེས་པ་སྤངས་པས་དགྲ་བཅོམ་པ་དང་། ཉོན་མོངས་ཅན་མིན་པའི་མི་ཤེས་པ་སྤངས་པས་སངས་རྒྱས་འཐོབ་པར་འདོད་ལ། ཉན་ཐོས་ཀྱི་བྱང་ཆུབ་ནི་མྱུར་ན་ཚེ་གསུམ་ལ་ཐོབ་ནུས་པ་དང་། རང་རྒྱལ་གྱི་བྱང་ཆུབ་བསྐལ་བ་བརྒྱ་སོགས་དང་། སངས་རྒྱས་ཀྱི་བྱང་ཆུབ་བསྐལ་བ་གྲངས་མེད་གསུམ་གྱིས་ཐོབ་ནུས་པར་འདོད། ཉན་ཐོས་ལ་དགེ་འདུན་ཉི་ཤུ་དང་། ཞུགས་གནས་ཀྱི་རྣམ་གཞག་འཐད་པ་དང་། དམན་པའི་དགྲ་བཅོམ་སྤངས་རྟོག་ལས་ཉམས་ནས་རྒྱུན་ཞུགས་སུ་འགྱུར་སྲིད་པའང་འདོད། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་པོ་ཁས་ལེན་ཀྱང་ཐེག་ཆེན་དང་མི་འདྲ་བ་ནི། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུངས་ཏེ་སྲོད་ལ་བདུད་བཏུལ་བ་ཕན་ཆད་ལ་སོ་སྐྱེ་དང་། དེའི་མཚན་ཐོག་དེ་ཉིད་ལ་མཐོང་ལམ་མངོན་དུ་བྱས་པ་ནས་འཕགས་པར་འདོད་ལ། དེ་ཡང་འཕོ་བ་ནས་རབ་ཏུ་བྱུང་བ་མ་མཛད་ཀྱི་བར་དུ་ཁྱིམ་པ་དང་། དེ་ཕྱིན་ཆད་ནི་རབ་ཏུ་བྱུང་བ་དང་མཛད་པ་ཡང་དེ་དང་བསྟུན་ནས་ཁྱིམ་པ་དང་རབ་བྱུང་གི་མཛད་པ་ཡང་དངོས་གནས་པར་འདོད། མྱ་ངན་ལས་འདས་པའི་ཚེ་རིག་པ་རྒྱུན་ཆད་པར་ཁས་ལེན་པས་ཀྱང་། དེ་ཕྱིན་ཆད་གཟུགས་སྐུའི་བཀོད་པ་སྟོན་པར་མི་འདོད་ལ། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ནི་སངས་རྒྱས་དཀོན་མཆོག་ཡིན་ཀྱང་། དེའི་གཟུགས་ཕུང་དེ་ཉིད་སྡུག་བསྔལ་བདེན་པར་འདོད་པས་སངས་རྒྱས་དཀོན་མཆོག་ཏུ་མི་འདོད། དེ་བཞིན་དུ་དགེ་འདུན་དཀོན་མཆོག་ཀྱང་སློབ་པ་འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ཀྱི་ལམ་བདེན་ལ་འཇོག་གི །གང་ཟག་དེ་རྣམས་དགེ་འདུན་དཀོན་མཆོག་ཏུ་མི་འདོད་དོ། །འདི་དང་མདོ་སྡེ་བ་གཉིས་ཀྱིས་ཕྱི་དོན་ཡོད་པར་འདོད་པས་དོན་སྨྲ་ཞེས་ཀྱང་གྲགས་སོ། །གཉིས་པ་མདོ་སྡེ་བའི་ལུགས་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའ་འོ། །དང་པོ་ནི། རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་བའི་མཚན་ཉིད། གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་ཚད་མར་བཟུང་ནས་དེའི་རྗེས་སུ་འབྲང་བས་ན་མདོ་སྡེ་བའོ། །གསུམ་པ་དེ་ལ་དབྱེ་ན་གཉིས་སྟེ། ལུང་གི་རྗེས་འབྲང་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་བའོ། །དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་བ་ལྟ་བུ། གཉིས་པ་ནི་ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲང་བའི་མདོ་སྡེ་བ་ལྟ་བུའོ། །མངོན་པ་སྡེ་བདུན་ནི། ཤཱ་རིའི་བུས་བསྡུས་པའི་ཆོས་ཀྱི་ཕུང་བོ་ཞེས་པའི་བསྟན་བཅོས་སོགས་བདུན་པོ་དེ་ཉིད་ཡིན་ལ། བྱེ་བྲག་སྨྲ་བས་དེ་རྣམས་སངས་རྒྱས་ཀྱིས་གང་འདོད་ཀྱང་། མདོ་སྡེ་པས་དགྲ་བཅོམ་པ་དེ་དང་དེ་དག་གིས་བསྡུས་པ་ཡིན་གྱི། སངས་རྒྱས་ཀྱི་བཀའ་མིན་ནོ་ཞེས་འདོད་དོ། །བཞི་པ་གྲུབ་མཐའ་ལ་གསུམ། གཞི། ལམ། འབྲས་བུའོ། །དང་པོ་ནི། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པར་འདོད་ཅིང་། དོན་དམ་པར་དོན་བྱེད་ནུས་པ་རྣམས། དོན་དམ་བདེན་པ་ཡིན་ལ། དེ་ལྟར་མི་ནུས་པའི་ཆོས་རྣམས་ཀུན་རྫོབ་བདེན་པར་འདོད་དེ། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། ཞེས་གསུངས་པ་ལྟར་རོ། །དེ་ཡང་རྒྱུ་འབྲས་དང་ཕན་གནོད་སོགས་དངོས་པོ་ཁོ་ནའི་སྟེང་ནས་འཐད་ཀྱི། དངོས་མེད་ལ་དེ་མི་འཐད་པས། དངོས་པོ་ཐམས་ཅད་དོན་དམ་པར་དོན་བྱེད་ནུས་པར་འདོད་ལ། དེའི་ཕྱིར་དངོས་པོ། རང་མཚན། འདུས་བྱས། དོན་དམ་བདེན་པ་རྣམས་དོན་གཅིག་པ་དང་། སྤྱི་མཚན། འདུས་མ་བྱས་ཀྱི་ཆོས། ཀུན་རྫོབ་བདེན་པ་རྣམས་དོན་གཅིག་གོ །གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པས། ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་ལ། གཞན་ཡང་ཡུལ་དང་ཡུལ་ཅན་གྱི་དབྱེ་ཚུལ་ཤིན་དུ་མང་བོ་ཡོད་པ་རྣམས་རྒྱས་པར་ནི་བསྡུས་གཞུང་སོགས་གཞན་དུ་ཤེས་པར་བྱའོ། །འདི་དང་བྱེ་བྲག་སྨྲ་བ་གཉིས་ཀས་ཀུན་གཞི་དང་ཉོན་ཡིད་མི་འདོད་ལ། འདོད་ཚུལ་ཐུན་མོང་བ་ཕལ་ཆེར་ནི་སྔར་བཤད་པ་ལྟར་ཡིན་ཏེ། ཕུང་བོ་ཁམས་སྐྱེ་མཆེད་རྣམས་བྱེ་བྲག་སྨྲ་བས་འདོད་པ་བཞིན་ནོ། །གཉིས་པ་ལམ་ལ་གཉིས་ཏེ། སྤང་བྱ་ནི་བྱེ་སྨྲ་དང་མཐུན་ཅིང་། ལམ་གྱི་དམིགས་པ་ནི་བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་པོ་ཉིད་ཡིན་ལ། ལམ་ལྔའི་དབྱེ་བ་བྱེད་ཀྱང་། ས་བཅུ་དང་ལོངས་སྐུའི་རྣམ་གཞག་མི་འདོད་པ་སྔར་བཞིན་ནོ། །འོན་ཀྱང་འདི་ལ་ཐེག་ཆེན་བཀར་འདོད་པ་ཞིག་ཡོད་པར་གསུངས་པས། དེ་ལྟར་ན། དེ་ནས་བཤད་པའི་ས་བཅུ་དང་ལོངས་སྐུའི་རྣམ་གཞག་ཀྱང་ཁས་ལེན་པ་ཞིག་ཡོད་པར་གསལ་ལོ། །གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ནི། གྲོལ་ལམ་གྱི་ངོ་བོ་དང་། གང་ཟག་གི་བདག་མེད་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་ལྟ་བུ་ལ་འདོད་ལ། སྟོང་ཉིད་དེ་ཡང་དེ་བཞིན་ཉིད་དང་། ཡོངས་གྲུབ་ཀྱང་ཡིན་ནོ། །གཞན་ཡང་ལམ་ལ་བྱང་ཕྱོགས་སོ་བདུན། རྣམ་ཐར་བརྒྱད། སྙོམ་འཇུག་དགུ་སོགས་ཀྱང་འདོད་ལ། སངས་རྒྱས་ཐོབ་འདོད་ནི་འགའ་ཞིག་ལ་ཡོད་ཀྱང་། རང་ཉིད་ཞི་བདེ་གཙོ་བོར་དོན་གཉེར་གྱི་བློ་སྤོང་མི་ནུས་པས། བློ་དེ་སངས་རྒྱས་ཐོབ་བྱེད་ཀྱི་ཉེ་རྒྱུར་མི་འགྲོ་བར་ཚད་ལྡན་གྱི་བཤད་པ་ཡང་མཐོང་ཞིང་། ཐབས་ཁྱད་པར་ཅན་མེད་ཀྱང་ཐ་དད་རྟོགས་པའི་ལམ་གཙོ་བོར་བསྒོམ་པས་རང་ལམ་གྱི་བྱང་ཆུབ་ཐོབ་ནུས་པར་འདོད་དོ། །གསུམ་པ་འབྲས་བུ་ལ། ཉོན་མོངས་ཅན་མིན་པའི་མི་ཤེས་པ་ཙམ་སྤངས་པས་དམན་པའི་དགྲ་བཅོམ་དང་། ཉོན་མོངས་ཅན་དང་ཉོན་མོངས་མིན་པའི་མི་ཤེས་པ་གཉིས་ཀ་སྤོང་བྱེད་ཀྱི་ལམ་ཟུང་འབྲེལ་དུ་ཉམས་སུ་བླངས་པས་འབྲས་བུ་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཐོབ་པར་འདོད་དོ། །འདིས་ཉན་ཐོས་ལ་ཞུགས་གནས་ཀྱི་རྣམ་གཞག་ཀྱང་འདོད་ལ། མདོར་ན་འདི་དང་བྱེ་སྨྲ་གཉིས་ཀྱིས་གཞི་ལ་བདེན་གཉིས་དང་། ལམ་ལ་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་དང་། འབྲས་བུ་ལ་དམན་པའི་བྱང་ཆུབ་དང་རྫོགས་པའི་བྱང་ཆུབ་གཉིས། གཞན་ཡང་གཟུགས་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། ཚད་མ་ལ་མངོན་རྗེས་གཉིས་སོགས་འདོད་པ་ཙམ་དུ་མཚུངས་ཀྱང་ནང་གསེས་ཀྱི་ཁྱད་པར་ཡོད་པར་ཤེས་པ་བྱ་སྟེ། དཔེར་ན་བྱེ་སྨྲས་འདུས་མ་བྱས། རྡུལ་ཕྲན་ཆ་མེད་སོགས་དོན་དམ་བདེན་པར་འདོད་ལ། མདོ་སྡེ་པས་དེ་རྣམས་ཀུན་རྫོབ་བདེན་པར་འདོད་པ་དང་། བྱེ་བྲག་སྨྲ་བས་རྣམ་པར་རིག་བྱེད་མིན་པའི་གཟུགས་གཟུགས་དངོས་གནས་པར་འདོད་ཀྱང་། ཅིག་ཤོས་ཀྱིས་ཀུན་བཏགས་པའི་གཟུགས་སུ་འདོད་པ་བཞིན་ནོ། །གསུམ་པ་སེམས་ཙམ་པའི་ལུགས་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའོ། །དང་པོ་ནི། ཕྱི་དོ་ཁས་མི་ལེན་ཅིང་རང་རིག་སོགས་དངོས་པོ་བདེན་གྲུབ་ཏུ་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། སེམས་ཙམ་པའི་མཚན་ཉིད། གཉིས་པ་ནི། ཕྱི་དོན་མེད་ཅིང་། ཁམས་གསུམ་པོ་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན། སེམས་ཙམ་པའམ། རྣམ་རིག་པ་ཞེས་བྱ་ལ། ཡང་གཞན་རྣལ་འབྱོར་སྤྱོད་པ་ཞེས་ཀྱང་བརྗོད་དོ། །མཚན་གཞི་ནི། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས་རྣམས་སོ། །གསུམ་པ་དེ་ལ་དབྱེ་ན། སེམས་ཙམ་རྣམ་བདེན་པ་དང་། རྣམ་བརྫུན་པ་གཉིས། ཚུར་མཐོང་གི་གཟུགས་འཛིན་དབང་པོའི་མངོན་སུམ་ལ་གཟུགས་རགས་པར་སྣང་བ་ནི། རྣམ་བདེན་བརྫུན་གཉིས་ཀྱི་རྩོད་པའི་གཞི་ཡིན་པས། རྣམ་བརྫུན་པས་དེ་ལ་དེ་ལྟར་སྣང་བ་སྣང་བ་ལྟར་མ་གྲུབ་པར་འདོད་ལ། རྣམ་བདེན་པས་དེ་ལྟར་གྲུབ་པར་འདོད་དོ། །རྣམ་བདེན་པ་ལ་ཡང་། གཟུང་འཛིན་གྲངས་མཉམ། སྒོ་ང་ཕྱེད་ཚལ། སྣ་ཚོགས་གཉིས་མེད་པ་དང་གསུམ། དེ་ཡང་ཁ་དོག་ཁྲ་བོ་འཛིན་པའི་མིག་ཤེས་ཀྱིས་དེ་འཛིན་པའི་ཚེ། ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་ཀྱང་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་ལྡན་དུ་སྐྱེས་བར་འདོད་པས་ན། གཟུང་འཛིན་གྲངས་མཉམ་དང་། ཡང་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཀྱང་། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་ཅན་དུ་མ་སྐྱེས་པར་ཁྲ་ཙམ་གྱི་རྣམ་ལྡན་དུ་སྐྱེས་པར་འདོད་པས་ན། སྒོ་ང་ཕྱེད་ཚལ་དང་། ཡང་དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་ཀྱང་སྔོོ་སོགས་མི་འདྲ་བ་རེ་རེའི་རྣམ་པ་མ་གཏད་ཅིང་ཁྲ་ཙམ་གྱི་རྣམ་པ་གཏད། ཡུལ་ཅན་གྱི་ངོས་ནས་ཀྱང་སྔོ་སོགས་མི་འདྲ་བ་རེ་རེའི་རྣམ་ལྡན་དུ་མ་སྐྱེས་པར་ཁྲ་ཙམ་གྱི་རྣམ་ལྡན་དུ་སྐྱེས་པར་འདོད་པས་ན། སྣ་ཚོགས་གཉིས་མེད་པ་ཞེས་བརྗོད་དོ། །རྣམ་རྫུན་པ་ལ་ཡང་། དྲི་བཅས་རྣམ་བརྫུན་པ་དང་། དྲི་མེད་རྣམ་རྫུན་པ་གཉིས་ཡོད། དེའི་ཁྱད་པར་ནི་གཟུང་འཛིན་གྱི་ཤེས་པའི་ངོ་བོ་ལ་དྲི་མས་བསླད་མ་བསླད་ཀྱི་ཁྱད་པར་འདོད་པའི་དབང་གིས་སོ། །འདི་དག་ལ་ད་དུང་ནང་གསེས་ཀྱི་དབྱེ་བས་དུ་མ་ཡོད་ཀྱང་མང་དུ་དོགས་ལ། སྐབས་འདིར་མ་ཟད། མདོ་སྡེ་བ་ལ་ཡང་གཟུང་འཛིན་གྲངས་མཉམ་པ་སོགས་གསུམ་ཡོད་པར་བཤད་དོ། །བཞི་བ་གྲུབ་མཐའ་ལ་གསུམ། གཞི། ལམ། འབྲས་བུའོ། །དང་པོ་ལ་གཉིས། ཡུལ་དང་ཡུལ་ཅན་ནོ། །དང་པོ་ནི། ཤེས་བྱ་ལ་བདེན་པ་གཉིས་དང་། མཚན་ཉིད་གསུམ་གྱི་རྣམ་གཞག་མཛད་ཀྱང་། དོན་དམ་བདེན་པ་དང་། ཆོས་ཉིད། སྟོང་ཉིད། ཆོས་དབྱིངས། གནས་ལུགས་རྣམས་དོན་གཅིག་པར་འདོད། དོན་དམ་པ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་གཉིས། དང་པོ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་སྟོང་ཉིད་ལྟ་བུ་སྟེ་འདི་གཞན་གྱིས་དོན་དམ་པ་དངོས་ཡིན་པར་མི་འདོད་པའི་ཚུལ་ཡང་ཡོད། གཉིས་པ་ནི་གཟུགས་དང་དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་བའི་སྟོང་ཉིད་ལྟ་བུའོ། །འདི་རང་རྒྱུད་པ་སོགས་ཀྱིས་དོན་དམ་བདེན་པར་མི་འདོད་ཀྱང་འདི་པས་དོན་དམ་བདེན་པ་དང་ཡོངས་གྲུབ་ཏུ་འདོད་དོ། །རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུག་བཅོ་བརྒྱད་ཉི་ཤུར་འབྱེད་ལ། བསྡུ་ན་སྟོང་ཉིད་བཞི་དང་བདེན་གཉིས་སུའང་འདུའོ། །མཚན་ཉིད་གསུམ་གྱི་ནང་ནས་གཞན་དབང་དང་འདུས་བྱས་དོན་གཅིག་པ་དང་། སྟོང་ཉིད་མིན་པའི་འདུས་མ་བྱས་རྣམས་ཀུན་བཏགས་དང་། སྟོང་ཉིད་དང་ཡོངས་གྲུབ་དོན་གཅིག །འདི་ཙམ་ཞིག་དབུ་མ་བ་ཡང་འདོད་ཀྱང་བདེན་གྲུབ་འདོད་མི་འདོད་ཀྱི་ཁྱད་པར་ཆེ་སྟེ། འདིས་ཀུན་བཏགས་བདེན་པར་མ་གྲུབ་ཅིང་། གཞན་དབང་དང་ཡོངས་གྲུབ་གཉིས་སོ་སོ་ནས་བདེན་པར་གྲུབ་པར་འདོད་ལ། དབུ་མ་པས་བདེན་གྲུབ་ཀྱི་ཆོས་ཡོད་པར་མི་འདོད་པའི་ཕྱིར། དེ་ཡང་རྒྱུ་འབྲས་ཀྱི་རྣམ་བཞག་གཞན་དབང་ལ་འཐད་པས་དེ་བདེན་པར་གྲུབ་པ་དང་ཡོངས་གྲུབ་འཕགས་པའི་མཉམ་གཞག་གི་ངོ་བོར་བདེན་པས་དེ་བདེན་པར་གྲུབ་པའོ། །མཚན་ཉིད་གསུམ་སོགས་གཞི་ལམ་འབྲས་བུའི་རྣམ་བཞག་རྣམས་ནི། མདོ་སྡེ་དགོངས་འགྲེལ་དང་། མདོ་སྡེ་རྒྱན་སོགས་དང་། གཞན་ཡང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དུ་མ་ནས་འབྱུང་བ་ལྟར་རོ། །གཉིས་པ་ཡུལ་ཅན་ལ། འདི་བ་ལ་རྣམ་ཤེས་རྣམ་བརྒྱད་འདོད་མི་འདོད་གཉིས་ཡོད་པར་བཤད་ལ། འདོད་པ་རྣམས་ཀྱིས་མིག་གི་རྣམ་ཤེས་སོགས་དྲུག་དང་། དེའི་སྟེང་དུ་ཀུན་གཞི་དང་ཉོན་ཡིད་གཉིས་བཞག་པས་བརྒྱད་འདོད་དོ། །ཀུན་གཞི་ནི་ངོ་བོ་ལུང་མ་བསྟན་དུ་གྱུར་བའི་ཡིད་ཀྱི་རྣམ་ཤེས་ཞིག་ཏུ་འདོད་ལ་སྐྱེ་བ་ལེན་པ་པོ་ཡིན་པས་ལས་འབྲས་ཀྱི་རྟེན་དུ་གྱུར་བའི་བདག་ཡིན་པར་འདོད་ཅིང་། ཉོན་ཡིད་ནི་ཀུན་གཞི་ཡང་དམིགས་ནས་ངར་འཛིན་པའི་སེམས་སྒྲིབ་ལུང་མ་བསྟན་ཞིག་ཏུ་འདོད་དོ། །བློ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་འདོད་ཅིང་། ཚད་མ་ལ་ཡང་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས། མངོན་སུམ་ཚད་མ་ལ། དབང་བོའི་མངོན་སུམ། ཡིད་ཀྱི་མངོན་སུམ་རང་རིག་མངོན་སུམ་རྣལ་འབྱོར་མངོན་སུམ་དང་བཞིར་འདོད། འདི་ཙམ་ཞིག་ནི། མདོ་སྡེ་བ་སེམས་ཙམ་པ་དབུ་མ་བ་གསུམ་མཐུན་ལ། འོན་ཀྱང་ཁྱད་པར་ཡོད་དེ། མདོ་སྡེ་བས་མངོན་སུམ་གྱི་ཚད་མ་ལ་མ་འཁྲུལ་བས་ཁྱབ་པར་འདོད། སེམས་ཙམ་པས་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་དང་ཡིད་མངོན་རྣམས་འཁྲུལ་ཤེས་སུ་འདོད་པའི་ཕྱིར། དེ་ལྟ་ནའང་མངོན་སུམ་ལ་རྟོག་བྲལ་གྱིས་ཁྱབ་པ་ཁས་ལེན་པ་ཡིན་ནོ། །གཉིས་པ་ལམ་ལ་གཉིས། སྤང་བྱ་དང་། ལམ་གྱི་རྣམ་གཞག་དངོས་སོ། །དང་པོ་ནི། གང་ཟག་གི་བདག་འཛིན་ས་བོན་དང་བཅས་པ་དང་། རྩ་ཉོན་དྲུག་ཉེ་ཉོན་ཉི་ཤུ་སོགས་ཉོན་སྒྲིབ་དང་། གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་བདེན་འཛིན་དུ་འདོད་པས་དེ་དང་དེའི་བག་ཆགས་རྣམ་ཤེས་སྒྲིབ་དང་། ཀུན་བཏགས་བདེན་པར་འཛིན་པའི་བདེན་འཛིན་སྒྲིབ་པ་ཡིན་ཀྱང་། དངོས་པོ་བདེན་པར་གྲུབ་པས་དེ་བདེན་པར་འཛིན་པའི་བདེན་འཛིན་ནི་སྒྲིབ་པ་མིན་ནོ། །གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ་བསོད་ནམས་ཀྱི་ཚོགས་ཆུང་ངུ་ཙམ་གྱིས་ཟིན་པའི་སྒོ་ནས་གཙོ་བོར་བསྒོམས་པས་ཉན་ཐོས་ཀྱི་རིགས་ཅན་གྱིས་བྱང་ཆུབ་མངོན་དུ་བྱེད་ལ། འབྲིང་གིས་རང་རྒྱལ་གྱི་བྱང་ཆུབ་དང་། གཟུགས་འཛིན་རྫས་གཞན་གྱིས་སྟོང་བའི་སྟོང་ཉིད་རྟོགས་པའི་ལྟ་བ་དེ་གཞན་དོན་དུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་ཉམས་སུ་བླངས་པས། བྱང་སེམས་རྣམས་ཀྱིས་བླ་མེད་བྱང་ཆུབ་མངོན་དུ་བྱེད་དོ། །གཟུགས་འཛིན་རྫས་གཞན་གྱིས་སྟོང་བའི་དོན་ནི། སྔོན་པོ་ལྟ་བུ་འཛིན་པའི་རྣམ་ཤེས་ཀྱིས་དེ་གཟུང་དོན་དུ་བྱས་པའི་ཚེ་ཀུན་གཞི་སོགས་ཀྱིས་བཞག་པའི་བག་ཆགས་ཀྱི་དབང་གིས་སྔོན་པོ་དེ་རང་འཛིན་པའི་ཤེས་པའི་བདག་ཉིད་དམ་རྫས་སུ་སྐྱེས་པ་ཡིན་གྱི། དེའི་ཚེ་སྔོན་པོ་ལྟ་བུ་དེ་འཛིན་པའི་ཤེས་པ་ལས་རྫས་གཞན་དུ་མེད་དེ། དཔེར་ན། རྨི་ལམ་དུ་རིང་བ་སོགས་སྣང་བའི་ཚེ་སེམས་མ་ཡིན་ཀྱང་སེམས་ཀྱི་བདག་ཉིད་དུ་གྱུར་བའི་རི་སོགས་ཡོད་ཅིང་། སེམས་ལས་དོན་གཞན་པའི་རི་སོགས་མེད་པ་བཞིན་ནོ། །འདི་ལ་ལུང་རིགས་དུ་མ་ཡོད་ཀྱང་མ་བྲིས་ལ་འདི་བའི་ལུགས་ཀྱི་ཕྱི་དོན་མེད་ཚུལ་གོ་དཀའ་ཞིང་། ལེགས་པར་གོ་ན་བྱམས་པའི་ཆོས་གསུམ་དང་ཐོགས་མེད་དབྱིག་གཉེན་སོགས་ཀྱིས་སེམས་ཙམ་པའི་ལུགས་ཇི་ལྟར་བཤད་པ་ཡང་ངེས་ནུས་པར་སྣང་ལ། དེ་ལྟར་མ་གོ་ན། དེ་ཡང་ལེགས་པར་མི་ཤེས་པར་གསལ་ལོ། །ཞུགས་གནས་བརྒྱད་དང་། ལམ་ལྔ་ས་བཅུའི་རྣམ་གཞག་ཁས་ལེན་པའི་དབུ་མ་པ་དང་འདྲའོ། །གསུམ་པ་འབྲས་བུ་ལ། ལྷག་བཅས་ལྷག་མེད་མྱང་འདས་གསུམ་དང་། སྐུ་གསུམ་གྱི་རྣམ་གཞག་ཀྱང་ཁས་ལེན་ལ། ཕལ་ཆེར་ནི་དབུ་སེམས་ཐུན་མོང་བ་ཡིན་པར་འོག་ཏུ་འཆད་དོ། །མངོན་དུ་བྱེད་ཚུལ་ནི་གོང་དུ་རགས་ཙམ་བརྗོད་པ་བཞིན་དང་། རྒྱས་པར་ནི་གཞུང་གཞན་དང་། གྲུབ་མཐའི་ཁྱད་པར་རྣམས་དྲང་ངེས་རྣམ་འབྱེད་ན་གསལ་ཞིང་། མྱང་འདས་མངོན་དུ་བྱེད་པའི་ཚུལ་ནི་མི་འདྲ་བ་གཉིས་ཡོད་དེ། རྣམ་བདེན་པས་ཐེག་དམན་དགྲ་བཅོམ་པས་རང་ལམ་གྱི་ལྟས་མེད་མངོན་དུ་བྱས་པའི་ཚེ་རིག་པ་རྒྱུན་ཆད་པར་འདོད་ལ། རྣམ་རྫུན་པ་ལྟར་ན་སྡུག་ཀུན་རྒྱུན་ཆད་ཀྱང་རིག་པ་རྒྱུན་ཆད་པར་མི་འདོད་དེ། རིག་པའི་རྒྱུན་སངས་རྒྱས་ཀྱི་སའི་བར་དུ་འགྲོ་བར་འདོད་པའི་ཕྱིར་རོ། །དེ་ཡང་འདིས་ནི་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་པ་དང་། རྣམ་བདེན་པ་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད་པའི་དབང་གིས་ཡིན་ནོ། །བཞི་བ་དབུ་མ་པ་ལ་གསུམ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། དབུ་མའི་མཚན་ཉིད། གཉིས་པ་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དངོས་པོ་བདེན་མེད་དུ་རྟོགས་པའི་ལྟ་བ་ཁས་ལེན་པས་ན། དབུ་མ་བ་དང་། ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་ངོ་བོ་ཅུང་ཟད་ཀྱང་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བའོ། །གསུམ་པ་དེ་ལ་དབྱེ་ན། རང་རྒྱུད་པ་དང་། ཐལ་འགྱུར་བ་གཉིས་ཡོད། དང་པོ་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའོ། །དང་པོ་ནི། རང་རྒྱུད་ཀྱི་རྟགས་སམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྟགས་ཞལ་གྱིས་བཞེས་ཤིང་བདེན་གྲུབ་ཐ་སྙད་དུ་ཡང་མི་འདོད་པའི་དབུ་མ་བ་དེ། དབུ་མ་རང་རྒྱུད་པའི་མཚན་ཉིད། གཉིས་པ་ནི། རང་རྒྱུད་ཀྱི་རྟགས་ཞལ་གྱི་བཞེས་པའི་དབུ་མ་བ་ཡིན་པས་ན། དབུ་མ་རང་རྒྱུད་པའོ། །གསུམ་པ་དེ་ལ་དབྱེ་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དེ་གཉིས། དང་པོ་ནི་སློབ་དཔོན་ལེགས་ལྡན་འབྱེད་དང་། ཡེ་ཤེས་སྙིང་བོ་ལྟ་བུ། གཉིས་པ་ནི། སློབ་དཔོན་ཞི་བ་འཚོ། ཀཱ་མ་ལ་ཤཱི་ལ། སེང་བཟང་ལྟ་བུའོ། །བཞི་བ་གྲུབ་མཐའ་ལ་གསུམ། གཞི། ལམ། འབྲས་བུའོ། །དང་པོ་ནི། གྲུབ་མཐའ་འོག་མ་དང་ཐུན་མོང་བའི་འདོད་ཚུལ་དང་ཁྱད་པར་སེམས་ཙམ་པ་དང་འདོད་ཚུལ་ཐུན་མོང་བ་ཕལ་ཆེར་ནི་སྔར་བཤད་ཟིན་ལ། འདི་བས་བདེན་གྲུབ་མི་འདོད་ཀྱང་། རང་བཞིན་གྱིས་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་གསུམ་ཐ་སྙད་དུ་ཡོད་པར་འདོད། ལེགས་ལྡན་འབྱེད་སོགས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། སྔོན་པོ་ལྟ་བུ་ནི། དེ་འཛིན་གྱི་ཤེས་པ་ལས་ངོ་བོ་ཐ་དད་ཅིང་ཕྱི་རོལ་གྱི་དོན་ཡིན་པར་འདོད། ཞི་འཚོ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་བ་ལྟར་ན། སེམས་ཙམ་པས་འདོད་པ་ལྟར་སྔོན་པོ་ལྟ་བུ་རང་འཛིན་པའི་ཤེས་པ་དང་ངོ་བོ་གཅིག་གམ་བདག་ཉིད་གཅིག་ཏུ་འདོད་དོ། །འོན་ཀྱང་སེམས་ཙམ་པས་ཤེས་པ་བདེན་གྲུབ་འདོད་ཅིང་འདིས་མི་འདོད་པ་བཤད་ཟིན་ལ། ཕྱི་དོན་འདོད་པའི་དབུ་མ་བས་ནི་རང་རིག་མི་འདོད་ཅིང་། ཞི་འཚོའི་རྗེས་འབྲང་རྣམས་ཀྱིས་རང་རིག་ཁས་ལེན་ནོ། །གཞན་ཡང་ཕྱི་དོན་འདོད་པས་ཕྱི་རོལ་དོན་གྱིས་སྟོང་བའི་སྟོང་ཉིད་དང་། དེ་རྟོགས་པའི་ཡེ་ཤེས་ཀྱང་མི་འདོད་ལ། ཕྱི་དོན་མེད་པར་འདོད་ན་དེ་ཁས་ལེན་རིགས་སོ། །ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པར་འདོད་ཅིང་། བུམ་པ་བདེན་སྟོང་དེ་དོན་དམ་བདེན་པའི་དོན་དང་། བུམ་པ་ནི་ཀུན་རྫོབ་བདེན་པའི་མཚན་གཞིའོ། །དོན་དམ་བདེན་པ་ལ་རྒྱས་པར་ཕྱེ་ན་སེམས་ཙམ་པ་དང་མཐུན་ལ། ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་འབྱེད་དེ། དེ་ཡང་ཆུ་དང་བྱད་བཞིན་ལྟ་བུ་ནི། ཡང་དག་ཀུན་རྫོབ་དང་། སྨིག་རྒྱུའི་ཆུ་དང་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་ནི་ལོག་པའི་ཀུན་རྫོབ་ཏུ་འདོད་དོ། །ཚད་མ་དང་ཚད་མིན་གྱི་ཤེས་པའི་རྣམ་གཞག་མདོ་སྡེ་སྤྱོད་པའི་དབུ་མ་བ་རྣམས་ནི། མདོ་སྡེ་བ་དང་མཐུན་པ་ཤུགས་ཆེ་ལ། རྣལ་འབྱོར་སྤྱོད་པ་རྣམས་ནི། སེམས་ཙམ་པ་དང་མཐུན་པ་ཤས་ཆེའོ། །འདི་གཉིས་ཀས་གང་ཟག་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་རྙེད་པར་འདོད་པས་གང་ཟག་གི་ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞི་ཡིན་པར་བཞེད་དོ། །མཚན་ཉིད་གསུམ་འདོད་ཚུལ་ནི་སེམས་ཙམ་པ་དང་མཐུན་ཙམ་ཡིན་ཀྱང་། མཚན་གཞི་ལ་མི་འདྲ་བ་ཡོད་དེ། འདི་བས་བུམ་པ་བདེན་སྟོང་ཡོངས་གྲུབ་ཀྱི་མཚན་ཉིད་པར་འདོད་ཅིང་། ཅིག་ཤོས་ཀྱིས་མི་འདོད་པས་སོ། །མཚན་ཉིད་གསུམ་ནི། བུམ་པ་ལ་སོགས་པའི་འདུས་བྱས་རྣམས་ནི་གཞན་དབང་ཡིན་ལ། དེ་དག་ལ་བདེན་པར་སྒྲོ་བཏགས་པའི་ཆ་ནི་ཀུན་བཏགས་དང་། བཏགས་པ་ལྟར་མ་གྲུབ་པའི་སྟོང་ཉིད་ནི་ཡོངས་གྲུབ་ཏུ་འཇོག་གོ །གཉིས་པ་ལམ་ལ་གཉིས། ལམ་གྱི་སྤང་བྱ་དང་། ལམ་གྱི་རྣམ་གཞག་དངོས་སོ། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་རྣམས་གང་ཟག་གི་བདག་འཛིན་དང་། ཉོན་སྒྲིབ་ཡིན་ལ་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལྟར་ན་གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་དང་། བདེན་འཛིན་རྣམས་ཤེས་སྒྲིབ་ཡིན་ནོ། །དེར་མ་ཟད་ཉོན་མོངས་རྣམས་ཀྱི་ས་བོན་ཐམས་ཅད་ཉོན་སྒྲིབ་ཡིན་ལ། དེའི་བག་ཆགས་དང་བདེན་འཛིན་གྱི་བག་ཆགས་སོགས་ཤེས་སྒྲིབ་བོོ། །གཉིས་པ་ལམ་དངོས་ལ། ཐེག་པ་གསུམ་རང་རང་གི་ལམ་ལ་ཚོགས་ལམ་སོགས་ལྔ་རེ་ཡོད་ལ། མདོ་སྡེ་སྤྱོད་པའི་དབུ་མ་ལྟར་ན། ཉན་རང་གཉིས་ཀས་གཙོ་བོར་ཉོན་སྒྲིབ་སྤོང་བར་མཚུངས་ཤིང་། ཐོབ་བྱ་ཡང་མཆོག་དམན་ཆེར་མེད་ཀྱང་། རྣལ་འབྱོར་སྤྱོད་པའི་དབུ་མ་པས། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་ལམ་གཙོ་བོར་བསྒོམས་ནས་གང་ཟག་གི་བདག་འཛིན་སྤངས་པའི་མྱང་འདས་མངོན་དུ་བྱེད། རང་རྒྱལ་གྱི་རིགས་ཅན་གྱིས་གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་སྤང་བྱའི་ཚོ་གཙོ་བོར་བྱས་ནས་སྤོང་བ་དང་དེའི་གཉེན་པོ་བསྒོམས་པས། དེ་འདྲའི་རྟོག་པ་དང་ཉོན་སྒྲིབ་གཉིས་ཀ་སྤངས་པའི་ཐར་བ་མངོན་དུ་བྱེད་པར་འདོད་དོ། །འོན་ཀྱང་འདིས་ཕྱི་རོལ་དོན་འཇིག་རྟེན་གྱི་རྟོག་པ་བདེན་འཛིན་རགས་པར་འདོད་ཀྱང་བདེན་འཛིན་དུ་མི་འདོད་དེ། ཕྱི་རོལ་དོན་གྱིས་སྟོང་བའི་སྟོང་ཉིད་རྟོགས་པས། སྟོང་ཉིད་རྟོགས་པའི་གོ་མི་ཆོད་པར་འདོད་པའི་ཕྱིར་ཏེ། དེ་འདྲའི་སྟོང་ཉིད་དེ་ཆོས་ཀྱི་བདག་མེད་རགས་པ་ཡིན་གྱི། ཆོས་ཀྱི་བདག་མེད་ཕྲ་མོའམ་སྟོང་ཉིད་ཕྲ་མོ་མ་ཡིན་པའི་ཕྱིར་ཞེས་འདོད་དོ། །ལམ་དང་འབྲས་བུའི་རྣམ་གཞག་གཞན་ནི་ཐལ་འགྱུར་བའི་སྐབས་སུ་བཤད་པར་བྱའོ། །གསུམ་པ་འབྲས་བུ་ལ། ཉན་ཐོས་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་བྱེད་ཀྱང་། རང་རྒྱལ་ལ་དེ་མི་བྱེད། མྱང་འདས་ལ་ལྷག་བཅས་སོགས་གསུམ་ལས། ལྷག་བཅས་མྱང་འདས་ནི་སྡུག་བསྔལ་གྱི་ཕུང་བོ་དང་ལྷག་མེད་ནི་དེ་ལས་བཟློག་པར་འདོད་ཅིང་། སངས་རྒྱས་ཀྱི་སའི་མྱང་འདས་རྣམས་མི་གནས་པའི་མྱང་འདས་སོ། །སྟོང་ཉིད་ཕྲ་མོ་རྟོགས་པའི་ལམ་དེ་ཚོགས་གཉིས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་བསྐལ་བ་གྲངས་མེད་གསུམ་སོགས་སུ་ཡུན་རིང་དུ་བསྲིངས་ཏེ་བསྒོམས་པས་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་དོ། །གཉིས་པ་ཐལ་འགྱུར་པའི་ལུགས་ལ་གསུམ། མཚན་ཉིད། སྒྲ་དོན། གྲུབ་མཐའ་འོ། །དང་པོ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུའང་ཞལ་གྱིས་མི་བཞེས་པའི་དབུ་མ་དེ། དབུ་མ་ཐལ་འགྱུར་བའི་མཚན་ཉིད་དོ། །མཚན་གཞི་ནི། སངས་རྒྱས་སྐྱངས་དང་། ཟླ་བ་གྲགས་པ། རྗེ་བླ་མ་ལྟ་བུའོ། །གཉིས་པ་ནི། ཐལ་འགྱུར་གྱི་སྒོ་ནས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པའི་དབུ་མ་པ་ཡིན་པས་ན། དབུ་མ་ཐལ་འགྱུར་བའོ། །གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་གསུམ། གཞི། ལམ། འབྲས་བུའི་རྣམ་གཞག་གོ །དང་པོ་ནི། ཤེས་བྱ་ལ་བདེན་པ་གཉིས་དང་། མངོན་ལྐོག་གཉིས་སོགས་འབྱེད་ལ། དོན་དམ་བདེན་པ་དང་། སྟོང་ཉིད་དོན་གཅིག་ཅིང་། དབྱེ་བ་ནི་སྔར་བཞིན་ལ། མཚན་གཞི་ནི། མྱུ་གུ་རང་བཞིན་གྱིས་མེད་པ་ལྟ་བུའོ། །ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་མི་འབྱེད་ཀྱང་། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་ཀྱི་དབྱེ་བ་འབྱེད་དེ། བྱད་བཞིན་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་དང་། མེ་ལོང་ནང་གི་བྱད་བཞིན་གཟུགས་བརྙན་དེ་ལ་ལྟོས་ཏེ་ལོག་པ་ཡིན་པའི་ཕྱིར་རོ། །དེ་ཡང་དོན་བསྡུས་ན་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་བོ་ཡུལ་དང་བཅས་པ་ནི། ཤེས་ངོ་དེ་ལ་ལྟོས་ཏེ་ཡང་དག་དང་། དེས་བསླད་པའི་དབང་པོ་དྲུག་ཡུལ་དང་བཅས་པ་ནི། དེ་ལ་ལྟོས་ཏེ་ལོག་པ་སྟེ། དཔེར་ན། དུང་དཀར་དཀར་བོར་མཐོང་བའི་དབང་བོ་ཡུལ་དང་བཅས་པ་དང་། དུང་དཀར་སེར་བོར་སྣང་བའི་དབང་བོ་ཡུལ་དང་བཅས་པ་ལྟ་བུའོ། །གཞན་ཡང་འདི་བ་ལ་ཁས་ལེན་ཚུལ་དུ་མ་ཡོད་དེ། རང་བཞིན་གྱིས་སྟོང་བ་རྟེན་འབྲེལ་གྱི་དོན་དུ་མཐོང་ནས། རང་གི་མཚན་ཉིད་གྱི་གྲུབ་པ་ཁས་མི་ལེན་པ་དང་། དེ་བཞིན་དུ་རང་རྒྱུད། རང་རིག །ཀུན་གཞི་ཉོན་ཡིད་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་རྣམས་ཁས་མི་ལེན་ལ། མིང་བརྡས་བཞག་ཙམ་ཕྱི་དོན། བདེན་འཛིན་ཉོན་སྒྲིབ་ཡིན་པ་དང་། བདག་མེད་གཉིས་ལ་ཕྲ་རགས་མི་འབྱེད་པ་དང་། འགོག་བདེན་རྣམས་དོན་དམ་བདེན་པ་དང་། འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་གིས་ཁྱབ་པ་དང་། སོ་སྐྱེའི་ཤེས་པ་ཐམས་ཅད་འཁྲུལ་ཤེས་དང་། ཞིག་པ་དངོས་པོར་འདོད་པ་སོགས་དུ་མ་ཡོད་ཅིང་། ཤེས་པའི་རྣམ་གཞག་གཞན་ཕལ་ཆེར་ནི་རང་རྒྱུད་པ་དང་མཐུན་ཙམ་ཡིན་ཀྱང་། དཔྱད་ཤེས་རྣམས་ཚད་མ་དང་། ཡིད་ཀྱི་མངོན་སུམ་དང་རྟོག་པའི་གཞི་མཐུན་ཡོད་པར་འདོད་དོ། །གང་ཟག་རྫས་ཡོད་པ་མི་བཞེད་དེ། གཞི་གྲུབ་ན་བཏགས་ཡོད་ཡིན་པས་ཁྱབ་པར་བཞེད་པའི་ཕྱིར་རོ། །དངོས་པོ་བཞེད་ཀྱང་རང་མཚན་མི་འདོད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་བཞེད་པའི་ཕྱིར་རོ། །དེ་མི་བཞེད་ཀྱང་མིང་རྐྱང་བཏགས་ཡོད་ཙམ་ལ་བྱ་བྱེད་ཀྱི་རྣམ་གཞག་འཐད་ལྡན་དུ་འཇོག་ཤེས་པས། ཕུང་བོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་ནི་གང་ཟག་གི་མཚན་གཞིར་བཞེད་དོ། །གང་ཟག་རང་བཞིན་མེད་པ། གང་ཟག་གི་བདག་མེད་ཕྲ་མོ་དང་། ཕུང་བོ་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་ཀྱི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་སྟོང་ཉིད། གང་ཟག་གི་བདག་མེད་ཕྲ་མོར་མི་འདོད་དེ། དེ་གང་ཟག་གི་བདག་མེད་རགས་པ་ཡིན་པའི་ཕྱིར། སྐབས་འདིར་འདི་དག་གི་ཁྱད་པར་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ་སྟེ། འདི་ལ་གཉིས། རང་བཞིན་མེད་པའི་དོན་དང་། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་དོན་ནོ། །དང་པོ་ནི། རང་རྒྱུད་པས་གང་ཟག་སོགས་ཆོས་རྣམས་མིང་བརྡའ་འམ་རྟོག་པའི་དབང་ཙམ་གྱིས་འཇོག་མི་ནུས་པས། བློ་གནོད་མེད་ལ་སྣང་བའི་དབང་གིས་འཇོག་ལ། དེ་ཡང་གང་ཟག་འཇོག་བྱེད་ཀྱི་བློ་གནོད་མེད་དེས་འཇོག་རྒྱུའི་གང་ཟག་ནི། བློ་དེ་ལ་ལྟོས་མེད་ཀྱི་ཚུལ་གྱིས་དང་བོ་ཉིད་ནས་ཀྱང་རང་གི་ངོས་ནས་གྲུབ་གྲུབ་པ་ཞིག་ལ་འདོད་ཅིང་། དེ་ལྟར་གྲུབ་པ་དེ་གང་ཟག་རང་ངོས་ནས་སམ་རང་བཞིན་གྱིས་གྲུབ་པའི་དོན་ཡིན་ཀྱང་བདེན་པར་གྲུབ་པའི་དོན་ཡིན་པར་མི་འདོད། ཐལ་འགྱུར་བ་ནི་གང་ཟག་དེ་ཁོ་རང་འཇལ་བྱེད་ཀྱི་ཚད་མ་ལ་ལྟོས་མེད་ཀྱིས་དང་པོ་ནས་མ་གྲུབ་པར་གང་ཟག་དང་གང་ཟག་འཇལ་བྱེད་ཀྱི་ཚད་མ་གཉིས་ཕན་ཚུན་བལྟོས་ནས་གྲུབ་པས། འཇོག་བྱེད་མིང་བརྡའམ་རྟོག་པས་བཞག་པ་ལ་མ་བལྟོས་པར་རང་གི་ངོས་ནས་གྲུབ་པ་ཞིག་བྱུང་ན་གང་ཟག་རང་བཞིན་གྱིས་གྲུབ་པ་དང་། རང་ངོས་ནས་གྲུབ་པར་འཇོག་ལ། དེར་མ་གྲུབ་པ་དེ་གང་ཟག་གི་བདག་མེད་ཕྲ་མོར་བཞེད། དེ་བཞིན་དུ་ཆོས་གཞན་ལ་ཡང་རིག་པ་སྦྱོར་ཏེ། ཕུང་བོ་ཞང་བུམ་སོགས་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ། །གཉིས་པ་ནི། རང་སྡེ་གནས་མ་བུ་པས། གང་ཟག་རྟག་གཅིག་རང་དབང་ཅན་གྱི་ཁྱད་པར་གསུམ་པོ་དེས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ལ། དེ་ལས་གཞན་པའི་བྱེ་བྲག་སྨྲ་བ་ཕལ་ཆེར་དང་། མདོ་སྡེ་བ། སེམས་ཙམ་པ། རང་རྒྱུད་པ་རྣམས་ཀྱིས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་ཉིད། གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་འཛིན་ཚུལ་དང་གྲུབ་ཚུལ་ནི། རང་བཞིན་གྱིས་གྲུབ་པར་འཛིན་པའི་སྟེང་ནས་གང་ཟག་ནི་རང་གི་ཕུང་བོ་ལ་ཕར་མི་བལྟོས་པའི་དབང་སྒྱུར་བ་པོའི་རྗེ་བོ་ལྟ་བུ་དང་། ཕུང་བོ་རྣམས་གང་ཟག་ལ་ཚུར་བལྟོས་པའི་དབང་བསྒྱུར་བྱའི་ཁོལ་བོོ་ལྟར་འཛིན་པ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་འཛིན་ཚུལ་དང་། དེས་བཟུང་བ་ལྟར་གྲུབ་ན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཇོག་གོ །དེ་ཡང་ཕུང་བོ་ལ་བལྟོས་མེད་དུ་ཡན་གར་བ་ཞིག་བྱུང་ན་རང་རྐྱ་ཐུབ་པ་ཡིན་པས། རང་རྐྱ་ཐུབ་མི་ཐུབ་ནི་གང་ཟག་རང་ལྡོག་ནས་ཡིན་གྱི། གཞི་ལྡོག་ལ་མིན་པའི་འདོད་ཚུལ་ཡོད་དེ། ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་འདོད་པ་རྣམས་ཀྱིས་དེ་རྫས་ཡོད་དུ་འདོད་པའི་ཕྱིར་རོ། །གཉིས་པ་ལམ་གྱི་རྣམ་གཞག་ལ། ལམ་ལྔ་ས་བཅུ་སོགས་མང་ཆེར་ནི་སྔར་དང་འདྲ་ཞིང་། འདིར་གོང་དུ་མ་བཤད་པ་འགའ་ཞིག་ཀྱང་རྒྱས་པར་འཆད་ལ། དབུ་མ་ཐལ་འགྱུར་བ་ཐུན་མོང་མིན་པའི་ཁྱད་པར་ནི་སྔར་བཤད་ཅིང་འཆད་པར་ཡང་བྱེད་དོ། །དེས་ན་ལམ་གྱི་སྤང་བྱ་དང་། ལམ་གྱི་རྣམ་གཞག་དངོས་དང་གཉིས། དང་པོ་ནི། དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་སོགས་བདེན་འཛིན་ས་བོན་དང་བཅས་པ་ཉོན་སྒྲིབ་ཡིན་ལ། ཐེག་པ་ཆེ་ཆུང་གི་དགྲ་བཅོམ་པ་ཐམས་ཅད་ཀྱིས་སྤངས་པར་འདོད་པས། རང་རྒྱུད་པ་ལྟར་བདེན་འཛིན་རྣམས་ཤེས་སྒྲིབ་ཏུ་བྱས་ཏེ། མངོན་རྟོགས་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། ཞེས་སོགས་ཀྱིས་བཤད་པ་ལྟར་བདེན་འཛིན་ཆེ་འབྲིང་ཆུང་ངུ་དགུ་ཐེག་ཆེན་སྒོམ་ལམ་བར་མེད་ལམ་དགུ་བོས་རིམ་གྱིས་སྤོང་བའི་རྣམ་གཞག་རྣམས་མི་བཞེད་དོ། །ཡང་ཐེག་དམན་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བ་རྣམས་ཀྱིས་བདེན་འཛིན་སོགས་ཉོན་སྒྲིབ་ཐམས་ཅད་ཐེག་དམན་ལམ་གྱི་གནས་སྐབས་སུ་སྤངས་ཀྱང་། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་རྣམས་ཀྱིས་ས་བརྒྱད་པ་ཐོབ་པ་དང་དུས་མཉམ་དུ་སྤངས་པར་འདོད་ལ། ཤེས་སྒྲིབ་ནི། ཉོན་མོངས་དེ་དག་གི་བག་ཆགས་སམ་གཉིས་སྣང་འཁྲུལ་པའི་བག་ཆགས་ལ་བྱས་ནས་དེ་སྤངས་པ་དང་སངས་རྒྱས་པ་དུས་མཉམ་པར་བཞེད་དོ། །རང་རྒྱུད་པ་སོགས་རང་སྡེ་གྲུབ་མཐའ་སྨྲ་བ་ཤེས་སྒྲིབ་ཁས་ལེན་པ་དག་གིས་ཉོན་སྒྲིབ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད་པ་དེ་བཞིན་དུ་ཤེས་སྒྲིབ་ལ་ཡང་དེ་གཉིས་ཡོད་པར་འདོད་ཀྱང་། འདི་བའི་ལུགས་ལ་ཉོན་སྒྲིབ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སམ། མཐོང་སྤང་། སྒོམ་སྤང་གཉིས་བཞེད་ཀྱང་། ཤེས་སྒྲིབ་ནི་མཐོང་སྤང་ཀུན་བཏགས་མེད་ཅིང་། སྒོམ་སྤངས་དང་ལྷན་སྐྱེས་ཀྱིས་ཁྱབ་པར་འདོད་དོ། །ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་ཡང་གྲུབ་མཐས་བློ་ཁ་བསྒྱུར་བ་ལ་མ་ལྟོས་པར་རང་གི་རང་གིས་སྐྱེ་བ་ནི་ལྷན་སྐྱེས་དང་། དེས་བློ་ཁ་བསྒྱུར་བའི་དབང་གིས་བྱུང་བ་ནི་ཀུན་བཏགས་སོ། །གཉིས་པ་ལམ་ལ་གཉིས། སྤྱིར་བསྟན་པ་དང་། ཕྱེ་བ་སོ་སོར་བཤད་པའོ། །དང་པོ་ནི། དེ་ལ་དབྱེ་ན། ཉན་ཐོས་ཀྱི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལྔ། དེ་བཞིན་དུ་རང་རྒྱལ། ཐེག་ཆེན་ལ་སྦྱར་བས་ལྔ་གསུམ་བཅོ་ལྔའོ། །དེ་རྣམས་མངོན་དུ་བྱེད་ཚུལ་ཀྱང་། དང་པོར་ཚོགས་ལམ། དེ་ནས་སྦྱོར་མཐོང་། དེ་ནས་སྒོམ་ལམ། དེ་ནས་མི་སློབ་ལམ་མངོན་དུ་བྱེད་པའི་རིམ་པ་ངེས་ལ། ཚོགས་ལམ་ལ་ཡང་། ཚོགས་ལམ་ཆུང་འབྲིང་ཆེ་གསུམ། སྦྱོར་ལམ་ལ་ཡང་སྦྱོར་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་མངོན་དུ་བྱེད་པའི་གོ་རིམ་ངེས་སོ། །མཐོང་ལམ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་ལ། དེ་ཡང་ཤེས་པ་བརྒྱད་དང་། བཟོད་པ་བརྒྱད་དོ། །ཤེས་པ་བརྒྱད་ནི། སྡུག་བསྔལ་ཆོས་ཤེས། རྗེས་ཤེས་གཉིས། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ་གསུམ་སྟེ་བདེན་བཞི་སོ་སོ་ལ་སྦྱོར། བཟོད་པ་བརྒྱད་ནི། སྡུག་བསྔལ་ཆོས་བཟོད། རྗེས་བཟོད་གཉིས། དེ་བཞིན་དུ། ཀུན་འབྱུང་འགོག་པ་ལམ་ལ་ཡང་སྦྱར་རོ། །ཡང་མཐོང་ལམ་ལ་མཉམ་གཞག་ཡེ་ཤེས་དང་། རྗེས་ཐོབ་ཡེ་ཤེས་གཉིས། དང་པོ་ལའང་། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡོད། བཟོད་པ་བརྒྱད་དང་མཐོང་ལམ་བར་ཆད་མེད་ལམ་དོན་གཅིག་ཅིང་། ཤེས་པ་བརྒྱད་དང་མཐོང་ལམ་རྣམ་གྲོལ་ལམ་དོན་གཅིག་གོ །གཞན་ཡང་ཐེག་པ་ཆེན་པོའི་ལམ་ལ་ས་བཅུ་ཡོད་དེ། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་བ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་ལས་དང་པོའི་ངོ་བོར་གྱུར་པའི་མཐོང་སྒོམ་གྱི་ལམ་གཉིས་ཡོད། མཐོང་ལམ་ནི་སྔར་ལྟར་དང་། དེའི་ངོ་བོར་གྱུར་པའི་སྒོམ་ལམ་ལ་བར་ཆད་མེད་ལམ་ཡོད་པར་འདོད་པ་ནི་མི་མཐུན་པ་ཆེར་མེད་ལ། ས་དེའི་ངོ་བོར་གྱུར་པའི་སྒོམ་ལམ་རྣམ་གྲོལ་ལམ་དང་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡོད་མེད་མི་མཐུན་ཀྱང་། རྣམ་བཤད་ལྟར་ན་ཡོད་པར་གསལ་ལོ། །ས་བཅུ་བོ་སོ་སོ་ལ་མཉམ་རྗེས་གཉིས་གཉིས་ཡོད་ལ། ས་གཉིས་པ་ནས་བཅུ་པའི་བར་ཐོབ་མ་ཐག་པའི་ཡེ་ཤེས་རྣམས་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་གཉིས་ཀ་ཡིན་ནོ། །ས་བཅུ་གཅིག་པ་ཀུན་ཏུ་འོད་ནི་སངས་རྒྱས་ཀྱི་ས་ཡིན་ལ། དེ་རྣམ་གྲོལ་ལམ་དུ་འདོད་མི་འདོད་པའི་ཚུལ་གཉིས་སྣང་ངོ་། །གཉིས་པ་ཕྱེ་བ་སོ་སོར་བཤད་པ་ནི། ཐེག་པ་ཆེ་ཆུང་གཉིས་དང་ཐུན་མོང་བའི་ལམ་ནི། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པའི་ཡང་དག་སྤོང་བ། དེ་བཞིན་དུ་སྐྱེས་ཟིན་སྤོང་བ། དགེ་བ་མ་སྐྱེས་པ་བསྐྱེད་པ། སྐྱེས་ཟིན་སྤེལ་བར་བྱེད་པའི་ཡང་དག་སྤོང་བ་ནི་ཡང་དག་སྤོང་བ་བཞི། འདུན་པའི་རྫུ་འཕྲུལ་གྱི་རྐང་བ་བརྩོན་འགྲུས་ཀྱི་དེ་སེམས་ཀྱི་དེ་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་བ་སྟེ་བཞི། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་དབང་བོ་ལྔ། ཡང་དད་པ་བརྩོན་འགྲུས་དྲན་པ་ཏིང་འཛིན་ཤེས་རབ་ཀྱི་སྟོབས་ཏེ་སྟོབས་ལྔ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དེ་བཞིན་དུ་བརྩོན་འགྲུས། དགའ་བ། ཤིན་དུ་སྦྱངས་པ། ཏིང་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོགས་པ། ཡང་དག་པའི་ངག དེའི་ལས་ཀྱི་མཐའ། དེའི་འཚོ་བ། དེའི་རྩོལ་བ། དེའི་དྲན་པ། ཡང་དག་པའི་ཏིང་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་དང་བཅས་སོ་བདུན་ནི་ཐེག་ཆེན་པ་ལ་ཡང་ཡོད་པས་དེ་དང་ཐུན་མོང་བའོ། །ཡང་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་ཁྱད་པར་ཅན་བཞི། རྣམ་པར་ཐར་པའི་སྒོ་སྟོང་བ་ཉིད་དང་། མཚན་མེད་དང་། སྨོན་མེད་སྟེ་རྣམ་ཐར་སྒོ་གསུམ། གཟུགས་མེད་དང་པོ་སོགས་གཟུགས་མེད་བཞིའི་རྣམ་ཐར་བཞི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། འགོག་པའི་རྣམ་ཐར་ཏེ་རྣམ་ཐར་བརྒྱད། བསམ་གཏན་བཞི་གཟུགས་མེད་བཞི་འགོག་པའི་སྙོམ་འཇུག་སྟེ་སྙོམ་འཇུག་དགུ ། ལྷའི་མིག་གི་མངོན་ཤེས། ལྷའི་རྣ་བའི་དེ། གཞན་སེམས་ཤེས་པའི་དེ། སྔོན་གནས་རྗེས་དྲན་གྱི་དེ། རྫུ་འཕྲུལ་གྱི་དེ། ཟག་ཟད་ཀྱི་མངོན་ཤེས་ཏེ་མངོན་ཤེས་དྲུག །ཤའི་སྤྱན། ལྷའི་དེ། ཤེས་རབ་ཀྱི་དེ། ཆོས་ཀྱི་དེ། སངས་རྒྱས་ཀྱི་སྤྱན་ཏེ་སྤྱན་ལྔ། གཞན་ཡང་བདེན་བཞི་ཤེས་པ་སོགས་ཤེས་པ་བཅུ། ལྷ་རྗེས་སུ་དྲན་པ་སོགས་རྗེས་དྲན་དྲུག །སྦྱིན་སོགས་ཕར་ཕྱིན་དྲུག །ཟད་པར་སའི་སྐྱེ་མཆེད་སོགས་ཟད་པར་བཅུ། ཟིལ་གནོན་བརྒྱད། ཚེ་ལ་དབང་བ་སོགས་དབང་བཅུ། གནས་དང་གནས་མིན་མཁྱེན་པ་སོགས་བཅུ། བར། མི་འཇིགས་པ་བཞི། སོ་སོར་ཡང་དག་པ་རིག་པ་བཞི། མ་འདྲེས་པའི་དྲན་པ་ཉེར་གཞག་གསུམ། བསྲུང་བ་མེད་པ་གསུམ། མ་འདྲེས་པ་བཅོ་བརྒྱད་སོགས། ཉན་རང་བྱང་སེམས་རྣམས་དང་ཐུན་མོང་དང་ཐུན་མོང་མིན་པ་ཅི་རིགས་ཡོད་ཀྱང་སོ་སོ་ཕྱེ་ན་མང་དུ་དོགས་སོ། །གསུམ་པ་འབྲས་བུ་ལ། ཉན་ཐོས་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་ཀྱང་འབྱེད་ལ། མྱང་འདས་ལ་ལྷག་བཅས་ལྷག་མེད་མི་གནས་པའི་མྱང་འདས་གསུམ། ལྷག་བཅས་ལྷག་མེད་ཀྱི་དོན་ནི་རང་རྒྱུད་པ་ལྟར་མི་འཇོག་པར་བདེན་སྣང་གི་ལྷག་མ་དང་བཅས་མ་བཅས་དང་། མྱང་འདས་གཉིས་ཀྱི་ནང་ནས་དང་པོར་ལྷག་མེད་མྱང་འདས་ཐོབ་དགོས་པར་བཞེད། ཐེག་ཆེན་ལ་སྐུ་གསུམ་མཛད་པ་འཕྲིན་ལས་དང་བཅས་པ་རྣམས་འདི་པར་མ་ཟད། རང་རྒྱུད་པ་དང་སེམས་ཙམ་ལས་ཀྱང་ཁས་ལེན་ནོ། །སྐུ་གསུམ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མོ། །ཆོས་སྐུ་ལ་གཉིས་ཏེ། སྤངས་པ་ཆོས་སྐུ་དང་། རྟོགས་པ་ཆོས་སྐུའོ། །དང་པོ་ནི། ངོ་བོ་ཉིད་སྐུ་དང་གཉིས་པ་ནི་ཡེ་ཤེས་ཆོས་སྐུ་སྟེ་རྣམ་མཁྱེན་དང་དོན་གཅིག །ལོངས་སྤྱོད་རྫོགས་པའི་སྐུ་ནི་གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ་སོགས་ངེས་པ་ལྔ་ལྡན་ཡིན་ལ། དེ་ལས་སྐུ་ངེས་པ་ནི། ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་སོ་གཉིས་དང་སེན་མོ་ཟངས་མདོག་སོགས་དཔེ་བྱད་བརྒྱད་བཅུ་མངའ་བ་ཡིན་ནོ། །གསུང་ནི། མཉེམ་འཇམ་སོགས་ཡན་ལག་དྲུག་བཅུ་རྩ་བཞི་དང་། ཐུགས་ནི་ཤེས་བྱའི་རྣམ་པ་ཀུན་མཁྱེན་པ་སྟེ། དེ་ལ་བརྒྱ་དང་བཅུའམ་སྔར་བཤད་པ་བཞིན་ཡོད་ལ། ལྡོག་ཆས་དབྱེ་ན་དཔག་ཏུ་མེད་དོ། །སྤྲུལ་སྐུ་ལ་གསུམ་སྟེ། བཟོ་བ་དང་པི་ཝང་བརྡུང་མཁན་སོགས་སུ་སྤྲུལ་པའི་བཟོ་བོ་སྤྲུལ་སྐུ། ལྷ་མི་ཕལ་པ་ལྟ་བུ་དང་། རི་དྭགས་དང་ལྗོན་ཤིང་གྲུ་ཟམ་སོགས་སུ་སྤྲུལ་བའི་སྐྱེ་བ་སྤྲུལ་སྐུ། འོན་ཀྱང་སྤྲུལ་གཞི་རང་གི་སྐུའི་ཆ་དང་གཞན་ལའང་མཛད་པ་གཉིས་ཀ་ཡོད་པས་ཞིབ་ཆ་དགོས་སོ། །མཛད་པ་བཅུ་གཉིས་ཀྱིས་ཚུལ་སྟོན་པའི་མཆོག་གི་སྤྲུལ་སྐུ་གསུམ། ཕྱི་མ་འདི་ལའང་མཚན་དང་དཔེ་བྱད་ལྡན་པ་དགོས་ཏེ། དཔེར་ན་བདག་ཅག་གི་སྟོན་པ་བཞིན་ནོ། །མཛད་པ་འཕྲིན་ལས་ནི་འབད་མེད་ལྷུན་གྲུབ་ཏུ་འབྱུང་སྟེ། ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་བོ། དཔག་བསམ་གྱི་ཤིང་ལས་རྣམ་རྟོག་དང་འབད་པ་མེད་པར་འདོད་རྒུ་འབྱུང་བ་ལྟར་རོ། །སྐུ་གསུམ་མཛད་པ་དང་བཅས་པ་རྒྱས་པར་ནི། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། རིན་ཆེན་འཕྲེང་བ། དབུ་མ་འཇུག་པའི་འགྲེལ་པ་ལས་ཤེས་པར་བྱའོ། །འབྲས་བུ་མངོན་དུ་བྱེད་ཚུལ་ནི། གཞི་དུས་སུ་བདེན་གཉིས་ཀྱི་རྣམ་གཞག་ཤེས་པའི་སྒོ་ནས་ལམ་དུས་སུ་ཚོགས་གཉིས་ཟུང་འབྲེལ་དུ་ཉམས་སུ་བླངས་ནས་འབྲས་དུས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་འཇུག་ཏུ་ཐོབ་པར་བཞེད་དོ། །སྨྲས་པ། དེ་ལྟར་ཐུན་མོང་གྲུབ་མཐའི་རྒྱ་མཚོ་ལས། །ཆ་ཤས་ཟེག་མ་ཙམ་ཞིག་བཀོད་པ་འདི། །རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་ལྟར། །ལེགས་པའི་ཆ་བསགས་དུ་མས་རྣམ་པར་བཀྲ། །ཤིན་དུ་བསྡུས་ན་བརྗོད་དོན་མི་རྫོགས་ཤིང་། །སྤྲོས་ན་ཚིག་ཚོགས་རྒྱ་ཆེར་འགྱུར་བ་དང་། །བློ་དམན་འཇུག་པར་དཀའ་བར་ལེགས་མཐོང་ནས། །ཇི་ལྟར་འཚམ་པར་གོ་སླའི་ངག་གིས་སྨྲས། །ཚུལ་འདི་མཁས་པའི་བཤད་སྲོལ་དུ་མ་དང་། །འབྲེལ་བར་དཔྱད་ཅིང་གདེང་ལྡན་བཀོད་པས་ན། །ཉེས་པར་བརྗོད་པའི་དྲི་མ་ཆེར་མེད་ཀྱང་། །འཁྲུལ་གང་འཕགས་དང་མཁས་པའི་སྤྱན་སྔར་འཆགས། །ལེགས་པར་བཤད་ལས་ཐོབ་པའི་དགེ་བ་ནི། །གངས་རིའི་ཏོག་ལྟར་གང་ཞིག་མཆིས་པ་དེ། །འགྲོ་བློའི་ཡིད་ཀྱི་མུན་པ་སེལ་བ་དང་། །ཀུན་མཁྱེན་ཡེ་ཤེས་འགྲུབ་པའི་རྒྱུར་བསྔོའོ། །ཅེས་གྲུབ་མཐའ་ཀུན་གྱི་སྙིང་བོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་ཞེས་བྱ་བ་འདི་ནི་མདོ་སྔགས་ཀྱི་གཞུང་དང་མན་ངག་དུ་མ་ལ་མཁྱེན་རབ་ཡངས་པའི་གནས་བརྟན་རྒྱལ་མཚན་དཔལ་བཟང་བོ་ཞེས་བགྱི་བས། འདི་ལྟ་བུ་ཞིག་གྱིས་དང་ཁོ་བོས་མཐུན་རྐྱེན་མཐའ་དག་སྦྱར་ནས་བར་དུ་བསྒྲུབ་པོ་ཞེས་བསྐུལ་བ་ལ་བརྟེན་ནས། གྲུབ་མཐའི་ཁྱད་པར་དུ་མ་རིག་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། ཅོ་ནེའི་གཟིམ་ཁང་ནང་ཉིད་དུ་ཉེ་བར་སྦྱར་བའོ།། །།


previousགྲུབ་མཐའ་ཀུན་གྱི་སྙིང་པོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་།next