Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
ཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ།next

ཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ།

ཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ་ཞེས་བྱ་བ་བཞུགས།

མ་ལུས་འགྲོ་བའི་སྐྱབས་གཅིག་བཅོམ་ལྡན་འདས། །དེ་སྲས་ཐུ་བོ་མི་ཕམ་འཇམ་པའི་དབྱངས། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་སོགས། །འཛམ་གླིང་མཁས་པའི་ཚོགས་ལ་གུས་བཏུད་ནས། །རྒྱལ་བའི་དགོངས་པ་མི་ཕམ་མགོན་ཉིད་ཀྱིས། །ཇི་བཞིན་བཀྲལ་བའི་རྡོ་རྗེའི་དོན་བདུན་ཉིད། །རྒྱལ་བ་གཉིས་པ་ཡབ་སྲས་ཀྱིས་ཕྱེ་བའི། །འཁྲུལ་མེད་སྲོལ་བཞིན་མདོར་བསྡུས་བཤད་པར་བྱ། །དེ་ལ་འདིར་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་བྱམས་ཆོས་སྡེ་ལྔ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་བསྟན་བཅོས་རྒྱུད་བླ་མའི་བརྗོད་བྱའི་དོན་གྱི་སྙིང་བོ་བསྡུས་ནས། རང་གཞན་ལ་ཕན་པ་དང་། ཁྱད་པར་བདག་ཉིད་ཀྱིས་རིང་ནས་རྗེ་བཙུན་འདིའི་དགོངས་པ་འདི་བཞིན་འཆད་རྒྱུ་ཞིག་བྱུང་ན་སྙམ་པའི་འདུན་པས་བསྐུལ་ཏེ་འཆད་པ་ལ་གཉིས། བཤད་བྱའི་སྡོམ་དགོད་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། རྒྱུད་བླ་མ་ལས། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་སོ། །གཉིས་པ་ལ་གཉིས། དངོས་དང་། ཕན་ཡོན་ནོ། །དང་པོ་ལ་བདུན་ཏེ། སངས་རྒྱས་དཀོན་མཆོག་དང་། ཆོས་དང་། དགེ་འདུན་དང་། ཁམས་དང་། བྱང་ཆུབ་དང་། ཡོན་ཏན་དང་། འཕྲིན་ལས་སོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བ། སྐྱབས་ཀྱི་ཁྱད་པར་རོ། །འདུས་མ་བྱས་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་སྐྱབས་གནས་མཐར་ཐུག འདིར་སངས་རྒྱས་དཀོན་མཆོག་གི་མཚན་ཉིད། སངས་རྒྱས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། རང་དོན་ཆོས་སྐུའི་དབང་དུ་བྱས་ཏེ་སྐྱེ་འཇིག་དང་བྲལ་བའི་འདུས་མ་བྱས་རང་བཞིན་རྣམ་དག་དང་། འབད་རྩོལ་ཉེ་བར་ཞི་བའི་གཞན་དོན་ལྷུན་གྱིས་གྲུབ་པ་གློ་བུར་རྣམ་དག་དང་། སོ་སོ་རང་རིག་པ་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་ཀྱི་སྒྲ་རྟོག་ཙམ་གྱིས་རྫོགས་པར་རྟོགས་མི་ནུས་པའི་ཡོན་ཏན་དང་། གཞན་དོན་གཟུགས་སྐུ་ལ་ཡོད་པའི་དབང་དུ་མཛད་ནས་ཇི་སྙེད་པ་མཐའ་དག་མཁྱེན་པའི་ཡེ་ཤེས་དང་། བརྩེ་བ་ཐུགས་རྗེ་ཆེན་པོ་དང་། དེ་གཉིས་ཀྱི་ནུས་པའི་ཡོན་ཏན་དང་ལྡན་ཅིང་། དང་པོ་གསུམ་སྡུད་བྱེད་ཀྱི་རང་དོན་ཕུན་ཚོགས་དང་། ཕྱི་མ་གསུམ་སྡུད་བྱེད་ཀྱི་གཞན་དོན་ཕུན་ཚོགས་གཉིས་ཏེ་ཡོན་ཏན་བརྒྱད་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཞེས་གསུངས་པའི་ཕྱིར་དང་། སྒྲུབ་བྱེད་ཀྱང་དེ་ཉིད་ལས། རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དབྱེ་ན། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་སོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བའོ། །གཙོ་བོར་ཡེ་ཤེས་ཀྱིས་ཐོབ་པས་རབ་ཏུ་ཕྱེ་བའི་ཐོབ་བྱ་མཐར་ཐུག །ཆོས་སྐུའི་མཚན་ཉིད། དེ་ཡང་དོན་གཙོ་བོར་བྱས་པ་སྟེ། གཞན་དུ་ན་ཞིབ་ཆ་དགོས་སོ། །དབྱེ་ན། སྤངས་པ་མཐར་ཐུག་དང་། རྟོགས་པ་མཐར་ཐུག་གོ །དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག །སྤངས་པ་མཐར་ཐུག་གི་མཚན་ཉིད། ལྡོག་པས་ཕྱེ་ན། རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་གི་སྐུ་གཉིས་ཏེ། འདིར་དེ་གཉིས་དོན་གཅིག་མིང་གིས་རྣམ་གྲངས་ཙམ་དུ་བྱའོ། །དེའི་དང་པོ་ནི། རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་མཐར་ཐུག་པའི་སྐུ་སྟེ། རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུའི་མཚན་ཉིད་ཀྱང་ཡིན་ནོ། །གཉིས་པ་ནི། གློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་ཁྱད་པར་དུ་བྱས་པའི་ཆོས་ཉིད་ཀྱི་སྐུ་སྟེ། གློ་བུར་རྣམ་དག་གི་ངོ་བོ་ཉིད་སྐུའི་མཚན་ཉིད་ཀྱང་ཡིན་ནོ། །གཉིས་པ་རྟོགས་པ་མཐར་ཐུག་ལ། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གཉིས་སོ། །ལྡོག་པས་ཕྱེ་བ་ཙམ་སྟེ། གཉིས་ཀ་ཡིན་ཁྱབ་ཡིན་ལ། མཚན་ཉིད་ཀྱང་གོ་སླའོ། །གཉིས་པ་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། གཙོ་བོར་བསོད་ནམས་ཀྱི་ཚོགས་ཀྱིས་ཐོབ་པས་རབ་ཏུ་ཕྱེ་བའི་ཐོབ་བྱ་མཐར་ཐུག་ཏུ་གྱུར་པའི་འཕགས་པ། གཟུགས་སྐུའི་མཚན་ཉིད། དབྱེ་ན། ལོངས་སྐུ་དང་། སྤྲུལ་སྐུའོ། །ངེས་པ་ལྔ་དང་ལྡན་པའི་གཟུགས་སྐུ། ལོངས་སྐུའི་མཚན་ཉིད། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ། སྤྲུལ་སྐུའི་མཚན་ཉིད། དབྱེ་ན། མཆོག་གི་སྤྲུལ་སྐུ་སོགས་གསུམ་མོ། །འདིར་མཚོན་ཙམ་སྟེ། ལྷག་མ་འགའ་ཞིག་བྱང་ཆུབ་ཀྱི་སྐབས་སུ་བཤད་པར་བྱའོ། །གཉིས་པ་ཆོས་དཀོན་མཆོག་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། བསམ་དུ་མེད་པ་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད། ཆོས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། འགོག་བདེན་གྱི་དབང་དུ་བྱས་ན་ཡོད་མེད་ཀྱི་མཐའ་བཞིར་བསམ་དུ་མེད་པ་དང་། ལས་ཉོན་གཉིས་ཅི་རིགས་མེད་པའི་ཞི་བ་དང་། བདེན་འཛིན་གྱི་རྣམ་རྟོག་མེད་པའི་ཡོན་ཏན་རྣམས་དང་། ལམ་བདེན་གྱི་དབང་དུ་བྱས་ནས་ཉི་མ་དང་འདྲ་བའི་ཡེ་ཤེས་དྲི་མས་དག་པ་དང་། དེ་ཁོ་ན་ཉིད་གསལ་བ་དང་། མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡོན་ཏན་རྣམས་དང་། སྔ་མ་གསུམ་སྡུད་བྱེད་གང་ཞིག་ཆགས་པ་དང་བྲལ་བ་དོན་དམ་འགོག་བདེན་དང་། ཕྱི་མ་གསུམ་སྡུད་བྱེད་གང་གིས་ཆགས་པ་དང་བྲལ་བྱེད་ཀུན་རྫོབ་ལམ་བདེན་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པའི་ཕྱིར་དང་། སྒྲུབ་བྱེད་ཀྱང་། དེ་ཉིད་ལས། གོ་རིམ་བཞིན་དུ་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དབྱེ་ན། འགོག་བདེན་དང་། ལམ་བདེན་གཉིས་སོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བའོ། །ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས། འགོག་བདེན་གྱི་མཚན་ཉིད། དབྱེ་ན་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །འགོག་བདེན་ཐོབ་བྱེད་ཀྱི་རིགས་སུ་གནས་པའི་རྣམ་བྱང་བདེན་པ། ལམ་བདེན་གྱི་མཚན་ཉིད། དབྱེ་ན་སྔར་ལྟར་གསུམ་མོ། །ཆོས་དཀོན་མཆོག་དངོས་ནི། དེ་གཉིས་ཡིན་གྱི། ལུང་གི་ཆོས་རྣམས་ནི་དེ་དངོས་མིན་ནོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་མཚན་ཉིད་དང་། དབྱེ་བའོ། །རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། དབྱེ་ན། ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་གཉིས། དེ་བརྒྱད་པོ་གང་རུང་དང་ལྡན་པའི་ཐེག་ཆེན་འཕགས་པ། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དེ་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། འགྲོ་སོགས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་པ་ཇི་ལྟ་བ་རིག་པ། རིགས་ཡོད་པ་སོགས་ཀུན་རྫོབ་པའི་ཆོས་རྣམས་རྟོགས་པ་ཇི་སྙེད་པ་རིག་པ། ཡེ་ཤེས་དེ་གཉིས་རྟོགས་པ་སོ་སོ་རང་གིས་རིག་པའི་ཡོན་ཏན་དང་། འདོད་ཆགས་སོགས་ཆགས་སྒྲིབ། མ་རིག་བག་ཆགས་སོགས་ཐོགས་སྒྲིབ། རང་ཉིད་གཅིག་པུ་ཞི་བདེ་སོགས་དམན་སྒྲིབ་ལས་གྲོལ་བ་གསུམ་དང་། སྔ་མ་གསུམ་སྡུད་བྱེད་ཀྱི་རིག་པའི་ཡོན་ཏན་དང་། ཕྱི་མ་གསུམ་སྡུད་བྱེད་ཀྱི་གྲོལ་བའི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། དེ་ཉིད་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཞེས་གསུངས་ཤིང་། སྒྲུབ་བྱེད་ཀྱང་དེར། འགྲོ་བའི་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། རྐང་བ་ཕྱི་མ་གཉིས་ཀྱིས་དམན་སྒྲིབ་ལས་གྲོལ་བར་བསྟན་པ་ཡིན་ནོ། །གཞུང་འདིས་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་འཆད་པའི་ཚེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པར་རྟོགས་པའི་ཆ་ནས་བཤད་པ་ནི་དགོས་པ་དང་བཅས་པའོ། །གསུམ་པ་ལ་གཉིས། སྐྱབས་གསུམ་དུ་འཇོག་པའི་ཚུལ། དོན་དམ་པའི་སྐྱབས་དང་ཀུན་རྫོབ་པའི་སྐྱབས་ཀྱི་ཁྱད་པར་རོ། །དང་པོ་ནི། སྤྱིར་རིགས་ཅན་གསུམ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། དེ་གསུམ་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པ་པོ་དང་། དམ་པའི་ཆོས་ལ་སྐྱབས་དངོས་དང་། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་དམ་བཅའ་བའི་སྒོ་ནས་སྐྱབས་སུ་འགྲོ་བའི་ཕྱིར། སོ་སོའི་དབང་དུ་བྱས་ན་ཉན་ཐོས་ཀྱི་དགེ་འདུན་དང་རང་རྒྱལ་གྱིས་ཆོས་དང་ཐེག་ཆེན་གྱི་རིགས་ཅན་གྱིས་སངས་རྒྱས་དཀོན་མཆོག་ལ་གཙོ་བོར་སྐྱབས་སུ་འགྲོ་བའི་སྒོ་ནས་དེ་གསུམ་གྱི་སྐྱབས་སུ་བཞག་པ་དང་། ལམ་དུ་མ་ཞུགས་ཀྱང་དཀོན་མཆོག་གསུམ་ལ་སོ་སོར་མཆོད་པ་སོགས་བྱ་བ་བྱེད་པའི་མོས་པ་གསུམ་གྱི་དབང་དུ་བྱས་ནས། དཀོན་མཆོག་གསུམ་རིགས་ཅན་གསུམ་གྱི་སྐབས་སུ་བཞག་པ་ཡིན་ཏེ། དེ་ཉིད་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་མཛད་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། དོན་དམ་པའི་སྐྱབས་ནི། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་སངས་རྒྱས་ཁོ་ན་ལ་བྱེད་ཅིང་། ཀུན་རྫོབ་པའི་སྐྱབས་ནི་དེ་ལས་ལྡོག་པ་སྟེ། དེ་ཉིད་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་སོ། །དཀོན་མཆོག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཉིད་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཞེས་གསུངས་པ་ལྟར་རོ། །བཞི་བ་རྒྱུ་རིགས་སམ་ཁམས་ལ་བཞི། མཚན་ཉིད། དབྱེ་བ། སོ་སོའི་དོན། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པའི་སྒྲུབ་བྱེད་དོ། །དང་པོ་ལ། འདིར་ཁམས་ཞེས་པ་རིགས་ཀྱི་དོན་ཡིན་པས་སྦྱིར། སངས་རྒྱས་སུ་འགྱུར་རུང་། སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད། དབྱེ་ན། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས། དང་པོ་ལ་མཚན་ཉིད་དང་། དབྱེ་བའོ། །སེམས་ཅན་གྱི་རྒྱུད་ཀྱི་ཆོས་སྐུར་འགྱུར་རུང་གིས་བསྡུས་པའི་དེ་བཞིན་ཉིད། རང་བཞིན་གནས་རིགས་ཀྱི་མཚན་ཉིད། དབྱེ་ན། ལམ་དུ་ཞུགས་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་རང་བཞིན་གནས་རིགས་གཉིས་སམ། ཐེག་པ་གསུམ་གྱི་དབྱེ་བས་གསུམ། གཉིས་པ་ལ་མཚན་ཉིད་དང་། དབྱེ་བའོ། །འདུས་བྱས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་སྐུར་འགྱུར་རུང་། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། ལམ་དུ་ཞུགས་མ་ཞུགས་དང་ཐེག་པའི་དབྱེ་བས་སྔར་ལྟར་རོ། །གསུམ་པ་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་ལས་ཕྱི་མ་ནི། སེམས་ཅན་དང་དེའི་རྒྱུད་ཀྱི་དགེ་བའི་སེམས་སེམས་བྱུང་རྣམས་དང་ལྡན་མིན་འདུ་བྱེད་ཀྱི་བསྡུས་པ་འགའ་ཞིག་དང་། ཁྱད་པར་ངེས་འབྱུང་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ལ་བྱེད་ཅིང་། དེ་ཐམས་ཅད་སངས་རྒྱས་ཀྱི་རིགས་ཡིན་པས་སངས་རྒྱས་སུ་འགྱུར་བ་ཡིན་ལ། དེ་ཡང་སངས་རྒྱས་ཀྱི་སའི་འདུས་བྱས་ཀྱི་སྐུར་འགྱུར་རུང་ཡིན་ཏེ་གོ་སླའོ། །སྔ་མ་རང་བཞིན་གནས་རིགས་ནི། སངས་རྒྱས་ཀྱི་སའི་ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་ལ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་སྟོང་པ་ཉིད་ལ་འཇོག་པ་ཡིན་གྱི། གཞན་ལ་མིན་ནོ། །སེམས་ཅན་ཐམས་ཅད་འཚང་རྒྱ་བའི་རྒྱུ་མཚན་ཡང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྤྱིར་སངས་རྒྱས་ཀྱི་རིགས་ཡོད་པས་ཡིན་ལ། ཁྱད་པར་རང་བཞིན་གནས་རིགས་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེས་ན་སེམས་ཅན་ཐམས་ཅད་མཐར་འཚང་རྒྱ་ཞེས་པ་ནི། གཞན་གྱི་ཚིག་རྗེས་འབྲང་བ་ཙམ་མ་ཡིན་པར་ལུང་དང་རིགས་པ་ཡང་དག་གིས་ངེས་པ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་བདེན་པས་སྟོང་ཚུལ་ལེགས་པར་ངེས་དགོས། དེ་ལ་སྤྱིར་བདེན་གཉིས་ཀྱི་འཇོག་ཚུལ་ལེགས་པར་ཤེས་དགོས། ཁྱད་པར་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། བྱ་བྱེད་ཀྱི་རྟེན་འབྲེལ་འཐད་པ་གཉིས་མི་འགལ་བའི་ཚུལ་ལེགས་པར་ཤེས་དགོས། དེ་ལ་བརྟེན་ནས་སེམས་རང་བཞིན་གྱིས་མ་གྲུབ་པའི་འོད་གསལ་བ་དང་། དྲི་མ་རྣམས་སྤྲིན་བཞིན་དུ་གློ་བུར་བ་ཡིན་ཚུལ་ཤེས་དགོས། དེ་ལ་བརྟེན་ནས་དྲི་མ་གཉེན་པོའི་སྟོབས་ཀྱིས་སྤོང་ནུས་ཤིང་། ལམ་བསྒོམས་ན་ནི་མཐར་འཚང་རྒྱ་བའི་ཚུལ་རྣམས་ལ་ཚིག་ཙམ་མ་ཡིན་པར་རིགས་པ་ཡང་དག་གིས་ངེས་པ་རྙེད་དགོས་པས། རང་བཞིན་གནས་རིགས་མིང་ཙམ་གྱིས་འཇོག་སླ་ཡང་། དོན་ལེགས་པར་ངེས་པའི་སྒོ་ནས་འཇོག་ཤིན་དུ་དཀའ་འོ། །སེམས་ཅན་ཐམས་ཅད་འཚང་རྒྱ་ཞེས་པ་ཡང་ཐོབ་བྱེད་ཀྱི་ཐབས་ལམ་བསྒོམས་པ་ཞིག་བྱུང་ན་དེ་ལ་བརྟེན་ནས་རིམ་གྱིས་འཚང་རྒྱ་བར་འགྱུར་ཞེས་པའི་དོན་ཡིན་གྱི། འབད་མེད་དུ་གྲོལ་བ་མིན་ཏེ། རྫུ་འཕྲུལ་ཐོབ་ན་ནམ་མཁའ་ལ་འགྲོ་ནུས་ཞེས་པ་བཞིན་ནོ། །རིགས་ཀྱི་གནས་ཚུལ་མཐའ་དག་རྟོགས་དཀའ་བ་ལ་དགོངས་ནས། རྒྱུད་བླ་མ་ལས། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །ཞེས་སོགས་གསུངས་ཏེ། མང་དུ་དོགས་ནས་མ་བྲིས་སོ། །དེས་ན་ཇི་སྲིད་ཐལ་འགྱུར་བ་ལྟར་བདེན་གཉིས་ཀྱི་རྣམ་བཞག་སྤྱི་དང་ཁྱད་པར་འཁོར་འདས་ཀྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཀུན་རྫོབ་ཀྱི་བྱ་བྱེད་ཐམས་ཅད་འཐད་པའི་གཉིས་ཚོགས་དེ་འགལ་མེད་འཐད་ལྡན་དུ་སྙིང་ནས་འཇོག་མི་ཐུབ་པ་དེ་སྲིད་དུ་བདེན་གཉིས་འཇོག་ཚུལ་ལེགས་པར་མི་ཤེས་པས། སེམས་ཅན་ཐམས་ཅད་འཚང་རྒྱ་ཞེས་ཁས་བླངས་ཀྱང་ཚིག་རྗེས་འབྲང་བའི་དམ་བཅའ་ཙམ་ཞིག་ཏུ་ཟད་པའི་ཕྱིར་ན། ད་ལྟའི་བྱིས་པའི་བློ་ཅན་དག་གིས་ནི་སྒྲ་སྤྱི་ཙམ་ཞིག་ལས་ལེགས་པར་མཐོང་སྙམ་པ་མེད་དོ། །སེམས་ཅན་གྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ལམ་གྱིས་རྟོགས་ཤིང་གོམས་པར་བྱས་པའི་མཐར་སེམས་རྒྱུད་ཀྱི་སྟེང་དུ་གློ་བུར་གྱི་དྲི་མ་མཐའ་དག་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཚུལ་གྱིས་ཟད་ཅིང་བཀག་པ་ན། ངོ་བོ་ཉིད་སྐུར་གྱུར་བ་ཡིན་ལ། དེར་མ་གྱུར་བར་དུ་དྲི་མ་མ་སྤངས་པའི་ཆོས་ཉིད་ཡིན་པས། དེ་ལ་རང་བཞིན་གནས་རིགས་དང་དེ་བཞིན་གཤེགས་པའི་སྙིང་བོ་ཞེས་བྱ་ཞིང་། དེ་དང་རྒྱས་འགྱུར་གྱི་རིགས་གཉིས་ཀའང་སེམས་ཅན་ཐམས་ཅད་ལ་ཡོད་པས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་བོ་ཅན་ཞེས་བྱ་སྟེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་བོ་ཅན། །ཞེས་གསུངས་སོ། །སྐྱབས་འགྲོ་དང་དད་པ་དང་སྙིང་རྗེ་དང་བྱམས་པ་དང་དགེ་བ་ལ་སྤྲོ་བ་སོགས་ཡོད་ན། རིགས་ཀྱི་རྟགས་ཁྱད་པར་ཅན་ཡིན་ནོ། །ཤར་ནུབ་ཀྱི་ནམ་མཁའི་ངོ་བོ་ལ་རིགས་མི་འདྲ་བ་མེད་པ་ལྟར་སེམས་ཅན་གྱི་སེམས་བདེན་སྟོང་དང་སངས་རྒྱས་ཀྱི་ཐུགས་བདེན་སྟོང་གཉིས་ངོ་བོ་ལ་རིགས་མི་འདྲ་བའི་ཐ་དད་མེད་ཀྱང་། དྲི་མ་དང་བཅས་མ་བཅས་ཀྱི་དབང་གིས་ལྡོག་པ་ཐ་དད་དུ་འཇོག་པ་ཡིན་ལ། བདེན་སྟོང་གཉིས་ཀ་སྔ་ཕྱི་ཐམས་ཅད་ལ་ཡོད་ཅིང་། ཁྱད་པར་བདེན་སྟོང་ཕྱི་མ་ངོ་བོ་ཉིད་སྐུ་ཡིན་ཡང་། ངོ་བོ་ཉིད་སྐུ་སེམས་ཅན་དང་སངས་རྒྱས་གཉིས་ཀའི་གནས་སྐབས་སུ་ཡོད་མི་དགོས་པའི་ཚུལ་དེ་རིགས་པ་ཡང་དག་གིས་ཤེས་དགོས་ཏེ། མགོ་འཁོར་བར་མི་བྱའོ། །སངས་རྒྱས་མ་ཐག་པའི་ཚེ་སེམས་བདེན་སྟོང་དེ་གསར་དུ་སངས་རྒྱས་པ་ཡིན་པས། དེ་ལྟ་ན་དེ་ཡི་རྟག་པར་འགྱུར་རམ་སྙམ་དུ་དོགས་པར་མི་བྱ་སྟེ། ནམ་སྒྲིབ་པ་མཐའ་དག་གསར་དུ་སྤངས་པའི་ཚེ་དེ་སྤངས་པའི་ལྡོག་ཆ་ནས་ངོ་བོ་ཉིད་སྐུར་འཇོག་པ་ཡིན་གྱི། དེའི་སྔོན་དུ་ངོ་བོ་ཉིད་སྐུའི་ཐ་སྙད་མི་འཐོབ་པའི་ཕྱིར་རོ། །དེ་མི་རྟག་པར་མི་འགྱུར་ཏེ། དེའི་ཚེ་བདེན་སྟོང་ཙམ་དེ་གསར་དུ་བྱུང་བ་མིན་པར་སྔར་ནས་ཀྱང་ཡོད་པའི་ཕྱིར་རོ། །དེས་ན་མཁས་རྨོངས་ལ་གྲགས་པའི་རྟག་པ་འཇོག་ཚུལ་ལ་ཁྱད་པར་ཡོད་པས་བླུན་པོའི་འདོད་པ་ལྟར་རྟག་པའི་དོན་ལ་འཁྲུལ་བར་མི་བྱ་སྟེ། འདི་དག་ཞིབ་ཏུ་འཆད་དགོས་ནའང་མང་དུ་དོགས་སོ། །བཞི་བ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པའི་སྒྲུབ་བྱེད་བཤད་པ་ལ་གཉིས། སྒྲུབ་བྱེད་སྤྱིར་བསྟན་པ་དང་། ཁམས་དྲི་མས་སྒྲིབ་ཚུལ་དཔེ་དོན་སྦྱར་ཏེ་བཤད་པའོ། །དང་པོ་ལ། རྒྱུད་བླ་རྩ་འགྲེལ་ལས་རྒྱུ་མཚན་དུ་མ་བཤད་ཀྱང་། འདིར་གོ་བདེ་བའི་དབང་དུ་བྱས་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་རུང་ཡིན་ཞིང་སེམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མས་སྒྲིབ་པ་དེ་ཉིད་ལམ་བསྒོམས་པའི་སྟོབས་ཀྱིས་སྤོང་ནུས་སུ་འགྲུབ་པའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པའི་འཕྲིན་ལས་མཛད་པའི་ཕྱིར་དང་། གང་ཟག་དང་ཆོས་ཀྱི་བདག་འཛིན་གཉིས་ཀྱང་ཞེན་ཡུལ་འཁྲུལ་བའི་ཕྱིར། དཔེར་ན་ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་བཞིན་ནོ། །དེ་ལྟར་ཡང་། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུ་མ་ཐོབ་ཕྱིར། །ངར་འཛིན་པར་ནི་ཟད་པར་འགྱུར། །དེ་ལས་ལས་དང་སྐྱེ་བ་ཡང་། །ཞེས་དང་། རྣམ་འགྲེལ་ལས་ཀྱང་། རྒྱུ་ཡོད་ཕྱིར་ན་རྒྱུ་ཡི་ནི། །གཉེན་པོས་བསྒོམས་པས་ཟད་ཕྱིར་རོ། །ཞེས་མང་དུ་གསུངས་པ་ལྟར་རོ། །གལ་ཏེ་སེམས་ཅན་གྱི་སེམས་བདེན་སྟོང་རང་བཞིན་དུ་གནས་པའི་རིགས་ཡིན་ཀྱང་། རྒྱུ་འབྲས་ཀྱི་བྱ་བ་བྱེད་མི་ནུས་པའི་འདུས་མ་བྱས་ཡིན་པས། དེ་ལ་བརྟེན་ནས་སངས་རྒྱས་སུ་འགྱུར་བ་འབད་པས་བསྒྲུབས་པ་དེས་ཅི་བྱ་ཞེ་ན། སྐྱོན་མེད་དེ། དེའི་དགོངས་པ་ནི་སྤྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བཞིན་དུ་བྱ་བྱེད་འཐད་ཅིང་། ཆོས་ཅན་ཀུན་རྫོབ་པའི་ཆོས་ཐམས་ཅད་ནི་ཆོས་ཉིད་སྟོང་བའི་འཕྲུལ་ལས་འཆར་བ་ལྟར། སེམས་དང་སེམས་བདེན་པས་སྟོང་བའི་རྣམ་འགྱུར་ལས་འཁོར་འདས་ཀྱི་ཆོས་རྣམས་སྣང་གི །བདེན་པར་གྲུབ་ན་བྱ་བྱེད་མི་འཐད་པར་འགྱུར་བའི་ཕྱིར། དེ་སྐད་དུའང་། རང་བཞིན་གྱིས་ནི་སྟོང་བ་ལ། བྱ་བྱེད་འཐད་པའང་མི་འགལ་ཞིང་། ཞེས་དང་། ཆོས་རྣམས་རང་བཞིན་འགའ་ཡོད་ན། མྱ་ངན་འདས་པ་མི་རུང་ཞིང་། །སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །ཞེས་འབྱུང་བ་ལྟར་རོ། །དེ་ལྟ་ནའང་སེམས་བདེན་སྟོང་དེས་འཁོར་འདས་ཀྱི་ཆོས་གཞན་གྱི་བརྟེན་པའི་གཞི་བྱེད་པ་ཡིན་གྱི། སྐྱེད་བྱེད་ཀྱི་རྒྱུ་བྱེད་པ་མིན་ནོ། །གཞན་ཡང་། ནམ་མཁའ་ཐོགས་བཅས་བཀག་ཙམ་ལ་འཇོག་ཅིང་། དེ་ལ་གནས་སྐབས་སྤྲིན་སོགས་ཀྱིས་སྒྲིབ་པ་ཡོད་ཀྱང་། ནམ་མཁའི་ངོ་བོ་ནི་ཆོས་ཀུན་དང་ཕྱོགས་ཀུན་ཁྱབ་པ་དང་སྒྲིབ་མེད་ཀྱི་རང་བཞིན་ཅན་ཡིན་པ་ལྟར། སེམས་ཅན་གྱི་སེམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་བ་ཉིད་དེ་ཡང་དགག་བྱ་བདེན་གྲུབ་བཀག་ཙམ་ལ་འཇོག་ཅིང་། དེ་ལ་གནས་སྐབས་སྤྲིན་ལྟ་བུའི་དྲི་མས་བསྒྲིབས་པ་ཡོད་ཀྱང་ངོ་བོ་ནི་དྲི་མའི་རང་བཞིན་ལ་མ་ཞུགས་ཤིང་སྔ་ཕྱི་ཀུན་དུའང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་ལས། ནམ་མཁའ་ཀུན་དུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་དུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཉེས་པ་གློ་བུར་ལྡན་པ་དང་། །ཡོན་ཏན་རང་བཞིན་ལྡན་པའི་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེས་པས་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། །ཞེས་གསུངས་པ་ལྟར་རོ། །སྡུད་པ་ལས་ཀྱང་། ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་དང་། །དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་ཕྱོགས་ཕ་མཐའ་ཡས། །སྟེང་དང་འོག་དང་ཕྱོགས་བཅུའི་འཇིག་རྟེན་རྣམས་ནའང་ཡོད། །ཐ་དད་གྱུར་བ་མེད་ཅིང་བྱེ་བྲག་གྱུར་བའང་མེད། །འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཞེས་དང་། འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཞེས་འཁོར་འདས་རང་བཞིན་གྱིས་སྟོང་བའི་ཆོས་དབྱིངས་རྣམས་རིགས་གཅིག་པར་བསྟན་ཏོ། །ཆོས་རྣམས་ཀྱི་དེ་བཞིན་ཉིད་ཐམས་ཅད་རིགས་གཅིག་ཡིན་ཀྱང་གཅིག་མ་ཡིན་པའི་ཚུལ་ལེགས་པར་ཤེས་ན་ནི། ལྟ་ངན་མང་བོ་སྤོང་ནུས་སོ། །ཡང་། ནམ་མཁའ་ལ་རླུང་། དེ་ལ་ཆུ། དེ་ལ་ས་བརྟེན་པ་ཡིན་ཡང་། ནམ་མཁའ་ནི་དེ་རྣམས་ལ་བརྟེན་པ་མིན་པ་ལྟར། སེམས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཚུལ་མིན་ཡིད་བྱེད་དང་། དེ་ལ་ལས་ཉོན་དང་། དེ་ལ་བརྟེན་ནས་ཕུང་ཁམས་སོགས་འབྱུང་ཡང་། སེམས་བདེན་བས་སྟོང་པའི་རང་བཞིན་དེ་དེ་རྣམས་ལ་རག་ལས་པའི་ཚུལ་གྱིས་བརྟེན་པ་མིན་ཏེ། དེ་ལྟར་རྒྱུད་བླ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་བོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་གསུངས་སོ། །དེ་བཞིན་དུ་སེམས་ཀྱི་དག་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། དེ་ལ་ཡེ་ཤེས་དང་། དེ་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་འགྲུབ་ཚུལ་ལའང་སྦྱོར་རྒྱུ་ཡིན་ནོ། །འདི་ལྟ་བུ་ཞིག་མདོ་སྡུད་པ་ལས་ཀྱང་གསུངས་ཏེ། དེ་ཉིད་ལས། མཁའ་ལ་རླུང་རྟེན་དེ་ལ་ཆུ་ཡི་ཕུང་བོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དེ་འདྲ་སྟེ། །ནམ་མཁའ་གང་ལ་གི་ནས་ཡིན་དོན་འདི་བསམ་པར་གྱིས། །ཞེས་གསུངས་པས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་འགྲུབ་ཚུལ་དེ་དང་འདྲ་བར་བསྟན་ཏེ། གསང་འདུས་རྩ་རྒྱུད་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས། གང་ན་གནས་གང་ནས་བྱུང་། དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་བ། རང་གི་ལུས་དང་ངག་དང་སེམས་ལས་བྱུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ། སེམས་གང་ན་གནས། བཀའ་སྩལ་བ། ནམ་མཁའ་ལ་གནས་སོ། །གསོལ་བ། ནམ་མཁའ་གང་ན་གནས། བཀའ་སྩལ་བ། གང་ན་ཡང་མི་གནས་སོ། །ཞེས་གསུངས་ཏེ། འདིའི་ནམ་མཁའ་ནི་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ། །སྔགས་ཀྱི་སྐབས་སུ་འབྱུང་བཞི་དང་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་སྟོང་བའི་ངང་ལས་བསྐྱེད་པ་ཡང་སྔར་བཤད་པའི་གནད་དེ་ལྟ་བུ་ཡོད་པ་ལ་དགོངས་སོ། །མདོར་ན་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་དེ་བཏགས་དོན་བཙལ་ན་མཐར་རྙེད་རྒྱུ་མེད་པའི་གཞི་མེད་རྩ་བྲལ་སྟོང་བ་ནམ་མཁའ་ལྟར་འགྱུར་བ་ཡིན་ན་ཡང་། སྟོང་བའི་ངང་ལས་ཀུན་རྫོབ་ཏུ་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་འཐད་ཚུལ་དེ་ལྟ་བུ་ཞིག་ཡོད་པ་ནི། སྔར་བཤད་པ་དེ་དག་གི་དོན་ཏེ་ཤེས་ན་ངོ་མཚར་ཆེ་བའི་གནས་ཀྱང་ཡིན་ནོ། །འདི་ཡང་མཐར་གཏུགས་ན་དབུ་མའི་རིགས་པ་རྣམས་ལེགས་པར་ཤེས་དགོས་པ་ལ་རག་ལས་སོ། །སེམས་རང་བཞིན་གྱིས་སྟོང་ཡང་སེམས་སྐྱེ་འཇིག་བྱེད་པའི་ཚེ། སེམས་རང་བཞིན་གྱི་སྟོང་བ་སྐྱེ་འཇིག་བྱེད་མི་དགོས་ཏེ། དཔེར་ན་སྣོད་བཅུད་སྐྱེ་འཇིག་བྱེད་པའི་ཚེ་ནམ་མཁའ་སྐྱེ་འཇིག་བྱེད་མི་དགོས་པ་ལྟ་བུའོ། །རང་བཞིན་གྱི་སྟོང་བ་སྤྱི་དང་བྱེ་བྲག་སེམས་རང་བཞིན་གྱིས་སྟོང་བ་མི་ཤེས་པའི་མ་རིག་པའི་དབང་གིས་འཁོར་བར་འཁོར་བ་དང་། སེམས་རང་བཞིན་གྱིས་སྟོང་བ་ཉིད་ཤེས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པ་འགྲུབ་པར་འགྱུར་བ་ཡིན་ཏེ། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུང་། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །ཞེས་དང་། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། །རྐྱེན་རྣམས་ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁམས་དྲི་མས་སྒྲིབ་ཚུལ་དཔེ་དོན་སྦྱོར་བ་ལ་གཉིས། དཔེ་དགུ་དང་། དོན་དགུའོ། །དང་པོ་ནི། པདྨ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་ཡོད་པ་སོགས་སྒྲིབ་བྱ་སྒྲིབ་བྱེད་ཀྱི་དཔེ་དགུ་ཡོད་དེ། རྒྱུད་བླ་ལས། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་བོ་མི་གཙང་ནའང་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཅི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སྒྲིབ་བྱེད་པདྨ་ངན་པ་སོགས་དགུས་བསྒྲིབ་བྱ་སངས་རྒྱས་ཀྱི་སྐུ་བརྙན་སོགས་དགུ་བསྒྲིབས་པ་དེ་བཞིན་དུ། སྒྲིབ་བྱེད་ཆགས་སོགས་ཉོན་མོངས་པ་དུ་མས་བསྒྲིབ་བྱ་སངས་རྒྱས་ཀྱི་ཁམས་བསྒྲིབས་ཏེ་རྟོགས་དཀའ་བར་བསྟན་ཏེ། དེ་ཡང་སྒྲིབ་བྱེད་པདྨ་དང་སྦྲང་མ་དང་སྤུན་པ་དང་མི་གཙང་བ་དང་ས་དང་འབྲས་ཆུང་དང་གོས་ཧྲུལ་དང་བུད་མེད་དང་སའི་ཁོང་སྟེ་དགུས། བསྒྲིབ་བྱ་སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་དང་སྙིང་བོ་དང་གསེར་དང་གཏེར་དང་ནྱ་གྲོ་དྷ་དང་རིན་པོ་ཆེའི་སྐུ་དང་རྒྱལ་རིགས་དང་རིན་པོ་ཆེ་སྟེ་དགུ་བསྒྲིབས་པ་དང་རིམ་པར་སྦྱོར་རོ། །གཉིས་པ་དཔེ་དེ་དོན་དགུ་དང་སྦྱོར་ཚུལ་སོ་སོར་རྒྱས་པར་བཤད་དུ་ཡོད་ཀྱང་འདིར་བསྡུ་ན། དཔེ་དགུས་བསྒྲིབ་བྱེད་དགུ་བསྒྲིབས་པ་དེ་མངོན་ཤེས་དང་ལྡན་པའི་གང་ཟག་གིས། གཞན་དག་ལ་གསལ་བར་སྟོན་ནུས་པ་ལྟར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་རིགས་དྲུག་གི་འགྲོ་བ་མཐའ་དག་ལ་སངས་རྒྱས་ཀྱི་རིགས་རང་བཞིན་གནས་རིགས་ཡོད་པར་གཟིགས་ནས་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་རིགས་ཀྱི་སྒྲིབ་བྱེད་ཆགས་སོགས་རྣམས་བསལ་ཏེ། གནས་སྐབས་མངོན་མཐོ་དང་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་རིམ་གྱིས་བསྐྱེད་པའི་སྒོ་ནས། མཐར་ཐུག་ངེས་ལེགས་ལ་འགོད་པར་མཛད་པ་ཡིན་ཏེ། རྒྱུད་བླ་ལས། ཇི་ལྟར་མདོག་ཅན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་འགྲོ་ལ་ཡང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། །བདག་ཅན་སྒྲིབ་པ་ལས་ནི་གྲོལ་བར་བྱེད། །ཞེས་པ་ནས། རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཞེས་པའི་བར་གསུངས་པ་ལྟར་རོ། །ལྔ་བ་བྱང་ཆུབ་བཤད་པ་ལ་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའོ། །འདི་དག་ནི་སྔར་སངས་རྒྱས་དཀོན་མཆོག་གི་སྐབས་སུ་ཅུང་ཟད་བཤད་མོད། འདིར་བྱང་ཆུབ་སྒོས་སུ་འཆད་པའི་སྐབས་ཡིན་པས། ཆོས་སྐུ་ལ་སྤངས་པ་མཐར་ཐུག་དང་། རྟོགས་པ་མཐར་ཐུག་གཉིས་ཡོད་པའི་སྔ་མ་ནི་ངོ་བོ་ཉིད་སྐུ་སྟེ། སྔར་བཤད་པའི་སེམས་ཅན་གྱི་རྒྱུད་ཀྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད། སྒྲིབ་པ་མཐའ་དག་དང་བྲལ་བའི་སངས་རྒྱས་ཀྱི་ངོ་བོར་གྱུར་པའི་ཚེ་ངོ་བོ་ཉིད་སྐུ་ཞེས་བྱ་ལ། སངས་རྒྱས་ཀྱི་ཡོན་ཏན་གཞན་ཐམས་ཅད་ཀྱི་རྟེན་གཞི་བྱེད་དོ། །སྔགས་ཀྱི་སྐབས་སུ་ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཞེས་དང་། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། ཞེས་གསུངས་པའང་འདི་ལ་དགོངས་པའོ། །འདིར་བྱང་ཆུབ་ཞེས་པ་ནི་དག་པ་གཉིས་ལྡན་གྱི་སྐུ་ཡིན་པ་ལ་བྱེད་ཅིང་། སྤྱིར་སངས་རྒྱས་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོ་ཡིན་ཞིང་། ཁྱད་པར་དུ་སྤངས་རྟོགས་མཐར་ཐུག་ལ་བྱང་ཆུབ་ཅེས་བྱའོ། །ངོ་བོ་ཉིད་སྐུ་དེ་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཏེ། འཆད་པར་འགྱུར་བའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར། དེ་ཆོས་ཅན་རང་བཞིན་དག་པའི་ཡོན་ཏན་དང་ལྡན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་མཐར་ཐུག་ཡིན་པའི་ཕྱིར། གློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་ཡོན་ཏན་དང་ལྡན་ཏེ། ཆགས་སོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་གཏན་ནས་སྤངས་པའི་ཕྱིར། རྟག་པ་ཡིན་ཏེ། ལས་ཉོན་གྱི་སྐྱེ་བ་དང་བྲལ་བའི་འདུས་མ་བྱས་ཀྱི་ཆོས་ཡིན་པའི་ཕྱིར། བརྟན་པ་ཡིན་ཏེ། མཐར་འཆི་བ་མེད་ཅིང་འགག་པ་མེད་པའི་ཆོས་ཡིན་པའི་ཕྱིར། ཞི་བ་ཡིན་ཏེ། ཉེས་སྐྱོན་མ་ལུས་པ་སྤངས་པའི་སྤངས་པ་ཡིན་པའི་ཕྱིར། གཡུང་དྲུང་ཡིན་ཏེ། རྒ་བ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར། ཟག་མེད་བདེ་བའི་གནས་ཡིན་ཏེ། སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་པའི་ཞི་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། རྒྱུད་བླ་ལས། སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། །འགག་མེད་ཕྱིར་ན་བརྟན་པ་ཉིད། །གཉིས་མེད་ཕྱིར་དེ་ཞི་བ་སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། །རབ་ཞི་འགོག་པའི་བདེན་པའི་ཕྱིར། །ཞེས་སོ། །སྤྱིར་ཆོས་ཉིད་རྟོགས་དཀའ་ཞིང་། ཁྱད་པར་དུ་ངོ་བོ་ཉིད་སྐུ་དེ་མངོན་སུམ་དུ་རྟོགས་དཀའ་བའི་ཟབ་མོ་ཡིན་ཏེ། རྒྱུད་བླ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་ན་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས་པ་ལྟར་ཏེ། རྐང་བ་ཕྱི་མ་གཉིས་ཀྱིས་སློབ་པ་འཕགས་པས་ཀྱང་རྟོགས་དཀའ་བའི་དཔེ་བསྟན་པ་ཡིན་ནོ། །མདོར་ན་ངོ་བོ་ཉིད་སྐུ་དེ་མཚན་ཉིད་ལྔ་ཡོན་ཏན་ལྔ་དང་ལྡན་པ་ཡིན་ཏེ། སྐྱེ་འཇིག་སོགས་དང་བྲལ་བའི་འདུས་མ་བྱས་དང་། ཆོས་དབྱིངས་ངོ་བོ་དབྱེར་མེད་པ་དང་། སྒྲོ་སྐུར་གྱི་མཐའ་དང་བྲལ་བ་དང་། །ཉོན་སྒྲིབ་ཤེས་སྒྲིབ་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་གྲོལ་བ་དང་། དྲི་མ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སོགས་ཀྱིས་འོད་གསལ་བའི་མཚན་ཉིད་ཅན་གྱི་ཡོན་ཏན་ལྔ་དང་། རྒྱ་ཆེ་བའི་མཐའ་འདི་ཙམ་མོ་ཞེས་གཞལ་དུ་མེད་པ་དང་། གྲངས་ཚད་འདི་ཙམ་མོ་ཞེས་བགྲང་མི་ནུས་པ་དང་། རྟོག་གེས་མུ་བཞིར་བསམ་དུ་མེད་པ་དང་། གཞན་ལ་མེད་པས་མི་མཉམ་པ་དང་། །སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་ཡོན་ཏན་ལྔ་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་ལས། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་ཤེས་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་དང་། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་དེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང་། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་སོ། །རྟོགས་པ་མཐར་ཐུག་ནི་རྣམ་མཁྱེན་ཡིན་པས། དེའི་ཁྱད་ཆོས་མང་དུ་བཤད་ཀྱང་འདིར་མི་འཆད་ལ། མདོར་ན་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་རྣམས་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྟེ། དཔེར་ན་གཟུགས་ལ་ཉི་མ་བཞིན་ནོ། །དེ་སྐད་དུ་ཡང་། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །ཅེས་སོ། །གཉིས་པ་ལོངས་སྐུ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མར་ཆོས་སྐུ་རྣམ་པ་གཉིས་བརྙེས་པའི་རྟེན་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སངས་རྒྱས་ཀྱི་གཟུགས་སྐུ་ཡོན་ཏན་གྱི་རྣམ་པ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པ་གཞན་དང་ཐུན་མོང་མ་ཡིན་པའི་སྐུ་ཡང་དེ་ཉིད་དོ། །འདི་ནི་ཡེ་ཤེས་ཀྱི་སྐུ་ཅན་ཡིན་གྱི། ཤ་རུས་མེད་པས། ཁོག་པ་དང་ནང་ཁྲོལ་སོགས་ཀྱང་གཏན་མེད་དོ། །ལོངས་སྐུ་དེ་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། སྐུ་དང་གནས་དང་འཁོར་དང་ཆོས་དང་དུས་ངེས་པ་རྣམས་དང་ལྡན་པའི་ཕྱིར། ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། སྐུ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ་དང་། གསུང་ཆོས་སྟོན་པ་རྒྱུན་མི་ཆད་པ་དང་། མཛད་པ་འཕྲིན་ལས་རྒྱུན་མི་ཆད་པ་དང་། འབད་རྩོལ་མེད་པ་དང་། སྐུའི་བཀོད་པ་མི་འདྲ་བ་སྣ་ཚོགས་སྟོན་པ་ལྔ་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་ལས། སྣ་ཚོགས་ཆོས་ལ་ལོངས་སྤྱོད་རྫོགས། །རང་བཞིན་ཆོས་ནི་སྣང་ཕྱིར་དང་། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་ཆད་ཕྱིར་དང་། །འདོད་པ་ཇི་བཞིན་བསྐོང་བའི་ཕྱིར། །ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་རྣམ་པར་གནས། །བརྗོད་སྟོན་མཛད་རྒྱུན་མི་ཆད་དང་། །མངོན་པར་འདུ་བྱེད་མེད་པ་དང་། །དེ་ཡི་ངོ་བོ་མིན་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་སོ། །གསུམ་པ་ལོངས་སྐུའི་སྤྲུལ་བ་མཆོག་གི་སྤྲུལ་སྐུ་ནི་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་བདག་ཅག་གི་སྟོན་པ་ལྟ་བུ་སྟེ། རྒྱུད་བླ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །ཞེས་སོགས་དང་། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་བོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་སྟེ། དེ་ནི་སྤྲུལ་སྐུ་ཁྱད་པར་ཅན་གྱི་དབང་དུ་བྱས་ཀྱི། སྤྲུལ་སྐུ་གཞན་ཡང་བསམ་གྱིས་མི་ཁྱབ་པོ། །དེ་དག་གི་ཁྱད་པར་གཞན་ནས་ཤེས་པར་བྱ་ཞིང་གོ་བར་ཟད་དོ། །སྤྲུལ་སྐུ་ནི་སྦྲུལ་བ་པོས་ཇི་ལྟར་སྦྲུལ་བཞེད་པ་ལྟར་མཆོག་དམན་དུ་སྣང་བར་འགྱུར་གྱི། སྤྲུལ་སྐུའི་དབང་མིན་པས། མ་དག་པའི་གདུལ་བྱའི་ངོ་བོར་ཐ་མལ་པ་ལྟར་སྣང་བའི་སྤྲུལ་བ་འགའ་ཞིག་ལ་དུས་དེར་རང་ཉིད་སངས་རྒྱས་ཀྱི་སྤྲུལ་བ་ཡིན་མིན་མི་ཤེས་པ་ལྟར་འགྱུར་སྲིད་པར་ནི་ཁོ་བོས་ལུང་རིགས་གཉིས་ཀྱིས་སྒྲུབ་ནུས་མོད། གཞན་དང་ཐུན་མོང་དུ་མ་གྱུར་བས་རེ་ཞིག་གསང་བའི་གནས་སོ། །དེ་ལྟར་ཡོད་ཀྱང་དེ་དག་སྤངས་རྟོགས་ཉམས་པ་ནི་མིན་ཏེ། ནམ་གདུལ་བྱ་དེ་མཛད་པ་མཆོག་གི་རྣམ་པས་འདུལ་བའི་དུས་ཀྱི་ཚེ་ཡང་དེ་ལྟར་དུ་འགྱུར་བའི་ཕྱིར། དཔེར་ན། ཉི་ཟླ་ལ་ཆེ་ཆུང་དང་གསལ་མི་གསལ་གཉིས་མེད་ཀྱང་། མཐོང་ཚུལ་ལ་དེ་ལྟར་ཡོད་པར་མ་ཟད། ཆུ་ཆེ་ཆུང་དང་རྙོགས་མ་དང་བཅས་མ་བཅས་ལ་འཆར་ཚུལ་གྱི་རྣམ་པ་མི་འདྲ་བ་ཡོད་པ་བཞིན་ནོ། །དེ་སྐད་དུ་ཡང་། རྒྱུད་བླར། ཆུ་དང་ནམ་མཁར་ཟླ་བ་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་སོ། །དེས་ན་སྤྲུལ་སྐུའི་རྣམ་པ་མཐའ་དག་ཅི་ལྟ་བུ་ཡིན་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ལོ། །དྲུག་པ་ཡོན་ཏན་ལ། སྐུའི་ཡོན་ཏན་ནི་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་ཤིང་། གསུང་ཡན་ལག་དྲུག་བཅུ་དང་ལྡན་པ་སྟེ་སླའོ། །ཐུགས་ཀྱི་ཡོན་ཏན་ལ་སྤངས་རྟོགས་གཉིས་ཡོད་པའི་དང་པོ་ནི། དག་པ་གཉིས་ལྡན་གྱི་སྐུ་སྔར་བཤད་པ་ལྟར་ཡིན་ལ། ཕྱི་མ་ནི། སྟོབས་བཅུ་ལ་སོགས་པའོ། །སྐབས་འདིའི་ཡོན་ཏན་ལ་རྣམ་སྨིན་དང་། ཡེ་ཤེས་གཉིས་ཡོད་པའི་དང་པོ་ནི་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་བཤད་ཅིང་། ཕྱི་མ་ལ་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་བཅོ་བརྒྱད་དེ་སྡེ་ཚན་གསུམ་དུ་བཤད་པའི་དང་པོ་ནི་གནས་དང་གནས་མིན་མཁྱེན་པ་སོགས་བཅུའོ། །གཉིས་པ་ནི་སྤངས་པ་ཕུན་ཚོགས་དམ་བཅས་པ་ལ་མི་འཇིགས་པ་སོགས་བཞིའོ། །གསུམ་པ་ནི། རྟོགས་པ་མ་འདྲེས་པ་སོགས་བཅོ་བརྒྱད་དོ། །འདི་དག་གི་ཁྱད་པར་ནི་གཞན་དུ་བཤད་ཟིན་པས་འདིར་རྒྱས་པར་མི་སྟོན་ལ། དེ་དག་གི་བྱེད་ལས་ནི། རྒྱུད་བླ་ལས། སྟོབས་ནི་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིག་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཞེས་དང་། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་དང་མོས་པ་སྣ་ཚོགས་དང་། །ཉོན་མོངས་རྣམ་བྱང་དབང་བོའི་ཚོགས་དང་སྔོན་མ་ནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བརྟན་དང་། ཤིང་རྣམས་འབིག་དང་འཇིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན། །ཞེས་དང་། ཆོས་ཀུན་མངོན་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིག་པ་ནི་རྣམ་པ་བཞི། །ཞེས་སོགས་དང་། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །ཞེས་པ་ནས། མ་འདྲེས་རྩ་འདི་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན། །ཞེས་པའི་བར་གསུངས་ཏེ་མང་དུ་དོགས་ནས་མ་དྲངས་སོ། །དོན་བསྡུ་ན། སྟོབས་བཅུ་ནི་ཤེས་བྱ་ཐམས་ཅད་ལ་འཇུག་ཅིང་མི་མཐུན་ཕྱོགས་འཇོམས་པ་ལ་ཐོགས་པ་མེད་པས་ན་ལྷའི་དབང་བོས་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཚུངས་ལ། མི་འཇིགས་པ་བཞི་ནི་རྒྱལ་སྲས་ཉན་རང་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའི་འཁོར་རྒྱ་མཚོ་ལྟ་བུའི་དབུས་ན་ཆོས་མཐུན་གྱི་རྒོལ་བ་མེད་ཅིང་། གང་ལ་ཡང་མི་འཇིགས་པས་ན་སེང་གེ་དང་ཆོས་མཚུངས་པ་དང་། མ་འདྲེས་པ་བཅོ་བརྒྱད་ནི། སོ་སྐྱེ་ཉན་རང་རྒྱལ་སྲས་རྣམས་ལ་དེའི་རིགས་མཐུན་ཙམ་ཡང་མེད་པས་རྟོགས་རིགས་མ་འདྲེས་ཤིང་ཐུན་མོང་མ་ཡིན་པས་ན་ནམ་མཁའ་དང་ཆོས་མཚུངས་པའི་ཁྱད་ཆོས་དང་ལྡན་ནོ། །བདུན་པ་འཕྲིན་ལས་ལ་ངོ་བོ། དབྱེ་བས། འཇུག་ཚུལ་ལོ། །དང་པོ་ནི། གདུལ་བྱ་མངོན་མཐོ་དང་ངེས་ལེགས་ཅི་རིགས་ལ་བཀོད་པ་དང་ཐ་ན་རྒྱུད་ལ་དགེ་སེམས་སྣ་གཅིག་སྐྱེས་པ་ཡང་སངས་རྒྱས་ཀྱི་འཕྲིན་ལས་སུ་བཤད་པ་ལྟར་རོ། །གཉིས་པ་དབྱེ་ན། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་མོ། །དེ་རེ་རེ་ལའང་བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དང་། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་གཉིས་སོ། །མངོན་རྟོགས་རྒྱན་དུ་འཕྲིན་ལས་ཉེར་བདུན་བཤད་ཀྱང་། དབྱེ་བསྡུའི་ཁྱད་པར་རོ། །བྱེད་པ་པོ་དང་བྱ་བ་ལ་ཡོད་པའི་ཁྱད་པར་ཡང་། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་འཕྲིན་ལས་ནི་བྱེད་པ་པོ་སངས་རྒྱས་ཉིད་ལ་ཡོད་ཅིང་། དོན་བྱས་པའི་འཕྲིན་ལས་ནི་ཡུལ་སེམས་ཅན་ལ་ཡོད་དེ། དཔེར་ན། ཤིང་སྟ་རེས་གཅོད་པའི་བྱེད་པ་ནི་གཅོད་བྱེད་ལ་ཡོད་ཅིང་། བཅད་པའི་བྱ་བ་ནི་ཤིང་ཉིད་ལ་ཡོད་པ་བཞིན་ནོ། །གསུམ་པ་ནི་རྒྱུད་བླའི་དཔེ་དོན་རྣམས་རྒྱས་པར་བཤད་ཀྱང་། འདིར་བསྡུ་ན། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་གསུངས་པ་ལྟར། སངས་རྒྱས་ཀྱི་འཕྲིན་ལས་ནི་གདུལ་བྱའི་རྒྱུད་ལ་རྒྱུན་མི་ཆད་པར་འཇུག་ཅིང་། དེ་ཡང་དུས་ལས་མི་འདའ་བ་དང་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་འཇུག་སྟེ། མངོན་རྟོགས་རྒྱན་ལས། རྒྱུད་ནི་ཡོངས་སུ་སྨིན་གྱུར་ན། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་བ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་དང་། རྒྱུད་བླ་ལས། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་གདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་གསུངས་པ་ལྟར་རོ། །གདུལ་བྱ་རང་ངོས་ནས་སྣོད་དུ་མི་རུང་ན་ནི། མངོན་རྟོགས་རྒྱན་ལས་ལྷ་ཡི་རྒྱལ་བོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་ལྟར་འགྱུར་རོ། །འཕྲིན་ལས་སྒྲུབ་ཚུལ་འདི་ལ་དཔེ་དགུ་དང་དོན་དགུ་ཡོད་དེ། རྒྱུད་བླ་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིག །ཞེས་གསུངས་པ་ལྟར། བརྒྱ་བྱིན་གྱི་གཟུགས་བརྙན་དང་ལྷའི་རྔ་དང་སྤྲིན་དང་ཚངས་པའི་སྤྲུལ་བ་དང་ཉི་མ་དང་ཡིད་བཞིན་གྱི་ནོར་བུ་དང་། སྒྲ་བརྙན་དང་ནམ་མཁའ་དང་ས་གཞི་སྟེ་དཔེ་དགུས་དོན་དགུ་མཚོན་པར་བྱེད་དོ། །དེ་ཡང་དུས་འགའ་ཞིག་གི་ཚེ་འཛམ་གླིང་གི་ས་སྟེང་འདི་བཻ་ཌཱུཪྱའི་རང་བཞིན་དུ་གྱུར་བའི་སྐབས་སུ་ལྷའི་དབང་བོ་བརྒྱ་བྱིན་གནས་དང་བཅས་པའི་གཟུགས་བརྙན་ས་གཞི་དེར་སྣང་བ་འཛམ་གླིང་གིས་མི་རྣམས་ཀྱིས་མཐོང་ནས། བརྒྱ་བྱིན་དེ་འདྲ་བར་བདག་ཀྱང་གྱུར་ཅིག་སྙམ་སྟེ་སྨོན་ལམ་འདེབས་པ་དེ་བཞིན་དུ། ལས་དག་པའི་སེམས་ཅན་རྣམས་ཀྱི་སྣང་ངོར་སངས་རྒྱས་ཀྱི་སྤྲུལ་སྐུ་ཡང་ཆོས་སྟོན་པ་སོགས་སྤྱོད་ལམ་སྣ་ཚོགས་ཀྱིས་སྣང་བ་མཐོང་ནས་དད་སྨོན་བྱེད་པ་སོགས་ཀྱིས་དོན་བྱེད་པ་དང་། སུམ་ཅུ་རྩ་གསུམ་ན་ལྷའི་བསོད་ནམས་ལས་གྲུབ་པའི་ལྷའི་རྔ་བོ་ཆེ་ཞེས་བྱ་བ་ཞིག་ཡོད་པ་དེ་ལས། དུས་འགའ་ཞིག་གི་ཚེ་བརྡུང་བ་པོ་མེད་པར་ཆོས་ཀྱི་སྒྲ་སྣ་ཚོགས་བྱུང་སྟེ་ལྷ་རྣམས་ལ་ཆོས་སྟོན་པ་ལྟར། སངས་རྒྱས་ཀྱི་གསུང་གིས་གདུལ་བྱ་ལ་དུས་སུ་བབ་པའི་ཚེ་འབད་པ་མེད་པར་ཆོས་སྣ་ཚོགས་སྟོན་པ་དང་། དབྱར་དུས་སུ་སྤྲིན་ལས་ཆར་དུས་སུ་བབས་ཏེ་ལོ་ཏོག་སོགས་བསྐྱེད་པ་ལྟར། ཐུགས་རྗེ་ཆེན་པོའི་སྤྲིན་ལས་ཆོས་ཀྱི་ཆར་ཕབ་སྟེ་སེམས་ཅན་ལ་མངོན་མཐོ་ངེས་ལེགས་བསྐྱེད་པ་དང་། ཚངས་པ་ཆེན་པོ་ནི་རང་གི་གནས་སུ་འདུག་བཞིན་དུ་ལྷའི་གནས་གཞན་རྣམས་སུ་རང་གི་གཟུགས་ཀྱི་སྣང་བ་འབད་མེད་དུ་སྟོན་པ་ལྟར། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལས་མ་གཡོས་པར་མཛད་པ་བཅུ་གཉིས་སོགས་འཕྲིན་ལས་སྣ་ཚོགས་མཛད་པ་དང་། ཉི་མ་མཁའ་ལ་ཤར་ཏེ་པདྨོ་རྣམས་རྒྱས་ཤིང་གླིང་རྣམས་སྣང་བ་བྱེད་པ་ལྟར། སངས་རྒྱས་ཀྱི་འབད་རྩོལ་མེད་པར་གདུལ་བྱ་སྨིན་པར་བྱེད་པ་དང་སྨིན་པ་རྣམས་གྲོལ་བར་བྱེད་ཅིང་ཕན་བདེའི་ལམ་སྣང་བར་མཛད་པ་དང་། ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་ན་རྣམ་རྟོག་མེད་པར་རེ་བ་སྐོང་བ་ལྟར། སངས་རྒྱས་ཀྱིས་འབད་པ་མེད་པར་གཞན་དོན་ཐམས་ཅད་ལྷུན་གྲུབ་ཏུ་མཛད་པ་དང་། བྲག་ཆ་ལས་སྒྲ་བརྙན་ནི་ཀུན་སློང་གི་རྣམ་རྟོག་མེད་པར་འབྱུང་བ་ལྟར། སངས་རྒྱས་ཀྱིས་འབད་རྩོལ་གྱི་རྣམ་རྟོག་དང་ལྕེ་རྐན་སོགས་ལ་རག་ལས་པ་མེད་པའི་ཚུལ་གྱིས་གདུལ་བྱའི་བསམ་ངོ་དང་མཐུན་པར་ཆོས་སྣ་ཚོགས་སྟོན་པ་དང་། ནམ་མཁའ་ལ་དོན་དུ་མཐོ་དམན་མེད་ཀྱང་གཞན་གྱི་སྣང་ངོར་དེ་ཡོད་པ་ལྟར་སྣང་བ་དེ་བཞིན་དུ། སངས་རྒྱས་ཀྱིས་སྐྱེ་འཆི་སོགས་ཡོད་པ་ལྟར་སྣང་བའི་སྤྲུལ་བ་སྣ་ཚོགས་མཛད་པ་བློ་དམན་གྱི་ངོར་སྣང་ཡང་སྣང་བ་ལྟར་མེད་བཞིན་དུ་དོན་སྒྲུབ་པར་བྱེད་པ་དང་། ས་གཞིས་ལོ་ཏོག་སོགས་ཀྱི་རྟེན་གཞི་བྱེད་ཅིང་འདི་དང་འདི་རྟེན་ནོ་བསྐྱེད་དོ་སྙམ་པའི་རྣམ་པར་རྟོག་པ་མེད་ཀྱང་དེ་རྣམས་བྱེད་པ་ལྟར། སངས་རྒྱས་ཀྱིས་ངས་སེམས་ཅན་འདི་དང་འདིའི་དོན་བྱའོ་སྙམ་པའི་འབད་རྩོལ་གྱི་རྣམ་པར་རྟོག་པ་མེད་པར་འགྲོ་བའི་དགེ་ལེགས་ཐམས་ཅད་བསྐྱེད་ཅིང་གནས་པ་དང་འཕེལ་བར་མཛད་དོ། །དེ་ལྟར་རྒྱུད་བླ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་བོའི་སྐུའི་གཟུགས་བརྙན་འཆར། །ཞེས་དང་། ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔས་ནི་བསྐུལ་བ་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང་། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་བོ་འབད་མེད་པར། །ས་ལ་རྒྱུན་དུ་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་ཏུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཞེས་དང་། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་དུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་བ་དག་ནི་སྟོན་པར་མཛད། །ཞེས་དང་། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཆར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང་། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོའི་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག །ཞེས་དང་། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་གྱུར་ཀྱང་། །དེ་ནི་དེ་ལ་རྣམ་མི་རྟོག །ཞེས་དང་། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་པ་བཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་དང་། ཇི་ལྟར་མཁའ་ལས་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟ་མིན། །དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལ་མིན། །ཞེས་དང་། ཇི་ལྟར་ས་ལ་བརྟེན་ནས་ནི། །འཕེལ་ཞིང་བརྟན་དང་ཡངས་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་ལ་བརྟེན་ནས་ནི། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པ་ནི་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །བསྡུ་ན་སངས་རྒྱས་ཀྱི་སྐུའི་འཕྲིན་ལས་ནི། འཇུག་པ་ལས། བ་སྤུའི་ཁུར་བུར་བྱང་ཆུབ་སེམས་རྣམས་དང་། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་གྲངས་འདས་དང་། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང་། །སྐད་ཅིག་རེ་རེ་ལ་ཡང་སྟོན་པར་ནུས། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱིས་འབད་རྩོལ་མེད་པར་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་རང་གི་དུས་གསུམ་གྱི་མཛད་པ་ཀུན་དང་། སྤྲུལ་པ་གྲངས་མེད་ཅིག་ཅར་སྟོན་ནུས་ཤིང་། རྡུལ་ཕྲ་རབ་གཅིག་ཉིད་ཀྱི་གོ་སར་ཡང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཤོང་ནུས་པར་མཛད་པ་སོགས་དང་། གསུང་དབྱངས་གཅིག་ཉིད་ཀྱང་གདུལ་བྱ་རང་རང་གི་སྐད་དུ་གོ་ཞིང་ཐེ་ཚོམ་མ་ལུས་པ་གཅོད་ནུས་པ་དང་། ཐུགས་མཁྱེན་པ་གཅིག་གིས་ཀྱང་ཇི་ལྟར་ཇི་སྙེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་དང་ལྡན་ཏེ། གསང་བ་ཆེན་པོ་གསུམ་དང་ལྡན་པའོ། །དེ་ལྟ་བུའི་གསང་བ་གསུམ་པོ་ཐམས་ཅད་བྱང་སེམས་མན་ཆད་ཀྱིས་མངོན་སུམ་གྱི་ཡུལ་མིན་ཏེ། ཇི་སྐད་དུ། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཅི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་བོ་སོགས་ཀྱིས་སྨོས་ཅི་འཚལ། །ཞེས་སོགས་གསུངས་པ་ལྟར། དབུ་མ་འཇུག་པར་ཡང་གསུངས་སོ། །དེ་ལྟ་བུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་དགེ་བའི་རྩ་བ་མ་བསྐྱེད་པའི་བློ་དམན་ཡིད་མི་ཆེས་ཤིང་། མོས་དཀའ་བ་ལ་དགོངས་ནས། དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་ལས། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱིད་མ་ལགས་སོ། །ཞེས་གསུངས་སོ། །གཉིས་པ་ཕན་ཡོན་ལ། གོང་དུ་བརྗོད་པ་ལྟར་དོན་བདུན་པོ་དེ་ལ་མོས་ཤིང་ཐོས་བསམ་གྱིས་འདུག་པ་ལ་ཕན་ཡོན་ཇི་ལྟ་བུ་ཡོད་ཅེ་ན། དེ་ཡང་རྗེ་བཙུན་བྱམས་མགོན་ཉིད་ཀྱིས་རྒྱུད་བླ་མ་ལས། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་ཕུལ་བས། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་བ་དུ་མར་ཡང་། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་པ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཡོད་ཅིང་། དེ་ཡང་འདི་ཐོས་ནས་མོས་པའི་དགེ་བས་འདི་ལྟ་བུ་སྔར་མ་ཐོས་པའི་སོ་སྐྱེ་རྣམས་ཀྱི་དགེ་བ་དེ་གསུམ་ཟིལ་གྱིས་གནོན་པའི་དོན་ཡིན་གྱི། འདི་ལྟ་བུ་སྔར་ཤེས་ཟིན་མོས་པའི་དགེ་བ་དེ་ལྟ་བུ་ཟིལ་གྱིས་གནོན་པའི་དོན་མིན་ཞིང་། འཕགས་པའི་བསྒོམས་བྱུང་གིས་ཐོབ་པའི་བསོད་ནམས་ཁྱད་པར་ཅན་ཡང་མིན་ནོ། །དེ་ལྟར་གསུངས་པ་དེ་ནི་སྒྲ་ཇི་བཞིན་པ་ཉིད་ཡིན་གྱི། དྲང་དོན་དགོངས་པ་ཅན་ནི་གཏན་མིན་པར་འདིའི་རྒྱ་བོད་ཀྱི་འགྲེལ་པར་ཤེས་སོ། ཁོ་བོས་ཀྱང་ཕན་ཡོན་དེ་དོན་དུ་གཉེར་བའི་བསམ་པས། མདོ་ནས་འབྱུང་བའི་དགོངས་པ་མཐར་ཐུག་འཕགས་པ་མི་ཕམ་མགོན་གྱིས་ལེགས་པར་བཀྲལ་བའི་བསྟན་བཅོས་འདིའི་དོན་གྱི་སྙིང་བོ་བསྡུས་ཏེ་རྗེ་ཡབ་སྲས་ཀྱི་བཞེད་པ་བཞིན་དུ་བཤད་པ་ཡིན་ལ། དད་དང་རྣམ་དཔྱོད་ལྡན་པ་དག་གིས་ནི་ཚུལ་འདི་ལ་འབད་པས་འཇུག་རིགས་སོ། །སྨྲས་པ། སྟོན་པས་གསུངས་པའི་ཆོས་ཀྱི་ཕུང་བོ་ནི། །བརྒྱད་ཁྲི་བཞི་སྟོང་དྲང་དང་ངེས་པའི་དོན། །རྣམ་པ་མང་ཡང་ངེས་དོན་མཐར་ཐུག་པའི། །མདོ་སྡེའི་དགོངས་འགྲེལ་བསྟན་བཅོས་འདི་ལས་གང་། །དཔེ་ཚོགས་ངག་འདོན་ཙམ་ཞིག་མཁས་པ་དང་། །ཐ་སྙད་ཡིག་རིགས་སྡེབ་སྦྱོར་ཙམ་ཤེས་དང་། །དོན་ལ་མི་རེག་རིགས་པ་ལྟར་སྣང་ཡང་། །ཆོས་ཚུལ་འདི་འདྲའི་དྲུང་ན་ཆུ་ཤིང་བཞིན། །ཀྭ་ཡེ་གྲོགས་དག་ཡིད་བཞིན་ནོར་འདྲ་བའི། །ཟབ་དོན་རིན་ཆེན་སྙིང་བོ་ལེན་པའི་ཆེད། །འབད་པར་རིགས་ཀྱི་ཕྱི་ཤུན་ལྟ་བུའི་གནས། །སྙིང་བོ་ཆུང་ལ་གཙོ་བོར་འབད་པས་ཅི། །ཐོག་མ་མེད་པའི་འཁོར་བར་འཁོར་འཁོར་ནས། །སྲིད་པའི་ཕུན་ཚོགས་གང་ཞིག་མ་ཐོབ་དང་། །བདེ་སྡུག་མ་མྱོང་བྱ་བ་ཅང་མེད་ཀྱང་། །དོན་བཟང་འདི་འདྲ་རྙེད་པ་ད་རེས་ཙམ། །འོན་ཀྱང་རྒྱལ་ཚབ་དམ་པའི་དགོངས་པ་ཀུན། །ཟབ་ཅིང་རྟོགས་དཀའ་བདག་ལྟའི་ཡུལ་མིན་པས། །མ་གསལ་ལོག་པར་བཤད་པའི་ཉེས་པ་གང་། །སྙིང་ནས་འཆགས་སོ་བརྩེ་བའི་ཐུགས་རྗེས་དགོངས། །གཞན་མིན་དད་པས་ཡིད་དབང་འཕྲོག་གྱུར་ཏེ། །ཚུལ་འདིར་འབད་ལས་བྱུང་བའི་དགེ་དེས་བདག །མི་ཕམ་མགོན་གྱིས་དགྱེས་བཞིན་རྗེས་བཟུང་ནས། །རྟག་ཏུ་རྒྱལ་བའི་དམ་ཆོས་འཛིན་གྱུར་ཅིག །ཅེས་པ་འདིའང་ཅོ་ནེའི་མཚན་ཉིད་དང་རྒྱུད་ཀྱི་གདན་ས་ཕན་ཚུན་ཟུང་འབྲེལ་གྱིས་སྐྱོང་བ་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས། རྗེ་བཙུན་བྱམས་མགོན་མཉེས་པའི་མཆོད་པར་བསམས་ཏེ་གུས་པས་སྦྱར་བའོ།། །།


no previousཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ།next