Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཚུལ་བརྒལ་ལན་དོགས་གཅོད་ཡུམ་གྱི་མདོའི་དགོངས་དོན་ཆ་ཤས་ཀྱི་སྙིང་བོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཚུལ་བརྒལ་ལན་དོགས་གཅོད་ཡུམ་གྱི་མདོའི་དགོངས་དོན་ཆ་ཤས་ཀྱི་སྙིང་བོ།next

སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཚུལ་བརྒལ་ལན་དོགས་གཅོད་ཡུམ་གྱི་མདོའི་དགོངས་དོན་ཆ་ཤས་ཀྱི་སྙིང་བོ།

སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཚུལ་བརྒལ་ལན་དོགས་གཅོད་ཡུམ་གྱི་མདོའི་དགོངས་དོན་ཆ་ཤས་ཀྱི་སྙིང་བོ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། འཁོར་འདས་ཆོས་ཀུན་རང་བཞིན་གྱིས། །གདོད་ནས་སྟོང་ཡང་བྱ་བྱེད་ཀུན། །འགལ་མེད་འཐད་ཅེས་སེང་གེའི་སྒྲས། །སྟོན་མཛད་ཐུབ་དབང་དེ་ལ་འདུད། །རྒྱལ་ཡུམ་ཤེར་ཕྱིན་རྣམ་གསུམ་གྱི། །སྦས་དོན་དངོས་བསྟན་ཟབ་མོའི་དོན། །འགྲེལ་མཛད་ཤིང་རྟ་ཆེ་གཉིས་དང་། །རྒྱལ་བ་གཉིས་པར་བཅས་ལ་འདུད། །འདིར་ཡུམ་གྱི་མདོ་རྣམས་ལས་སེམས་བསྐྱེད་ཀྱིས་བྱང་ཆུབ་ཆེན་པོ་བསྐྱེད་ཚུལ་ལ་བརྒལ་ལན་མཛད་པའི་དོན་རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་ལས། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ནི་རྣམ་པ་བརྒྱད། །ཅེས་བསྡུས་ནས་གསུངས་པའི་དགོངས་པ་མདོ་སྡུད་པ་དང་བསྟུན་ནས་དད་པས་བཤད་པར་བྱ་སྟེ། འདི་ལ་གསུམ། ལས་ལ་རྟག་ཆད་སྤོང་ཚུལ་སྤྱིར་བསྟན་པ་དང་། སྐབས་དོན་བཤད་པ་དང་། འཕྲོས་དོན་བཤད་པའོ། །དང་པོ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། རང་ཅག་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ནི་རྒྱུ་དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་མ་ནོར་བར་འབྱུང་ཞིང་། རྣམ་སྨིན་མཐོང་ཆོས་ལ་མྱོང་བ་སྲིད་ཀྱང་། །ཕལ་ཆེར་སྐྱེ་བ་ཕྱི་མ་དང་ཕྱི་མའི་ཕྱི་མ་སོགས་ལ་སྨིན་པར་འདོད་པ་ཡིན་ལ། ལས་འགའ་ཞིག་དང་རང་གི་རྣམ་སྨིན་གྱི་འབྲས་བུའི་བར་དུ་བསྐལ་བ་མང་བོས་ཀྱང་ཆོད་པ་སྲིད་པར་འདོད་དེ། མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས་སོ། །འོ་ན། དེ་ལྟ་བུའི་ལས་སྔ་ཕྱི་དེ་དག་རང་གི་འབྲས་བུ་དེ་དངོས་སུ་འབྱིན་པའི་བར་དུ་མི་འཇིག་པར་སྡོད་པ་ཡིན་ནམ། རང་གི་འབྲས་བུ་འབྱིན་པའི་སྔོན་དུ་ཞིག་ནས་མེད་འགྲོ་བ་གང་ཡིན། དང་པོ་མི་འཐད་དེ། དེ་ལྟར་ཡིན་ན་ལས་དེ་དག་རྟག་པར་འགྱུར་དགོས་པས་ནམ་ཡང་མི་འཐད་པའི་ཕྱིར་ཏེ། སྤྱིར་འདུས་བྱས་ཐམས་ཅད་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་སྐད་ཅིག་མ་ཡིན་པའི་ཕྱིར་མི་རྟག་པ་ཡིན་ལ། ཁྱད་པར་དུ་ལས་གསོག་པ་པོའི་གང་ཟག་རྣམས་སྐྱེ་འཆིའི་རིམ་པའི་དབང་གིས་དེ་དག་གིས་སྔར་བསགས་པའི་ལས་རྣམས་ཀྱང་སྐད་ཅིག་རེ་རེ་བཞིན་འཇིག་པ་ལས། རྟག་པར་གནས་པའི་དབང་མེད་པའི་ཕྱིར། ཕྱི་མ་ལྟར་ནའང་མི་འཐད་དེ། ལས་རྣམས་རང་བྱས་པའི་དུས་སྐད་ཅིག་གཉིས་པར་ཞིག་ནས་མེད་པར་འགྲོ་ན་ནི་ཆད་པར་འགྱུར་བས་ན་ཕྱིས་ལས་དེ་མེད་བཞིན་དུ་དེ་ལས་རྣམ་སྨིན་གྱི་འབྲས་བུ་འབྱུང་བ་ནི་འཐད་པ་མ་ཡིན་པའི་ཕྱིར། ཞེས་རྩོད་དོ། །གཉིས་པ་དེའི་ལན་ནི་ཡབ་སྲས་མཇལ་བའི་མདོ་ལས་སངས་རྒྱས་རང་ཉིད་ཀྱིས་རྒྱས་པར་གསུངས་པ་ལྟར་ཤེས་པར་བྱ་དགོས་ལ། རྩོད་པ་དེའི་ལན་དུ་ལས་དང་རྒྱུ་འབྲས་ལ་རྟག་ཆད་ཀྱི་མཐའ་སྤོང་ཚུལ་ཅུང་ཟད་རྒྱས་པ་ཞིག་ཁོ་བོས་ཀྱང་གཞན་དུ་བཤད་ཟིན་པས་མི་སྤྲོ་ཡང་། དེ་འདྲའི་དེ་རྩོད་ལན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཚུལ་ཙམ་ཞིག་དྲངས་ན། དབུ་མ་རྩ་བ་ཤེས་རབ་ལས། །གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་བས། །འབྲས་བུ་ཇི་ལྟར་བསྐྱེད་པར་འགྱུར། །ཞེས་རྩོད་པ་དང་། ལན་ཡང་དེ་ཉིད་ལས། མྱུ་གུ་ལ་སོགས་རྒྱུན་གང་ཡིན། །ས་བོན་ལས་ནི་མངོན་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །འབྲས་བུས་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་དང་། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འབྱུང་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་པ་དང་། དེའི་དོན་རྗེས་འཇུག་པའི་རྣམ་བཤད་ལས་ཀྱང་། ལས་བྱས་པའི་འོག་ཏུ་ལས་དེ་འགགས་པ་ནི་འདོད་དགོས་ལ། ཞེས་དང་། རང་བཞིན་གྱིས་ཡོད་པ་ཡིན་པའི་ལས་འགགས་པ་ལས་ཀྱང་ནི་ལས་ཀྱི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ནོ། །ཞེས་ཞིག་པ་ལས་འབྲས་བུ་འབྱུང་བར་བསྟན་ནོ། །ཞེས་ལས་ཀྱི་སྐྱེ་འགག་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་འཐད་པའི་ལན་མཛད་པ་ལྟར་འདོད་དགོས་སོ། །གཉིས་པ་སྐབས་དོན་བཤད་པ་ལ་གཉིས། རྩོད་པ་ཐུན་མོང་དུ་འགོད་པ་དང་། ཡང་སོ་སོར་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བར་ཐལ། སེམས་བསྐྱེད་དེ་གཉིས་ཀྱི་སྐད་ཅིག་སྔ་ཕྱི་རྣམས་རེ་རེ་ཁོ་ནས་ནི་སངས་རྒྱས་ཐོབ་མི་ནུས། སེམས་བསྐྱེད་རིགས་མཐུན་རྫས་ཐ་དད་པ་མང་བོ་ནི་ཅིག་ཅར་དུ་མི་འབྱུང་། སེམས་བསྐྱེད་སྔ་ཕྱི་རྣམས་ལྷན་ཅིག་ཏུ་ཚོགས་ནས་ཀྱང་འབྲས་བུ་བྱང་ཆུབ་ཐོབ་པར་མི་འགྱུར་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སེམས་བསྐྱེད་སྔ་ཕྱི་རེ་རེ་ཁོ་ན་ལ་ནི་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་རྣམས་མ་ཚང་བའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་རིགས་མཐུན་རྫས་ཐ་དད་པ་མང་བོ་ཅིག་ཅར་དུ་མི་འབྱུང་བའི་ཕྱིར་ཏེ། མདོ་ལས། ལུས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་རྒྱུད་རེ་རེ་བ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། སེམས་བསྐྱེད་དང་པོ་ནས་བཅུ་བའི་བར་གྱི་སེམས་བསྐྱེད་ཐམས་ཅད་ལྷན་ཅིག་ཏུ་ཚོགས་པ་མི་སྲིད་པའི་ཕྱིར་ཏེ། སེམས་བསྐྱེད་པ་ཕྱི་མ་ཕྱི་མ་སྐྱེས་པའི་ཚེ་སྔ་མ་སྔ་མ་འགགས་ནས་མེད་པའི་ཕྱིར་ཏེ། ཡུམ་གྱི་མདོ་ལས། བཅོམ་ལྡན་འདས་སེམས་བསྐྱེད་པ་སྔ་མ་ནི་སེམས་བསྐྱེད་པ་སླད་མ་དང་མི་འགྲོགས། སེམས་བསྐྱེད་སླད་མ་ཡང་སེམས་བསྐྱེད་པ་སྔ་མ་དང་མི་འགྲོགས་ན། བཅོམ་ལྡན་འདས་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་རྣམས་གསོག་པར་འགྱུར། དགེ་བའི་རྩ་བ་མ་བསགས་པར་ཡང་འཚང་རྒྱ་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལན་སོ་སོར་བཤད་པ་ལ་གསུམ། མར་མེའི་དཔེ་དོན། ས་བོན་གྱི་དཔེ་དོན། ཆུ་ཐིག་གི་དཔེ་དོན། དང་པོ་ལ་གཉིས། ཁུངས་དགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། འབྲུ་མར་སྙིང་བོ་འབར་བ་ཕྲད་པ་དང་པོ་ཡིས། །སྙིང་བོ་ཚིག་མིན་དེ་མེད་པར་ཡང་དེ་མི་ཚིག །མེ་ལྕེ་ཕྲད་པས་ཐ་མས་སྙིང་བོ་ཚིག་མིན་ལ། །མེ་ལྕེ་ཐ་མ་མེད་པར་སྙིང་བོ་ཚིག་མིན་ལྟར། །ཞེས་དཔེ་བསྟན་ནས་དོན་དང་སྦྱོར་བ་ནི། དང་པོའི་སེམས་ཀྱིས་བྱང་ཆུབ་མཆོག་རེག་མ་ཡིན་ལ། །དེ་མེད་པར་ཡང་དེ་ལ་རེག་པར་ནུས་མ་ཡིན། །ཐ་མའི་སེམས་ཀྱིས་བྱང་ཆུབ་ཞིང་མཆོག་མིན་ལ། །དེ་མེད་པར་ཡང་དེ་ཐོབ་ནུས་པ་མ་ཡིན་ནོ། །ཞེས་གསུངས། གཉིས་པ་དོན་བཤད་པ་ལ་གཉིས། དཔེ་དང་། དོན་ནོ། །དང་པོ་ནི། སེམས་བསྐྱེད་སྔ་ཕྱི་རེ་རེ་ཁོ་ན་དང་། རིགས་མཐུན་རྫས་ཐ་དད་ལོང་ཅིག་ཅར་དུ་འབྱུང་བ་དང་། སེམས་བསྐྱེད་སྔ་ཕྱི་རྣམས་མི་འཇིག་པར་དུས་མཉམ་དུ་ཚོགས་ནས་སངས་རྒྱས་ཐོབ་པ་མིན་ཡང་བྱང་ཆུབ་སེམས་དཔས་སེམས་བསྐྱེད་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་མི་འཐོབ་པའི་སྐྱོན་མེད་པར་ཐལ། དཔེར་ན་མར་མེ་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་ཀྱང་སྡོང་བུ་སྣུམ་ལྡན་རྫོགས་པར་མི་སྲེག །སྐད་ཅིག་སྔ་མ་ལ་མ་བལྟོས་པར་ཕྱི་མས་ཀྱང་མི་སྲེག །སྔ་ཕྱི་ཐམས་ཅད་ཅིག་ཅར་དུ་ཚོགས་ནས་མི་སྲེག་ཀྱང་། མར་མེ་སྐད་ཅིག་སྔ་ཕྱི་རྣམས་རིམ་གྱིས་འབྱུང་བ་ན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ནུས་ལྡན་དུ་གྱུར་ཏེ། ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱིས་མར་མེས་སྡོང་བུ་རྫོགས་པར་སྲེག་པར་བྱེད་པ་ལྟར་སེམས་བསྐྱེད་ལ་བརྟེན་ནས་རྫོགས་བྱང་ཐོབ་པར་འགྱུར་བའི་ཕྱིར། གཉིས་པ་དེ་དོན་དང་སྦྱོར་ཚུལ་ནི། སེམས་བསྐྱེད་པ་དང་པོ་དང་ཐ་མའི་བར་རེ་རེ་ཙམ་གྱིས་ཀྱང་བྱང་ཆུབ་ཆེན་པོ་མི་ཐོབ། སྔ་མ་ལ་མ་བལྟོས་པར་ཡང་མི་ཐོབ། སྔ་ཕྱི་ལྷན་ཅིག་ཏུ་ཚོགས་པས་ཀྱང་བྱང་ཆུབ་ཆེན་པོ་མི་ཐོབ་མོད། དེ་ལ་བརྟེན་ནས་བྱང་ཆུབ་ཆེན་པོ་མི་འཐོབ་པའི་སྐྱོན་མེད་པར་ཐལ། དཔེ་བཤད་མ་ཐག་པ་ལྟར། སེམས་བསྐྱེད་སྔ་ཕྱི་རིམ་གྱིས་འབྱུང་བས་སྔ་མ་ལས་ཕྱི་མ་ནུས་པ་མཐུ་ཅན་དུ་གྱུར་ནས་སྔ་ཕྱི་རང་རྒྱུད་ལ་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་ལས་བྱང་ཆུབ་སེམས་དཔས་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ཕྱིར་རོ། །ཚུལ་དེ་ཡུམ་གྱི་མདོ་ལས་གསུངས་ཚུལ་ཚིག་ཅུང་ཟད་བསྡུས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། འབྲུ་མར་གྱི་མར་མེ་འབར་བའི་མེ་ལྕེ་དང་པོ་ཕོག་པས་སྙིང་བོ་དེ་ཚིག་གམ། འོན་ཏེ་མེ་ལྕེ་ཕྱི་མ་ཕོག་པས་སྙིང་བོ་དེ་ཚིག་པར་འགྱུར། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་པ་ནས། བཀའ་སྩལ་བ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྙིང་བོ་དེ་ཚིག་གམ། གསོལ་པ། བཅོམ་ལྡན་འདས་ཚིག་ལགས་སོ། །ཞེས་དཔེ་གསུངས་ནས། རབ་འབྱོར་དེ་བཞིན་དུ་སེམས་བསྐྱེད་པ་དང་པོས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་བསྐྱེད་དང་པོ་ལ་མ་བརྟེན་པར་ཡང་འཚང་མི་རྒྱ། སེམས་བསྐྱེད་པ་ཕྱི་མ་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་བསྐྱེད་པ་ཕྱི་མ་ལ་མ་བརྟེན་པར་ཡང་འཚང་མི་རྒྱའོ། །སེམས་བསྐྱེད་པ་དེ་དག་གིས་ཀྱང་མ་ཡིན། སེམས་བསྐྱེད་པ་དེ་ལས་གཞན་པས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ཡང་རྒྱའོ། །དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་ཟབ་པ་ལགས་ཏེ། ཞེས་སོགས་གསུངས་པ་ལྟར་རོ། །འདིར་ཡུམ་གསུམ་ཀ་ཚིག་ཅུང་ཟད་རེ་མ་གཏོགས་འདྲའོ། །མར་མེའི་དཔེ་དོན་འདི་ནི་ཡུམ་གྱི་མདོ་རྣམས་དང་། དེ་དག་གི་རྒྱ་བོད་ཀྱི་འགྲེལ་བ་ཐམས་ཅད་ནས་འབྱུང་ལ། ས་མྱུག་དང་ཆུ་ཐིག་གི་དཔེ་དོན་གཉིས་ནི་སྡུད་པ་དང་དེའི་འགྲེལ་པ་ཉིད་ནས་བཤད་དོ། །དཔེ་དེས་མཐའ་གཉིས་སྤོང་ཚུལ་ཡོད་དེ། མར་མེ་སྐད་ཅིག་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་སྐྱེ་བ་དེ་བཞིན་དུ། །སེམས་བསྐྱེད་སྔ་མ་འགགས་ནས་ཕྱི་མ་འབྱུང་བར་བསྟན་པས་རྟག་མཐའ་སེལ། མར་མེ་སྐད་ཅིག་སྔ་ཕྱི་བལྟོས་པའི་འབྲེལ་བས་སྡོང་བུ་སྲེག་པ་ཐ་སྙད་དུ་འབྱུང་བ་ལྟར། སེམས་བསྐྱེད་སྔ་ཕྱི་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བར་བསྟན་པས་ཆད་མཐའ་སེལ་བའི་ཕྱིར་རོ། །མར་མེ་དཔེ་འདིས་དེ་དང་འདྲ་བའི་དཔེ་གཞན་ཡང་མཚོན་ནོ། །གཉིས་པ་ས་བོན་གྱི་དཔེ་དོན་ལ་རིམ་པ་གཉིས་འབྱུང་བའི་དང་པོ་ལ་གཉིས། ཁུངས་དགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། ས་བོན་ལས་ནི་མྱུ་གུ་མེ་ཏོག་འབྲས་བུ་འབྱུང་། དེ་ཡང་འགགས་ཤིང་ཡང་མེད་པ་དེ་མིན་ལྟར། ཞེས་དཔེ་དང་། དོན་ནི་དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། དེ་ཡང་འགགས་ལ་བྱང་ཆུབ་མེད་པ་དེ་མ་ཡིན། ཞེས་གསུངས། གཉིས་པ་ལ་དཔེ་དོན་གཉིས་སྦྲེལ་ཏེ་བཤད་ན། དཔེར་ན། བྱང་ཆུབ་ཤིང་སྡོང་གི་ས་བོན་ལས་ནི་དང་པོ་མྱུ་གུ་དང་དེ་ནས་མེ་ཏོག་དང་དེ་ནས་འབྲས་བུ་རྣམས་རིམ་གྱིས་འབྱུང་བ་ལས། ཤིང་སྡོང་ཆེན་པོར་གྱུར་བའི་ཚེ་སྔར་གྱི་ས་བོན་དང་པོ་ནས་བཟུང་སྟེ་ས་བོན་རྣམས་རིམ་གྱིས་འགགས་ནས་མེད་ཀྱང་འབྲས་བུ་ཤིང་སྡོང་ཡོད་པ་མཐོང་བ་ལྟར། སེམས་བསྐྱེད་པ་དང་པོ་ནས་ཐ་མའི་བར་རེ་རེ་ནས་རང་འབྲས་བྱང་ཆུབ་ཆེན་པོའི་རྒྱུ་ཡིན་ཡང་། སེམས་བསྐྱེད་པ་སྔ་ཕྱི་རྣམས་རིམ་གྱིས་འབྱུང་བ་ལས་མཐར་བྱང་ཆུབ་ཐོབ་པའི་ཚེ་རྒྱུ་སེམས་བསྐྱེད་སྔ་ཕྱི་རྣམས་རིམ་གྱིས་འགགས་ནས་མེད་ཅིང་། དེ་མེད་ཀྱང་དེའི་འབྲས་བུ་བྱང་ཆུབ་ཆེན་པོ་མེད་པ་མ་ཡིན་ནོ། །དེ་ལྟར་ཡིན་ཏེ་དཔེ་དོན་གཉིས་ཀྱི་རྒྱུ་ས་བོན་གྱི་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱིས་འབྲས་བུ་འགྲུབ་པ་འདྲ་བའི་ཕྱིར་རོ། །གཞུང་འདིས་ཀྱང་དཔེ་དོན་གྱི་རྒྱུ་གཉིས་སྔར་འགགས་ཀྱང་ཕྱིས་འབྲས་བུ་འབྱུང་བར་བསྟན་པས་མཐའ་གཉིས་དངོས་སུ་འགོག་སྟེ་སྔར་ལྟར་རོ། །གཉིས་པ་ལ་གཉིས། ཁུངས་དགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། ས་བོན་རྙེད་ནས་འབྲུ་དང་ས་ལུ་ལ་སོགས་འབྱུང་། །དེ་ཡི་འབྲས་བུ་དེ་ལ་ཡོད་མིན་མེད་པའང་མིན། ཞེས་དཔེ་དང་། དོན་ནི་རྒྱལ་བ་རྣམས་ཀྱིས་བྱང་ཆུབ་འདི་ནི་འབྱུང་བར་འགྱུར། །དངོས་པོའི་རང་བཞིན་བྲལ་བས་སྒྱུ་མ་འབྱུང་བར་འགྱུར། ཞེས་གསུངས། གཉིས་པ། དཔེར་ན། གྲོ་ནས་སྲན་མ་འབྲས་ས་ལུ་ལ་སོགས་པའི་ས་བོན་རྣམས་ལས་རིམ་གྱིས་རང་གི་འབྲས་བུ་གྲོ་ནས་ལ་སོགས་པ་རྣམས་འབྱུང་ཡང་། འབྲས་བུ་གྲོ་ནས་སོགས་ནི་སྔར་གྱི་ས་བོན་དེ་དག་མ་ཡིན་ཞིང་ས་བོན་དེ་རྣམས་རེ་རེ་དང་ཚོགས་པ་གང་གི་ཡང་གསེབ་ཏུ་མེད་པས་ན། དེ་དག་རང་གི་ས་བོན་གྱི་དུས་སུ་མེད་ཀྱང་། ས་བོན་དེ་རྣམས་ཀྱི་རྒྱུན་འབྲེལ་བ་ལས་འབྲས་བུ་གྲོ་ནས་ལ་སོགས་པ་ཐ་སྙད་དུ་འབྱུང་བ་ཡོད་པ་ལྟར། སེམས་བསྐྱེད་དང་པོ་ནས་ཐ་མའི་བར་རེ་རེ་དང་ཚོགས་གང་གི་གསེབ་ནའང་རྫོགས་པའི་བྱང་ཆུབ་མེད་པས་རྒྱུ་སེམས་བསྐྱེད་དེ་རྣམས་ཀྱི་དུས་སུ་འབྲས་བུ་བྱང་ཆུབ་ཆེན་པོ་མེད་ཀྱང་། སེམས་བསྐྱེད་དེ་རྣམས་ཀྱི་རྒྱུན་རང་རྒྱུད་དུ་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་ལས་འབྲས་བུ་རྫོགས་པའི་བྱང་ཆུབ་འབྱུང་བར་འགྱུར་བ་ཡོད་པ་ནི་སྔར་ལྟར་རོ། །དེ་ལྟར་འབྲས་བུ་བྱང་ཆུབ་ཆེན་པོ་དེ་ནི་རང་གི་རྒྱུ་སེམས་སྐྱེད་ཀྱི་དུས་སུ་ཡོད་པ་མིན་ཅིང་རྒྱུ་དེ་ལ་མ་བལྟོས་པར་མི་འབྱུང་ཡང་ཐ་སྙད་དུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་འབྱུང་བ་མི་འགལ་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་རྣམས་རང་བཞིན་གྱི་གྲུབ་པས་སྟོང་ཡང་རྟེན་འབྲེལ་གྱི་བྱ་བྱེད་འཐད་ཅིང་མི་སླུ་བའི་ཕྱིར། ཞེས་བསྟན་པ་སྟེ། སློབ་དཔོན་སེང་བཟང་གིས་སྡུད་འགྲེལ་རྟོགས་སླར་ཡང་དེ་ལྟར་བཤད་དེ་མང་དུ་དོགས་ནས་མ་དྲངས་སོ། །ཤིང་དང་གྲོ་ནས་ས་བོན་གྱི་དཔེས་དེ་འདྲ་གཞན་ཡང་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ། ཆུའི་ཐིག་པའི་དཔེ་དོན་ལ་གཉིས། ཁུངས་འགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། ཆུ་ཡི་ཐིག་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །ཞེས་དཔེ་དང་། དོན་དང་སྦྱོར་བ་ནི། དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་བོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས། གཉིས་པ་དཔེ་དོན་སྦྲེལ་ཏེ་བཤད་ན། དཔེར་ན། བུམ་ནང་དུ་ཆུ་ཐིག་རིམ་གྱིས་བླུགས་པའི་ཚེ། ཐིག་པ་དང་པོ་གཉིས་པ་སོགས་རེ་རེ་ཁོ་ན་ནས་བུམ་པ་ཆུས་གང་བ་མིན་ཞིང་། ཐིག་པ་སྔ་མ་ལ་མ་བལྟོས་པར་ཕྱི་མ་ཁོ་ནས་བུམ་པ་ཆུས་གང་བ་མིན་ཡང་། ཆུ་རིམ་གྱིས་བླུགས་པའི་རྒྱུན་འབྲེལ་ཞིང་གོང་དུ་འཕེལ་བའི་རྟེན་འབྲེལ་གྱིས་བུམ་པ་ཆུས་གང་བར་འཇོག་ནུས་པ་དེ་བཞིན་དུ། སེམས་བསྐྱེད་དང་པོ་གཉིས་པ་སོགས་རེ་རེ་ཁོ་ན་དང་། སྔ་མ་ལམ་བལྟོས་པའི་ཕྱི་མ་ཁོ་ནས་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པ་མིན་ཡང་། སེམས་བསྐྱེད་སྔ་ཕྱི་རྒྱུན་འབྲེལ་ཞིང་གོང་དུ་འཕེལ་བའི་རྟེན་འབྲེལ་གྱི་ཚོགས་པ་ལས་རིམ་གྱིས་བྱང་ཆུབ་ཐོབ་ནུས་པ་ནི་སྔར་མར་མེའི་སྐབས་སུ་བཤད་པ་ལྟར་ཏེ། འོན་ཀྱང་མར་མེས་ནི་རྒྱུ་རེ་རེ་ཁོ་ན་དང་མང་བོ་དུས་གཅིག་ཏུ་ཚོགས་ནས་བྱང་ཆུབ་ཐོབ་པ་མིན་ཡང་བྱང་ཆུབ་ཐོབ་ནུས་པ་དང་། བུམ་ཆུའི་ཐིག་པས་ནི་རྒྱུ་ཆུང་ངུ་ནས་རིམ་གྱིས་མང་དུ་བསགས་ཏེ་འབྲས་བུ་བྱང་ཆུབ་ཐོབ་པར་བསྟན་པ་གཙོ་ཆེ་ལ། ས་བོན་གྱི་དཔེ་ཡང་མར་མེ་དང་ཕྱོགས་འདྲ་མོད། འོན་ཀྱང་དེས་བྱང་ཆུབ་ཀྱི་ཤིང་སྡོང་དང་གྲོ་ནས་སོགས་འབྲས་བུ་རྣམས་ནི་རང་གི་ས་བོན་གྱི་དུས་སུ་མེད་ཀྱང་ཕྱིས་འབྱུང་བ་མི་འགལ་བ་ལྟར། རྫོགས་པའི་བྱང་ཆུབ་ཀྱང་རྒྱུ་སེམས་བསྐྱེད་ཀྱི་དུས་སུ་མེད་ཀྱང་ཕྱིས་རང་བཞིན་གྱིས་སྟོང་བའི་རྒྱུ་ལས་སྒྱུ་མ་ལྟར་འབྱུང་བར་བསྟན་ཏེ་ཁྱད་པར་རོ། །ཐིག་པའི་དཔེས་དེ་འདྲ་གཞན་ཡང་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ་འཕྲོས་དོན་ལ། རྩོད་པ་དང་། ལན་གཉིས། དང་པོ་ལ། ཁ་ཅིག་ན་རེ། མར་མེ་སྐད་ཅིག་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་སྐྱེ་བ་མི་འཐད་དེ། མར་མེ་འབར་མ་ཐག་པ་ནས་མཐར་མ་ཤི་བའི་བར་དུ་མར་མེ་གནས་པར་མངོན་སུམ་གྱིས་མཐོང་བའི་ཕྱིར། གྲོ་ནས་སོགས་ཀྱི་ས་བོན་སྔ་མ་འགགས་ནས་ཕྱི་མ་འབྱུང་བ་ཡང་མི་འཐད་དེ། དེ་དག་གི་ས་བོན་གཅིག་དང་འབྲས་བུ་ཡང་གཅིག་ཏུ་མཐོང་བའི་ཕྱིར། བུམ་ཆུའི་ཐིག་པ་ཕྱི་མ་བླུགས་པ་ན་སྔ་མ་འགགས་པ་ཡང་མི་འཐད་དེ། ཆུ་ཐིག་སྔ་མ་དེ་རྣམས་ཡོད་ནས་བུམ་པ་ཆུས་གང་བ་ཡིན་གྱི། མེད་ན་ནི་བུམ་པ་ཆུས་གང་བར་མི་ནུས་པའི་ཕྱིར། དེ་བཞིན་དུ་སེམས་བསྐྱེད་སྔ་མ་འགགས་ཏེ་ཕྱི་མ་སྐྱེས་ནས་བྱང་ཆུབ་ཐོབ་མི་ནུས་ཀྱི། སྔ་མ་ཡོད་བཞིན་དུ་ཕྱི་མ་སྐྱེ་ནས་བྱང་ཆུབ་ཐོབ་པ་ཉིད་འཐད་དོ་ཞེ་ན། གཉིས་པ་འདིའི་ལན་ལ་རིགས་པའི་རྣམ་གྲངས་མང་བོ་ཞིག་བརྗོད་དགོས་ཤིང་། བརྗོད་པར་ཡང་ནུས་མོད། མང་དུ་དོགས་པས་མདོར་བསྡུས་ཞིག་བརྗོད་ན། དང་པོ་མར་མེ་སྐད་ཅིག་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་མི་སྐྱེ་བའི་སྐྱོན་མེད་པར་ཐལ། དོན་ལ་དེ་ལྟར་སྔ་མ་འགགས་ནས་ཕྱི་མ་སྐྱེ་ཡང་མཐོང་ཚུལ་ལ་མར་མེ་གཅིག་ཏུ་མཐོང་བ་ནི་མར་མེའི་ཆ་ཤས་སྐད་ཅིག་སྔ་ཕྱི་རྣམས་རེ་རེ་ནས་སྐྱེ་ཞིང་འཇིག་ཀྱང་ཆ་ཤས་ཀུན་དང་རྒྱུན་ལ་རྗེས་སུ་འགྲོ་བའི་ཆ་ཅན་གྱི་མར་མེ་ཞིག་ཀྱང་ཐ་སྙད་དུ་འབྱུང་བས། དེའི་རྐྱེན་གྱིས་སྔ་ཕྱི་རྣམས་ལ་གཅིག་ཏུ་འཁྲུལ་བའི་བློ་སྐྱེ་བ་ཡིན་པའི་ཕྱིར་ཏེ། དཔེར་ན། བུ་ཆུང་ནས་རྒན་པོའི་རིམ་གྱིས་སྐྱེ་བར་མཐོང་ཡང་རྒྱུན་དང་ཆ་ཅན་གྱི་དབང་གིས་སྔ་ཕྱི་གཅིག་འཛིན་གྱི་བློ་སྐྱེ་ཞིང་། རྟག་འཛིན་ལྷན་སྐྱེས་ཀྱི་དབང་གིས་ཀྱང་སྔ་ཕྱི་གཉིས་གཅིག་ཏུ་ཞེན་པ་སྐྱེ་བ་ལྟ་བུ་ཡིན་པའི་ཕྱིར། ས་བོན་སྔ་མ་སྔ་མ་འགགས་ནས་ཕྱི་མ་མི་འབྱུང་བའི་སྐྱོན་མེད་པར་ཐལ། སྤྱིར་གྲོ་ནས་གཅིག་ལྟ་བུའི་ས་བོན་ལ་གཅིག་གི་ཐ་སྙད་བྱེད་ཀྱང་། དོན་ལ་ནི་ས་བོན་འདེབས་ཁ་མ་དང་བཏབ་མ་ཐག་མ་དང་། དེ་ནས་ཉིན་ཞག་སྔ་ཕྱིའི་ཁྱད་པར་གྱིས་ས་བོན་དེ་ཉིད་སྔ་མ་སྔ་མ་དང་མི་འདྲ་བར་ཕྱི་མ་ཕྱི་མ་དབྱིབས་དང་ཁ་དོག་ནུས་པ་སོགས་རྣམ་པར་འགྱུར་ཏེ་འགྲོ་ཞིང་འབྲས་བུ་ལ་ཡང་འདྲ་བའི་ཕྱིར་ཏེ། དཔེ་ལ་ནི་གཞན་མང་ཡང་སྔར་ལྟར་རོ། །བུམ་པར་ཆུ་ཐིག་ཕྱི་མ་ཕྱི་མ་བླུགས་པ་ན་སྔ་མ་སྔ་མ་འགགས་ནས་མི་འགྲོ་བའི་སྐྱོན་མེད་པར་ཐལ། ཆུ་ཐིག་དེ་ལ་ཐིག་པ་སྔ་ཕྱི་མ་འདྲེས་པ་གཉིས་དང་འདྲེས་པ་གསུམ་གསུམ་འབྱུང་ཞིང་། དེ་གསུམ་པོ་ཡང་གནས་སྐབས་ཀྱིས་འགལ་བར་འདོད་དགོས་པའི་ཕྱིར་ཏེ། འདི་ལྟར་ཐིག་པ་སྔ་མ་དང་ཕྱི་མ་འདྲེས་པ་ན་སྔ་མ་འགྱུར་ཏེ་ཕྱི་མ་འདྲེས་པའི་ངོ་བོར་སྐྱེས་པས། འདྲེས་མ་འདྲེས་གཉིས་གཅིག་ཏུ་བླུན་པོས་ཀྱང་མི་འདོད་པའི་ཕྱིར། བུམ་པ་ཆུས་གང་བའི་ཚེ་སྔར་གྱི་ཆུ་ཐིག་སྔ་ཕྱི་རྣམས་རེ་རེ་ནས་སྐྱེས་ཏེ་འགགས་མོད་ཀྱང་། དེའི་ཚེ་ཆུ་རྒྱུན་ཚོགས་པ་ལས་བྱུང་བའི་ཆ་ཅན་གྱི་བུམ་ཆུ་ཞིག་ཡོད་ཅིང་དེའི་ཆ་ཤས་སུ་གྱུར་བའི་ཆུ་ཐིག་ཀྱང་ཡོད་པར་འདོད་དགོས་ཏེ། དཔེར་ན་སྐུད་པ་མང་པོའི་རྒྱུ་རྐྱེན་ལས་སྣམ་བུ་བྱས་པའི་ཚེ་སྣམ་བུ་དེའི་རྒྱུར་སོང་བའི་སྐུད་པ་རྣམས་དེའི་དུས་སུ་མེད་ཀྱང་། ཆ་ཅན་སྣམ་བུའི་ཆ་ཤས་སུ་གྱུར་པའི་སྐུད་པ་ནི་ཡོད་པ་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་ཆེན་པོའི་རྒྱུ་སེམས་བསྐྱེད་དང་ལས་དཀར་ནག་སོགས་ཕལ་ཆེར་ནི་སྔ་མ་འགགས་ནས་ཕྱི་མ་སྐྱེ་ཡང་། དེ་རྣམས་ཀྱི་ཆ་ཤས་སྔ་ཕྱི་དང་རྒྱུན་ལ་རྗེས་སུ་འགྲོ་བའི་ཆ་ཅན་གྱི་སེམས་བསྐྱེད་དང་ལས་སོགས་སྤྱིར་ཐ་སྙད་དུ་ཡོད་པས། སེམས་བསྐྱེད་ལ་བརྟེན་ནས་བྱང་ཆུབ་པ་མི་འགལ་བས་རྒྱུ་འབྲས་དུས་མཉམ་དགོས་པའི་སྐྱོན་དེ་དག་མི་འཇུག་ཅིང་། དེར་མ་ཟད་རྟག་ཆད་དང་བྲལ་བའི་ཚུལ་གྱིས་རྟེན་འབྱུང་བའི་བྱ་བྱེད་ཐམས་ཅད་འཐད་པ་ཡིན་ནོ། །དེ་ལྟར་ཚོགས་རྒྱུན་འཇོག་ཚུལ་ལགས་པར་ཤེས་པ་གལ་ཆེ་སྟེ། དེ་མི་ཤེས་པའི་རྐྱེན་གྱིས་རིགས་པ་སྨྲ་བ་དག་ཀྱང་འཁྲུལ་བ་ཆེན་པོ་བསྐྱེད་པས་སོ། །ཡང་ཁ་ཅིག །མར་མེས་སྡོང་བུ་སྲེག་པ་དང་། ས་བོན་ལས་མྱུ་གུ་འབྱུང་བ་དང་། བུམ་པར་ཆུ་བླུགས་ནས་གང་བར་འགྱུར་བ་བླུན་རྨོངས་ཐམས་ཅད་ཀྱིས་ཤེས་པས། ཁྱེད་ཀྱིས་དེ་ལྟར་བརྗོད་པས་ཅི་བྱ་ཞེ་ན། སྐྱོན་མེད་དེ། བླུན་རྨོངས་རྣམས་ཀྱིས་དེ་ལྟར་ཁས་ལེན་ཡང་རྒྱུ་འབྲས་ཀྱི་རྣམ་གཞག་ལེགས་པར་འཇོག་ཤེས་ནས་མིན་གྱི། དེ་ལ་རྨོངས་བཞིན་དུ་བདེན་གྲུབ་དང་རྟག་པར་ལྟ་ཞིང་སྔ་ཕྱི་ཐམས་ཅད་རིལ་པོ་གཅིག་ཏུ་ཞེན་ནས་ཁྱད་འབྱེད་མི་ནུས་པའི་ཚུལ་གྱིས་ཁས་ལེན་པ་ཡིན་ལ་འདིར་ཁྱད་པར་ཤེས་ནས་བརྗོད་པས་མི་འགལ་བའི་ཕྱིར་རོ། །དཔེ་རིམ་པ་གསུམ་པོ་ལྟར་སེམས་བསྐྱེད་ཀྱིས་བྱང་ཆུབ་ཐོབ་པའི་ཚུལ་འདིས་ནི་འཁོར་འདས་ཀྱི་ཆོས་གང་ཡིན་ཡང་རྒྱུས་འབྲས་བུ་ཐོབ་པའི་ཚུལ་ཇི་ལྟར་རིགས་པར་ཤེས་དགོས་སོ། །དེ་ལྟར་འཁོར་འདས་ཀྱི་ཆོས་གང་ཡིན་ཀྱང་། རྒྱུས་འབྲས་བུ་བསྐྱེད་ཚུལ་རྣམས་རང་བཞིན་གྱིས་སྟོང་ཡང་ཐ་སྙད་དུ་འབྱུང་བའི་རྟེན་འབྲེལ་ཟབ་མོ་ལ་ངེས་པ་དྲངས་པར་བྱའི། སྔ་ཕྱི་ཐམས་ཅད་གཅིག་ཏུ་བཟུང་ནས་རྒྱུ་འབྲས་དེ་དག་ལ་རྟག་པར་ལྟ་བའམ། ཡང་ན་ཆད་པར་ལྟ་བའི་རྟག་ཆད་ཀྱི་ལྟ་བ་ལ་གནས་པར་མི་བྱའོ། །འོ་ན་ཡུམ་གྱི་མདོ་རྣམས་དང་སྡུད་པ་ལས་ཀྱང་སྐབས་འདིར་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་གཞན་གྱིས་དེ་ཐོབ་ཚུལ་ལ་འགལ་སྤོང་དངོས་སུ་མ་མཛད་པར་སེམས་བསྐྱེད་ཀྱིས་སངས་རྒྱས་ཐོབ་པའི་ཚུལ་ལ་དོགས་གཅོད་དེ་ལྟར་མཛད་པ་ཅི་ཡིན་ཞེ་ན། དེ་ནི་འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཞེས་སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་ནི། སེམས་གྱི་རང་བཞིན་ཤེས་ཏེ་སེམས་རྣམ་པར་སྦྱངས་པ་ལས་ཐོབ་པར་འགྱུར་བ་ཡིན་གྱི། དེ་ལས་གཞན་ནས་བཙལ་ཏེ་ཐོབ་པར་མི་འགྱུར་བར་བཤད་པ་ལྟར་དང་། འཁོར་འདས་ཀྱི་ཆོས་ཀུན་ནི་རྩ་བ་སེམས་ལ་རག་ལས་པའི་རྒྱུ་མཚན་གྱིས་སྔོན་གྱི་སེམས་བསྐྱེད་རྣམ་པ་གཉིས་ནི་སངས་རྒྱས་ཐོབ་པའི་རྒྱུའི་གཙོ་བོ་ཡིན་པར་བསྟན་པ་སྟེ། དེའི་ཚུལ་ལེགས་པར་ཤེས་དགོས་པའི་ཕྱིར་དུ་དོགས་གཅོད་དེ་ལྟར་མཛད་པ་ཡིན་ལ། དེ་ཡང་རྟག་ཆད་སྤོང་བའི་ཆེད་དུ་ཡིན་ནོ། །དེ་ལྟར་སེམས་སྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་བསྐྱེད་ཚུལ་ཟབ་པ་དེ་བཞིན་དུ། འདུས་བྱས་ཀྱི་ཆོས་རྣམས་ཀྱང་དང་པོ་རང་རྒྱུད་ལས་སྐྱེ་བའི་ཚེ་ངོ་བོས་གྲུབ་པའི་ཚུལ་གྱིས་གང་ནས་ཀྱང་མི་འོངས་མོད། ཐ་སྙད་དུ་སྐྱེ་བ་འཐད་པས་སྐྱེ་བ་ཟབ་པ་དང་། མཐར་འགགས་པའི་ཚེ་ངོ་བོས་གྲུབ་པའི་ཚུལ་གྱིས་གང་དུའང་མི་འགྲོ་ཡང་། ཐ་སྙད་དུ་འགགས་པ་འཐད་པས་འགག་པ་ཟབ་པ་སོགས་ཟབ་མོ་རྣམ་པ་བརྒྱད་ཀྱི་དོན་ཡང་ཤེས་པར་བྱ་སྟེ། འགྲེལ་བ་དོན་གསལ་ལས། ཇི་སྐད་བཤད་པའི་དཔེ་ཁོ་ནས་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད་པར་བྱ་བ་ཡིན་པས། ཞེས་པ་ནས། ཟབ་མོ་རྣམ་པ་བརྒྱད་ཡུལ་གང་ལ་ཡིན་ཞེ་ན། སྐྱེ་བ་དང་ནི་འགག་པ་དང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྨྲས་པ། སེམས་ཅན་མོས་པ་ཐ་དད་ཀྱིས། །དོན་དུ་གཉེར་བྱ་སྣ་ཚོགས་ཀྱང་། །ཟབ་དོན་རིགས་ཚུལ་འདི་ལྟ་བུར། །མོས་པ་དག་ལ་ཕན་འདོད་ཀྱིས། །ཟབ་མོ་རྣམ་པ་བརྒྱད་ཉིད་ལས། །སྐྱེ་འགག་ཟབ་པ་ལས་བརྩམས་པའི། །ཡུམ་དོན་ཅུང་ཟད་བཀྲ་བའི་དགེས། །རྫོགས་བྱང་ཟབ་མོ་མྱུར་ཐོབ་ཤོག །ཅེས་པ་འདིའང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་དད་པ་ཁོ་ནས་སྦྱར་བའོ། །བཀྲ་ཤིས།། །།


previousསེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཚུལ་བརྒལ་ལན་དོགས་གཅོད་ཡུམ་གྱི་མདོའི་དགོངས་དོན་ཆ་ཤས་ཀྱི་སྙིང་བོ།next