Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
སྐྱབས་འགྲོའི་དམིགས་རིམ་ཐར་པའི་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་འགྲོའི་དམིགས་རིམ་ཐར་པའི་སྒོ་འབྱེད།next

སྐྱབས་འགྲོའི་དམིགས་རིམ་ཐར་པའི་སྒོ་འབྱེད།

སྐྱབས་འགྲོའི་དམིགས་རིམ་ཐར་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས།

ན་མོ་རཏྣ་ཏྲ་ཡཱ་ཡ། འདིར་སྐྱབས་འགྲོའི་ཉམས་ལེན་འཁྱེར་བདེ་ཞིག་འཆད་པ་ལ་གསུམ། སྐྱབས་སུ་སོང་བའི་དགོས་པ་དང་ཕན་ཡོན། སྐྱབས་སུ་འགྲོ་བའི་ཡུལ་དང་འགྲོ་ཚུལ། སྐྱབས་སུ་སོང་བའི་བསླབ་བྱའོ། །དང་པོ་ནི། རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་ནི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་ཡིན་པས། རྟེན་འདི་ཐོག་ནས་སྙིང་བོ་ལེན་པ་ལ་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པར་མ་ཟད་རང་ཉིད་ནང་བ་སངས་རྒྱས་པའི་གྲལ་དུ་ཚུད་པ་ལའང་དེ་ལ་སྐྱབས་སུ་འགྲོ་དགོས་ཤིང་། རང་གིས་བྱས་པའི་ཆོས་ནང་བའི་ཆོས་སུ་འགྲོ་བ་ལའང་དེ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ། །ཕན་ཡོན་ནི་ནང་བར་ཚུད་པ། སྡོམ་པ་བླངས་ན་སྐྱེ་བ། ལས་སྒྲིབ་འཛད་པ། ངན་སོང་ལས་ཐར་བ། ཚོགས་རྫོགས་པ། གནོད་པས་ཚུགས་དཀའ་བ། དོན་འགྲུབ་པ། འཚང་རྒྱ་བ་སོགས་ཀྱི་ཕན་ཡོན་ཆེན་པོ་རྣམས་འབྱུང་བར་མདོ་ལས་བཤད་པ་ལྟར་རོ། །གཉིས་པ་ལ། སྐྱབས་སུ་འགྲོ་བའི་ཡུལ་ནི། དཀོན་མཆོག་གསུམ་རྗེས་འབྲང་དང་བཅས་པ་ཡིན་གྱི། འཇིག་རྟེན་པའི་ལྷ་རྣམས་ལ་གནས་སྐབས་ཀྱི་རེ་བ་ཙམ་མ་གཏོགས། ཕུགས་ཀྱི་སྐྱབས་སུ་མི་འཛིན་ཏེ། འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་གནས་སྐབས་ཀྱི་རེ་བ་འགའ་རེ་བསྒྲུབ་ནུས་ཀྱང་། ཕྱི་མའི་དོན་བསྒྲུབ་མི་ནུས་པས་སོ། །དེས་ན་སངས་རྒྱས་རྣམས་སྐྱོན་ཟད་ཅིང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས་གཞན་དོན་བྱེད་ནུས་པ་དང་བྱེད་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་སྐྱབས་སུ་འོས་ཤིང་། ངེས་བསྟན་པའི་དམ་པའི་ཆོས་ཀྱང་སྐྱབས་སུ་འོས་ལ་དེ་སྒྲུབ་པའི་འཕགས་པའི་དགེ་འདུན་ཀྱང་སྐྱབས་སུ་འོས་པ་ཡིན་ཏེ། རྒྱས་པར་ནི་གཞན་དུ་ཤེས་དགོས་སོ། །སྐྱབས་སུ་འགྲོ་བའི་ཚུལ་ལ་གཉིས། བསམ་པ་དང་། ཆོ་གའོ། །དང་པོ་ལ་རང་ཉིད་གནས་སྐབས་ཀྱི་ནད་གདོན་ཞི་བའི་ཆེད་དུ་བསམས་ཏེ། སྐྱབས་སུ་འགྲོ་བ་དང་། ངན་སོང་ལས་ཐར་བའི་ཆེད་དུ་དམིགས་ཏེ་སྐྱབས་སུ་འགྲོ་བ་དང་། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཆེད་དུ་དམིགས་ནས་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཆེད་དུ་དམིགས་ནས་སྐྱབས་སུ་འགྲོ་བ་རྣམས་སུ་ཡོད་ཅིང་། དེ་རྣམས་ལས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་པར་དུ་འཕགས་སོ། །སྐྱབས་འགྲོའི་བསམ་པ་དངོས་ནི། སྡུག་བསྔལ་དེ་རྣམས་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་ངེས་སྙམ་དུ་སྙིང་ཐག་པ་ནས་རེ་བལྟོས་འཆའ་བ་ཡིན་ཞིང་། སྐྱིད་སྡུག་གང་བྱུང་ཡང་ཁྱེད་མཁྱེན་སྙམ་དུ་བློ་ལིངས་ཀྱིས་འགྲེལ་དགོས་པ་ཡིན་ནོ། །གཉིས་པ་ཆོ་ག་ལ་རྒྱས་བསྡུས་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་འདིར་འཇུག་པ་བདེ་བའི་ཆེད་དུ་བྱས་ན། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ། །གསང་བ དེ་འཇིགས་སོགས་ཡི་དམ་ལྷ་ཚོགས་ཀྱིས། །ཡོངས་བསྐོར་མདུན་གྱི་ནམ་མཁར་སྐད་ཅིག་གིས། །སྤྱན་དྲངས་པདྨའི་གདན་ལ་བཞུགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེའི་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡོངས་དག་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་ཞིང་ཁམས་དག་ན་བཞུགས་པ་ཡི། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །སངས་རྒྱས་བྱང་སེམས་ཉན་རང་བསྟན་སྲུང་བཅས། །སྤྱན་འདྲེན་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། །ཞེས་བརྗོད་དེ་རྡོ་རྗེ་འཆང་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ་དང་ཐུབ་པའི་དབང་བོ་བྱམས་འཇམ་དབྱངས་སྤྱན་རས་གཟིགས་ལ་སོགས་པའི་སྐྱབས་ཡུལ་རྣམས་དངོས་སུ་བྱོན་ནས་ནམ་མཁར་བཞུགས་པའི་མོས་པ་དུང་དུང་བྱ། སྐབས་འདིར་འདོད་ན་ཇི་སྙེད་སུ་དག་ནས། བྱང་ཆུབ་ཆེན་པོར་བསྔོ། ཞེས་པའི་བར་ཡན་ལག་བདུན་པ་བྱས་ཀྱང་ཆོག་ཅིང་། ཡང་ན་ༀ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷི་ནས་སྤཪྴ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད་ཀྱང་རུང་། དེ་ནས་རང་གི་མ་སོགས་སེམས་ཅན་ཐམས་ཅད་ཀྱིས་རང་གི་མཐའ་བསྐོར་བར་བསམས་ཏེ་བྱས་ན་ཕན་ཡོན་ལྷག་པར་ཆེ་བས། དེ་རྣམས་དང་ལྷན་ཅིག་མགྲིན་གཅིག་ཏུ། །བདག་དང་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་བཞི་སྐོར་གཅིག་དང་གསུམ་ནས་བརྒྱ་སྟོང་གི་བར་ཅི་འགྲུབ་དང་མཇུག་ཏུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་དྲུག་སྐོར་ཡང་ཅི་འགྲུབ་བྱ། དེ་ནས་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་ཅག་འཁོར་བ་དང་ངན་སོང་གི་འཇིགས་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱོབ་ཏུ་གསོལ། དེའི་སླད་དུ་བདག་ཅག་ལ་བྱིན་གྱིས་རློབ་པར་མཛད་དུ་གསོལ། ཚེ་རབས་ཐམས་ཅད་དུའང་འབྲལ་བར་མེད་པར་རྗེས་སུ་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད། དེའི་ཚེ་སྐྱབས་གནས་རྣམས་ལས་འོད་ཟེར་གྱི་ཚོགས་བྱུང་ནས་རང་དང་སེམས་ཅན་ཐམས་ཅད་ལ་འཕོག་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྦྱངས་ནས་དག་སོང་སྙམ་དུ་བསམ་པ་དང་མཐར་སྐྱབས་ཡུལ་རྣམས་ཀྱང་འོད་ཀྱི་རྣམ་པར་རང་དང་སེམས་ཅན་ཐམས་ཅད་ལ་ཐིམ་པས་བྱིན་གྱིས་བརླབས་སོང་སྙམ་པའི་མོས་པ་ཤུགས་ཅན་དུང་བ་ཞིག་བྱ། དེ་ནས་སྐྱབས་སུ་སོང་བའི་དགེ་རྩ་རྣམས་སེམས་ཅན་གྱི་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱ་སྟེ་སེམས་བསྐྱེད་པའང་ཡིན་ནོ། །སྐྱབས་འགྲོ་དང་སེམས་བསྐྱེད་བསྡུ་ན་དེ་ཡན་གྱིས་ཆོག་ཅིང་། ཐུན་དུ་བཅད་དེ་བྱས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །སེམས་བསྐྱེད་ཅུང་རྒྱས་པར་བྱེད་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་བྱས་ཏེ་འཇུག་སེམས་བླངས། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །བྲལ་ན་ཅི་མ་རུང་བྲལ་བར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །མི་བྲལ་ན་ཅི་མ་རུང་མ་བྲལ་བར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །གནས་ན་ཅི་མ་རུང་། གནས་པར་བདག་གིས་བྱའོ། །ཞེས་པ་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ། བསྡུ་ན་གྱུར་ཅིག་ཅེས་པ་ཡན་ཆད་སྤྱི་ལྟར་བྱས་ཀྱང་ཆོ་ག་སྐྱབས་འགྲོ་དེ་ལྟར་བྱེད་པ་ནི་ཆོ་ག་དང་བཅས་པའི་དབང་དུ་བྱས་པ་ཡིན་ལ། སྤྱིར་འགྲོ་འདུག་སོགས་ཀྱི་ཚེའང་དཀོན་མཆོག་མཁྱེན་སྙམ་པའི་བསམ་པ་ཤུགས་དྲག་ཡོད་ན་ཚིག་མ་བརྗོད་ཀྱང་སྐྱབས་འགྲོར་འགྱུར་བའང་ཡིན་ནོ། །གསུམ་པ་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་ཉིད་བསྟེན་ཅིང་འཇིག་རྟེན་པའི་ལྷ་འདྲེ་ལ་ཕུགས་ཀྱིས་སྐྱབས་སུ་མི་འཛིན། ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཚིགས་བཅད་གཅིག་ཡན་ཆད་ལ་གུས་ཤིང་། སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་ནས་རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་གུས་ཤིང་། མུ་སྟེགས་ཅན་ནམ། དེ་མིན་ཡང་དཀོན་མཆོག་ལ་མི་གུས་པ་ལ་སྙིང་གྲོགས་མི་བྱ་ཞིང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེད་པ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པར་བྱ་བ་སོགས་ལ་བསླབ་པར་བྱའོ། །སྦྱིན་བདག་གི་ནད་གདོན་ཞི་བ་སོགས་ཀྱི་དོན་དུ་དམིགས་ནས་སྐབས་འགྲོ་བྱས་ནའང་ཁྱད་ཆེ་ཞིང་། མདོར་ན་རང་གཞན་གང་གི་དོན་དུའང་སྐྱབས་འགྲོ་ནས་ཅུང་ཟད་རེ་ཁ་བསྒྱུར་བ་མ་གཏོགས། སྔར་ལྟར་བྱས་ནའང་ལེགས་པ་ཡིན་ནོ། །ཅེས་པ་འདིའང་སྔགས་འཆང་དད་ལྡན་ངག་དབང་རྡོ་རྗེ་ཞེས་བགྱི་བས་འདི་ལྟ་བུ་ཞིག་གྱིས་ཤིག་དང་ཁོ་བོས་པར་དུ་བརྐོ་བར་བྱའོ་ཞེས་ནན་ཏན་དུ་བྱས་ནས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ། འདིས་ཀྱང་སེམས་ཅན་དུ་མ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས།། །།


previousསྐྱབས་འགྲོའི་དམིགས་རིམ་ཐར་པའི་སྒོ་འབྱེད།next