Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ།next

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ།

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྟོན་པ་མཆོག་དང་དེ་སྲས་འཇམ་པའི་དབྱངས། །ཀླུ་སྒྲུབ་ཞབས་དང་ཟླ་གྲགས་ཨ་ཏི་ཤ། །རྒྱལ་བ་གཉིས་པ་ཡབ་སྲས་ལ་བཏུད་ནས། །དགོངས་དོན་ཟབ་མོའི་གནད་བསྡུས་འདིར་བཤད་བྱ། །དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ནས་རྗེ་ལ་འདི་ལྟར། སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང་། ཐར་བའི་རྒྱུར་འགྲོ་བ་ནི་གསུམ་སྟེ། ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བའོ། །ཞེས་སོགས་གདམས་པ་ལྟར། ཐར་འདོད་ཀྱི་སྐྱེས་བུས་ཉམས་སུ་བླང་བྱ་ལ་ཆོས་ཀྱི་དབྱེ་བ་མང་དུ་ཡོད་ནའང་དེ་གསུམ་ནི་ལམ་གྱི་གཙོ་བོ་སྟེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཀྱང་འདི་གསུམ་གྱི་ཉམས་ལེན་དུ་འདུ་བར་བཤད་པའི་ཕྱིར་རོ། །དེས་ན་འདི་འཆད་པ་ལ་གསུམ། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བའོ། །དང་པོ་ལ་གསུམ། ངེས་འབྱུང་འཚོལ་དགོས་ཚུལ། བསྐྱེད་པའི་ཐབས། སྐྱེས་པའི་ཚད་དོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས། ཐོག་མར་ངེས་འབྱུང་འཚོལ་དགོས་པ་ཡིན་ཏེ། འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བློ་རྒྱུད་ལ་མ་སྐྱེས་ན། འཁོར་བའི་ཟག་བཅས་ཀྱི་བདེ་བ་གཙོ་བོར་དོན་དུ་གཉེར་བར་བྱེད་པའི་བློ་མི་ལྡོག་ཅིང་དེ་མ་ལོག་པ་དེ་སྲིད་དུ་འཁོར་བའི་སྡུག་བསྔལ་མྱོང་བའང་ལྡོག་པར་མི་ནུས་ལ། འཁོར་བའི་བདེ་བ་ལ་ཆགས་པའི་སྲིད་པའི་ཞགས་པས་ཀྱང་འཁོར་བར་འཆིང་བར་བྱེད་པའི་ཕྱིར་ཏེ། རྗེ་བླ་མས། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ངེས་འབྱུང་བསྐྱེད་པའི་ཐབས་ལ་གཉིས། ཚེ་འདིའི་སྣང་ཤས་དང་། ཕྱི་མའི་སྣང་ཤས་ལྡོག་ཚུལ་ལོ། །དང་པོ་དེ་ལྡོག་ཚུལ་ཡོད་དེ། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་མིའི་ལུས་རྟེན་ཁྱད་པར་ཅན་འདི་རྙེད་ཀྱང་། འཆི་བ་མི་རྟག་པའི་ཚུལ་ནི། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་སོགས་ཀྱིས་དུས་མིན་དུ་འཆི་བའང་ཡོད་པའི་ཕྱིར་ཚེའི་རིང་མཐའ་བཤད་པ་བཞིན་ཐུབ་པའི་ངེས་པ་ཡང་མེད་པས། ཡུན་རིང་དུ་རང་དབང་གིས་བསྡད་ནས་འདོད་དོན་བསྒྲུབ་པའི་ལོང་མེད་ལ། ཚེ་འདི་ཙམ་གྱི་ཆེད་དུ་སྡིག་པའི་ལས་བྱས་ན་ཤི་ཚེ་ཕྱི་མར་ངན་འགྲོར་སྐྱེས་ནས་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་དུ་འོང་སྙམ་པ་ཡང་ཡང་བསམས་ན། ཚེ་འདིའི་བདེ་བ་ཙམ་ལ་ཆགས་པའི་སྣང་ཤས་ལྡོག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཡང་། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ཞེས་པ་སྟེ། འདི་ནི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་དབང་དུ་བྱས་པའོ། །གཉིས་པ་ཕྱི་མའི་སྣང་ཤས་ལྡོག་ཐབས་ཡོད་དེ། གྲོ་ནས་སོགས་སོ་སོར་བཏབ་པ་ལས་འབྲས་བུ་སོ་སོར་མ་ནོར་བར་འབྱུང་བ་ལྟར། རྒྱུ་དགེ་མི་དགེ་གཉིས་ལས་འབྲས་བུ་བདེ་སྡུག་མ་ནོར་བར་འབྱུང་གི །ནོར་ནས་མི་འབྱུང་བའི་ལས་འབྲས་མི་སླུ་བའི་ཚུལ་གྱིས། ཐོག་མ་མེད་པ་ནས་ད་ལྟའི་བར་རིགས་དྲུག་གི་ཁོར་བར་བདེ་སྡུག་སྣ་ཚོགས་མྱོང་ཞིང་། གལ་ཏེ་ངན་སོང་དུ་མ་སྐྱེས་ཀྱང་འཁོར་བ་ལས་མཐར་ཕྱིན་ཆད། བདེ་འགྲོར་སྐྱེས་ནའང་བདེ་སྡུག་སྤེལ་མར་མྱོང་དགོས་པའི་ཚུལ་ཡང་ཡང་བསམས་ན། ཕྱི་མའི་མངོན་མཐོའི་བདེ་བ་ཙམ་ལ་ཆགས་པའི་སྣང་ཤས་ཀྱང་ལྡོག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཡང་། ལས་འབྲས་མི་སླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག །ཅེས་སོ། །གསུམ་པ་ནི། འདིར་བསྟན་པའི་ངེས་འབྱུང་སྐྱེས་པའི་ཚད་ཡོད་དེ། འཁོར་བ་སྤྱི་དང་བྱེ་བྲག་དམྱལ་བའི་སྡུག་བསྔལ་སོགས་རང་རྒྱུད་ཀྱི་སྟེང་དུ་བཀར་ཏེ་བསམས་ཤིང་གོམས་པར་བྱས་པ་ཉིད་ཀྱིས་ནམ་ཞིག་གི་ཚེ་འཁོར་བའི་ཕུན་ཚོགས་གང་ལའང་། དེ་ལྟ་བུ་བདག་ལ་བྱུང་ན་སྙམ་པའི་བློ་ཆེར་མི་སྐྱེ་ཞིང་། ཉིན་མཚན་ཀུན་དུ་སྡུག་ཀུན་གཉིས་སྤངས་པའི་ཐར་བ་དོན་གཉེར་གྱི་བློ་རྩོལ་མེད་དུ་སྐྱེ་བ་དེའི་ཚེ། ལམ་གྱི་ངོ་བོར་གྱུར་བའི་ངེས་འབྱུང་རྣམ་དག་རྒྱུད་ལ་སྐྱེས་པར་འཇོག་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། དེ་ལྟར་གོམས་པས་སྲིད་པའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་སོ། །འདི་ནི་སམ་༼ལམ༽ གྱི་ངེས་འབྱུང་ཁྱད་པར་ཅན་ལ་དགོངས་པ་སྟེ། གཞན་དུ་ན། ལམ་རིམ་ཆུང་བ་ལས། དེ་ལྟར་སྡུག་ཀུན་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད་ཞིབ་ཏུ་ཤེས་པར་བྱས་པ་ན་དེ་འདོར་འདོད་པ་དང་། དེ་རྣམས་ཉེ་བར་ཞི་བ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཡིན་མོད། ཞེས་གསུངས་པ་ལྟར་གོ་དགོས་ལ། འདུལ་བའི་སྐབས་སུ་སོ་ཐར་གྱི་སྡོམ་པའི་རྒྱུར་ངེས་འབྱུང་དགོས་པར་བཤད་པའི་དོན་ལ། མཁན་སློབ་ཀྱིས་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་ལེགས་པར་བརྡ་སྤྲད་པ་ན། གང་ཟག་དེ་ལ་འཁོར་བ་སྤོང་འདོད་དང་། ཐར་བ་ཐོབ་འདོད་ཀྱི་བློའམ་གོ་བ་བརྟན་པོ་ཞིག་སྐྱེས་པས་ཀྱང་། ངེས་འབྱུང་དུ་འགྲོ་བར་བཤད་པ་ཡོད་པས། ངེས་འབྱུང་ལ་གཙོ་ཕལ་གྱི་ཁྱད་པར་ཡང་ཡོད་པ་མངོན་ནོ། །དེས་ན། འཁོར་བ་སྤྱིའི་སྡུག་བསྔལ་ལས་ཐར་འདོད་ཀྱི་བསམ་པ་ནམ་སྐྱེས་པ་ན་དེ་ལ་ངེས་འབྱུང་སྐྱེས་ཀྱང་། བྱེ་བྲག་རྒྱལ་བོའམ་ནད་གདོན་དགྲ་སོགས་ཀྱིས་གཙེས་པའི་ཚེ། དེ་ལས་ཐར་འདོད་སྐྱེས་པ་ཙམ་གྱིས་ནི་མི་ཆོག་གོ། །འོན་ཀྱང་དེས་རྐྱེན་བྱས་ནས་ངེས་འབྱུང་རྣམ་དག་ནི་སྐྱེ་བ་ཡོད་པར་གསལ་ཏེ། དཔེར་ན། ཀུན་དགའ་བོའི་ཚ་བོ་གཉིས་བཞིན་ནོ། །སྣང་ཤས་ཀྱིས་དབང་དུ་སོང་སྟེ་དགེ་བ་བྱས་པ་རྣམས་འཁོར་བ་མ་གཏོགས། ཐར་བའི་རྒྱུར་མི་འགྲོ་བར་བཤད་པའི་ཕྱིར་ན། ངེས་འབྱུང་གི་བསམ་པས་མ་ཟིན་པར། མདོ་སྔགས་ཀྱི་ཆོས་གང་ལ་ཉམས་ལེན་བྱས་ནའང་མངོན་མཐོའི་རྒྱུ་ཙམ་མ་གཏོགས། སངས་རྒྱས་ལྟ་ཅི་ཐར་བའི་རྒྱུར་ཡང་འགྲོ་དཀའ་བས་འདི་ལ་འབད་པ་གནད་ཆེ་བར་སེམས་ཏེ། འདི་དག་ནི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་དབང་དུ་བྱས་པའོ། །གཉིས་པ་བྱང་ཆུབ་ཀྱི་སེམས་བཤད་པ་ལ་གཉིས། སེམས་བསྐྱེད་དགོས་པའི་རྒྱུ་མཚན། བསྐྱེད་ཚུལ་དངོས་སོ། །དང་པོ་ནི། ཀུན་མཁྱེན་དོན་དུ་གཉེར་བར་འདོད་པའི་སྐྱེས་བུས། བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་ཏེ། གོང་དུ་བརྗོད་པ་ལྟར་ངེས་འབྱུང་སྐྱེས་ཀྱང་། དེ་དང་དེས་ཟིན་པའི་སྦྱིན་སོགས་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། ཐར་བའི་རྒྱུར་འགྲོ་ཡང་སངས་རྒྱས་སྒྲུབ་བྱེད་ཀྱི་རྒྱུ་ཁྱད་པར་ཅན་དུ་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཡང་། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་དང་ལྡན་པས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་སོ། །གཞན་ཡང་། སངས་རྒྱས་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཏེ། བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཐོབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དཔེར་ན། ནས་ཀྱི་ས་བོན་ནི། །དེའི་ཐུན་མོང་མ་ཡིན་པའི་རྒྱུ་དང་། ཕ་ནི་བུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པ་བཞིན་ནོ། །དེ་ཡང་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ཕལ་ཆེར་ནི། ཐེག་པ་གསུམ་པོ་གང་གི་བྱང་ཆུབ་དོན་གཉེར་གྱི་བསམ་པས་ཟིན་ན། དེ་དང་དེའི་བྱང་ཆུབ་ཏུ་འཁྲིད་པར་བྱེད་ཀྱང་། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བགྲོད་པའི་རྒྱུར་འགྱུར་གྱི། གཞན་དུ་མི་འགྱུར་བའི་ཕྱིར་རོ། །ཐེག་ཆེན་པར་འགྱུར་བ་ལ་སེམས་འདི་བསྐྱེད་དགོས་ཏེ། འདི་ཐེག་པ་ཆེན་པོར་འཇུག་པའི་སྒོ་ཡིན་པའི་ཕྱིར་ཏེ། འདི་རྒྱུད་ལ་སྐྱེས་ན་ཡོན་ཏན་གཞན་གང་ཡང་མེད་ཀྱང་ཐེག་ཆེན་པར་འཇོག་ལ། འདི་མ་སྐྱེས་ན་ཡོན་ཏན་གཞན་ཅི་འདྲ་ཞིག་ཡོད་ཀྱང་ཐེག་ཆེན་པར་མི་འགྱུར་བའི་ཕྱིར་ཏེ། ཐེག་ཆེན་པ་ཡིན་མིན་སེམས་འདི་བསྐྱེད་མ་བསྐྱེད་ཀྱི་སྒོ་ནས་འཇོག་པའི་ཕྱིར་ཏེ། དེ་ལྟར་ལམ་རིམ་ཆེ་ཆུང་སོགས་ནས་གསུངས་པའི་ཕྱིར་རོ། །ནམ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེས་པ་དེའི་ཚེ། ཡོན་ཏན་གཞན་ཡོད་དམ་མེད་ཀྱང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དོན་མཐུན་ཐོབ་ཅིང་། ལྷ་དང་བཅས་པའི་འགྲོ་བའི་ཕྱག་བྱ་བའི་གནས་སུ་འགྱུར་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོ། །གཞན་ཡང་སེམས་འདིས་སྡིག་པ་སྟོབས་ཆེ་བའང་ཟིལ་གྱིས་གནོན་ནུས་པ་ཡིན་ཏེ། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་པ་དང་། དེ་བཞིན་དུ་སྡོང་པོ་བཀོད་པའི་མདོ་སོགས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་སོ། །གཉིས་པ་སེམས་བསྐྱེད་པའི་ཚུལ་ཡོད་དེ། ཕན་ཡོན་དེ་ལྟར་མཐོང་བའི་སྐྱེས་བུ་དེས། རང་ཉིད་འཁོར་བར་འཁྱམས་ཚུལ་བསམས་ཏེ། ཀྱེ་མ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བརྒྱུད་དེ་མར་གྱུར་ནས་ཡང་ཡང་དྲིན་གྱིས་བསྐྱངས་པའི་འགྲོ་བ་འདི་དག་ཀྱང་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས་འཁོར་བའི་རྒྱ་མཚོར་ནི་ཁྱེར། ལས་དཀར་ནག་གི་ཞགས་པས་ནི་དམ་དུ་བཅིངས། བདག་འཛིན་གྱི་ལྕགས་ཀྱི་དྲ་བའི་སྦུབས་སུ་ནི་རབ་ཏུ་ཆུད། མ་རིག་པའི་མུན་པའི་སྨག་ཆེན་ནི་མུན་ལྟར་འཐིབས་པའི་འཁོར་བའི་གནས་སུ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྒྱུན་ཆད་མེད་པར་མནར་བའོ་སྙམ་དུ་བསམས་ནས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། དེ་རྣམས་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བཅིངས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཆུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་བར་མཛོད། །ཅེས་སོ། །སེམས་འདི་སྐྱེ་བའི་རྒྱུ་རྐྱེན་ལ་སྤྱིར་མང་དུ་ཡོད་ཀྱང་། སྦྱོང་ཚུལ་རྣམ་པ་གཉིས་བཤད་དེ། དེ་ཡང་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱོང་ཚུལ་ལོ། །འདི་གཉིས་ཀྱི་དོན་བསྡུ་ན། དང་པོ་ནི་འདི་ལྟར་བྱ་སྟེ། སེམས་ཅན་ཐམས་ཅད་སྔོན་རང་གི་མ་བྱེད་མྱོང་བ་ཤ་སྟག་ཡིན་པས་དེ་རྣམས་མར་ཤེས་པ་དང་། དེས་དྲིན་གྱིས་བསྐྱངས་པས་དྲིན་དྲན་པ་དང་། ལན་དུ་ཕན་འདོགས་དགོས་པས་དྲིན་གཟོ་བ་དང་། དེ་ཡང་བདེ་བ་ལ་འགོད་དགོས་པས་བདེ་བ་དང་ལྡན་ན་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་ན་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང་། དེ་ཡང་བདག་ཉིད་ཀྱིས་ངེས་པར་ཁུར་དུ་བླངས་ནས་བྱའོ་སྙམ་པའི་ལྷག་བསམ་རྣམ་དག་དང་དྲུག་གིས་འབྲས་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ཡང་འདི་ལྟར་བྱ་སྟེ། སྙིང་ཐག་པ་ནས་བདག་གི་བདེ་དགེ་ཐམས་ཅད་སྣ་བུག་གི་རླུང་དང་འགྲོགས་ནས་སེམས་ཅན་ཐམས་ཅད་ལ་ཕར་གཏོང་བ་དང་། དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཐབས་དེས་རང་ལ་ཚུར་ལེན་པའི་དམིགས་པ་ཡང་ཡང་བྱས་པའི་སྒོ་ནས། དེ་དག་གི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ནི་བྱམས་པ་དང་སྙིང་རྗེའི་སྒོ་ནས་སྦྱོང་ཚུལ་ཡིན་ཏེ། རང་གི་བདེ་དགེ་གཞན་ལ་གཏོང་བ་ནི་བྱམས་པ་དང་། གཞན་གྱི་སྡུག་བསྔལ་རང་ལ་ལེན་པ་ནི་སྙིང་རྗེའི་སྒོ་ནས་སྦྱོང་ཚུལ་ཡིན་པའི་ཕྱིར། འོན་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་མེད་དུ་མི་རུང་བའི་རྒྱུའི་གཙོ་བོ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་ཡིན་ཏེ། འདི་མེད་ན་བྱང་ཆུབ་ཀྱི་སེམས་སྐྱེ་མི་སྲིད་པར་ངེས་ལ། དེ་ལྟ་བུའི་སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་རང་གི་ངང་གིས་སྐྱེ་བ་ཡོད་ན། གཞན་མ་ཚང་ཡང་བྱང་ཆུབ་ཀྱི་སེམས་སྐྱེས་པའམ། མྱུར་དུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གང་རུང་ཞིག་ཡིན་པར་ངེས་པའི་ཕྱིར་རོ། །ཐེག་ཆེན་སེམས་བསྐྱེད་ལ་ནི་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པ་ཡང་། སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་ནས་དོན་དུ་གཉེར་དགོས་པའི་དོན་ཡིན་གྱི། སེམས་ཅན་གཞན་ལ་ཅུང་ཟད་ཀྱང་མི་གནོད་པར་འདུག་པ་ཙམ་གྱིས་ནི་མི་ཆོག་པའི་ཕྱིར་ཏེ། གཞན་ལ་མི་འཚེ་བ་ནི་ཐེག་པ་དམན་པ་ལའང་ཡོད་པའི་ཕྱིར་རོ། །དེས་ན་ཁ་ཅིག་ཞི་དུལ་གནས་པ་ཙམ་ལ་བྱང་ཆུབ་སེམས་དཔའོ་སྙམ་པ་ནི་ཆེར་འཁྲུལ་ལོ། །སྔར་བཤད་པའི་བྱམས་སྙིང་རྗེ་གཉིས་སེམས་བསྐྱེད་ཀྱི་རྒྱུར་འགྲོ་བར་མ་ཟད། དེ་གཉིས་ཀའང་ཕན་ཡོན་གཞན་མཐའ་ཡས་པ་ཞིག་མདོ་ལས་གསུངས་པ་མཐོང་བ་ལས་ན། དེའི་སྒོ་ནས་སེམས་བསྐྱེད་པ་ལ་འབད་པར་བྱ་སྟེ། འདི་དག་ནི་སྐྱེས་བུ་ཆེན་པོའི་དབང་དུ་བྱས་པའོ། །གསུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ་གཉིས། གཞུང་གི་དོན་དང་སྦྱར་བ། དེ་ལས་འཕྲོས་པའི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ། ལྟ་བ་འཚོལ་དགོས་ཚུལ། སྟོང་བ་རྟེན་འབྲེལ་གྱི་དོན་དུ་རྟོགས་ན་རྒྱལ་བ་དགྱེས་པར་བསྟན་པ། སྣང་སྟོང་ངོ་བོ་ཐ་དད་དུ་འཛིན་མི་རིགས་པར་བསྟན་པ། ལྟ་བའི་དཔྱད་པ་རྫོགས་ཚད། ཐལ་འགྱུར་བའི་ལྟ་བའི་ཁྱད་ཆོས་སོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་སྟོང་ཉིད་རྟོགས་པའི་ལྟ་བ་འཚོལ་དགོས་པ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་རྒྱུད་ལ་མ་སྐྱེས་ན། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་ཅི་ཙམ་གོམས་པར་བྱས་ཀྱང་། འཁོར་བའི་རྩ་བ་མ་རིག་པ་སྤོང་བར་མི་ནུས་པའི་ཕྱིར་ཏེ། དེ་ལྟར་ཡང་། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་ཤིང་། དེ་བཞིན་དུ། རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་དང་། དཀོན་བརྩེགས། ཕལ་ཆེན། མདོ་མང་སོགས་དང་། དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་ལས་ཀྱང་། སྟོང་ཉིད་རྟོགས་དགོས་པའི་རྒྱུ་མཚན་དང་རྟོགས་པ་ལ་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་པ་མཐོང་བའི་ཕྱིར་རོ། །གཉིས་པ་ནི། སྤྱིར་ལྟ་བའི་རྣམ་གྲངས་མང་ཡང་། ལྟ་བ་གང་ལ་ཞུགས་ན་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་འཇོག་ཚུལ་ཡོད་དེ། འཁོར་འདས་ཀྱི་ཆོས་རྣམས་ཀྱི་ཐོབ་བྱ་ཐོབ་བྱེད་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ནམ་ཡང་མི་སླུ་བར་མཐོང་ཞིང་། དེ་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་བཏགས་དོན་བཙལ་བའི་ཚེ། བདེན་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་གྱི་དམིགས་པའི་གཏད་སོ་མེད་པར་རྟོགས་པ་ན། གང་ཟག་དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་འཇོག་རིགས་པའི་ཕྱིར་ཏེ། དེ་ལྟར་ཡང་། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་སླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། །ཞེས་སོ། །གསུམ་པ་ནི། སྣང་བ་རྟེན་འབྲེལ་དང་སྟོང་བ་དེའི་རང་བཞིན་མེད་པ་གཉིས་ངོ་བོ་ཐ་དད་པར་འཛིན་མི་རིགས་ཏེ། ཕྱིའི་མྱུ་གུ་སོགས་དང་ནང་གི་བདེ་སྡུག་སོགས་རང་རང་གི་རྒྱུ་རྐྱེན་དང་འདོགས་བྱེད་ཀྱི་རྟོག་པ་ལ་བརྟེན་ནས་ཅུང་ཟད་ཀྱང་མི་འཆོལ་བར་འབྱུང་བའི་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་རྣམས་སླུ་བ་མེད་པ་ལ་ངེས་ཤེས་གཏིང་ནས་འདྲོངས་པ་དང་། དེ་དག་བཏགས་དོན་ཇི་ལྟར་ཡིན་བཙལ་བའི་ཚེ་རྙེད་རྒྱུ་རྡུལ་ཙམ་ཡང་མེད་པའི་སྟོང་བར་ངེས་ནས། སྣང་སྟོང་དེ་གཉིས་ངོ་བོ་ཐ་དད་ཀྱི་བདེན་གྲུབ་བམ་རིགས་ཤེས་ཀྱི་དཔྱད་བཟོད་དུ་གྲུབ་པར་ཁས་ལེན་དགོས་པ་མ་ཡིན་ཡང་། དེ་ལྟར་མ་གོ་བར་དེ་གཉིས་གཞི་གཅིག་གི་སྟེང་དུ་གཉིས་ཚོགས་སུ་འདུར་མི་རུང་བའི་འགལ་བར་འདོད་པ་དེ་སྲིད་དུ། ད་དུང་ཐུབ་པའི་དགོངས་པ་ལེགས་པར་རྟོགས་ཞེས་འཇོག་ཏུ་མི་རུང་བའི་ཕྱིར་ཏེ། དེ་སྐད་དུ་ཡང་། སྣང་བ་རྟེན་འབྲེལ་སླུ་བ་མེད་པ་དང་། །སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་སོ། །དེ་འདྲ་བའི་སྣང་སྟོང་གཉིས་ངོ་བོ་གཅིག་ཡིན་ཏེ། ཆོས་རྣམས་རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་ཐམས་ཅད་འཐད་པར་བཞག་ཆོག་པའི་ཕྱིར་ཏེ། རྟེན་འབྲེལ་གང་ཡིན་རང་བཞིན་གྱིས་སྟོང་ཞིང་། རང་བཞིན་གྱིས་སྟོང་བའི་ཆོས་རྣམས་ནི་བརྟེན་ནས་འབྱུང་བའི་ཕྱིར་ཏེ། རྩ་ཤེ་ལས། གང་ལ་སྟོང་བ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་བ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་བ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྣང་སྟོང་དེ་གཉིས་གཞི་གཅིག་གི་སྟེང་དུ་མི་འགལ་བར་ངོ་བོ་གཅིག་ཏུ་འཇོག་ནུས་པའི་དཔེ་ཡོད་དེ། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་གང་དུ་སྣང་བ་དང་དེས་སྟོང་བ་གཉིས་ངོ་བོ་གཅིག་ཏུ་མི་འགལ་བ་བཞིན་ནོ། །བཞི་བ་ནི། འོ་ན་དུས་གང་གི་ཚེ་རྙེད་ཅེ་ན། ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བའི་དཔྱད་པ་རྫོགས་ནས་རྒྱལ་བའི་དགོངས་པ་རྙེད་ཚད་ཡོད་དེ། རིགས་པ་ཡང་དག་གིས་དཔྱད་པ་ན། དུས་ནམ་ཞིག་གི་ཚེ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བའི་བྱ་བྱེད་ནམ་ཡང་མི་སླུ་བར་བློ་ཡུལ་དུ་འཆར་བ་དང་། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་སང་ངེ་བ་གཉིས་ལས། གཅིག་འཇོག་ཐུབ་པའི་ཚེ་ཅིག་ཤོས་འཇོག་མི་བདེ་བ་ལྟ་བུ་རེས་འཇོག་མི་དགོས་པར། རྒྱུ་ལས་འབྲས་བུ་འབྱུང་བའི་རྟེན་འབྲེལ་མི་སླུ་བའི་དོན་མཐོང་བ་ཙམ་ཉིད་ནས་དེའི་བྱེད་པས། བདེན་འཛིན་གྱིས་བཟུང་བ་ལྟར་གྱི་ཞེན་ཡུལ་མེད་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ་བློ་ཡུལ་དུ་མི་བདེ་བ་མེད་པའི་གོ་བ་ཆགས་པ་ན། ལྟ་བ་དེ་ལ་ཐོས་བསམ་གྱི་དཔྱད་པ་རྫོགས་ནས་ཐུབ་པའི་དགོངས་པ་རྙེད་པར་འཇོག་རིགས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་སླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་སོ། །ཚུལ་འདི་ལྟར་རྙེད་པར་ཤིན་ཏུ་དཀའ་སྟེ། ལམ་རིམ་ཆུང་བ་ལས། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་། རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་སོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་རྙེད་པར་དཀའ་བ་ཡིན་ནོ། །ཞེས་གསུངས་པས་སོ། །འདི་ལྟར་རྙེད་ན་ངོ་མཚར་ཤིན་ཏུ་ཆེ་བ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་བ་འདི་ཤེས་ནས། ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །ལྔ་བ་ནི། གཞན་ཡང་། ཐལ་འགྱུར་བའི་ལྟ་བའི་ཁྱད་ཆོས་ཡོད་དེ། སྤྱིར་སྣང་བས་མེད་མཐའ་དང་སྟོང་བས་ཡོད་མཐའ་སེལ་ཡང་། འདིར་དེ་ལས་ལྡོག་སྟེ་སྣང་བ་རྟེན་འབྲེལ་གྱི་དོན་གོ་ན་ཐ་སྙད་ཙམ་དུ་ཡོད་ཀྱི་བདེན་གྲུབ་ཏུ་མེད་པར་ཤེས་ནུས་པས་རྟག་མཐའ་སེལ་བ་དང་། རང་བཞིན་གྱིས་སྟོང་བར་ངེས་ན་བདེན་གྲུབ་ཏུ་མེད་ཀྱི། ཐ་སྙད་དུ་མེད་པ་མ་ཡིན་པར་ཤེས་ནུས་པས་ཆད་མཐའ་སེལ་ཞིང་། རང་བཞིན་གྱིས་སྟོང་བའི་རྒྱུ་ཉིད་ལ་བལྟོས་ནས་འབྲས་བུ་དང་། འབྲས་བུ་ལ་བལྟོས་ནས་རྒྱུར་འཇོག་པའི་རྒྱུ་འབྲས་ཀྱི་འཆར་ཚུལ་ལེགས་པར་ཤེས་པ་ཉིད་ཀྱིས་རྟག་ཆད་ཀྱི་ལྟ་བ་ངན་པའི་དབང་དུ་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་དུའང་། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་བས་མེད་མཐའ་སེལ་ཞིང་སྟོང་བ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ནི་སྐྱེས་བུ་ཆེ་འབྲིང་དང་ཐུན་མོང་བའི་ལམ་གྱི་དབང་དུ་བྱས་པ་སྟེ། ཇི་སྐད་བཤད་པ་རྣམས་ནི་རྗེ་ཉིད་ཀྱིས་ལམ་གྱི་གཙོ་བོ་རྣམ་གསུམ་བསྟན་པ་ལས་འབྱུང་བའི་དོན་གྱི་དངོས་གཞི་བསྡུས་ནས་བཤད་པ་ཡིན་ནོ། །གཉིས་པ་འཕྲོས་དོན་བཤད་པ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁའི་དབྱིངས་སུ་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རལ་གྲི་དང་། གཡོན་གླེགས་བམ་འཛིན་པ། རལ་བའི་ཐོར་ཚུགས་ཅན། དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རྗེ་བཙུན་བཙོང་ཁ་བ་ཆེན་པོ་དང་དབྱེར་མི་ཕྱེད་པའི་བདག་ཉིད་དུ་གྱུར། དེའི་མཐའ་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ། སངས་རྒྱས་བྱང་སེམས། ཉན་རང་། སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རྗེ་བཙུན་འཇམ་པའི་དབྱངས་ལ་བླ་མ་སངས་རྒྱས་བྱང་སེམས་སོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར་བར་བསམ་ལ། ཕྱག་འཚལ་ཅི་རིགས་དང་། ཁྱད་པར་མཁྱེན་སྲིད་མར་འབྱུང་བ་དང་། བསྡུ་ན། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་། མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་མམ་བདུན་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་མཎྜལ་ཅི་རིགས་ཕུལ་ནས། སྡིག་ལྟུང་ཉེས་པའི་ཚོགས་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་འཆགས་སོ། །རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱིས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། དགེ་བའི་རྩ་བ་ཐམས་ཅད་ཀྱང་སངས་རྒྱས་འགྲུབ་པ་དང་ཁྱད་པར་སྟོང་ཉིད་རྟོགས་པའི་ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བའི་ཕྱིར་བསྔོ་བར་བྱའོ། །ཞེས་ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་གསོལ་འདེབས་གཞན་བྱེད་དམ། མ་བྱས་ཀྱང་རུང་། བསྡུ་ན། མགོན་པོ་འཇམ་པའི་དབྱངས་ལ་སོགས་པའི་སྐྱབས་གནས་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་། ཁྱད་པར་དུ་ལྟ་བ་རྣམ་པར་དག་པ་མྱུར་དུ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་ཉེར་གཅིག་སོགས་ཀྱིས་གསོལ་བ་དྲག་ཏུ་གདབ། མཐར་སྐྱབས་གནས་གཞན་ཐམས་ཅད་རྗེ་བཙུན་དང་། དེ་ཉིད་རང་ལ་ཐིམ་པས་རང་ཉིད་ཀྱང་རྗེ་བཙུན་དུ་གྱུར་བར་བསམ་མོ། །དེ་ནས་དལ་འབྱོར་སྙིང་བོ་ལེན་པའི་སྐོར་སོགས་རྒྱས་པར་བསམས་ཀྱང་ལེགས་པར་བཤད་མོད། འདིར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་སྙིང་བོར་དྲིལ་ཏེ། བསྡུ་ན་འདི་ལྟར་བསམ་པར་བྱ་སྟེ། དེ་ཡང་དང་པོར་ལུས་རྟེན་འདི་རྙེད་ཀྱང་། འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་པ་སོགས་འཆི་བ་མི་རྟག་པའི་ཚུལ་དང་། ཤི་ནས་ཀྱང་མི་དགེ་བའི་ལས་ཀྱི་དབང་གིས་ངན་འགྲོར་སྐྱེས་ནས་སྡུག་བསྔལ་མྱོང་དགོས་པའི་ཚུལ་རྣམས་ཅི་ལྟར་རིགས་པར་བསམས་ཏེ་ཚེ་འདི་ཙམ་གྱི་བདེ་བ་ལ་ཆགས་པའི་བློ་ཅི་ལྡོག་བྱ། དེ་ནས་གལ་ཏེ་དགེ་བའི་ལས་ཀྱི་དབང་གིས་བདེ་འགྲོར་སྐྱེས་ནའང་འཁོར་བ་ལས་མཐར་ཕྱིན། སྡུག་བསྔལ་མྱོང་བ་ལས་མ་འདས་པའི་ཚུལ་དང་། འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་མདོར་བསྡུས་རེ་བསམས་ནས་ཕྱི་མའི་མངོན་མཐོའི་བདེ་བ་ཙམ་ལ་ཆགས་པའི་བློ་དང་། འཁོར་བ་སྤྱི་ལས་བློ་ཅི་ལྡོག་དང་། ཐར་བ་དོན་གཉེར་གྱི་བློ་ཅི་སྐྱེ་བྱ། དེ་ནས་རང་ཉིད་སྡུག་བསྔལ་གྱིས་ཇི་ལྟར་གཟིར་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་ཡིན་པར་བལྟས་ནས་རང་དོན་ཙམ་གཙོ་བོར་བྱེད་པའི་བློ་འགོག་ཅིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱི་དམིགས་རྣམ་དྲན་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བློ་བརྟན་པོ་ཞིག་གམ། ཐ་ནའང་ཚིག་ཙམ་ཞིག་ལན་མང་དུ་བརྗོད་པའི་སྒོ་ནས་བཅོས་མའི་ཚུལ་གྱིས་ཀྱང་བསྐྱེད་པར་བྱས་ན་ཕན་ཡོན་ཆེ་བར་རྗེ་ཉིད་ཀྱིས་བཤད། དེ་ནས་བསམ་པ་དེས་ཟིན་པར་བྱས་ཏེ་ཡང་དག་པའི་ལྟ་བ་ལ་ཇི་ལྟར་ནུས་བཞིན་འཇུག་པར་བྱའོ་སྙམ་ནས་འཆད་འགྱུར་ལྟར་བསམ་མོ། །གཉིས་པ་ལ་གཉིས། གཏན་ལ་ཕབ་ནས་བསྒོམ་ཚུལ་དང་། ལུགས་འདིའི་ཐ་སྙད་ཀྱི་རྣམ་གཞག་འཇོག་ཚུལ་ལོ། །དང་པོ་ལ་གཉིས། མཉམ་གཞག་དང་། རྗེས་ཐོབ་ཏུ་སྐྱོང་ཚུལ་ལོ། །དང་པོ་ལ་གཉིས། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལོ། །དང་པོ་ནི། སྤྱིར་བདག་མེད་གཏན་ལ་འབེབ་བྱེད་ཀྱི་རིགས་པའི་རྣམ་གྲངས་མང་དུ་གསུངས་པ་ལས། ལམ་རིམ་ཆེ་ཆུང་གཉིས་ཀ་ལས་གཅིག་དུ་བྲལ་གྱི་སྒོ་ནས་གཏན་ལ་ཕབ་པ་ལྟར། འདིར་ཡང་གཙོ་བོར་དེའི་དབང་དུ་བྱས་ཏེ་བཤད་པར་བྱའོ། །འདི་ལ་གནད་བཞི་ཚང་སྟེ། དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད། བདེན་པའི་གཅིག་བྲལ་ངེས་པའི་གནད། བདེན་པའི་དུ་བྲལ་ངེས་པའི་གནད་དོ། །དང་པོ་ནི། ཐོག་མར་དགག་བྱའི་སྣང་ཚུལ་ངེས་དགོས་པ་ཡིན་ཏེ། ཆོས་གང་བདེན་པར་གྲུབ་པའི་དོན་སྤྱི་བློ་ཡུལ་དུ་མ་ཤར་བར། དེ་ཉིད་བདེན་པས་སྟོང་པའི་དོན་སྤྱི་ཡང་བློ་ཡུལ་དུ་འཆར་མི་ནུས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པས་སོ། །སྤྱིར་ངའོ་སྙམ་པའི་བློ་ཡིན་ཚད་བདག་འཛིན་མ་ཡིན་ཏེ། འདི་ལ་རིགས་གསུམ་ཡོད་པའི་ཕྱིར་ཏེ། མིང་བརྡ་དང་རྟོག་པས་བཏགས་ཙམ་གྱིས་ཁྱད་པར་དུ་བྱས་ནས་ངའོ་སྙམ་དུ་འཛིན་པ་དང་། རང་བཞིན་གྱིས་གྲུབ་པས་ཁྱད་པར་དུ་བྱས་ནས་ངའོ་སྙམ་དུ་འཛིན་པ་དང་། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་ངའོ་སྙམ་དུ་འཛིན་པ་དང་གསུམ་ཡོད་དོ། །དང་པོ་ནི། དབུ་མའི་ལྟ་བ་རྙེད་པའི་གང་ཟག་མ་གཏོགས་གཞན་གྱི་རྒྱུད་ལ་མེད། གཉིས་པ་ནི། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་ཡིན། གསུམ་པ་ནི། སོ་སྐྱེའི་རྒྱུད་ཀྱི་ང་འཇོག་པའི་ཐ་སྙད་པའི་བློ་ཞིག་ལ་བྱེད་པ་སྟེ། དེ་གསུམ་ལས་ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་བཤད་པར་བྱའོ། །དེ་ཡང་། བྲག་གཡང་ལྟ་བུ་ལས་ལྷུང་ལ་ཁད་པའི་ཚེ། ཕུང་བོ་ལྷུང་བར་འགྱུར་རམ་སྙམ་པ་ཙམ་མ་ཡིན་པར། ང་ལིངས་པོ་ཞིག་ལྷུང་ངམ་སྙམ་པའི་འདུ་ཤེས་འབྱུང་བ་ལའང་། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་གསལ་མོད། འོན་ཀྱང་འདི་ལྟར་བྱ་སྟེ། རང་ཅག་རྣམས་གཉིད་ལོག་པའི་གནས་སྐབས་ཚུན་ཆད་དུའང་། ང་ང་སྙམ་དུ་སྙིང་གི་དཀྱིལ་ནས་དམ་སྦྲིང་སྦྲིང་འཆར་བ་ཞིག་རྒྱུན་དུ་ཡོད་ཅིང་། ཁྱད་པར་དུ་རང་གིས་ཉེས་པ་མ་བྱས་པ་ལ་གཞན་ཞིག་གིས་ཁྱོད་ཀྱིས་ཉེས་པ་དེ་བྱས་སོ་ཞེས་ནན་གྱིས་བཀལ་བའི་ཚེ། ངས་ཉེས་པ་མ་བྱས་ཀྱང་། འདིས་ང་ལ་འདི་ལྟར་བསྙོན་འཛུག་པ་འདི་ཅི་ལྟ་བུ་ཞིག་སྟེ། ང་ང་སྙམ་དུ་སྙིང་ཐད་ནས་ལྷང་ལྷང་འཆར་བར་ཡོད་ལ། དེའི་ཚེ་ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་གསལ་བར་ཡོད་དོ། །བློ་འདི་འདྲ་ཞིག་ད་ལྟ་མེད་ཀྱང་གསལ་བཏབ་སྟེ་སྐྱེར་བཅུག་ནས། བློ་བྱིང་དེ་ངར་འཛིན་དེས་ཇི་ལྟར་བཟུང་བའི་ཚུལ་ལས་མ་གཡོས་པའི་ངང་ནས་རྒྱུན་ཆགས་སུ་བཞག །བློའི་ཆ་ཕྲ་མོ་ཞིག་གིས། ག་རེ་ངར་འཛིན་འདིས་ང་དེ་གཞི་གང་དུ་བཟུང་། ཚུལ་ཇི་ལྟར་བཟུང་སྙམ་དུ་བརྟག་པར་བྱའོ། །དེའི་ཚེ་ངར་འཛིན་དེས་ང་ནི་གཞི་ཕྱིའི་དངོས་པོ་གཞན་གྱི་སྟེང་དུ་བཟུང་བ་མ་ཡིན་གྱི། རང་གི་ཕུང་བོའི་སྟེང་དུ་ཡིན་ལ། དེ་ཡང་ལུས་སེམས་རེ་རེ་ཁོ་ན་དང་། གཟུགས་དང་ཚོར་བ་སོགས་ཕུང་བོ་ལྔ་རེ་རེ་བ་ཁོ་ནའི་སྟེང་དུ་དམིགས་ནས་ངའོ་སྙམ་དུ་མི་འཛིན་གྱི། ལུས་སེམས་གཉིས་ཚོགས་སམ། ཕུང་བོ་ལྔ་སོ་སོར་མ་ཕྱེ་བར་སྦམ་མེ་བ་སྤྱི་ཙམ་དེའི་སྟེང་དུ། འཛིན་ཚུལ་ཕར་བཏགས་པ་ཙམ་མ་ཡིན་པར། མ་བཏགས་གོང་ནས་ཀྱང་འདོགས་རྒྱུའི་ང་ཚུགས་སེ་བ་ཞིག་ཏུ་གྲུབ་གྲུབ་པར་བཟུང་བ་དེ། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་ལོ། །འདི་ནི་གཞན་གྱིས་བཤད་པའི་ཚིག་སྤྱི་དང་། བརྡ་དང་ཐ་སྙད་ཙམ་གྱིས་མི་ཚིམ་པར་རང་གི་རྒྱུད་ལ་ཚུར་བཀར་ཏེ་རྗེན་ཅེར་གྱིས་ངེས་པ་ནི། དགག་བྱ་ངེས་པའི་གནད་ཡིན་ནོ། །གཉིས་པ་ཁྱབ་པ་ངེས་པའི་གནད་ནི། ངར་འཛིན་དེས་ཇི་ལྟར་བཟུང་བའི་ཞེན་དོན་གྱི་ང་དེ། ཕུང་བོ་ལྔ་བོ་འདིའི་སྟེང་དུ་གྲུབ་ན། འདི་རྣམས་དང་གཅིག་ཏུ་གྲུབ་བམ། ཐ་དད་དུ་གྲུབ། གྲུབ་ཚུལ་དེ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་མི་སྲིད་པར་ཐག་ཆོད་པར་ངེས་པ་ནི། ཁྱབ་པ་ངེས་པའི་གནད་དོ། །དེ་ཡང་ཆོས་ཅི་འདྲ་ཞིག་བློ་ལ་འཆར་བ་དང་། གཅིག་གམ། དུ་མ་གང་རུང་གི་རྣམ་པར་འཆར་གྱི། དེ་གཉིས་གང་རུང་མ་ཡིན་པའི་འཆར་ཚུལ་མེད་ཀྱང་། ཁྱད་པར་འདི་ངེས་པ་ལ། སྤྱིར་ཡོད་ན་གཅིག་དང་དུ་མ་གང་རུང་ཡིན་དགོས་པའི་ཁྱབ་པ་ངེས་པ་ཞིག་སྔོན་དུ་གཏོང་དགོས་སོ། །གསུམ་པ་བདེན་པའི་གཅིག་བྲལ་ངེས་ཚུལ་ནི། དེ་ལྟ་བུའི་ང་དེ། རང་གི་ཕུང་བོ་འདིའི་སྟེང་དུ་དེ་དང་གཅིག་ཏུ་གྲུབ་བམ་སྙམ་ན། དེ་ནི་མི་འཐད་དེ། དེ་ལྟར་གྲུབ་ན། ངའམ་བདག་ཁས་ལེན་པ་དོན་མེད་དུ་ཐལ་བ་དང་། གང་ཟག་གཅིག་ཉིད་ལའང་བདག་དུ་མ་ཡོད་པར་ཐལ་བ་དང་། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པར་ཐལ་བའི་རིགས་པ་གསུམ་གྱིས་གནོད་པའི་ཕྱིར་རོ། །གནོད་བྱེད་དང་པོ་ཡོད་དེ། སྤྱིར་ངའམ་བདག་ནི་ཕུང་བོའི་ཉེ་བར་ལེན་པ་པོ་དང་། ཕུང་པོ་ནི་བདག་གི་ཉེ་བར་བླང་བྱ་ཡིན་པ་ལ། དེ་འདྲའི་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་ན་ནི། དེ་རྣམས་དང་རང་བཞིན་གྱིས་གྲུབ་པའི་ཅིག་ཏུ་སོང་བས། ཆ་མེད་ཀྱི་གཅིག་ཏུ་འགྱུར་ལ། ཆ་མེད་ཀྱི་གཅིག་ཡིན་པ་ཞིག་ལ་ནི། གང་གིས་ཉེ་བར་ལེན་པ་པོ་དང་། གང་ཉེ་བར་བླང་བྱའི་རྣམ་གཞག་སོགས་མི་འཐད་པའི་ཕྱིར་ཏེ། རྩ་ཤེ་ལས། ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་རྣམ་གཞག་མི་འཐད་ན། །དེའི་ཚེ་བདག་ཙམ་ཡང་མེད་པར་སོང་བ་ཡིན་ཏེ། རྩ་བ་ཤེས་རབ་ལས། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་པ་བདག་ཡིན་ན། ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་སོ། །ཉེ་བར་ལེན་པ་པོ་དང་བླང་བྱའི་ཁྱད་པར་ནི། ངས་ལུས་བླངས་ངའི་ལུས་ཡིན། ངའི་སེམས་ཡིན་ཞེས་སོགས་ཀྱི་སྒྲས། ང་དང་ལུས་སེམས་ཐ་དད་དུ་བརྗོད་པ་ལྟར་བློ་ལ་སྣང་ཞིང་འདོད་དགོས་པ་ལས། དེ་དག་གཅིག་ན་ལུས་ང་བླངས། ང་ལུས་ཡིན་ཞེས་སེམས་ཡིན་ཞེས་གཅིག་ཏུ་བརྗོད་རིགས་ཤིང་འདོད་དགོས་པའི་སྐྱོན་དུ་འགྱུར་བའོ། །གཞན་ཡང་། དེ་མི་འཐད་དེ། དེ་ལྟར་ཡིན་ན། འདིར་མ་ཤི་བར་ཕུང་བོ་དང་བཅས་བཞིན་དུ་ཕྱི་མར་སྐྱེ་བ་ལེན་དགོས་པ་སོགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། དེ་འདྲའི་ང་དེ་ཕུང་བོ་རྣམས་དང་གཅིག་ཏུ་མ་གྲུབ་བར་བསམ་མོ། །གཉིས་པ་བདག་ཏུ་མར་ཐལ་བའི་སྐྱོན་ཡོད་དེ། སྤྱིར་གང་ཟག་གཅིག་ལ་སྐྱེ་བ་དང་དུས་སྔ་ཕྱི་ཐ་དད་པའི་བདག་དུ་མ་ཡོད་པ་ལ་སྐྱོན་མེད་ཀྱང་། ངར་འཛིན་དེས་བཟུང་བ་ལྟར་གྱི་ང་དེ། ཕུང་བོ་རྣམས་དང་གཅིག་ཏུ་གྲུབ་ན། གང་ཟག་གཅིག་ཉིད་ལ་དུས་གཅིག་ཏུ་གཟུགས་སོགས་ཕུང་བོ་མི་འདྲ་བ་ལྔ་ཡོད་པ་ལྟར་བདག་ཀྱང་མི་འདྲ་བ་ལྔ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རམ། ཡང་ན། ང་གཅིག་ཡིན་པ་དེ་བཞིན་དུ་ཕུང་བོ་ལྔ་ཡང་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་གཅིག་ཏུ་མ་གྲུབ་སྙམ་དུ་བསམ་པ་སྟེ། འཇུག་པ་ལས། གལ་ཏེ་ཕུང་བོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་བོར་འགྱུར། ཞེས་སོ། །གསུམ་པ་ནི། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པར་ཐལ་བའི་སྐྱོན་ཡོད་དེ། དེ་ཡང་སྤྱིར་ང་ཙམ་ཞིག་སྐྱེ་འཇིག་བྱེད་པ་མི་འགལ་མོད། ངར་འཛིན་དེའི་གཟུང་དོན་གྱི་ང་དེ་སྐྱེ་འཇིག་བྱེད་ན། རང་བཞིན་གྱིས་གྲུབ་པའི་སྐྱེ་འཇིག་བྱེད་པར་སོང་བས། འདི་ལ་སྐྱོན་བཞིར་འགྱུར་བའི་ཐོག་མར་བརྟག་པ་གཉིས་བྱ་སྟེ། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པའི་སྐད་ཅིག་སྔ་ཕྱིའི་ཆ་སོ་སོ་བ་རྣམས་དང་གཅིག་གམ། ཐ་དད། གཅིག་གོ་ཞེ་ན། སྔ་ཕྱི་གཅིག་ཏུ་འགྱུར་བ་ནི། དེ་དེ་རྣམས་དང་གཅིག་ཏུ་མི་འཐད་དེ། དེ་ལྟར་ན་སྐྱེ་བ་སྔ་ཕྱིའི་ང་དང་ཚེ་འདིའི་ང་རྣམས་ཆ་མེད་ཀྱི་གཅིག་ཏུ་འགྱུར་བའི་ཕྱིར། འགྲོ་བ་རིགས་དྲུག་གི་གཞི་མཐུན་ཡོད་པར་ཐལ་ལོ། །གལ་ཏེ་ཐ་དད་དོ་སྙམ་ན། སྐྱེ་བ་དྲན་པ་མི་འཐད་པར་ཐལ་བ་ནི། སྤྱིར་ཐ་དད་ཙམ་ལ་སྐྱོན་མེད་ཀྱང་། དེ་འདྲའི་ང་དེ་ཆ་དེ་རྣམས་དང་ཐ་དད་པ་ཡིན་ན། བལྟོས་མེད་དམ་འབྲེལ་མེད་ཀྱི་ཐ་དད་དུ་སོང་བས། ཆ་ཐམས་ཅད་ནས་ཐམས་ཅད་དུ་ཐ་དད་དུ་འགྱུར་ལ། དེ་ལྟ་ན་ང་དེའི་ཚེ་དེའི་དུས་ན་འདི་འདྲ་ཞིག་ཏུ་སྐྱེས་སོ་ཞེས་སྐྱེ་བ་དྲན་པའང་མི་སྲིད་པར་འགྱུར་ཏེ། སྐྱེ་བ་སྔ་ཕྱིའི་ཆ་གཉིས་ག་འབྲེལ་མེད་རག་མ་ལས་པའི་སོ་སོ་བ་ཡིན་འདུག་པའི་ཕྱིར་ཏེ། དཔེར་ན། སྐྱེས་བུ་ཞིག་གིས་རང་དང་རྒྱུད་ཐ་དད་པའི་གང་ཟག་ལ། ང་ནི་དེར་གྱུར་ཏོ་སྙམ་དུ་མི་དྲན་པ་བཞིན་ནོ། །གལ་ཏེ་རྒྱུད་གཅིག་ཡིན་པས་སྐྱོན་མེད་དོ་ཞེ་ན། ལན་དེ་ཡང་མི་འཐད་དེ། རྒྱུད་གཅིག་པ་ནི་ཐ་སྙད་དུ་འདོད་ཀྱང་། ངར་འཛིན་དེས་བཟུང་བ་ལྟར་ཐ་དད་དུ་གྲུབ་ན། བལྟོས་མེད་ཀྱི་སོ་སོ་བར་འགྱུར་བའི་ཕྱིར། རང་གི་མཚན་ཉིད་ཀྱིས་གྲུབ་པར་སོང་བས། དེ་ལ་ནི་རྒྱུད་གཅིག་པ་ཡང་མི་རུང་ངོ་ཞེས་སྟོན་པ་ལ། འཇུག་པ་ལས། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། ཞེས་སོ། །གཞན་ཡང་། ལས་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟོས་པ་ཡོད་པར་ཐལ། རང་བཞིན་གྱིས་གྲུབ་པའི་གང་ཟག་གཞན་གྱིས་ལས་བསགས་ནས། འབྲས་བུ་རང་བཞིན་གྱིས་གྲུབ་པའི་གང་ཟག་གཞན་གྱིས་མྱོང་བར་འགྱུར་བའི་ཕྱིར་ཏེ། ལས་གསོག་པ་པོ་དེས། ལས་ཀྱི་འབྲས་བུ་མ་མྱོང་གོང་ནས་ཞིག་ཟིན་པའི་ཕྱིར་རོ། ཁྱབ་སྟེ། རང་བཞིན་གྱིས་གྲུབ་བཞིན་དུ་ཞིག་ན། ཕྱིས་སྐྱེ་བ་ལེན་པ་མི་འཐད་པའི་ཕྱིར་ཏེ། རྩ་ཤེ་ལས། ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། དེ་ལ་སོགས་པར་ཐལ་བར་འགྱུར། །ཞེས་སོ། །དེ་ལྟར་དཔྱད་པས་དེ་འདྲའི་ང་དེ་ཕུང་བོ་ལྔའི་སྟེང་དུ་དེ་དག་དང་གཅིག་ཏུ་མ་གྲུབ་བོ་སྙམ་དུ་བསམ་པར་བྱའོ། །བཞི་བ་བདེན་པའི་དུ་བྲལ་ངེས་པའི་གནད་ནི། དེ་ཕུང་བོ་རྣམས་དང་གཅིག་ཏུ་མ་གྲུབ་ཀྱང་། ཐ་དད་དུ་གྲུབ་བམ་སྙམ་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་སོང་བས། འབྲེལ་བ་མེད་པའི་ཐ་དད་དུ་འགྱུར་ལ། དེ་ལྟ་ན། ཀ་བ་ལས་ལོགས་སུ་བུམ་པ་བཟུང་དུ་ཡོད་པ་ལྟར། ཕུང་བོ་ལྔ་སོ་སོར་བསལ་བའི་ལོགས་ཞིག་ནམ་བལྟོས་པར། ང་དེ་ཡན་གར་དུ་མཐོང་དགོས་པ་ལས། དེ་མི་མཐོང་བའི་ཕྱིར་ཏེ། རྩ་ཤེ་ལས། བདག་ནི་ཉེ་བར་ལེན་པོ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །བཟུང་ཡོད་རིགས་ན་བཟུང་དུ་མེད། །ཅེས་སོ། །གཞན་ཡང་། དེ་ལྟར་ཐ་དད་དུ་མ་གྲུབ་སྟེ། སྤྱིར་ང་ཙམ་ཞིག་ནི། ཕུང་བོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་འཇིག་གནས་གསུམ་དང་ལྡན་པའི་ཕྱིར་ཏེ། ཕུང་བོའི་ཚོགས་པའི་སྟེང་དུ་ངའོ་སྙམ་པའི་བློ་སྐྱེ་ཞིང་། ཕུང་བོ་འབྱུང་འཇིག་གི་ཚེ་ང་ཡང་སྐྱེ་འཇིག་བྱེད་པར་འཇོག་རིགས་པའི་ཕྱིར་ཏེ། དཔེར་ན། ཕུང་སོགས་དར་རྒུད་བྱེད་པའི་ཚེ་ང་ཡང་དར་རྒུད་བྱེད་པར་འཇོག་ནུས་པ་བཞིན་ནོ། །དེ་ལྟ་མ་ཡིན་པར། རྟ་དང་བ་ལང་བཞིན་དུ་ང་ཕུང་མཚན་ཉིད་ཐ་དད་ན། དེ་ལྟ་བུའི་ཐ་སྙད་མི་འཐད་དེ། མ་འབྲེལ་བའི་ཕྱིར་ཏེ། རྩ་ཤེ་ལས། གལ་ཏེ་ཕུང་བོ་རྣམས་ལས་གཞན། །ཕུང་བོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །དེས་ན། ངར་འཛིན་དེས་བཟུང་བ་ལྟར་གྱི་ཞེན་དོན་གྱི་ང་དེ། རང་གི་གདགས་གཞི་ཕུང་བོ་ལྔའི་སྟེང་དུ་དེ་རྣམས་དང་ཐ་དད་དུ་ཡང་མ་གྲུབ་པོ་སྙམ་དུ་བསམ་མོ། །དེ་ལྟར་གནད་བཞིའི་དཔྱད་པ་བྱས་པ་ལ་བརྟེན་ནས། ངར་འཛིན་དེས་བཟུང་བ་ལྟར་གྱི་ང་མེད་པར་གསར་དུ་ལྟུང་གིས་ངེས་པ་ན། དབུ་མའི་ལྟ་བ་དང་པོར་རྙེད་པ་དང་། རིག་ཤེས་རྗེས་དཔག་གིས་སྟོང་ཉིད་གསར་དུ་རྟོགས་པ་ཞེས་བྱའོ་གསུངས། འདིར་འཚོལ་བའི་གཞི་དེ་ལྟར་བྱེད་པ་ཡང་འཆར་བདེ་བའི་དབང་དུ་བྱས་ཀྱི། གཞན་དུ་ན། ང་ཙམ་ཞིག་འཚོལ་བའི་གཞིར་བྱས་ཀྱང་ཁྱད་པར་ཆེར་མེད་པས། རིགས་པའི་རྣམ་གྲངས་བྱས་ན་འདི་ལྟར། ཐག་ཁྲ་བསྔོགས་པ་ལ་མུན་པ་བབ་པ་དེར། སྤྲུལ་དུ་འཁྲུལ་པའི་བློ་སྐྱེས་པ་དེའི་ཚེ། སྤྲུལ་དེ་བློས་བཏགས་པ་ཙམ་མ་གཏོགས། །ཐག་ཁྲའི་ཚོགས་པ་དང་རྒྱུན་དང་ཡ་གྱལ་སོགས་གང་ཡང་སྦྲུལ་མ་ཡིན་པ་ལྟར། ཕུང་བོའི་ཚོགས་རྒྱུན་གྱི་སྟེང་དུ་མ་རིག་པའི་མུན་པ་བབ་པ་ན། བདག་ཏུ་འཁྲུལ་པའི་བློ་སྐྱེ་ལ། དེའི་ཚེ་ཕུང་བོའི་ཚོགས་རྒྱུན་གྱི་སྟེང་དུ་བདག་ཏུ་བཏགས་པ་ཙམ་མ་གཏོགས། ཕུང་བོའི་ཚོགས་རྒྱུན་ཡ་གྱལ་གང་ཡང་བདག་མ་ཡིན་ཞིང་། དེ་ལས་དོན་གཞན་པའི་བདག་ཀྱང་མེད་པས། བདག་རང་བཞིན་གྱིས་མ་གྲུབ་པོ་སྙམ་དུ་བསམ་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཞེས་གསུངས་སོ། །གལ་ཏེ་ཕུང་བོའི་ཚོགས་རྒྱུན་ང་མ་ཡིན་ན། ཕུང་བོ་མཐོང་བས་ང་མཐོང་བར་ཅི་ལྟར་འཇོག་ཅེ་ན། སྐྱོན་མེད་དེ། དཔེར་ན། ངའི་གདོང་རྐང་ལག་སོགས་ང་མིན་ཀྱང་འབྲེལ་བའི་དབང་གིས་དེ་མཐོང་བས་ང་མཐོང་བ་དང་དེ་དག་ན་བས་ཀྱང་ང་ན་བར་འཇོག་ནུས་པ་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང་། བདག་ནི་རང་གི་ཕུང་བོའི་སྟེང་དུ་རང་བཞིན་གྱིས་མ་གྲུབ་སྟེ། དེ་རང་གི་ཕུང་བོ་རྣམས་ཀྱི་སྟེང་དུ་རྣམ་བདུན་གྱི་རིགས་པས་བཙལ་ན་མི་རྙེད་པའི་ཕྱིར་ཏེ། དེ་ཕུང་བོ་རྣམས་དང་དབྱེར་མེད་ཀྱི་གཅིག་མ་ཡིན་ཞིང་། ཕུང་བོ་དང་ངོ་བོ་ཐ་དད་པའི་ཡན་གར་དུའང་མེད། མཁར་གཞོང་ལ་ཞོ་ལྟར་ཕུང་བོའི་རྟེན་དུའང་མེད། རེ་ལྡེ་ལ་ལྷས་བྱིན་ལྟར་རང་ངོས་ནས་ཕུང་བོ་ལ་བརྟེན་ནས་ཀྱང་མེད། ལྷས་བྱིན་པ་ལ་ང་དང་ལྡན་པ་བཞིན་དུ་ངོ་བོ་ཐ་དད་དམ་རྣ་བ་དང་ལྡན་པ་ལྟར་ཕུང་བོ་རྣམས་དང་ངོ་བོ་གཅིག་ཏུའང་རང་ངོས་ནས་མེད། ཕུང་བོའི་ཚོགས་པ་ཡང་བདག་མ་ཡིན། དེའི་དབྱིབས་ཀྱང་བདག་ཏུ་མི་འཐད་པའི་ཕྱིར་ཏེ། དཔེར་ན། ཤིང་རྟ་ནི། རང་གི་ཡན་ལག་རྣམས་དང་གཅིག་དང་ཐ་དད་སོགས་རྣམ་པ་བདུན་དུ་བཙལ་ན་མི་རྙེད་པ་བཞིན་ནོ། །ཞེས་སྟོན་པ་ལ། འཇུག་པ་ལས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་གསུངས། འོ་ན་ང་མེད་པར་འགྱུར་རམ་སྙམ་ན། སྐྱོན་མེད་དེ། ང་ནི་རང་གི་གདགས་གཞི་ཕུང་བོའི་ཚོགས་རྒྱུན་ལ་བརྟེན་ནས་བཏགས་པའི་བཏགས་ཆོས་མིང་རྐྱང་ཙམ་དེ་ཉིད་ཀྱིས་གོ་ཆོད་པའི་ཕྱིར་རོ། །དེ་ལྟར་དཔྱད་ཅིང་དཔྱད་མཐར་དཔྱད་དོན་མེད་དགག་ལ་ཅི་ནུས་སུ་མཉམ་པར་འཇོག་གོ །གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་ཉམས་སུ་ལེན་པ་ལ། རིགས་པའི་རྣམ་གྲངས་མང་ཡང་། འདི་ལྟར་རང་གི་ལུས་འདི་ལ་དམིགས་པའི་བདེན་འཛིན་ལྷན་སྐྱེས་ཀྱི་ངོ་བོར་ལུས་འདི་ནི། རང་གི་གདགས་གཞི་ཡན་ལག་ལྔ་སོགས་ཚོགས་པའི་སྟེང་དུ་བཏགས་པ་ཙམ་མ་ཡིན་པར། ཡན་ལག་ལྔ་བོ་གང་ལ་ཡང་བལྟོས་མེད་ཀྱི་ལུས་ལིངས་པོ་ཚུགས་སེ་ཞིབ་ཏུ་གྲུབ་པར་སྣང་ཞིང་སྣང་བ་ལྟར་འཛིན་པ་ནི། ལུས་བདེན་གྲུབ་ཏུ་འཛིན་ཚུལ་ཡིན་ལ། དེས་བཟུང་བ་ལྟར་གྲུབ་པ་འགོག་པ་ནི། དེ་འདྲའི་ལུས་དེ། རང་གི་གདགས་གཞི་ཡན་ལག་ལྔའི་སྟེང་དུ་དེ་དག་དང་གཅིག་ཏུ་གྲུབ་གམ། ཐ་དད་དུ་གྲུབ། དང་པོ་མི་འཐད་དེ། དེ་ཡན་ལག་ལྔའི་སྟེང་དུ་དེ་རྣམས་དང་གཅིག་ཏུ་གྲུབ་ན། དབྱེར་མེད་ཀྱི་གཅིག་ཏུ་འགྱུར་བས། སྔ་ཕྱི་བར་གྱི་ལུས་རྣམས་དང་ཡན་ལག་ཐམས་ཅད་ཀྱང་གཅིག་ཏུ་ཐལ་བའི་ཕྱིར། ཡན་ལག་ཅན་དང་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་རོ། །དེ་ལྟ་ན། ཆ་དང་ཆ་ཅན། བལྟ་བྱ་ལྟ་བྱེད། འགྲོ་དང་འགྲོ་བ་པོ། གཅད་བྱ་གཅོད་བྱེད་སོགས་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར། ལས་བྱ་བྱེད་ཐམས་ཅད་ཀྱང་གཅིག་ཏུ་ཐལ་བར་འགྱུར་ན། དེ་ནི་མི་འཐད་དོ་ཞེས་འགོག་པ་ནི། འཇུག་པ་ལས། ལེན་པོ་དང་ཉེར་ལེན་གཅིག་རིགས་དངོས་མིན། །དེ་ལྟ་ན་ལས་བྱེད་པོ་གཅིག་ཉིད་འགྱུར། །ཞེས་སོ། །གལ་ཏེ་ཡན་ལག་ཚོགས་པ་དང་གཅིག་ཏུ་མ་གྲུབ་ཀྱང་། ཡན་ལག་རེ་རེ་བ་དང་གཅིག་ཏུ་གྲུབ་བམ་སྙམ་ན། དེ་ཡང་མི་འཐད་པར་ཐལ། དེ་ལྟར་ན་ཡན་ལག་ལྔ་ཡོད་པ་བཞིན་དུ་ལུས་ཀྱང་ཚང་བ་ལྔར་ཐལ་བའམ། ཡང་ན་ལུས་གཅིག་ཡིན་པ་ལྟར་ཡན་ལག་ལྔ་ཡང་གཅིག་ཏུ་འགྱུར་བའི་ཕྱིར་རོ། །གལ་ཏེ་དེའི་སྟེང་དུ་དེ་རྣམས་དང་ཐ་དད་དུ་གྲུབ་བམ་སྙམ་ན། སྤྱིར་ཐ་སྙད་དུ་ཐ་དད་ཡིན་ཀྱང་། ངར་འཛིན་དེས་བཟུང་བའི་དོན་ལྟར་ཐ་དད་ཡིན་ན། མི་འཐད་དེ། དེ་ལྟར་ཡིན་ན། འབྲེལ་མེད་ཀྱི་ཐ་དད་དུ་སོང་བས་མགོ་ལ་སོགས་པའི་ཡན་ལག་ལྔ་དང་། སྟོད་སྨད་སོ་སོར་བློས་བསལ་བའི་འོག་ཏུ། ད་དུང་ལུས་རིལ་བོ་ཞིག་ལོགས་སུ་བསྟན་དུ་ཡོད་དགོས་པ་ལས། དེ་མེད་པའི་ཕྱིར་ཏེ། ཆ་དང་ཆ་ཅན་གཉིས་ངོ་བོ་ཐ་དད་དུ་ཡོད་ན་བདེན་གྲུབ་ཏུ་འགྲོ་བ་ལ་ཐེ་ཚོམ་མེད་པའི་ཕྱིར། དེ་བཞིན་དུ་ལུས་ཀྱི་ཡན་ལག་རྣམས་ལའང་སྦྱར་ནས་དགག་པར་བྱའོ། །འོ་ན་ལུས་མེད་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ་ཡན་ལག་ལྔ་སོགས་ལུས་ཀྱི་གདགས་གཞི་ཡིན་པས། ལུས་དེ་ལ་བརྟེན་ནས་བཏགས་པའི་བཏགས་ཆོས་སུ་འདོད་པའི་ཕྱིར་ཏེ། དཔེར་ན། བུམ་པའི་མཆུ་ཞབས་སོགས་བུམ་པ་མ་ཡིན་ཀྱང་། བུམ་པ་ནི་དེའི་སྟེང་དུ་བཏགས་ནས་འཇོག་པ་བཞིན་ནོ། །ཤིང་རྟ་ཡང་རང་གི་གདགས་གཞི་ཡན་ལག་ཚོགས་པའི་སྟེང་དུ་དེ་རྣམས་དང་གཅིག་དང་ཐ་དད་ཀྱི་ཚུལ་སྔར་བཞིན་བརྟགས་ནས་འགོག་པའམ། རྣམ་བདུན་གྱི་རིགས་པས་དཔྱད་ནས་འགོག་པར་བྱའོ། །གཞན་ཡང་། རི་རབ་ཁང་ཁྱིམ་སོགས་ཀྱང་རང་རང་གི་གདགས་གཞི་ས་རྡོ་ཤིང་སོགས་ཇི་སྙེད་ཅིག་ཡོད་པ་དེ་རྣམས་དང་གཅིག་གམ། ངོ་བོ་ཐ་དད། དང་པོ་ལྟར་མི་འཐད་དེ། དེ་ཡིན་ན། རི་སོགས་གཅིག་ཡིན་པ་བཞིན་དུ་ས་རྡོ་ཤིང་སོགས་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་བའམ། ཡང་ན། ས་རྡོ་ཤིང་སོགས་ཀྱི་གྲངས་དང་མཉམ་པའི་རི་རབ་ཁང་ཁྱིམ་སོགས་སུ་འགྱུར་བའི་ཕྱིར་རོ། །ངོ་བོ་ཐ་དད་ན། མི་འཐད་དེ། དེ་ལྟར་ན་ས་རྡོ་ཤིང་སོགས་རེ་རེ་ནས་བསལ་བའི་ཕ་རོལ་ནའང་རི་ར་བ་ཁང་ཁྱིམ་སོགས་དེ་ནི་འདིའོ་ཞེས་ལོགས་སུ་བསྟན་དུ་ཡོད་དགོས་ན། དེ་མ་མཐོང་བའི་ཕྱིར་རོ། །གཞན་ཡང་། ཚོན་ཚོགས་པ་ལ་སྐུ་འདྲ་སོགས་དང་། ས་རྡོ་ཤིང་སོགས་ཚོགས་པ་ལ་མཐོ་ཡོར་དང་ཁང་བ། ཤིང་ཚོགས་པ་ལ་ནགས། ཕྲེང་རྡོག་ཚོགས་པ་ལ་ཕྲེང་བ། མཆུ་ཞབས་སོགས་ཚོགས་པ་ལ་བུམ་པ། དུས་སྔ་ཕྱི་ཚོགས་པ་ལ་ལོ་ཟླ་བ་ཞག །རབ་བྱུང་ཚོགས་པ་ལ་འདུས་སྡེ། དམག་མི་ཚོགས་པ་ལ་བརྟེན་ནས་དམག་ཏུ་བཏགས་པ་རྣམས་ལའང་སྔར་བཞིན་སྦྱར་ནས་རང་བཞིན་གྱིས་གྲུབ་པ་དགག་པར་བྱའོ། །ཡང་། ཤེས་པ་སྤྱི་ཙམ་དེ་ཤེས་པ་བྱེ་བྲག་པའི་སྟེང་དུ་བཏགས་པ་དང་རང་རྒྱུད་ཀྱི་དེ་རིང་གི་ཤེས་པ་ལྟ་བུ་ནི་སྔ་དྲོ་ཕྱི་དྲོའི་ཤེས་པའི་ཚོགས་རྒྱུན་གྱི་སྟེང་དུ་བཏགས་པ་ཙམ་མ་གཏོགས། གཅིག་དང་ཐ་དད་ཀྱི་དཔྱད་པ་སྔར་བཞིན་དང་། ནམ་མཁའ་ལྟ་བུ་ཡང་རང་གི་གདགས་གཞི་ཐོགས་བཅས་ཀྱི་རེག་བྱ་བཀག་པའི་ཆ་རྣམས་ཀྱི་སྟེང་དུ་གཅིག་གམ་ངོ་བོ་ཐ་དད། གཅིག་ན། སྟེང་འོག་ཕྱོགས་མཚམས་ཀྱི་ནམ་མཁའ་ཡང་གཅིག་ཏུ་ཐལ་བ་སོགས་དང་། ངོ་བོ་ཐ་དད་ན། ཐོགས་བཅས་ཀྱི་རེག་བྱ་བཀག་པའི་སྟོད་ཆ་ལས་གཞན་དུ་ནམ་མཁའ་དམིགས་དགོས་པ་ལས་མི་དམིགས་པའི་ཚུལ་བསམ་ཞིང་། དེ་བཞིན་དུ་ཤེས་བྱ་སྤྱི་ཙམ་དེ་ཆོས་རྣམས་ཀྱི་སྟེང་དུ་བཏགས་པ་ཡིན་ལ། ཆོས་ཐམས་ཅད་ནི་རང་གི་ཆ་ཤས་དང་ཆ་ཤས་རྣམས་ཀྱང་རང་གི་ཆ་ཤས་གཞན་ལ་བརྟེན་ནས་བཏགས་པ་ཙམ་མམ། བལྟོས་ནས་གྲུབ་པའི་རྟེན་འབྲེལ་ཡིན་པའི་ཕྱིར། རང་དབང་གིས་སམ་རང་ངོས་ནས་མ་གྲུབ་པར་བསམ་པར་བྱ་སྟེ། བཞི་བརྒྱ་བ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པས་སོ། །དེ་ཡང་བྱིས་པ་ལ་མེ་ལོང་ནང་དུ་བྱད་བཞིན་གྱི་གཟུགས་བརྙན་སྣང་བ་ན། དེ་ལྟར་སྣང་བ་དེ་ནི་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་དོན་རང་གི་གནས་ཚུལ་གྱི་དབང་གིས་གྲུབ་པར་འཛིན་པ་དེ་བཞིན་དུ་མ་རིག་པས་བསླད་པའི་སོ་སྐྱེའི་བློ་ངོར། ཆོས་གང་ལ་སྣང་ཡང་རྟོག་པའི་དབང་གིས་བཞག་པ་ཅི་མ་ཡིན་པར་རང་གི་ངོ་བོས་ཡུལ་སྟེང་ནས་སྡོད་ལུགས་ཞིག་ཏུ་ཡོད་པར་སྣང་ཞིང་དེ་ལྟར་འཛིན་པ་ནི། རང་བཞིན་གྱིས་སམ། རང་དབང་གིས་གྲུབ་པར་འཛིན་ཚུལ་ཡིན་ལ། ཡུལ་དེར་གྲུབ་པ་ཞིག་བྱུང་ན་རང་བཞིན་གྱིས་གྲུབ་པ་སོགས་སུ་འགྱུར་བས། འདི་ལ་དགག་བྱའི་བདག་ཅེས་ཟེར་ལ། སྔར་གྱི་རིགས་པ་རྣམས་ཀྱིས་ཀྱང་དེ་འགོག་མོད། རྟེན་འབྲེལ་གྱི་རྟགས་ཀྱིས་འགོག་ན་མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན་ཞེས་འགོད་ལ། དེའི་ཚེ་རྟགས་དེ་ལ་བརྟེན་ནས་རྟག་ཆད་ཀྱི་མཐའ་གཉིས་ཅིག་ཅར་དུ་སྤོང་ནུས་པ་ཡིན་ཏེ། ཕྱོགས་ཆོས་ངེས་པས་རྟག་མཐའ་དང་། བསྒྲུབ་བྱ་ངེས་པས་ཆད་མཐའ་སེལ་བའི་ཕྱིར་རོ། །དེ་ལྟར་རང་གི་བློ་དང་འཚམ་པའི་དཔྱད་པ་ཅི་རིགས་སྔོན་དུ་བཏང་ནས་དཔྱད་དོན་ལ་ཅི་ནུས་སུ་མཉམ་པར་འཇོག །དེ་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་ཅིང་བཙལ་ན་བཏགས་དོན་མི་རྙེད་ཀྱང་། སྤྱིར་མི་རྙེད་པ་མིན་པས། དེ་ལྟར་བཏགས་དོན་བཙལ་བའི་ཚེ་མེད་ཀྱང་སྤྱིར་མེད་པ་མ་ཡིན་པའི་ཁྱད་པར་ཕྱེད་པར་བྱའོ། །མཉམ་པར་འཇོག་པའི་ཚེ་དཔྱད་དོན་མ་རྙེད་པ་དེ་ཉིད་ལ་ངེས་ཤེས་རྒྱུན་ལྡན་དུ་བྱས་ཏེ་འཇོག་དགོས་ལ། འཛིན་སྟངས་ཀྱི་ཤུགས་ཞན་དུ་སོང་ན། སླར་སྣང་ཚུལ་བརྟགས་ནས་དཔྱད་བསྒོམ་སྤེལ་མར་བྱའོ། །གཉིས་པ་རྗེས་ཐོབ་ཀྱི་སྐྱོང་ཚུལ་ནི། མཉམ་གཞག་དེ་ལས་ལངས་ནས་བལྟས་པ་ན། མིང་དང་བརྡ་ཙམ་གྱིས་བཞག་པའི་ང་སོགས་བསྙོན་མེད་དུ་ལམ་ལམ་དུ་འཆར་བ་ན། ལྟ་བ་དྲན་ཙམ་རེ་བྱས་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་བའི་རྟ་གླང་ནི་དེར་སྣང་ཡང་སྣང་བ་ལྟར་མ་གྲུབ་པའི་སྣང་སྟོང་ཚོགས་པའི་རྫུན་སྣང་ཡིན་པ་དེ་བཞིན་དུ། འདི་དག་ནི་སྔར་དཔྱད་པ་ལྟར་རང་བཞིན་གྱིས་མེད་ཀྱང་ཐ་སྙད་པའི་ཤེས་ངོ་ཙམ་དུ་སྣང་བའི་སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུའོ་སྙམ་དུ་བསམ་པར་བྱའོ། །གཉིས་པ་ལུགས་འདིའི་ཐ་སྙད་ཀྱི་རྣམ་གཞག་འཇོག་ཚུལ་མདོར་བསྡུས་ཏེ་བརྗོད་ན། འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་འཇིག་རྟེན་བསྙད་དབང་གིས། གསུང་གི་ཡང་དག་དབང་གིས་མིན། ཞེས་དང་། ཟླ་བས་ཀྱང་། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་དང་། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་པ་ལྟར། གང་ཟག་སོགས་ཆོས་ཐམས་ཅད་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ངོར་མི་རྙེད་ཀྱང་མ་བརྟགས་མ་དཔྱད་པར། རྟོག་པས་བཏགས་ཙམ་མམ། འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་དོན་མཐུན་གྱི་དབང་གིས་འཇོག་པ་ཡིན་ཏེ། དེ་ཡང་ལྷ་དང་མི་ལ་སོགས་པའི་གང་ཟག་རྣམས་རིགས་པས་དཔྱད་ན་བཏགས་དོན་མི་རྙེད་ཀྱང་མ་དཔྱད་པར། རང་རང་གི་གདགས་གཞི་ཕུང་བོ་སོགས་ཀྱི་སྟེང་དུ་རྟོག་པས་བཏགས་ནས་ཐ་སྙད་དུ་འཇོག་པ་ཡིན་པའི་ཕྱིར་ཏེ། དཔེར་ན། ཤིང་རྟ་དེ་རང་གི་ཡན་ལག་གི་སྟེང་དུ་དཔྱད་ཅིང་བཙལ་ན་མི་རྙེད་ཀྱང་། དེ་ལྟར་མ་བརྟགས་མ་དཔྱད་པར་གདགས་གཞིའི་སྟེང་དུ་བཏགས་ནས་འཇོག་པ་བཞིན་ནོ། །དེ་ལྟར་ཡང་། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་བོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །ཤིང་རྟ་དེ་རང་གི་ཡན་ལག་གི་སྟེང་དུ་རྣམ་བདུན་གྱི་རིགས་པས་བཙལ་བའི་ཚེ་བཏགས་དོན་མི་རྙེད་ཀྱང་། ཐ་སྙད་ཙམ་དུ་འཇོག་པའང་ཡིན་ཏེ། འཇུག་པ་ལས། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་སོ། །ཤིང་རྟའི་དཔེས་གང་ཟག་རང་བཞིན་མེད་པར་བསྟན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པར་ཤེས་དགོས་པ་ཡིན་ཏེ། སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་པས་སོ། །དེ་ལྟར་གང་ཟག་དང་ཤིང་རྟ་རྟོག་པས་བཏགས་པ་ཙམ་དུ་འཇོག་ན། ཐག་ཁྲ་ལ་སྦྲུལ་དང་། མཐོ་ཡོར་ལ་འཁྲུལ་ནས་མིར་འདོགས་པ་ཡོད་པས། དེ་དག་ཀྱང་སྦྲུལ་དང་། མིར་འགྱུར་རོ། །ཞེ་ན། མི་མཚུངས་ཏེ། དེ་གཉིས་ལ་སྦྲུལ་དང་མིར་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་ལ་མ་གྲགས་ཤིང་མི་འདོད་ལ། ཕུང་བོའི་སྟེང་དུ་བདག་དང་། ཤིང་རྟའི་ཡན་ལག་ཚོགས་པའི་སྟེང་དུ་ཤིང་རྟ་ཡོད་པར་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་ལ་གྲགས་ཤིང་འདོད་པའི་ཕྱིར། དེ་ཡང་ཡུལ་སྟེང་ནས་ཡོད་མེད་ཀྱི་དབང་གིས་མིན་གྱི། གྲགས་པ་དོན་མཐུན་དང་བརྡའི་དབང་གིས་ཡིན་ཏེ། ཐག་ཁྲ་དང་མཐོ་ཡོར་ལ་སྦྲུལ་དང་མིར་འཇིག་རྟེན་གྱིས་མི་འདོད་པས། འགའ་ཞིག་གིས་འཁྲུལ་པས་བཟུང་ནའང་། དེ་ལྟར་འཛིན་པའི་བློ་དེ་ལོག་ཤེས་ཡིན་པས། དེ་ལ་འཇིག་རྟེན་གྱི་ཐ་སྙད་པའི་ཚད་མ་དང་། བརྡ་དང་གྲགས་པ་དོན་མཐུན་གཞན་གྱིས་གནོད། ཕུང་བོའི་སྟེང་དུ་གང་ཟག་གམ་མི་དང་ཤིང་རྟའི་ཡན་ལག་གི་སྟེང་དུ་ཤིང་རྟ་སོགས་ཡོད་པར་འཇིག་རྟེན་ན་གྲགས་ཤིང་འདོད་པས། དེ་ལ་འཇིག་རྟེན་གྱི་གྲགས་པ་དང་ཐ་སྙད་དང་ཚད་མ་གཞན་གྱིས་མི་གནོད་པའི་ཕྱིར་རོ། །གཞན་ཡང་། དེ་ལྟར་འཐད་དེ། གང་ཟག་གཅིག་ལ་རིམ་གྱིས་བྱིས་པ་དར་མ་རྒན་པོ་ཞེས་པའི་ཐ་སྙད་དང་ཡང་རབ་བྱུང་། དགེ་སློང་། བླ་མ་ཞེས་སོགས་ཀྱི་ཐ་སྙད་ཇི་ལྟ་ཇི་ལྟར་བཞག་པ་དེ་ལྟ་དེ་ལྟར་ཀུན་རྫོབ་ཏུ་ལེགས་པར་འཐད་ཅིང་། དེ་ཡང་རྟོག་པས་བཏགས་ཙམ་གྱིས་བཞག་པའི་ཚུལ་ཡིན་པའི་ཕྱིར། ཆོས་ཐམས་ཅད་རྟོག་པའི་དབང་གིས་བཞག་པའང་ཡིན་ཏེ། མདོ་ལས། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། ཞེས་གསུངས་པས་སོ། །དེ་ཡང་དཔེར་ན། སྔོན་བོད་ཀྱི་ཡི་གེ་འདི་རྣམས་མེད་པ་ལ། ཐུ་མི་ལོ་ཙྪ་བ་སོགས་ཀྱིས། ཡི་གེའི་གཟུགས་གསར་དུ་བཟོས་ནས་འདི་ནི་ཡི་གེ་འདིའི་གཟུགས་སོ་ཞེས་ཐ་སྙད་བྱས་པ་ན། ཕྱིས་དེ་འདྲ་བ་ལ་དེ་ལྟར་ཁས་ལེན་རིགས་པ་བཞིན་ནོ། །དེས་ན། ཡི་གེའི་གཟུགས་འདི་དག་ལ་འཛམ་གླིང་འདིའི་ཕྱོགས་གཞན་ནམ། འཇིག་རྟེན་གྱི་ཁམས་གཞན་ན་ཡི་གེར་མ་གྲགས་པས། དེ་རྣམས་ཀྱིས་དེ་ཡི་གེའི་གཟུགས་མ་ཡིན་པར་འདོད་ཀྱང་མི་འགལ་ཡང་། ཕྱོགས་འདིར་ནི་དེ་ལྟར་འདོད་མི་རིགས་ཏེ། དཔེར་ན། ཚུ་རི་འདི་ལ་གཞན་ན་ཡོད་པ་དག་གིས་ཕར་རིའོ་ཞེས་འདོད་མི་རུང་བ་མིན་ཡང་། འདིར་འདུག་བཞིན་པས་ཚུ་རིར་ཁས་ལེན་དགོས་པས། ཕ་རིའོ་ཞེས་འདོད་དུ་མི་རུང་བ་བཞིན་ནོ། །ཡང་གལ་ཏེ་སྲོག་མེད་ཀྱི་ཀ་བུམ་སོགས་ཀྱང་གང་ཟག་ཏུ་འགྱུར་སྲིད་པར་ཐལ་ལོ། །ཞེ་ན། སྐྱོན་མེད་དེ། འདི་ན་ཕུང་བོ་དང་སྲོག་གི་དབང་བོ་སོགས་ཚང་བ་ཞིག་ལ་གང་ཟག་གི་ཐ་སྙད་བྱེད་པས། འདིར་དེ་མེད་ན་གང་ཟག་གི་ཐ་སྙད་མི་འཐོབ་ཀྱང་། ཕྱོགས་གཞན་ན་དེ་ཁོ་ན་ལྟར་མ་ངེས་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་ཐ་སྙད་ཀྱང་སྣ་ཚོགས་ཡོད་པའི་ཕྱིར་རོ། །དེ་བཞིན་དུ། བཟང་ངན་འབྲིང་གསུམ་དང་། མཆོག་དམན་བར་གསུམ་དང་། ཆེ་ཆུང་དང་རིང་ཐུང་སོགས་བློ་ལ་བལྟོས་ནས་འཇོག་ཚུལ་མང་བས་མཐའ་དག་ནི། འཕགས་པའི་གང་ཟག་ཆེན་པོ་དག་གི་སྤྱོད་ཡུལ་ཡིན་གྱི། སོ་སྐྱེས་ཇི་བཞིན་ཤེས་པར་མི་ནུས་སོ། །མདོར་ན། དེ་དག་ཐམས་ཅད་ཀྱང་རང་རང་གི་འདོད་པའམ་རྟོག་པ་སོ་སོ་ལ་བལྟོས་ནས་བརྡ་དང་ཐ་སྙད་ཀྱིས་བཞག་པ་སྟེ། གཞན་དུ་ན་ཕྱོགས་འདིར་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྗོད་པ་ལྟར། ཕྱོགས་གཞན་ནའང་དེ་ལྟར་བརྗོད་དགོས་པ་སོགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐ་སྙད་བྱེད་ཚུལ་སྣ་ཚོགས་ཡོད་ཀྱང་། ཁྱད་ཆོས་གསུམ་ཚང་ན་ཡོད་པའི་གོ་ཆོད་ལ། དེ་མ་ཚང་ན་ནི་མེད་པ་ཡིན་ཏེ། ལམ་རིམ་ཆེན་པོ་ལས། དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་། མེད་པར་འདོད་པ་ནི་ཇི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་སྙམ་ན། ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་དང་། དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ནི། ཐ་སྙད་དུ་ཡོད་པར་འདོད་ལ། དེ་ལས་ལྡོག་པ་ནི་མེད་པར་འདོད་དོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །གཞན་ཡང་འདིར་རྗེ་དགེ་འདུན་རྒྱ་མཚོའི་བཞེད་པ་བཞིན་བརྗོད་ན། ཀ་བའི་གདགས་གཞིར་གྱུར་བའི་ཤིང་ཕྲེང་ཕྲེང་པོ་དེ་ཉིད་ཀ་བར་སྣང་ཡང་ཀ་བ་མ་ཡིན་ཏེ། དེ་ཀ་བའི་གདགས་གཞི་ཡིན་པའི་ཕྱིར་ཏེ། དཔེར་ན། གང་ཟག་གི་ཕུང་བོ་གང་ཟག་མ་ཡིན་ཡང་དེར་སྣང་བ་བཞིན་ནོ། །ཀ་བ་གང་ཡིན་སྙམ་ན། དེ་ནི་རང་གི་གདགས་གཞིའི་ཤིང་དེ་ལ་བཏགས་པའི་བཏགས་ཆོས་ཙམ་སྟེ། དཔེར་ན། ཕུང་བོའི་སྟེང་དུ་གང་ཟག་ཏུ་བཏགས་པ་བཞིན་ནོ། །གལ་ཏེ། གདགས་གཞིའི་ཤིང་དེ་མཐོང་བས་ཀ་བ་མཐོང་བའི་གོ་མི་ཆོད་པར་འགྱུར་ཏེ། ཀ་བ་ནི་དེ་ལ་བཏགས་པའི་ཆོས་ཙམ་ཡིན་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ། གཟུགས་ཕུང་མགོ་རྐང་ལག་གོས་དང་བཅས་པ་ནི་གང་ཟག་མིན་ཀྱང་། དེ་མཐོང་བས་གང་ཟག་དེ་མཐོང་བར་འཇོག་ནུས་པ་བཞིན་ནོ། །དེ་ལྟར་བུམ་སོགས་ཆོས་རྣམས་ལའང་སྦྱར་བར་བྱ་སྟེ། འདི་ནི་དགག་བྱ་ཕྲ་མོ་ནས་འགོག་པའི་ལུགས་སུ་བཞེད་དོ། །མཁས་པ་ཁ་ཅིག འདི་མི་འཐད་ཅེས་ཟེར་ཡང་། ཁོ་བོ་ནི་གྲུབ་མཐའ་འོག་མའི་ལུགས་སུ་འདི་མི་འདོད་ཀྱང་། ཐལ་འགྱུར་བའི་ལུགས་ལ་འཐད་པ་ཁོ་ནར་སེམས་ཏེ། དེ་ཡང་བྱིས་པའི་ཤེས་ངོར་མེ་ལོང་ནང་དུ་གཟུགས་བརྙན་སྣང་བའི་ཚེ་ཆ་ཐམས་ཅད་ནས་བྱད་བཞིན་དུ་སྣང་བ་ལྟར། སོ་སྐྱེའི་ཤེས་ངོར་ཀ་བ་ལ་སོགས་པའི་ཆོས་གང་སྣང་ཡང་རང་བཞིན་གྱིས་གྲུབ་པར་སྣང་བར་གསུངས་ཤིང་། དེར་མ་ཟད་དེ་དག་རང་རང་གི་གདགས་གཞིའི་སྟེང་དུ་བཏགས་པའི་བཏགས་ཆོས་སུ་མི་སྣང་བར་གདགས་གཞི་དང་བཏགས་ཆོས་གཉིས་གཅིག་ཏུ་འདྲེས་ནས་མི་ཕྱེད་པའི་ཚུལ་གྱིས་སྣང་བའི་ཕྱིར་རོ། །དེ་ལ་སྣང་བ་ལྟར་གདགས་གཞི་དང་བཏགས་ཆོས་གཉིས་གཅིག་ཏུ་མི་རུང་སྟེ། རྗེ་ཉིད་ཀྱིས་གཞི་གཅིག་ལ་བལྟོས་པའི་གདགས་གཞི་ནི་དེའི་བཏགས་ཆོས་སུ་མི་འཐད་པར་བཤད་པའི་ཕྱིར་རོ། །གཞན་ཡང་མང་དུ་བརྗོད་པར་བྱ་བ་ཡོད་མོད་ཀྱང་འདིར་མཚོན་ཙམ་སྟེ། དཀའ་བའི་གནས་འདི་རྒྱས་པར་རྗེ་ཡབ་སྲས་ཀྱི་གསུངས་ལས་ཤེས་པར་བྱ་དགོས་སོ། །ཇི་སྐད་བརྗོད་པ་ལྟར་དཔྱད་དེ། དགག་བྱ་ཕྲ་མོ་ནས་ཁེགས་དགོས་ལ། དེ་ལྟར་ཁེགས་པར་རིགས་པས་དཔྱད་ནས་མི་རྙེད་པའི་ཚུལ་ཤེས་པ་དེ་ཙམ་གྱིས་ནི། དབུ་མའི་ལྟ་བ་རྙེད་པར་རློམ་པར་མི་བྱ་སྟེ། དེ་ཙམ་ཞིག་ཤེས་པ་དཀའ་བ་མ་ཡིན་ཀྱང་། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཐ་སྙད་དུ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འགལ་མེད་དུ་འཇོག་ཤེས་པའི་གཉིས་ཚོགས་དེ་ཤིན་ཏུ་དཀའ་བས་དབུ་མའི་ལྟ་བའང་རྙེད་པར་དཀའ་བའི་ཕྱིར་ཏེ། རྗེའི་གསུང་འབུམ་ཐོར་བུ་ལས། དེའི་ཕྱིར་དངོས་པོ་རྣམས་ཡུལ་དང་དུས་ཆེས་གསིལ་ན་གང་དུའང་བཟུངས་མི་འདུག་སྙམ་པའི་གོ་བ་སྐྱེས་པ་ཙམ་ལ་སྟོང་ཉིད་ཀྱི་ལྟ་བ་རྙེད་པར་འཇོག་ན། སྦྱང་བ་ཙམ་མ་བྱས་པའི་དབང་བོ་ཤིན་ཏུ་རྟུལ་པོས་ཀྱང་རྟོགས་པར་ནུས་པས་དཀའ་བའི་དོན་མེད་ལ། དེ་ཙམ་གྱིས་མི་ཆོག་གི དོན་དམ་པར་དམིགས་གཏད་ཐམས་ཅད་ཉེ་བར་ཞི་བ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་ཁས་བླངས་པས་ཆོག་པའི་གཉིས་ཚོགས་དེ་དཀའ་བས་སྟོང་བ་ཉིད་རྟོགས་པར་དཀའ་བ་ཡིན་ལ། ཞེས་བཤད་ཅིང་། ལམ་རིམ་ཆེ་ཆུང་གཉིས་ལས་ཀྱང་དེ་ཁོ་ན་བཞིན་དུ་གསུངས་པས། དཔྱོད་ཚུལ་ལྟར་སྣང་ཙམ་རེས་མི་ཆོག་གི །ཡང་དག་ཏུ་འགྲོ་བ་ཞིག་དགོས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཀྱང་། །འཁོར་འདས་ཀྱི་བྱ་བྱེད་ཐམས་ཅད་དང་ཁྱད་པར་ལས་དཀར་ནག་གཉིས་ཀྱིས་འབྲས་བུ་བསྐྱེད་པའི་ཚུལ་སོགས་ཀུན་རྫོབ་ཀྱི་རྟེན་འབྲེལ་མི་སླུ་བ་ཡིན་ཏེ། ཏིང་འཛིན་རྒྱལ་བོ་ལས། །སྒྱུ་མ་ཆུ་བུར་རྨི་ལམ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། །ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཚུལ་དེ་ནི་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་དགོངས་པའང་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ན། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། དཔལ་ལྡན་ཟླ་བས་ཀྱང་། ཇི་ལྟར་དེ་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་དང་། འབྲོམ་སྟོན་རིན་པོ་ཆེས་ཀྱང་། ཆོས་ཐམས་ཅད་བརྫུན་པའི་སྣང་བ་ཡང་། །གཟུགས་མེད་ན་གཟུགས་བརྙན་ག་ལ་འབྱུང་། །དེ་རྒྱུ་སོང་རྫུན་ཡང་འབྲས་འབྱུང་བས། །ལས་ཁྱད་དུ་མི་གསོད་ཉམས་ལེན་པའི། །ད་ལྟ་བ་བརྒྱུད་པའི་བཀའ་གདམས་ཡིན། །ཞེས་དང་། རྗེ་རིན་པོ་ཆེས། འདི་ཀུན་ངོ་བོས་སྟོང་བ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་བ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཞེས་དང་། པཎ་ཆེན་རིན་པོ་ཆེས་ཀྱང་། འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་དང་། །རྒྱུ་འབྲས་རྟེན་འབྲེལ་སླུ་བ་མེད་པ་གཉིས། །ཞེས་སོགས་གསུངས་པའི་ཕྱིར་རོ། །གལ་ཏེ་སྟོང་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་མ་རྟོགས་ན། འདིར་འབད་ཀྱང་ངལ་བ་དོན་མེད་པ་ཞིག་གམ་སྙམ་ན། དེ་ལྟར་མ་རྟོགས་ནའང་འབད་པ་དོན་མེད་དུ་མི་འགྱུར་ཏེ། ཚུལ་འདི་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ནས་མོས་པ་ཙམ་གྱིས་ཀྱང་ཕན་ཡོན་མང་དུ་འབྱུང་བའི་ཕྱིར་ཏེ། ཁྱེའུ་རིན་ཆེན་བྱིན་པའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་བྲལ་བས་བསྐལ་བ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པས་ཉན་ན། བསོད་ནམས་དེ་བས་ཀྱང་ཆེས་མང་དུ་བསྐྱེད་ན། གང་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། །གང་གིས་ཡི་གེར་བྲིས་ནས་ལུང་འབོགས་པ་དང་། འཆང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་ལྟ་ཅི་སྨོས། ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཟབ་མོ་འདི་ལ་མོས་པས་བསོད་ནམས་ཐམས་ཅད་སྡུད་པ་ཡིན་ཏེ། ཞེས་དང་། འཕགས་པ་ལྷས་ཀྱང་། །བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་ཟ་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་། ཇི་སྙེད་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་ཚོགས་ནི་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་། །ཇི་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་འབྱུང་འགྱུར་བ། །དེ་ལས་མང་བའི་བསོད་ནམས་ནི། །དམ་ཆོས་ཡོངས་སུ་འཛིན་ལས་བྱུང་། །བྱང་ཆུབ་སེམས་བྱུང་བསོད་ནམས་གང་། །དམ་ཆོས་འཛིན་ལས་གང་བྱུང་བ། །སྟོང་བ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོས་ཀྱང་མདོ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ལས་དེ་ལྟ་བུའི་ཕན་ཡོན་མང་དུ་བཤད་པ་མཐོང་བའི་དད་པས་ཡིད་དྲངས་ཏེ། འདི་ལྟར་འབད་པར་བྱས་པ་ཡིན་ནོ། །སྨྲས་པ། བློ་གྲོས་དཀྱིལ་འཁོར་ཡོངས་སུ་རྒྱས། །ཤེས་བྱའི་མཁའ་ལ་ཐོགས་པ་མེད། །གྲགས་པའི་སྣང་བ་རྟག་གསལ་བ། །རྗེ་བཙུན་བླ་མས་དགེ་ལེགས་སྩོལ། །མགོན་དེའི་ལེགས་བཤད་ཆུ་གཏེར་ཆེན་པོའི་འཇིང་། །རྣམ་དཔྱོད་དེད་དཔོན་མཆོག་གིས་ཞུགས་པ་ལས། །དགོངས་དོན་སྙིང་བོ་རིན་ཆེན་ཐོབ་པའི་ཚུལ། །བསམས་ཚེ་བདག་ལྟའང་སྐལ་བ་བཟང་སྙམ་བགྱེད། །འོན་ཀྱང་ཟབ་དོན་བཞིན་རས་ངོས། །ཉེས་པར་བཤད་པའི་དྲི་མ་ཡིས། །གལ་ཏེ་གོས་པར་མཆིས་གྱུར་ན། །རྗེ་བཙུན་བླ་མའི་སྤྱན་སྔར་འཆགས། །ལེགས་པར་བཤད་ལས་ཐོབ་པའི་རབ་དཀར་དགེ། །འགྲོ་རྣམས་རྟེན་འབྱུང་རྟོགས་པའི་ཉམས་ལེན་གྱིས། །མཐར་འཛིན་འཆིང་བ་ཀུན་ལས་རྣམ་གྲོལ་ཏེ། །ཉེར་ཞི་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཅེས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། མཐོན་པོའི་རིགས་སུ་འཁྲུངས་ཤིང་གཞུང་ལུགས་ཀུན་ལ་གཟིགས་པའི་སྤྱན་མངའ་བ་ཀོའུ་ཤྲི་ནང་སོའི་བཀས། ཅོ་ནེའི་མཚན་ཉིད་ཀྱི་བླ་མའི་གོ་སའི་ཐོག་མར་གྱུར་བ། རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས། གནས་བརྟན་གྲགས་པ་དཔལ་འབྱོར་གྱིས་བསྐུལ་བར་བརྟེན། རང་ཉིད་ཀྱིས་ཀྱང་ཟབ་དོན་ལ་བག་ཆགས་འཇོག་པ་དང་། གཞན་ལའང་ཕན་སྲིད་སྙམ་པའི་འདུན་པས་སྦྱར་བའོ། །སརྦ་མངྒ་ལཾ།། །།


previousལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ།next