Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
བར་དོའི་གསོལ་འདེབས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   


 
previousབར་དོའི་གསོལ་འདེབས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་།next

བར་དོའི་གསོལ་འདེབས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་།

བར་དོའི་གསོལ་འདེབས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། སྐྱོན་བྲལ་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྡུག་ཀུན་རྣམ་པར་བྱང་བའི་དམ་པའི་ཆོས། །ཕུན་ཚོགས་རིག་གྲོལ་དཔལ་ལྡན་དགེ་འདུན་ཏེ། །མཆོག་གསུམ་དམ་པའི་ཞབས་ལ་གུས་ཕྱག་འཚལ། །བདེ་སྟོང་ལྷ་ལམ་ཡངས་པ་ལས་བྱུང་བའི། །ཟུང་འཇུག་སྒྱུ་འཕྲུལ་དྲ་བ་འཇའ་ཚོན་སྐུ། །དག་པའི་བརྟན་གཡོ་སྤྲོ་དང་བསྡུ་བའི་གཞི། །རིགས་བརྒྱའི་ཁྱབ་བདག་དང་པོའི་མགོན་དེ་རྒྱལ། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་ནས། །རྒྱལ་སྲས་ངུར་སྨྲིག་རྣམ་རོལ་ཆོས་ཀྱི་རྗེ། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པའི་དཔལ། །རྒྱལ་བ་གཉིས་པ་བཙོང་ཁ་བ་ལ་འདུད། །མགོན་དེའི་ལེགས་པར་བཤད་པའི་ཆོས་ཚུལ་ཀུན། །ཇི་བཞིན་འཛིན་ལ་འགྲན་པའི་ཟླས་དབེན་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པ་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་གུས་པས་འདུད། །དེ་ལ་འདིར་ངེས་པ་དོན་གྱི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས་ཀྱིས་མཛད་པའི་བར་དོའི་གསོལ་འདེབས་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་འཆད་པ་ལ་གསུམ། མཆོད་པར་བརྗོད་པ་དང་། སྐྱབས་སུ་འགྲོ་བ་དང་། བྱིན་རླབས་ཞུ་བའོ། །དང་པོ་ནི། ན་མོ་གུ་རུ་མཛྙུ་གྷོ་ཥཱ་ཡ། ཞེས་གསུངས། དོན་ནི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་ན་མོ་ཞེས་པ་ནི། ཕྱག་འཚལ་བའམ་འདུད་པ། གུ་རུ་ནི་བླ་མ་མཉྫུ་གྷོ་ཥཱ་ནི་འཇམ་པའི་དབྱངས། ཡ་ནི་ལ་ཞེས་པ་ལ་འཇུག་པའི་ཕྱིར། གཉིས་པ་ནི། དུས་གསུམ་བདེ་གཤེགས་ཆོས་དང་ཚོགས་བཅས་ལ། ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། འདི་ལ་གཉིས། ཚིག་གི་དོན་དང་། སྤྱིའི་དོན་ནོ། །དང་པོ་ལ་བཞི། ཡུལ་གང་ལ་རྟེན་གང་གིས་དུས་ཇི་སྲིད་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བའོ། །ཤེས་བྱ་ཆོས་ཅན། ཡུལ་གང་ལ་སྐྱབས་སུ་འགྲོ་བ་ཡོད་དེ། འདས་མ་འོངས་ད་ལྟའི་དུས་གསུམ་གྱི་བདེ་བར་གཤེགས་པ་སྟེ་དེས་བསྡུས་པའི་སངས་རྒྱས་དཀོན་མཆོག་དང་། ལུང་རྟོགས་ཀྱི་དམ་པའི་ཆོས་དང་། འཕགས་པའི་ཚོགས་དགེ་འདུན་དང་བཅས་པ་ཐམས་ཅད་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། རྟེན་གང་གིས་སྐྱབས་སུ་འགྲོ་བ་ཡོད་དེ། བདག་ཉིད་དང་དེར་མ་ཟད་ནམ་མཁའི་ཁམས་དང་མཉམ་པའི་འགྲོ་བ་མ་ལུས་པ་ཐམས་ཅད་ཀྱིས་སྐྱབས་སུ་འགྲོ་དགོས་པའི་ཕྱིར། དུས་ཇི་སྲིད་བར་དུ་སྐྱབས་སུ་འགྲོ་བ་ཡོད་དེ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་བོ་ལ་མཆིས་པའི་བར་དེ་སྲིད་དུ་སྐྱབས་སུ་མཆི་བ་སྟེ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ཡོད་དེ། ཚེ་འདི་དང་ཕྱི་མ་དང་བར་དོའི་གནས་སྐབས་སུ་འབྱུང་བའི་སྡུག་བསྔལ་གྱི་འཇིགས་པ་མཐའ་དག་ལ་སྐྲག་པའི་སྒོ་ནས་འཇིགས་པ་དེ་ལས་བསྒྲལ་དུ་གསོལ་ཞེས་རེ་ལྟོས་འཆའ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་ཡིན་པའི་ཕྱིར། འདི་ནི་འོག་ནས་འཆད་པར་འགྱུར་བའི་མདོར་བསྟན་དུའང་རུང་ལ། དེ་ཡང་རྩམ་པ་པོ་རང་ཉིད་ཀྱིས་སྐྱབས་སུ་འགྲོ་བ་ལྟ་བུར་བསྟན་ཀྱང་། དོན་ནི་མ་འོངས་པའི་གདུལ་བྱ་སྐྱབས་སུ་འགྲོ་ཚུལ་སྟོན་པ་སྟེ། དེ་བཞིན་དུ་ལྷག་མ་རྣམས་ལ་འདུ་ཤེས་དགོས་སོ། །གཉིས་པ་སྤྱིའི་དོན་ལ་གཉིས། སྐྱབས་ངོས་བཟུང་བ། དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་ལོ། །དང་པོ་ནི། སྐྱབས་འགྲོ་བདུན་ཅུ་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་ཏེ། དེ་ལ་སངས་རྒྱས་ནི་དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག་གོ །དམ་པའི་ཆོས་ནི། འགོག་པ་དང་ལམ་གྱི་བདེན་པས་བསྡུས་པའི་རྣམ་བྱང་བདེན་པའོ། །དགེ་འདུན་དཀོན་མཆོག་ནི་རིགས་གྲོལ་གྱི་ཡོན་ཏན་དང་ལྡན་པའི་འཕགས་པའོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། རང་ཉིད་ངན་སོང་སོགས་ཀྱི་སྡུག་བསྔལ་གྱིས་འཇིགས་ནས་དེ་ལས་སྐྱོབ་པའི་ཕྱིར་དུ་དཀོན་མཆོག་ལ་རེ་ལྟོས་འཆའ་བ་སྟེ་འདི་ལ་བཞི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་ཞིང་རེ་བལྟོས་འཆའ་བའོ། །དང་པོ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའོ། །གཉིས་པ་ནི། དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་ཤེས་འོ། །གསུམ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སྟོན་པ་པོ་དང་། ཆོས་ལ་སྐྱབས་དངོས་དང་། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་དམ་འཆའ་བའོ། །བཞི་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་དེ་ཁོ་ན་སྐྱབས་སུ་འཛིན་གྱི། དེ་དང་མི་མཐུན་པ་གཞན་སྐྱབས་སུ་མི་འཛིན་པའི་སྒོ་ནས་རེ་ལྟོས་འཆའ་བའོ། །འདི་ནི་མཚོན་པ་ཙམ་སྟེ། སྐྱབས་འགྲོའི་ཁྱད་པར་རྒྱས་པར་ལམ་རིམ་སོགས་ནས་ཤེས་པར་བྱའོ། །གསུམ་པ་བྱིན་རླབས་ཞུ་བ་ལ་བཞི། དལ་འབྱོར་ལ་སྙིང་བོ་ལེན་དགོས་ཚུལ། འཆི་བའི་སྡུག་བསྔལ་དྲན་ཚུལ། འཆི་བའི་ལྟས་ཤར་བའི་ཚེ་དྲན་ཤེས་བསྟེན་ཚུལ། སྐྱེ་འཆི་བར་དོའི་ལམ་འཁྱེར་སྒོམ་ཚུལ་རྣམས་བྱིན་རླབས་ཞུ་བའི་ཚུལ་གྱིས་གསོལ་བ་འདེབས་པའོ། །དང་པོ་ནི། རྙེད་དཀའ་འཇིག་པར་སླ་སོགས་རྐང་བ་བཞི་སྟེ། འདི་ལ་གཉིས་ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། རྒྱུ་ཚོགས་མང་དུ་བསགས་པ་ལ་བརྟེན་ནས་འབྱུང་དགོས་པའི་ཕྱིར་ཤིན་ཏུ་རྙེད་པར་དཀའ་ཞིང་། འཆི་རྐྱེན་མང་བས་འཇིག་པར་སླ་བའི་དལ་འབྱོར་གྱི་རྟེན་བཟང་བོ་ཐོབ་ཟིན་པའི་དུས་འདིར། སྐྱེ་བ་ཕྱི་མ་རྣམས་སུ་ལ་ཆེ་བ་བདེ་ཞིང་སྐྱིད་པ་དང་ཉེན་ཆེ་བ་སྡུག་བསྔལ་འབྱུང་བ་གཉིས་ཀ་ལས། ད་ལྟ་གང་ཕྱེད་རང་ལ་འདམ་ག་བཏང་དུ་ཡོད་པའི་སྐབས་ཡིན་པས་ན་དོན་ཆུང་བ་དང་དོན་མེད་པའི་ཚེ་འདིའི་བྱ་བ་ཟས་གོས་སོགས་ལ་འབད་པས་ལུས་སེམས་མི་གཡེང་བར། ཕྱི་མའི་གནས་སྐབས་སུ་བདེ་བ་མང་བོ་སྒྲུབ་པའི་སྒོ་ནས་རྟེན་འདི་ལ་དོན་ཆེན་གྱི་སྙིང་བོ་ལེན་པར་འགྱུར་བ་བྱིན་གྱི་རློབས་ཤིག་ཅེས་པའོ། །བྱིན་གྱིས་བརླབས་པའི་དོན་ནི་སེམས་རྒྱུད་དེའི་སྐལ་བ་ཅན་ཏུ་བྱས་པ་སྟེ། དེ་ཡང་ནུས་པའམ་བག་ཆགས་ཁྱད་པར་ཅན་རེ་བཞག་པའི་དོན་ནོ། །གཉིས་པ་སྤྱིའི་དོན་ལ། སྤྱིར་རྟེན་ཁྱད་པར་ཅན་ཐོབ་པ་ལ་དགེ་བ་མང་དུ་སྒྲུབ་དགོས་ཤིང་། དེ་ལ་ཚུལ་ཁྲིམས་རྣམ་དག་གིས་བཞི་བཟུང་སྦྱིན་སོགས་གཞན་གྱིས་གྲོགས་བྱས་སྨོན་ལམ་རྣམ་དག་གིས་མཚམས་སྦྱོར་བ་ལྟ་བུ་ཞིག་དགོས་པར་གསུངས་པས་རྙེད་དཀའ་ཞིང་། གཞན་ཡང་། ངོ་བོ་རྒྱུ་དཔེ་སོགས་ཀྱི་སྒོ་ནས་རྙེད་དཀའ་ཚུལ་རྣམས་ཤེས་དགོས་སོ། །འཇིག་པར་སླ་ཚུལ་ནི་འཆད་པར་འགྱུར་རོ། །རྟེན་བཟང་བོ་ཞེས་པ་ནི། སྤྱིར་ངན་འགྲོ་གསུམ་གྱི་རྟེན་ལ་ལྟོས་ཏེ་བདེ་འགྲོའི་རྟེན་བཟང་མོད་ཆོས་སྒྲུབ་པའི་རྟེན་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རྟེན་ནི་མཆོག་ཡིན་ཏེ། སློབ་སྤྲིང་ལས། བདེར་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པར་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དལ་འབྱོར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས། འཆི་བ་མི་རྟག་པ་དྲན་ཚུལ་སྤྱིར་བསྟན་པ། འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་དྲན་ཤེས་བསྟེན་ཚུལ་ལོ། །དང་པོ་ནི། འདུས་པ་འབྲལ་ཞིང་ཞེས་སོགས་རྐང་བ་བཞི་སྟེ། འདི་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། ཟག་བཅས་ཀྱི་དངོས་པོ་སོགས་འདུས་བྱས་ཐམས་ཅད་ནི། སྤྱིར་མི་རྟག་ཅིང་ཁྱད་པར་དུ་དེ་དག་ལས་གང་ཚོགས་ཞིང་འདུས་པ་རྣམས་མཐར་འབྲལ་བར་འགྱུར་ཞིང་། བསྲེགས་པ་མ་ལུས་ང་ཡང་མཐར་འཛད་ལ། མཐོན་པོར་གྱུར་པའི་མཐའ་ནི་རྒུད་པའི་དང་རང་བཞིན་ལས་མ་འདས་ཞིང་། སྐྱེས་པའི་ཐ་མ་ཡང་འཆི་བ་ལས་མ་འདས་སོ། །སྐྱེ་བ་ཞིག་བླངས་པའི་མཐར་འཆི་བར་མ་ཟད། ནམ་འཆི་ཡང་ཆ་མེད་པས་ན། དེ་ལྟར་དྲན་པའི་སྒོ་ནས་ཡུན་རིང་དུ་བསྡད་དེ་ཕྱིས་སུ་ཆོས་བྱེད་ལོང་ཡོད་སྙམ་པ་སྤངས་ནས་ལོང་མེད་དྲན་པའི་བློ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །ཚུལ་དེ་ལྟར་བཤད་པ་ཡང་སྦོམ་ཐོག་ནས་ཡིན་གྱི། ཁྱབ་མཐའ་བཟུང་བའི་ཚུལ་གྱིས་ནི་མིན་ཏེ། སངས་རྒྱས་འཕགས་པ་རྣམས་ལུང་རྟོགས་ཀྱི་ཡོན་ཏན་དང་ཚོགས་གཉིས་སོགས་དང་མི་འབྲལ་ཞིང་། རྣམ་ཤེས་ཡང་འཁོར་སེམས་བྱུང་དང་མི་འབྲལ་ལ་བླ་མེད་ལྟར་ན་དེ་རང་གི་བཞོན་པའི་རླུང་དང་ཡང་འབྲལ་མི་རུང་དུ་གནས་པའི་ཕྱིར་དང་། སངས་རྒྱས་དང་བྱང་འཕགས་ཀྱིས་བསགས་པའི་ཚོགས་ཀྱང་མི་འཛད་ལ། དེ་དག་རྣམས་ནི་ལས་ཀྱིས་དབང་མེད་དུ་མཐར་རྒུད་པ་དང་འཆི་བ་ཡང་མི་མངའ་བའི་ཕྱིར་ཏེ། རྒྱུད་བླ་མ་ལས། འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །འཆི་མེད་ཞི་བའི་གནས་ཐོབ་པ། །ཞེས་དང་། འཕགས་པ་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པའི་ཕྱིར། དེས་ན་དེའི་དོན་ནི་ཟག་བཅས་ཀྱིས་བསྡུས་པའི་དངོས་པོ་རགས་པ་འདི་རྣམས་འདུས་པའི་མཐར་འབྲལ་ཞིང་། ལས་ཉོན་གྱིས་སྐྱེ་བ་བླངས་པའི་སོ་སྐྱེ་རྣམས་འཆི་བ་ལས་མ་འདས་པ་སོགས་གཙོ་བོའི་དོན་ནོ། །གཉིས་པ་ནི། ལམ་རིམ་ནས་བཤད་པ་ལྟར། ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པའི་སོ་སྐྱེ་ནི་ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་བའི་ཚེ་དམ་པའི་ཆོས་མ་གཏོགས་གཞན་གྱིས་མི་ཕན་པའོ། །དང་པོ་ནི། ཚོམས་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །ཞེས་སོགས་གསུངས་པ་ལྟ་བུའོ། །གཉིས་པ་ནི། ཇི་སྐད་དུ། སྐད་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་ཡོང་གཏོལ་མེད་པས། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། ཀཱ་ནི་ཀཱ་ཡི་སྤྲིངས་ཡིག་ལས། འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་མི་དགེ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ན། །འགའ་ཡང་ཁྱོད་ཀྱི་རྗེས་མི་འབྲང་། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་བཞི། འཆི་བ་ལ་ཉེ་བའི་ཚེ་གནོད་གཅོད་མི་འབྱུང་བར་གསོལ་བ། འཁྲུལ་སྣང་མི་འབྱུང་བ། སྔོན་གྱི་གདམས་ངག་དྲན་ནུས་པ། ཡིད་དགའ་སྤྲོ་དང་ལྡན་པར་གསོལ་བའོ། །དང་པོ་ནི། གཟུང་འཛིན་རྣམ་རྟོག ཞེས་སོགས་རྐང་བ་བཞི་སྟེ། གཟུང་བ་སྟེ་ཡུལ་གཟུགས་སྒྲ་སོགས་ཕྱི་ནང་གི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང་། འཛིན་པ་སྟེ་ཡུལ་ཅན་མིག་ཤེས་སོགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་རྣམ་པར་རྟོག་པ་འཐུལ་བ་གང་ལ་གནས་པའི་གཞི་ལུས་ཀྱི་གྲོང་ཁྱེར་དུ། མི་གཙང་བའི་རྫས་བཤང་གཅི་སོགས་དང་། ཤ་རུས་སོགས་ས་ཁམས། ཁྲག་ཆུ་སེར་སོགས་ཆུ་ཁམས། དྲོད་མེ་ཁམས་དབུག་སོགས་རླུང་ཁམས་ཏེ་ཁམས་བཞི་དང་། དེ་རྣམས་ཀྱི་ཚོགས་པ་སྒྱུ་མའི་ཕུང་བོ་འདི་དང་རང་གི་རྣམ་པར་ཤེས་པ་འབྲལ་ཀའི་དུས་ཀྱི་ཚེ་ཟས་མ་འཕྲོད་པ་ལ་སོགས་པ་འཆི་རྐྱེན་སྣ་ཚོགས་པ་ཞིག་འབྱུང་བའི་གནད་གཅོད་ཀྱི་སྡུག་བསྔལ་རྣམས། ཞི་བར་བྱིན་གྱིས་རློབས་ཤིག །ཅེས་པའོ། །དེ་ལ་གྲོང་ཁྱེར་ཞེས་པའི་དོན་ནི་དངོས་ཟིན་ལྟར་གཟུང་འཛིན་གྱི་རྣམ་རྟོགས་འཁྲུལ་བ་ཉིད་ལ་བཤད་པ་བཞིན་བྱས་ཀྱི། ཡུམ་གྱི་མདོ་ལས། མིག་སོགས་དབང་བོ་ལ་གྲོང་གི་སྒྲ་དང་དབང་རྟེན་ཁོག་པ་སོགས་ལ་གྲོང་ཁྱེར་གྱི་སྒྲས་བསྟན་པ་ལྟར་ན། གྲོང་ཁྱེར་ནི་འཁྲུལ་ཤེས་ཀྱི་རྟེན་ལུས་ཀྱི་ཁམས་སྤྱི་དང་བྱེ་བྲག་རྣམས་ལ་བྱའོ། །མི་གཙང་འབྱུང་བཞི་ཞེས་པའི་བར་དུ་གཞི་མཐུན་གྱི་དྲུག་སྒྲ་སྦྱར་ཏེ་འབྱུང་བཞི་ལ་མི་གཙང་བའི་སྒྲས་བསྟན་པ་ལ་བཤད་རུང་ཙམ་ཡང་སྣང་ངོ་། །གཉིས་པ་ནི། གཅེས་པར་བསྐྱངས་པའི་སོགས་རྐང་པ་བཞི་སྟེ། སྔར་ཟས་གོས་སོགས་ཀྱིས་ཤིན་ཏུ་གཅེས་པར་བསྐྱངས་པའི་ལུས་འདི་ཉིད་ཀྱིས་རང་ལ་ཕྱིས་དགོས་པའི་དུས་སུ་བསླུས་ཏེ་བཟའ་བཏུང་འཇུ་བ་སོགས་མི་བྱེད་ཅིང་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཡང་མེད་པར་གྱུར་བའི་སྐབས་དེར་ཤིན་ཏུ་འཇིགས་སུ་རུང་བ་གཤིན་རྗེའི་ཕོ་ཉའི་དགྲ་བོ་མངོན་དུ་གྱུར་ནས་ཕ་རོལ་ཏུ་འཁྲིད་པར་རྩོམ་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་གི་དུག་གསུམ་དང་དེའི་དབང་གིས་འབྱུང་བའི་འབྱུང་བ་སོ་སོར་གྱེས་བའི་གནད་གཅོད་ཀྱིས་སྡུག་བསྔལ་དྲག་པོའི་མཚོན་གྱིས་རང་གི་སྲོག་གཅོད་པར་བྱེད་པའི་ཚེ། མི་དགེའི་རྐྱེན་ལས་འཁྲུལ་སྣང་ངན་པ་སྣ་ཚོགས་ཞིག་འབྱུང་བ་ཀུན་ཞི་བར་བྱིན་གྱིས་རློབས་ཏུ་གསོལ། ཞེས་པའོ། །གྲང་ནད་ཀྱིས་གཟིར་བའི་གང་ཟག་ཕལ་ཆེར་འཆི་བའི་ཚེ་འཕྲུལ་སྣང་མི་འབྱུང་བ་མང་ཡང་། ཚ་བའི་ནད་དྲག་པོས་བཏབ་པ་ཕལ་ཆེར་ལ་འཁྲུལ་སྣང་འབྱུང་ངོ་། །དེས་ན་སྡིག་པོ་ཆེ་འགའ་ཞིག་ནི་འཆི་བའི་ཚེ་འཁྲུལ་སྣང་དང་། གནོད་གཅོད་དྲག་པོ་མི་འབྱུང་བ་སྲིད་ཅིང་། དགེ་བ་སྟོབས་ཆེན་བྱས་པ་འགའ་ཞིག་ལ་དེ་ལྟར་འབྱུང་བ་ཡང་སྲིད་དོ། །ཡང་ན་སྔ་མ་ནི། ཕྱི་མར་ངན་སོང་དུ་སྡུག་བསྔལ་ཆེན་པོ་མྱོང་དགོས་པས་རེ་ཞིག་དེ་ལྟ་བུ་མ་བྱུང་བའམ། སྐབས་དེར་དགེ་བ་ཕྲན་ཚེགས་ཀྱི་འབྲས་བུ་འབྱུང་བ་ཡོད་ལ། ཕྱི་མ་ནི། ཕྱི་མར་ཡུན་རིང་དུ་བདེ་བ་འབྱུང་བས་རེ་ཞིག་ལ་སྔོན་བྱས་པའི་ལས་ངན་པའི་འབྲས་བུ་ལྷག་མ་ཕལ་ཆེར་སྡུག་བསྔལ་ཆུང་ངུ་མྱོང་བ་དེས་གོ་ཆོད་པར་འགྱུར་རོ། །ཚུལ་དེ་ཉིད་ཤེར་ཕྱིན་སུམ་བརྒྱ་བ་སོགས་ནས་གསུངས་པས། དགེ་བ་སྟོབས་ཆེན་བྱས་པ་འགའ་ལ་འཁྲུལ་སྣང་དང་གནོད་གཅོད་དྲག་པོ་བྱུང་བ་སོགས་ལ་དྲན་པར་མི་འཛིན་ཅིང་། སྡིག་ཅན་འགའ་ལ་དེ་མ་བྱུང་ཡང་བཟང་བོར་འཛིན་མི་རིགས་སོ། །དེས་ན་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་གཞན་གྱི་ཚོད་མཐའ་གཅིག་ཏུ་བཟང་ངན་འདིའོ་ཞེས་བཟུང་དུ་མི་རུང་སྟེ། མདོ་ལས། ངའམ་ང་འདྲ་བས་གང་ཟག་གི་ཚོད་བཟུང་གི །གང་ཟག་གིས་གང་ཟག་གི་ཚོད་མི་གཟུང་སྟེ་ཉམས་པར་གྱུར་ཏ་རེ། ཞེས་དང་། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །བརྩེ་བའི་བདག་ཉིད་ཆེ་ཡང་དུད་འགྲོར་སྐྱེས། །ཞེས་བྱང་ཆུབ་སེམས་དཔའ་ངན་སོང་དུ་སྐྱེ་སྲིད་པར་གསུངས་པ་བཞིན་ནོ། །གསུམ་པ་ནི། སྨན་པས་བོར་ཞིང་སོགས་རྐང་བ་བཞི་སྟེ། འཆི་བར་ངེས་པའི་དུས་སུ་སླེབས་པའི་ཚེ་སྨན་པས་སྨན་བཏང་ནས་མི་འཚོ་བར་ཤེས་ཏེ་རང་ཉིད་བོར་ནས་འགྲོ་ཞིང་། དེར་མ་ཟད་རིམ་གྲོ་ཆེན་པོ་བྱས་ཀྱང་འཆི་བ་བཟློག་ཏུ་མེད་ལ། གཉེན་རྣམས་ཀྱིས་ང་ནི་འཆི་བར་ངེས་སོ་སྙམ་ན་གསོན་དུ་རེ་བའི་རེ་ཐག་ཆད་ནས་སྡུག་བསྔལ་བྱེད་ཅིང་། ནད་པ་རང་ཉིད་ཀྱིས་ཀྱང་ཅི་བྱ་བའི་གཏོལ་མེད་པ་སྟེ་ཐབས་མེད་པ་དང་། ཆ་མེད་པ་འམ་རྒྱུས་མེད་པ་ལྟ་བུར་གྱུར་བའི་ཚེ། སྔར་བླ་མས་བསྟན་པའི་གདམས་ངག་རྣམས་དང་། ཁྱད་པར་འཆི་བའི་དུས་ཀྱི་གདམས་ངག་ཁྱད་པར་ཅན་དྲན་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །གདམས་ངག་མང་ཡང་དཀོན་མཆོག་དང་བླ་མ་ལ་དད་པ་དྲག་པོ་དང་། ཀུན་རྟོག་ངན་པ་མི་སྐྱེ་བ་དང་། རང་གི་ཡོ་བྱད་ལ་མི་ཞེན་པ་དང་། སྡིག་པ་འཆགས་པ་དང་། འཕོ་བའི་མན་ངག་དྲན་པ་སོགས་སོ། །བཞི་པ་ནི། སེར་སྣས་བསགས་པའི་སོགས་རྐང་པ་བཞི་སྟེ། སྔར་རང་ཉིད་ཀྱི་ཆེད་དུ་འབད་པ་དུ་མའི་སྒོ་ནས་སེར་སྣས་བསགས་པའི་ཟས་དང་ནོར་ཡོད་ནའང་རང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ཚེ་ཤུལ་དུ་ནི་ལུས། རང་ལ་བརྩེ་ཞིང་གདུང་བའི་གཉེན་སོགས་དང་སླན་ཆད་འཕྲད་དུ་མེད་པའི་ཚུལ་གྱིས་གཏན་ནས་བྲལ་བར་ནི་བྱས་ཤིང་། ཟས་གོས་ནོར་གྲོགས་གང་ཡང་མེད་པར་འཇིགས་སྐྲག་སོགས་འབྱུང་བའི་ཉམ་ང་བའི་གནས་སུ་རང་ཉིད་གཅིག་པུས་འགྲོ་བའི་ཚེ། ཡིད་ལངས་དགེ་བ་མ་བྱས་ད་ཅི་བྱ་སྙམ་པ་ལ་སོགས་པའི་འགྱོད་པ་མེད་པར་བུ་རང་གི་ཕ་ཁྱིམ་དུ་འགྲོ་བ་ལྟ་བུའི་དགའ་སྤྲོའི་གདེངས་དང་ལྡན་པར་ད་ལྟ་དང་དུས་དེར་ཡང་འབྱུང་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དགའ་སྤྲོའི་གདེངས་ཞེས་པ་ནི་ད་ལྟ་ནས་དགེ་བ་མང་དུ་བསགས་ཏེ་འཆི་བའི་དུས་སུ་ངས་དགེ་བ་དེ་ཙམ་ཞིག་བྱས་པས་ངན་སོང་གི་སྡུག་བསྔལ་མྱོང་བ་སོགས་མི་སྲིད་པར་ཐག་ཆོད་པའི་ངེས་པ་ཐོབ་ནས་འཆི་བ་ལ། མི་དགའ་བ་མེད་ཅིང་དགའ་སྤྲོ་བྱེད་པའི་དོན་ཡིན་གྱི་ཁ་ཅིག་དགའ་སྤྲོ་བདེ་དང་ཞེས་འདོན་པ་ནི་མ་དག་པའོ། །གསུམ་པ་ལ་གཉིས། ཕྱི་རྟགས་དང་། ནང་རྟགས་སོ། །དང་པོ་ནི། ས་ཆུ་མེ་རླུང་སོགས་རྐང་བ་བཞི་སྟེ། གཉིས་པ་ནི། འཇིགས་སྐྲག་འཁྲུལ་སྣང་སྣ་ཚོགས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏོ། །དང་པོའི་དོན་ནི། འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་ཕྱི་ནང་གི་རྟགས་གཉིས་ལས། དང་པོ་ཕྱིའི་རྟགས་ལ་འབྱུང་བ་བཞིའི་ནང་ནས་རང་ལུས་ཀྱི་སའི་ཁམས་དང་ཆུ་ཁམས་མེ་ཁམས་རླུང་ཁམས་ཏེ་འབྱུང་བ་བཞི་རིམ་གྱིས་ཐིམ་པ་རྣམས་ལས། སའི་ཁམས་ཐིམ་པའི་ཚེ་ལུས་ལྕི་བ་དང་མནན་པ་ལྟ་བུའི་ཚུལ་གྱིས་ལུས་ཀྱི་སྟོབས་ཤོར་དེའི་རྗེས་སུ་ཆུའི་ཁམས་ཐིམ་པའི་ཚེ་ལུས་ཀྱི་བ་སྤུའི་སྒོ་ནས་དྲི་ངན་དང་ལུས་རྩེད་སེད་སེད་པ་དང་། ཁ་དང་སྣ་བསྐམས་ཤིང་བརྗེས་ནས་འགྲོ་བ། དེ་ཡང་ཁ་བསྐམས་ཤིང་སྣ་གཡས་གཡོན་གང་རུང་དུ་མོ་སྟེ། མཆིལ་མ་དང་སྣབས་མི་འབྱུང་ས་ཁམས་ཐིམ་པའི་ཚེ་ལུས་ཀྱིས་དྲོད་མཐའ་ནས་རིམ་གྱིས་བསྡུས་ཏེ་རྐང་བ་དང་དཔྲལ་བ་སོགས་ལ་དྲོད་མི་འབྱུང་། རླུང་ཁམས་རགས་པ་ཐིམ་འགྲོ་བའི་ཚེ་དབུགས་ཕྱིར་ཕུལ་ཞིང་ཐུང་ངུ་མང་དུ་བརྩེགས་པ་དང་ཕྱིར་འགྲོ་བ་སླ་ལ་ནང་དུ་བསྡད་དཀའ་ཞིང་དབུགས་ངར་ངར་སྒྲོགས་པའི་སྒྲ་འབྱིན་པའི་ཚེ། དཀོན་མཆོག་མཁྱེན་སྙམ་པ་སོགས་དགེ་བའི་སེམས་སྟོབས་དང་ལྡན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །གཉིས་པ་ལ་ཚིགས་བཅད་དང་པོའི་དོན་ནི། སྔར་གྱི་རྟགས་རྣམས་བྱུང་བའི་ཚེ་གཤིན་རྗེ་ལ་སོགས་པའི་འཇིགས་སྐྲག་དུ་མ་དང་། ཡིད་ངོར་འཁྲུལ་བའི་སྣང་བ་སྣ་ཚོགས་པ་འཆར་ཞིང་། ཁྱད་པར་དུ་སའི་ཁམས་ཐིམ་པའི་ནང་རྟགས་སུ་དཔྱིད་དུས་ཀྱི་ཚེ་ཆུ་མེད་པའི་བྱེ་ཐང་ལྟ་བུ་ལ་ཆུ་སྔོ་ཁྲག་ཁྲིག་རྒྱུག་པ་བཞིན་དུ་སྨིག་རྒྱུ་འདྲ་བའི་སྣང་བ་དང་། ཆུ་ཁམས་ཐིམ་པའི་ནང་རྟགས་སུ་བར་སྣང་ལ་དུ་བ་སྲབ་མོས་ཁྱབ་པ་བཞིན་དུ་དུ་བ་ལྟ་བུ་དང་། མེ་ཁམས་ཐིམ་པའི་ནང་རྟགས་རྩ་མེར་བསྲེག་པའི་མེ་མ་དག་ནམ་མཁའ་ལ་གཏོར་བ་ལྟར་མཁའ་སྣང་མེ་འཁྱེར་འདྲ་བའི་སྣང་བ་ཤར་ཏེ། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ། མཆིད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་ཀྱི་རང་བཞིན་གྱི་རྟོག་པ་བདུན་ཏེ། རང་བཞིན་གྱི་རྟོག་པ་བརྒྱད་ཅུའི་བཞོན་པར་གྱུར་བའི་རླུང་རགས་པ་རྣམས་འགགས་པ་དེའི་ཚེ། ཀུན་རྫོབ་ཏུ་རྟེན་འབྲེལ་ཙམ་གྱི་འཆི་བ་མ་གཏོགས་པར་དོན་དམ་པར་འཆི་བ་མེད་པས་ན། འཆི་མེད་ཀྱི་གནས་ལུགས་སྟོང་བ་ཉིད་རྟོགས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །འདི་ལ་སྐྱེ་བའི་ཚེ་སྣང་བ་གསུམ་གྱི་རྗེས་སུ་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་ཡང་། འགག་པའི་ཚེ་རང་བཞིན་གྱི་རྟོག་པ་རྣམས་འགག་པའི་འོག་ཏུ་སྣང་བ་གསུམ་ཆར་བས། ཁ་ཅིག་སྣང་བ་གསུམ་དང་དེའི་རང་བཞིན་སྤེལ་ནས་སྐྱེ་འགག་བྱེད་པར་བཤད་པ་ནི་རྗེའི་དགོངས་པ་མིན་ནོ། །ཚིགས་བཅད་གཉིས་པའི་དོན་ནི། ཀུན་རྟོགས་གཡོ་བྱེད་ཀྱི་རླུང་ཁམས་འདི་རྣམ་པར་ཤེས་པ་ལ་རིམ་གྱིས་ཐིམ་པར་རྩོམ་པ་ན། ཁ་དང་སྣ་ནས་རླུང་གི་རྒྱུ་བ་རིམ་གྱིས་འགག་ནས་འགྲོ་ཞིང་འགག་པའི་ཚེ་ཕྱི་དབུགས་རྒྱུན་ཆད་པ་ཞིག་བྱ་ཞིང་། རླུང་གི་གཉིས་སྣང་རགས་པ་འདི་དག་རྣམ་ཤེས་ལ་ཐིམ་ཟིན་པ་ན། རླུང་རྣམ་ཤེས་ལ་ཐིམ་པའི་ནང་རྟགས་སུ་མར་མེ་འབར་བ་འདྲ་བའི་སྣང་བ་ཤར་བ་དེའི་ཚེ། སྔར་བསྒོམས་པའི་གདམས་ངག་དང་། དགེ་སེམས་ལ་དྲན་ཤེས་ཤུགས་དྲག་པོ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །འདི་དག་ལ་སྤྱི་དོན་གྱི་སྒོ་ནས་བཤད་ན། དེ་ལས་ཆུ་ལ་ཐིམ་ཞེས་པའོ་དོན་ནི། ས་ཁམས་རགས་པ་འདིས་དེའི་ཚེ་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་པས་ཐིམ་ཞེས་གསུངས་ཀྱི། ས་ཁམས་ཐིམ་ནས་མེད་སོང་བ་མིན་ཞིང་། དེ་བཞིན་དུ་རླུང་གི་བར་ལ་སྦྱར་རོ། །སྣང་བའི་རང་བཞིན་སོ་གསུམ་ནི། རིམ་པ་ལྔ་ལས། དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་གཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་ཡང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིགས་འཛིན་བཞི། །སོ་སོར་རྟོགས་དང་ངོ་ཚ་ཤེས། །སྙིང་རྗེ་དད་ནི་བརྩེ་བ་གསུམ། །དོགས་པ་བསགས་པ་ཉིད་དང་ནི། །ཕྲ་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ཞེས་གསུངས། མཆེད་པའི་རང་བཞིན་བཞི་བཅུ་ནི། །རིམ་ལྔ་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་ཤིན་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་རྒོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་པ་ང་རྒྱལ་དང་། །བྱ་དང་དབྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒེག་དང་ཞེས་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་དང་ང་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་རྒྱུ་དང་སྡུག །མི་བསྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཞེས་གསུངས། ཉེར་ཐོབ་ཀྱི་རང་བཞིན་བདུན་ནི། རིམ་ལྔ་ལས། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་བ་དང་། །མི་སྨྲར་གྱུར་དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །ཞེས་གསུངས་ཤིང་། དེ་དག་གི་དོན་རྒྱས་པར་བཤད་ན་མང་བར་དོགས་ནས་མ་བྲིས་སོ། །འདིར་ཕྱི་དབུགས་ཆད་པའི་དུས་དངོས་ནི། རང་བཞིན་བརྒྱད་ཅུའི་བཞོན་པའི་རླུང་རགས་པ་རྣམས་སྣང་བ་ལ་ཐིམ་པའི་དུས་ཏེ་ང་ཡང་རླུང་དེ་རྣམས་དབུ་མའི་ནང་དུ་ཐིམ་པའི་སྐབས་སོ། །དེའི་ཚེ་མིག་གིས་གཟུགས་མི་མཐོང་། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང་། ལུས་ཀྱི་རེག་བྱ་མི་ཚོར་རོ། །བཞི་བ་ལམ་དུས་སུ་སྐྱེ་འཆི་བར་དོའི་ལམ་འཁྱེར་བསྲེ་བ་བསྒོམ་ཚུལ་པ་གསུམ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུས་ལམ་འཁྱེར་བསྒོམ་ཚུལ་ལོ། །དང་པོ་ལ་གཉིས། སྔོན་འགྲོ་སྣང་མཆེད་ཐོབ་གསུམ་དང་དངོས་གཞི་འོད་གསལ་བསྒོམ་ཚུལ་ལོ། །དང་པོ་ནི། སྣང་མཆེད་ཐོབ་གསུམ་སོགས་རྐང་བ་བཞི་སྟེ་འབྱུང་བ་བཞི་རིམ་གྱིས་ཐིམ་པའི་རྗེས་སུ་ནི། སྣང་བ་མཆོད་པ་ཉེར་ཐོབ་གསུམ་སྔ་མ་སྔ་མ་ཕྱི་མ་ཕྱི་མར་རིམ་གྱིས་ཐིམ་པའི་ཚེ་སྣང་བ་འབྱུང་ཚུལ་ནི། ཀུན་རྟོག་གཡོ་བྱེད་ཀྱི་རླུང་དབུ་མའི་ནང་དུ་ཐིམ་པ་ན་རླུང་སྣང་བ་ལ་ཐིམ་པ་ཞེས་བྱ་ཞིང་། དེའི་ཚེ་ཡིད་ངོར་སྣང་བ་གཞན་མི་འཆར་བར་སྟོན་དུས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འཆར་ལ། དེ་ཉིད་ལ་སྣང་བ་ཞེས་ཟེར། དེ་ནས་སྣང་བ་དེ་མཆེད་པ་ལ་ཐིམ་པའི་དུས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དམར་ལམ་བའི་སྣང་བ་འཆར་ཞིང་། དེ་ལ་མཆེད་པ་ཟེར། དེའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་མུན་པས་ཁྱབ་པ་འདྲ་བའི་ཉམས་ཤར་བ་ལ་ཉར་ཐོབ་ཞེས་ཟེར་ཞིང་། དེའི་ཚེ་སྔར་གྱི་གསོན་པའི་དུས་སུ་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་རྣམས་བདེན་པའི་རང་བཞིན་གྱིས་སྟོང་བར་རྟོགས་པའི་རྣལ་འབྱོར་བསྒོམས་པར་བྱས་པའི་རྐྱེན་གྱིས། ད་གཟོད་སྣང་བ་གསུམ་ཤར་བའི་ཚེ། དེ་དང་ངའོ་སྙམ་དུ་རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དེ་ལ་སྣང་བ་ལ་སྟོང་བ་དང་། མཆེད་པ་ལ་ཤིན་ཏུ་སྟོང་བ་དང་། ཉེར་ཐོབ་ལ་སྟོང་བ་ཆེན་པོ་དང་། འོད་གསལ་བ་ནི་ཐམས་ཅད་སྟོང་བ་ཞེས་ཀྱང་བརྗོད་དེ། དེ་བཞི་ལ་རིམ་བཞིན་སྟོང་བ་དང་པོ་ནས་བཞི་བ་ཞེས་བྱའོ། །སྣང་བ་དེ་དག་ནི། ཁམས་དྲུག་ལྡན་རིམ་གྱིས་འཆི་བའི་དུས་དང་། རྫོགས་རིམ་གྱི་སེམས་དབེན་མཐར་ཕྱིན་པའི་སྐབས་སུ་གསལ་བར་འཆར་ལ། གཉིད་སོགས་ཀྱི་དུས་འགའ་ཞིག་གི་ཚེ་ཅུང་ཟད་རེ་འཆར་རོ། །རྫུས་སྐྱེས་ནི་དབང་བོ་ཅིག་ཆར་འགགས་པས་སྔར་གྱི་འཆར་ཚུལ་རྣམས་མི་འབྱུང་ཡང་། འཆི་བའི་འོད་གསལ་ནི་ཅུང་ཟད་མྱོང་དགོས་སོ། །གཉིས་པ་ནི། ཉེར་ཐོབ་ཐམས་ཅད་སྟོང་བར་ཐིམ་པ་ལས་སོགས། ཚིགས་བཅད་གཉིས་ཏེ། དང་པོའི་དོན་ནི་ལམ་དུས་སུ་སྔར་བཤད་པའི་སྟོང་ཆེན་ཉེར་ཐོབ་དེ། ཐམས་ཅད་སྟོང་བར་ཏེ་འོད་གསལ་ལ་ཐིམ་པའི་དུས་ལས། ཀུན་རྟོག་གི་སྤྲོས་པ་སྤྱི་དང་ཁྱད་པར་སྔར་གྱི་འབྱུང་བ་ཐིམ་པའི་སྐབས་ཀྱི་སྣང་བ་ལྟ་བུའི་སྤྲོས་པ་ཀུན་ཞི་ཞིང་། སྣང་མཆེད་ཐོབ་གསུམ་གྱི་སྐབས་སུ་འཆར་བའི་ཟླ་འོད་དང་ཉི་འོད་དང་མུན་པ་ལྟ་བུའི་སློང་བྱེད་ཀྱི་རྐྱེན་གསུམ་དང་ཟལ་བ་སྟོན་དུས་ཀྱི་ཐོ་རངས་ནམ་མཁའ་གཡའ་དག་པའི་རང་མདོག་ལྟ་བུའི་ཉམས་ཤར་བའི་ཚེ། དེ་འདྲ་བ་ཤར་བའི་འོད་གསལ་མ་དང་། སྔར་བསྒོམས་པ་བུའི་འོད་གསལ་གཉིས་ངོ་འཕྲོད་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །ཀུན་རྟོག་ནི། རང་བཞིན་གྱི་རྟོག་པ་དང་། དེའི་བཞོན་པར་གྱུར་བའི་རླུང་རགས་པ་དང་བཅས་པ་རྣམས་སོ། །དེ་ལ་འཆི་བའི་ཚེ་སྟོང་བ་བཞི་ཀ་རང་ཤུགས་ཀྱིས་འཆི་བ་འོད་གསལ་ནི་མ་དང་། སྔར་རྫོགས་རིམ་གྱི་སྐབས་སུ་ཆོས་སྐུ་དང་བསྲེ་བའི་ལམ་འཁྲེར་བསྒོམས་པའི་འོད་གསལ་ནི་བུ་སྟེ། ད་གཟོད་འཆི་བའི་ཚེ་འཆི་བ་འོད་གསལ་བ་དེར་ངོ་ཤེས་པས་ཆོས་སྐུ་དང་བསྲེ་རྒྱུ་བྱུང་ན་མ་བུ་འཕྲོད་པ་ཡིན་ལ། དེ་ལ་དེར་ངོས་མ་ཟིན་ན་མ་བུ་འཕྲོད་པ་ཞེས་མི་བྱའོ། །དེ་ལྟར་ཡང་རྗེའི་བསྲེ་བའི་ཡིག་ཆུང་ལས། དེ་ལ་འཆི་བའི་ཚེ་སྟོང་བ་བཞི་རང་ཤུགས་ཀྱིས་འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྔར་གཉིད་དུས་སུ་བསྒོམས་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང་། དེ་གཉིས་འཆི་བའི་ཚེ་འོད་གསལ་དུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་བ་ཡིན་ནོ། །ཞེས་གསུངས། བསྲེ་ཚུལ་རྒྱས་པར་ནི་རྫོགས་རིམས་ཀྱི་བསྲེ་བའི་སྐབས་ལ་ཤེས་པར་བྱའོ། །ཚིགས་བཅད་གཉིས་པའི་དོན་ནི། ལམ་དུས་ཀྱི་སྟོང་བ་དང་ཤིན་ཏུ་སྟོང་བ་དང་། སྟོང་བ་ཆེན་པོ་དེ་གསུམ་དང་། དེ་གསུམ་འདས་པའི་སྟོང་བ་བཞི་བ་ཐམས་ཅད་སྟོང་བའི་དུས་སུ་གློག་གི་རྗེས་སུ་འགྲོ་བ་སྟེ་དེ་དང་ཆ་འདྲ་བའི་ཚངས་པའི་མེ་ཡིས་ཏེ་ལྟེ་བ་དང་གསང་གནས་ཀྱི་གཏུམ་མོའི་མེ་སྦར་བས། དེའི་དྲོད་ཀྱིས་སྤྱི་བོའི་རི་བོང་ཅན་བྱང་སེམས་དཀར་བོ་རིམ་གྱིས་བཞུས་ཏེ། རང་གི་སྤྱི་བོ་ནས་མགྲིན་པ། དེ་ནས་སྙིང་ཁ། དེ་ནས་ལྟེ་བ། དེ་ནས་གསང་གནས་རྣམས་སུ་རིམ་པར་འབབ་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་དང་འོད་གསལ་གྱི་དུས་སུ་རང་བཞིན་གྱིས་སྟོང་བ་རྟོགས་པའི་བློ་གཉིས་ངོ་བོ་གྲུབ་སྟེ་དབྱེར་མེད་དུ་སྦྱར་བའི་ཡེ་ཤེས་ཉིད་ལ་ཡིད་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱིན་གྱིས་སློབས་ཤིག་ཅེས་པའོ། །སྤྱིར་སད་དུས་སུ་གཏུམ་མོ་སྦར་ནས་བྱང་སེམས་བཞུས་པའི་བདེ་སྟོང་སྦྱོར་བ་ཡིན་ཡང་། འདིར་འཆི་དུས་སུ་དེ་ལྟར་སྦྱོར་བར་བཤད་པ་ནི། འཆི་བའི་སྔོན་དེར་གཏུམ་མོ་སྦར་ནས་བདེ་བསྐྱེད་དེ། འཆི་དུས་ཀྱི་སྣང་བ་གསུམ་དང་འོད་གསལ་ཤར་བའི་ཚེ་བདེ་སྟོང་སྦྱོར་བར་འབྱུང་བ་ལ་དགོངས་པ་འདྲ་སྟེ། འཆི་བའི་སྣང་བ་དང་འོད་གསལ་རང་དུས་སུ་གཏུམ་མོ་སྦོར་བ་སོགས་ནི་དཀའ་སྙམ་སྟེ་བརྟག །དེ་དག་ནི་ལམ་དུས་ཀྱི་དབང་དུ་བྱས་ཀྱི། གཞི་དུས་ཙམ་ལ་སྣང་བ་གསུམ་འོད་གསལ་དང་བཅས་པ་འབྱུང་ཡང་བདེ་སྟོང་སྦྱོར་མི་ནུས་སོ། །བསྡུ་ན། ཡིད་ཀྱི་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས། ཡུལ་སྟོང་བ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ཡུལ་ཅན་སྦྱོར་བ་ནི། འདིར་བདེ་སྟོང་སྦྱོར་བའི་དོན་ནོ། །ཡང་དེའི་ཚེ་བདེ་བ་ཁྱད་པར་ཅན་སྐྱེས་པ་དེ་ཉིད་ཀྱིས་སྟོང་ཉིད་རྟོགས་པ་ཡིན་གྱི། བདེ་བ་དང་བློ་གཉིས་ངོ་བོ་ཐ་དད་དུ་མི་འབྱེད་དོ། །འདིའི་དོན་ནི་ཞིབ་པར་གཞན་ནས་ཤེས་དགོས་ཤིང་། རླུང་དབུ་མར་མ་ཆུད་པ་ལ་འདིའི་སྐབས་ཀྱི་བདེ་སྟོང་སྦྱོར་བའི་དོན་ཚང་བ་མིན་ནོ། །འདིར་མཐའ་ཅུང་ཟད་དཔྱད་ན། དེ་ཡང་རྫོགས་རིམ་ནས་འབྲལ་བའི་ཐུགས་དམ་དུ་བཞུགས་ཞེས་གྲགས་པའི་ཁྱད་པར་ཅན་ནི་སྐབས་འདི་ནི་དཔེ་དོན་གྱི་འོད་གསལ་ལ་གནས་པའི་དུས་སུ་འབྱུང་བར་གསུངས་ཤིང་། ཐུགས་དམ་དེ་འདྲ་བ་ནི་སྔོན་དུ་སྟོང་ཉིད་རྟོགས་མྱོང་བར་མ་ཟད་རྫོགས་རིམ་པའི་ངག་དབེན་བསྒོམས་པ་སྔོན་དུ་འགྲོ་དགོས་སོ། །དེའི་ཕྱོགས་ནའང་མེད་པར་ད་ལྟ་འགའ་ཞིག་ཐུགས་དམ་ལ་བཞུགས་ཡོད་ཟེར་བ་ནི། པཎྜི་ཏ་ཆེན་པོ་སངས་རྒྱས་རྒྱ་མཚོའི་གསུང་ལས། དེ་དག་གི་དོན་དང་ཉམས་ལེན་གང་ཡང་མེད་པའི་རིགས་བྱེད་དང་ཁུང་དང་དབང་བོ་ཐ་མ་རྣམས་ནི་ཐུགས་དམ་ལ་བཞུགས་ཞེས་པ་ནི་རྫུན་ཁོ་ན་མངོན་སུམ་གྱིས་སྒྲུབ་པའང་རྟོགས་ལ་ཞེས་དང་། དེང་སང་ཆོས་ཕྱོགས་ན་བླ་མར་གཉེར་གནས་འགའ་ཞིག་གིས་ཐུགས་དམ་དུ་བཞེད་ནས་ཕུང་བོ་ལ་ཤིང་སོགས་ཀྱི་སྐྱོར་རྒྱབ་ནས་འཇོག་པ་ཙམ་མ་གཏོགས། ཞེས་སོགས་གསུངས་པ་ལྟར། ཐུགས་དམ་ལ་བཞུགས་པ་དངོས་གནས་པ་སྲིད་མོད་ཕལ་ཆེར་དེ་ལྟར་དུ་སྣང་ཞིང་ལ་ལ་ན། ཇི་སྐད་དུ། འགའ་ཞིག་ཀྱང་ཕུང་བོར་ཆགས་ནས་སྡོད་པའང་ཡོད་པར་གྲགས་ལ་ཞེས་དང་། གསང་འདུས་ཀྱི་ཡིག་ཆུང་ཉེར་གཅིག་ལས། དེ་ལ་འཆི་བ་འོད་གསལ་ཞེས་ཟེར། དེ་ལ་ཐ་མལ་པའི་མི་རྣམས་ཞག་གསུམ་གྱི་བར་དུ་གནས། ཞེས་གསུངས་པ་ལྟར་ན། ཐུགས་དམ་དངོས་གནས་མིན་ཀྱང་རྣམ་ཤེས་ཕུང་བོ་ལས་ཕྱིར་མ་འཐོན་པར་གནས་པ་ལ་བཟང་ངན་གཉིས་འབྱུང་བར་གསལ་ལོ། །འོན་ཀྱང་ཤི་མ་ཐག་ཏུ་རྣམ་ཤེས་ཕྱིར་འཐོན་པ་དང་། ཞག་ཕྱེད་གསུམ་དང་ཞག་གཅིག་དང་། དེ་ལས་ཀྱང་ཐུང་བར་གནས་པའང་ཡོད་པར་བཤད་ལ། ཐུགས་དམ་དངོས་གནས་པ་ནི། འཇམ་དཔལ་ཞལ་ལུང་ལས། ཆུ་ཚོད་བརྒྱད་དམ་ཉིན་གཅིག་དང་ནི་ཟླ་གཅིག་དུའམ། །ལོ་གཅིག་བསྐལ་བའམ་བསྐལ་བ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། ཞེས་གསུངས་པ་ལྟར་འབྱུང་སྲིད་དོ། །དེས་ན་རྫོགས་རིམ་གྱི་ཉམས་ལེན་ཁྱད་པར་ཅན་མེད་པར་ཐུགས་དམ་དུ་བཞུགས་ཅེས་པ་ནི། ཐུགས་དམ་རྗེས་འཐུན་ནམ་ཡང་ན་སྔར་ལྟར་བཅོས་མའོ། །སྤྱིར་ཐུགས་དམ་ཞེས་ཟེར་བ་ལ་ནི་ངེས་པ་མེད་དེ། ཁ་དོན་དགེ་སྦྱོར་བྱེད་པ་ལའང་དེ་སྐད་ཟེར་བའི་ཕྱིར་རོ། །ཤི་བའི་ཐུགས་དམ་ཡང་སེམས་ཀྱི་བྱེད་ལས་ལ་ལྟོས་ཀྱི། ཕུང་བོ་མཁྲང་ཞིང་རེངས་ཏེ་འདུག་པ་ལ་ནི་ངེས་པ་ཅི་ཞིག་ཡོད། འདི་ཙམ་གྱི་དབྱེ་བ་ཡང་མི་ཤེས་པར་ཤ་འཐེན་ཏེ་ཐུགས་དམ་ལ་བཞུགས་མ་བཞུགས་ཀྱི་ཁྱད་པར་ཕྱེ་ནས་ཐག་གཅོད་པ་ནི་བཞད་གད་བྱ་བའི་གནས་སོ། །རྣམ་ཤེས་ཕུང་བོར་གནས་པ་དེ་ཉིད་རང་ཤུགས་ཀྱིས་ཕྱིར་འཐོན་པར་འགྱུར་མོད། འཕོ་བ་སོགས་རྐྱེན་འགས་ཁྱད་འཐོན་པ་ནི་སྲིད་དོ། །དེའི་ཕྱིར་ཤི་བའི་ཕུང་བོ་ནི། ཁམས་དཀར་དམར་ཕྱིར་འཐོན་པའི་རྟགས་བྱུང་ན་མ་གཏོགས། ཞག་གསུམ་ཚུར་སྒྱོགས་བསྒུལ་བསྲེགས་པ་སོགས་མ་བྱས་ན་ལེགས་པར་གསུངས་ལ། ཕལ་ཆེར་དེ་ལྟར་ཕྱེད་པ་མི་སྣང་ངོ་། །རྟགས་འབྱུང་བའི་དུས་ནི། རྣམ་ཤེས་ལུས་ལས་ཕྱིར་འཐོན་པའི་དེ་མ་ཐག་ཁམས་དམར་བོ་མར་སྒོ་དང་དཀར་བོ་རྟགས་ཀྱི་སྒོ་ནས་འབྱུང་ལ། འགའ་ཞིག་ལ་ཕྱིར་དངོས་སུ་མི་འབྱུང་བ་ཡང་སྲིད་ཅེས་གསུངས། གཉིས་པ་བར་དེར་ལོངས་སྐུའི་ལམ་འཁྱེར་ལ་གཉིས། དངོས་དང་ལས་ཀྱི་བར་དོ་འཆར་ཚུལ་ལོ། །དང་པོ་ནི། དེ་ལས་ལངས་ཚེ་སོགས་རྐང་བ་བཞི་སྟེ། རྣལ་འབྱོར་པས་སྔར་བཤད་པའི་འཆི་བ་འོད་གསལ་ལ་ཇི་ཙམ་མཉམ་པར་འཇོག་ནུས་སུ་བཞག་ནས། པང་བའི་སྐབས་སུ་བབས་པ་ན་འོད་གསལ་དེ་ལས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐོལ་གྱིས་ལངས་པ་དེའི་ཚེ། འཆི་བའི་འོད་གསལ་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་གྱི་ཉེར་ལེན་ལས། མཚན་སོ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུས་མཛེས་པའི་དཔལ་རབ་ཏུ་འབར་བ་བར་དོ་ལོངས་སྤྱོད་རྫོགས་པས་སྒྱུ་ལུས་པའི་སྐུར་དངོས་སུ་བཞེངས་ནས། སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །འདིའི་སྐབས་ཀྱི་འོད་གསལ་ཞེས་པ་ནི། དཔེ་དོན་གྱི་འོད་གསལ་གཉིས་ལས་དཔེའི་འོད་གསལ་ཡིན་ལ། དེ་ནི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། མངོན་སུམ་དུ་རྟོགས་པ་གཉིས་ལས་དང་པོ་ཡིན་ནོ། །དོན་གྱི་འོད་གསལ་ཐམས་ཅད་སྟོང་བ་མངོན་པར་བྱང་ཆུབ་པ་སོགས་མིང་གི་རྣམ་གྲངས་སུ་གསུངས་ལ། དེ་ལ་འཆི་བ་འོད་གསལ་ཞེས་པ་ནི་འཆི་བའི་ཚེ་ཀུན་གྱིས་ངེས་པར་མྱོང་དགོས་ཀྱང་། གཞིའི་འོད་གསལ་དེ་ལམ་གྱི་དེ་དང་བསྲེས་པའི་ཚུལ་གྱིས་དཔེའི་འོད་གསལ་དུ་འཇོག་པ་ཡིན་ནོ། །འདིའི་ལོངས་སྐུ་ནི་ད་དུང་ཟུང་འཇུག་མ་ཐོབ་པའི་ཕྱིར་ན། རྫོགས་པའི་སངས་རྒྱས་དངོས་མིན་པས་ལོངས་སྐུ་བཏགས་པ་ཙམ་ཡིན་ནོ། །དེ་ནི་ཐ་མལ་བ་ལ་བར་དོ་འོང་བའི་དོད་ལ་སྒྱུ་ལུས་འགྲུབ་པ་སྟེ། སྒྱུ་མ་ཆུ་ཟླ་སོགས་དཔེ་བཅུ་གཉིས་ཀྱིས་མཚོན་པས་ན་སྒྱུ་ལུས་ཞེས་པ་དང་། ལོངས་སྐུ་དངོས་གནས་དང་ཆ་མཚུངས་པས་ན། ལོངས་སྐུ་ཞེས་ཀྱང་བྱའོ། །འདི་ལ་ཤ་རུས་སོགས་མི་སྲིད་དེ། ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པས་སོ། །རྗེ་བླ་མ་ཡང་སྐུ་འདིའི་མཆོག་འགྲུབ་པ་ཡིན་ཏེ། ས་གསུམ་མར། བར་དོ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ། །མཆོག་གི་དངོས་གྲུབ་བརྙེས་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ལས་ཀྱིས་སོགས་རྐང་བ་བཞི་སྟེ། སྔར་བཤད་པའི་སྒྱུ་ལུས་སུ་ལྡང་བར་མ་ནུས་པར་གལ་ཏེ་ལས་ཀྱི་དབང་གིས་ཐ་མལ་གྱི་བར་དོའི་ལུས་གྲུབ་པར་གྱུར་ན། འཕྲལ་དུ་སྐྱེ་འཆི་བར་དོ་གསུམ་གྱི་ངོ་དང་ཁྱད་པར་ལ་ཞིབ་ཏུ་བཏགས་ཤིང་དཔྱད་པས། སྐྱེ་འཆི་བར་དོ་གསུམ་པོ་ཡི། སྡུག་བསྔལ་ཀུན་རྫོབ་ཙམ་དུ་འབྱུང་བ་མ་གཏོགས། ཚུགས་ཐུབ་ཀྱི་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཚུལ་རྟོགས་ནས། བར་དོའི་གནས་སྐབས་སུ་འབྱུང་བའི་འཕྲུལ་སྣང་ཐམས་ཅད་ཡིད་དུ་འོང་བ་ལྷ་དང་ལྷ་མོར་སྣང་བ་ལྟ་བུ་སོགས་དག་པའི་སྣང་བར་འཆར་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དེ་ལ་ལས་ཀྱི་དབང་གིས་བར་དོ་འགྲུབ་པ་གཉིས་ཏེ། སྔོན་བར་དོའི་ལམ་ཁྱེར་བསྒོམས་མྱོང་བའི་རྣལ་འབྱོར་བ་འགའ་ནི། དོན་ལ་བར་དོའི་ལུས་གྲུབ་ཀྱང་ཡིད་ངོར་ལྷའི་སྣང་བ་འཆར་བ་ཡོད་པས། འདི་བྱུང་ནའང་ཁྱད་ཆེ་བར་བཤད་དོ། །ཐ་མལ་བ་གཞན་ལ་བར་དོ་དངོས་འབྱུང་ཞིང་། དེ་ཡང་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། ཞེས་གསུངས་པའི་དོན་ལ་མཁས་པ་ཁ་ཅིག་བར་དོར་སྐྱེས་མ་ཐག་ནས་སྐྱེ་སྲིད་མ་བླངས་ཀྱི་བར་དུ་སྐྱེ་བ་ཕྱི་མ་གང་དུ་སྐྱེ་འགྱུར་དེའི་གཟུགས་ཀྱི་ཉམས་འཆར་བར་བཤད་ལ། ཁ་ཅིག་ཞག་བྱེད་བཞི་ཚུན་ལ་སྔ་མའི་སྣང་བ་དང་། དེ་ཕན་ལ་ཕྱི་མའི་སྣང་བ་འཆར་བར་བཞེད་དོ། །ཕྱི་མ་འདི་ལ་རྗེས་ནཱ་རོ་ཆོས་དྲུག་ཏུ་དགག་པ་ལྟ་བུ་ཞིག་མཛད་འདུག་ཅིང་། འོན་ཀྱང་བཞེན་མཁན་ནི་མང་དུ་སྣང་ངོ་། །རྣམ་པ་གཅིག་ཏུ་ན། མིའི་བར་དོའི་ལུས་རང་ཉིད་ལ་སྣང་ཚུལ་དེ་ལྟར་འབྱུང་ཡང་། ལུས་དངོས་ནི་ཞལ་ལུང་ལས། དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །ཞེས་འབྱུང་བ་ལྟར་བྱིས་པ་ལོ་ལྔ་ལོན་པའི་རྣམ་པ་ཅན་དུ་ཡོད་དམ་སྙམ་མོ། །བར་དོའི་ཐོས་གྲོལ་ལས། བར་དོ་ལ་སྐྱེ་གནས་བར་དོ། །རྨི་ལམ་བར་དོ། །བསམ་གཏན་བར་དོ། །འཆི་ཁ་བར་དོ། །ཆོས་ཉིད་བར་དོ། །སྲིད་པ་བར་དོ་དང་དྲུག་ཏུ་བཤད་ཀྱང་དེ་ནི་ལུགས་གཞན་ཡིན་པ་དང་། སྲིད་པ་བར་དོ་མ་གཏོགས་གཞན་རྣམས་བར་དོ་བཏགས་པས་ལ་བྱེད་ན་རུང་ཙམ་ཡིན་མོད། བར་དོ་ནི་མིན་ནོ། །གཞན་ཡང་། ཐོས་གྲོལ་དེར་བར་དོའི་བཤད་པ་མང་དུ་བྱས་པ་སྣང་ཡང་སྐབས་འདིར་ཡིད་གཏན་མི་བྱའོ། །གསུམ་པ་སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འབྱུང་བ་ལོག་པའི་སོགས་རྐང་བ་བཞི་སྟེ། བར་དོའི་གནས་སྐབས་སུ་རང་གི་འབྱུང་བ་སའི་རླུང་ལོག་པའི་རྟགས་སུ་ས་འོག་ཏུ་ནོན་པ་ལྟ་བུ་དང་། རི་བྲག་ཉིལ་བ་ལྟ་བུའི་སྣང་བ་དང་སྒྲའི་ཉམས་འཆར། ཆུ་རླུང་ལོགས་པས་རྒྱ་མཚོའི་ཀློང་དུ་བྱིང་བ་དང་ཆུ་བོ་ཆེན་པོ་འབབ་པའི་སྣང་བ་དང་སྒྲའི་ཉམས་འཆར། མེ་རླུང་ལོགས་པས་ནགས་ཚལ་ཆེན་པོ་ལ་མེ་འབར་བ་ལྟ་བུའི་སྣང་བ་དང་སྒྲའི་ཉམས་འཆར། རླུང་གི་རླུང་ལོགས་པས་རླུང་ཚུབ་ཆེན་པོས་ཁྱེར་བ་ལྟ་བུའི་སྣང་བ་དང་སྒྲའི་ཉམས་འཆར་བ་སྟེ་འབྱུང་བ་ལོག་པའི་དགྲ་བཞི་འབྱུང་བ་དང་འཇིགས་སྣང་གསུམ་ནི། ཁ་ཅིག་འཇིགས་པ། སྐྲག་པ། དངངས་པ་གསུམ་དང་ལ་ལ་ནི་དམྱལ་བ་ཡི་དགས་དུད་འགྲོ་གསུམ་གྱི་འཇིགས་པ་དང་། སྒྲ་འོད་ཟེར་གསུམ་གྱི་འཇིགས་པ་དང་། གཞན་དག་འདོད་ཆགས་ཀྱི་མདངས་གཡང་ས་དཀར་བོ། །ཞེ་སྡང་གི་གཡང་ས་དམར་བོ། གཏི་མུག་གི་གཡང་ས་ནག་པོ་སྟེ་གཡང་ས་ཆེན་པོ་གསུམ་དུ་ལྷུང་ལ་ཁད་པ་དང་ལྷུང་བར་འགྱུར་བ་ལྟ་བུའི་སྣང་བ་འཆར་བ་ལ་འདོད་དོ། །འོན་ཀྱང་པཎ་ཆེན་རང་གི་བར་དོའི་བཤད་པར་འཇིགས་སྐྲགས་དངངས་གསུམ་ཞེས་བཤད་པ་ལྟར་ན་དང་པོ་བཞིན་ནོ། །གཞན་ཡང་སྐབས་ལ་ལར་རྩེ་ཞིང་དགའ་བ་དང་། ཡང་སྐྱོ་ཞིང་འཇིགས་པ་སོགས་མ་ངེས་པའི་རྟགས་མང་བོ་རྣམས་རིགས་མི་འདྲ་བ་སྣ་ཚོགས་ཀྱི་རྣམ་པར་ཤར་བའི་ཚེ། གནས་མི་སྡུག་པའི་སྣང་བ་ཤར་བ་དག་པའི་ཞིང་དུ་སྣང་བ་ནི། ཕྱིའི་ལམ་ཁྱེར་དང་གཞན་འཇིགས་སྣང་ཐམས་ཅད་ལྷའི་སྐུར་སྒོམ་པ་ནང་དང་། དེ་ཐམས་ཅད་འཁྲུལ་བའི་སྣང་བ་ཙམ་མ་གཏོགས། བདེན་སྟོང་སྒྱུ་མ་ལྟ་བུར་ལྟ་བ་ནི། གསང་བར་བསྒྱུར་བའི་རྣལ་འབྱོར་ཏེ། དེ་ལྟ་བུའི་ཉམས་ལེན་གྱི་སྒོ་ནས་གནས་ཁྱད་པར་ཅན་རྣམ་པ་དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་སློབས་ཤིག་ཅེས་པའོ། །དེ་ལ་མདོ་སྔགས་ཀྱི་གཞུང་ཆེ་བ་ནས་འཆི་བའི་དུས་ཀྱི་འབྱུང་བཞི་ཐིམ་པའི་རྟགས་འབྱུང་བར་བཤད་ཀྱང་འབྱུང་བ་ལོག་པའི་དགྲ་བཞི་བར་དོ་འཆར་བ་ནི་སྔགས་ཀྱི་གཞུང་ཆེ་བ་ནས་ཕྱོགས་རེ་ཙམ་མ་གཏོགས་གསལ་བར་གསུངས་པ་མ་མཐོང་ཡང་། མན་ངག་འགའ་ཞིག་ལས་འབྱུང་ལ། འཇིགས་སྣང་གསུམ་ཡང་དེ་བཞིན་དང་། མ་ངེས་པའི་རྟགས་ནི་མདོ་སྔགས་གཉིས་ཀ་ནས་གསལ་བར་བཤད་ཅིང་། རྙིང་མའི་གཞུང་ནས་སྣང་བ་འཆར་ཚུལ་མི་འདྲ་བ་འགའ་ཞིག་བཤད་ཀྱང་བཏང་སྙོམས་སུ་བཞག་གོ །ཕྱི་ནང་གསང་བར་བསྒྱུར་བ་ནི་སྔར་གྱི་བཤད་པ་དེ་ལྟར་ཡིན་ཏེ། པཎ་ཆེན་ཉིད་ཀྱིས་མཛད་པའི་སྙིང་བོ་དོན་གསུམ་གྱི་ཁྲིད་ལས། བར་དོ་གྲུབ་ཚེ་ཕྱི་ནང་གསང་བ་དག །བསྒྱུར་བའི་མན་ངག་འདི་ལྟར་ཉམས་སུ་ལེན། །ད་ལྟ་བཟང་ངན་སྣང་བ་གང་ཤར་ཡང་། །བར་དོ་འཁྲུལ་པའི་སྣང་བ་ཉིད་ཡིན་ཞེས། །རྒྱུན་ཆགས་དྲན་པའི་ཉམས་ལེན་གོམས་བྱས་ཏེ། ད་གཟོད་བར་དོའི་སྣང་བ་ཤར་བའི་ཚེ། །མི་སྡུག་འཁྲུལ་སྣང་ཤར་ཚེ་དག་པའི་ཞིང་། །འཇིགས་རུང་གཤིན་རྗེའི་སྣང་སོགས་ལྷ་ཡི་སྐུ། །ཀུན་ཀྱང་མ་རིག་འཁྲུལ་སྣང་ཙམ་ཞིག་ལས། །བདེན་མེད་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས། །ཆགས་སྡང་བཀག་ནས་བསམ་བཞིན་སྲིད་འཚམས་སྦྱོར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ལམ་རིམ་ལས། དམྱལ་བའི་བར་དོ་ནི། སྡོང་དུམ་མེས་ཚིག་པ་དང་། དུད་འགྲོའི་བར་དོ་ནི་དུ་བ་དང་། ཡི་དགས་ཀྱི་བར་དོ་ནི་ཆུ་དང་། འདོད་པའི་ལྷ་མིའི་བར་དོ་ནི་གསེར་ལྟ་བུ་དང་། གཟུགས་ཁམས་པའི་བར་དོ་ནི་དཀར་བོར་མངལ་འཇུག་ལས་གསུངས་སོ། །ཞེས་དང་། ལྷའི་བར་དོ་ནི་གྱེན་དུའོ། །མིའི་བར་དོ་ནི་ཐད་ཀར་འགྲོའོ། །ཉེས་པའི་ལས་བྱེད་པ་རྣམས་ཀྱི་མིག་ཐུར་དུ་བྱས་ཏེ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ཏེ། ཞེས་བཤད་ཅིང་། འདོད་གཟུགས་གཉིས་ནས་གཟུགས་མེད་དུ་སྐྱེ་བའི་ཚེ་བར་དོ་མེད་པར་གསུངས་སོ། །ཚེ་ཚད་ནི་སྐྱེ་བའི་རྐྱེན་རྙེད་ན་ནི་ངེས་པ་མེད་ཀྱང་། མ་རྙེད་ན་ཞག་བདུན་ཕྲག་རེ་ལ་འཆི་ཆུང་རེ་བྱེད་ཅིང་། བཞི་ཅུ་རྩ་དགུ་ཚུན་ལ་ངེས་པར་སྐྱེ་སྲིད་དུ་འགྲོ་བར་བཤད་དོ། །བར་དོའི་སེམས་ཅན་ནི་ལས་ཀྱི་གཞན་དབང་ཅན་ཡིན་པས་གང་འདོད་དུ་འོང་བ་དང་འགྲོ་བར་བྱེད་མི་ནུས་ཅིང་། བར་དོའི་བཤད་པ་བྱས་པ་ཡང་རང་དགར་ཉན་མི་ནུས་ཀྱང་། དེ་ལ་བཤད་པ་བྱས་ན་མི་འཐད་པ་མེད་མོད། ཁ་ཅིག་གསོན་པོ་བཞིན་རང་དགར་ཉན་པར་འདོད་པ་ནི་མི་ཤེས་པར་གསལ་ལོ། །གཞན་དག་ཤི་ནས་རྣམ་ཤེས་ལུས་ལས་ཕྱིར་མ་འཐོན་པའི་ཚེ་ཡང་དེ་བཞིན་དུ་ཉན་པར་འདོད་པ་ནི་ཆེར་འཁྲུལ་ཏེ། སྣང་བ་གསུམ་གྱི་སྐབས་དང་ཁྱད་པར་འོད་གསལ་གྱིས་དུས་སུ་ནི་མིག་དང་རྣ་བ་སོགས་ཀྱི་དབང་ཤེས་རྣམས་འགགས་ནས་མིག་གིས་གཟུགས་མི་མཐོང་བ་དང་རྣ་བས་སྒྲ་མི་ཐོས་པར་བཤད་པས་ཇི་ལྟར་ཉན་བསམ་དགོས་སོ། །འོ་ན་བར་དོའི་བཤད་པ་རྒྱས་པར་འཆད་པ་དག་སྣང་བས་ཇི་ལྟར་ཞེ་ན། དེ་ནི་ཕྱི་དབུགས་མ་ཆད་པའི་གོང་དེར་གསལ་འདེབས་པར་བྱས་ན་ལེགས་ཤིང་། བར་དོར་གནས་པའི་ཚེ་འོངས་ཏེ་ཉན་ནུས་པའི་སྐབས་སྲིད་པ་དང་། གཞན་དགེ་བ་ལ་བསྐུལ་བའི་ཆེད་དུ་བྱེད་འདོད་ན་བྱར་རུང་ལ། གལ་ཏེ་མ་བྱས་ཀྱང་འཕོ་བ་ལ་ཆད་ལྷག་ཏུ་མི་འགྱུར་རོ། །འོན་ཀྱང་དེང་སང་བཤད་པ་མ་བྱས་ན་འཕོ་བ་བྱད་མི་ཤེས་པར་འདོད་པས་ཅུང་ཟད་རེ་བྱས་པ་མི་འགལ་ལོ། །གཉིས་པ་ནི། མཁའ་སྤྱོད་རིག་པ་འཛིན་པའི་རྟེན་མཆོག་གམ། ཞེས་སོགས་ཚིགས་བཅད་གཅིག་སྟེ། དོན་ནི་སྐྱེ་བ་འཛིན་ཚུལ་ལ་དག་པའི་ཞིང་ཁྱད་པར་ཅན་གྱི་རྟེན་སྤྱི་དང་ཁྱད་པར་དུ་མཁའ་སྤྱོད་ཀྱི་སྔགས་སྤྱོད་པའི་རིག་པ་འཛིན་པའི་རྟེན་མཆོག་ཏུ་གྱུར་བ་ཞིག་གམ། ཡང་ན་ཚངས་བར་སྤྱོད་པ་ལ་གནས་པ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་དང་ལྡན་པའི་རབ་བྱུང་གི་ལུས་བཟུང་སྟེ། བསྐྱེད་པ་རྫོགས་པའི་རིམ་གཉིས་ཀྱི་ལམ་མམ། རྣམ་པ་གཅིག་ཏུ་ན་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ས་ལམ་གྱི་རྟོགས་པ་མཐའ་དག་རྫོགས་པར་མཐར་ཕྱིན་པར་བྱས་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དེ་ལ་སྤྱིར་མཁའ་སྤྱོད་ལ་ཕྱི་ནང་གཉིས་ལས། ནང་གི་མཁའ་སྤྱོད་ནི་འོད་གསལ་ལ་བཤད་ཅིང་། ཕྱིའི་མཁའ་སྤྱོད་འདི་ལ་བཤད་ཚུལ་མི་འདྲ་བ་སྣང་ཡང་། ས་འོག་ན་སྤྱོད་པ། ས་ལ་སྤྱོད་པ། མཁའ་ལ་སྤྱོད་པ་གསུམ་གྱི་ནང་མཚན་གྱི་མཁའ་སྤྱོད་ནི། ནམ་མཁའ་ལ་གནས་པ་ཞིག་ཡིན་པར་གསུང་ངོ་། །དེ་ཡང་གླིང་རེ་རེའི་སྟེང་ག་ནམ་མཁའ་ལ་རེག་འཛིན་གྱི་གནས་མཁའ་སྤྱོད་རེ་ཡོད་པའང་གསུངས་ཤིང་། དེ་ལ་རི་རབ་དང་འབྲེལ་མ་འབྲེལ་གཉིས་ཡོད་པར་མངོན་ནོ། །གཞན་དག་མཁའ་སྤྱོད་ནི་སངས་རྒྱས་ཀྱི་ཞིང་གི་ཁྱད་པར་ཞིག་ལ་འདོད་དོ། །རིམ་གཉིས་ནི་འདིར་སྔགས་ཀྱི་སྐབས་དང་འབྲེལ་བས་སྔ་མ་བཞིན་ཁས་སླངས་དགོས་པར་སེམས་སོ། །གཞན་ཡང་རིམ་གཉིས་ཀྱི་ཁྱད་པར་དང་། བསླབ་གསུམ་དང་། སྐུ་གསུམ་གྱི་རྣམ་བཞག་རྒྱས་པར་བཤད་ན། མང་དུ་དོགས་པས་མ་སྤྲོས་སོ། །ཅེས་བར་དོའི་འཕྲང་སྒྲོལ། ཞེས་པ་ནས། དོན་དྲན་བཞིན་དུ་ཉམས་སུ་བླངས་ན་འཆི་གའི་གདམས་པའི་རྒྱལ་བོར་འགྱུར་རོ། །ཞེས་པའི་བར་ནི་གོ་སླའོ། །སྨྲས་པ། མདོ་དང་རྒྱུད་སྡེའི་མན་ངག་འོ་མའི་མཚོ། །གཅིག་ཏུ་འཁྱིལ་བར་བློ་གྲོས་མན་ད་རས། །ལེགས་པར་བསྲུབས་ལས་ཚིག་དོན་ཆ་ཤས་ཀུན། །ཡོངས་རྫོགས་སྙིང་བོའི་ཟླ་བ་ཟུང་གཅིག་ཤར། །གང་འདི་འདི་ཕྱི་བར་དོའི་འཇིགས་པ་ལས། །མ་ལུས་ལུས་ཅན་སྒྲོལ་ལ་དེད་དཔོན་བཞིན། །ཆེས་ཟབ་ཟབ་དོན་རིན་ཆེན་ཡིད་བཞིན་ནོར། །མཆོག་ཀུན་ཀུན་ནས་འབྱུང་ཕྱིར་རྒྱ་མཚོ་བཞིན། །རྣམ་དཔྱོད་རྣམ་པར་དཔྱོད་པའི་མཐུ་དམན་ཡང་། །གཞུང་མང་གཞུང་ལུགས་མང་དུ་ཐོས་པ་ལས། །ཚུལ་འདི་ཚུལ་བཞིན་འདི་ལྟར་བཀྲལ་བའི་དགེས། །ཀུན་མཁྱེན་ཀུན་གྱི་མཁྱེན་རབ་ཐོབ་གྱུར་ཅིག །ཅེས་བར་དོའི་འཕྲང་སྒྲོལ་གྱི་གསོལ་འདེབས་ཀྱི་རྣམ་པར་བཤད་པ་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། རང་གི་སློབ་མ་འགའ་ཞིག་གིས་བསྐུལ་བས་རྐྱེན་བྱས། ཅོ་ནེའི་སྔགས་དང་མཚན་ཉིད་ཀྱི་བླ་མའི་གོ་སར་གནས་པ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ་ཕྱིས་དད་དང་རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྤིས་མགུའི་སྔགས་འཆང་འཕགས་པ་སྐྱབས་སྤུན་གཉིས་ཀྱིས་རང་གཞན་ལ་ཕན་པའི་བསམ་པ་ཀུན་ནས་བསླངས་ཏེ་མཐུན་རྐྱེན་སྦྱར་ནས་པར་དུ་བསྒྲུབས་པའོ།། །།


previousབར་དོའི་གསོལ་འདེབས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་།next