Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན།
   
   
   
   
   
   
   
   
   
   
   
   


 
previousསྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན།next

སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན།

སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། འཇིག་རྟེན་མེས་པོའི་ཞལ་གྱི་ཆུ་སྐྱེས་ལས། །ལེགས་འཁྲུངས་ཚངས་པའི་སྲས་མོ་དབྱངས་ཅན་མ། །རབ་སྙན་རྒྱུད་མངས་སྒྲོགས་བཞིན་མྱུར་བྱོན་ནས། །བདག་ཡིད་དགའ་བའི་ཚལ་འདིར་ཞུགས་ཤིག་ཀྱེ། །ལེགས་སྦྱར་སྐད་ཀྱི་རྣམ་འགྱུར་ཆུ་གཏེར་མཇིང་། །བློ་ཆུང་རི་བོང་རྐྱལ་གྱིས་བརྒལ་དཀའ་ཡང་། །མཁས་མང་རིམ་བརྒྱུད་མན་ངག་ཨུ་ད་ཀ །བདག་བློའི་བུམ་པར་འཁྱིལ་ལས་ཅུང་ཟད་སྦྱིན། །དེ་ལ་འདིར་སྔགས་ཀྱི་ཀློག་ཚུལ་མདོར་བསྡུས་ཞིག་འཆད་པར་བྱ་སྟེ། འདི་ལ་གསུམ། ཡི་གེའི་དབྱེ་བ། ཀློག་ཚུལ། དགྲ་གྲོགས་སུ་འགྱུར་ཚུལ་ལོ། །དང་པོ་ལ་གཉིས། དབྱངས་དང་གསལ་བྱེད་དོ། །དང་པོ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་སྟེ་བཅུ་བཞིའི་སྟེང་དུ་ཨཾ་ཨཿབསྣན་པས་བཅུ་དྲུག་གོ །གཉིས་པ་ལ། སྡ་བ་ཡིན་མིན་གཉིས་ལས། སྡེ་བ་ཡིན་པ་ནི་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ་སྟེ་སྡེ་བ་ལྔའོ། །གཉིས་པ་སྡེ་པ་མིན་པ་ནི། ཡ་ར་ལ་ཝ་སྟེ་མཐར་གནས་བཞི་དང་། ཤ་ཥ་ས་ཧ། དྲོ་བ་བཞི་སྟེ་སོ་གསུམ་གྱི་སྟེང་དུ། མཐར་ཟད་ཀྱི་ཡི་གེ་ཀྵ་བསྣན་ཏེ་སོ་བཞི་དང་། ཚེག་དྲག ལྕེ་རྩ་ཅན། མཆུ་རྩ་ཅན། ཐིག་ལེ་དང་བཅས་པ་སོ་བརྒྱད་དོ། །དེའི་ཕྱིར། རྒྱ་གར་གྱི་ཡི་གེ་ལ་ནི་ཅ་ཆ་ཇ་གསུམ་དང་ཞ་ཟ་གཉིས་ཏེ་ལྔ་པོ་མེད་ལ། འ་ནི་དངོས་སུ་མི་སྣང་ཡང་འདོགས་ཆའི་ཚུལ་དུ་འབྱུང་ངོ་། །གཉིས་པ་ཀློག་ཚུལ་ལ་གཉིས། སྐྱེ་གནས་ཀྱི་ཁྱད་པར་དང་། ཀློག་ཚུལ་དངོས་སོ། །དང་པོ་ནི། ཨ་ཨཱ་ཀ་ཁ་ག་གྷ་ང་ཧ་ྈྐ་རྣམས་ནི་མགྲིན་པའི་གནས་ལས་སྐྱེའོ། །ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ་རྣམས་ནི་ལྕེ་རྩེ་དང་སོ་རྐན་ལས་སྐྱེའོ། །རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ་རྣམས་ནི་སྤྱི་བོ་ལས་སྐྱེའོ། །ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་པ་རྣམས་ནི་མཆུ་ལས་སྐྱེའོ། །ལྀ་ལཱྀ་ཏ་ཐ་ད་དྷ་ན་ལ་ས་རྣམས་ནི་ལྕེ་རྩེ་དང་སོ་ལས་སྐྱེའོ། །དེ་ལྟར་སྐྱེ་ཚུལ་གྱི་གནས་ལེགས་པར་ངེས་ན་ཀློག་ལུགས་ཀྱང་ཤེས་པར་འགྱུར་རོ། །དེ་ཡང་ཨ་ཨཱ་ནས། ཨཾ་ཨཿའི་བར་དང་། ཀ་ཁ་ནས། བྷ་མའི་བར་མགྲིན་པ་ནས་རིམ་གྱིས་མཆུའི་བར་དུ་སྟེང་འོག་འགྲིམ་པའི་ཚུལ་གྱིས་བྱུང་སྟེ། དེ་ནས་སླར་ཡང་ནང་དུ་ཕྱོགས་པའི་ཚུལ་གྱིས་རྐན་གྱི་ཕུགས་སུ་འགྲོ་བ་ལྟ་བུ་ཞིག་ཡོད་ལ། དེ་ཡང་བརྗོད་འདོད་ཀྱི་དབང་གིས་འབྱུང་བ་ཡིན་ཏེ། དཔང་ལོ་ཆེན་པོས། རྣམ་རྟོག་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡི་གེ་གང་ལ་འགྲེང་བུ་དང་ན་རོ་འདོགས་ཡོད་པ་ཀེ་ཀོ་ཀཱ་ལྟ་བུ་ནི་རིང་བོ་ཞེས་བྱ་སྟེ། མིག་འཛུམ་གཉིས་ཀྱི་ཡུན་ཚད་དུ་བཀླག་པར་བྱའོ། །རི་མོ་གསུམ་འཁྱོག་གི་པ་ལུ་ཏ་ཡོད་པའི། ཤུདྡྷོ་྅ཧཾ་ལྟ་བུ་ནི། ཤིན་ཏུ་རིང་བོ་སྟེ། མིག་འཛུམ་གསུམ་གྱི་ཡུན་ཚད་དུ་བཀླག་གོ །ཨ་ཨི་ཨུ་རྀ་ལྀ་ཀ་ཁ་ག་གྷ་ང་སོགས་རིང་བོ་མ་ཡིན་པ་རྣམས་ནི། མིག་འཛུམ་གཅིག་གི་ཡུན་ཚད་དུ་བཀླག་པར་བྱ་སྟེ། རྣམ་འགྲེལ་ལས། ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། དབྱངས་དང་གསལ་བྱེད་དོ། །དང་པོ་ལ། དབྱངས་ཀྱི་ཀེ་ཤ་ཅན་གཉིས་ནི། ཨེ་ཨི་ཨོ་ཨུ་ལྟ་བུར་ཀློག །ཅེས་འབྱུང་བ་ལྟར་དབྱངས་ཀྱི་ཨཻ་དང་ཨཽ་གཉིས་ལ་ཀེ་ཤ་ཅན་ཞེས་གྲགས་པས། རྒྱ་ཡིག་ལ་དེའི་རྟགས་ཞིག་ཡོད་ཀྱི། འགྲེང་བུ་དང་ན་རོ་ཉིས་བརྩེགས་སུ་མེད་ལ། བོད་ཡིག་ལ་ནི་འགྲེང་བུ་ན་རོ་གཉིས་རེ་ཡོད་པས། ཨཻ་ལ་ཨེ་ཨི་དང་ཨཽ་ལ་ཨོ་ཨུ་ཞེས་འདོན་དགོས་སོ། །ཡི་གེ་དེ་གཉིས་ནི་ཀ་ལ་སོགས་པ་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་ན། ཀེ་ཀཽ་སོགས་སུ་འགྱུར་ལ། དེའི་ཚེ་ཀཻ་ལ་ཀེ་ཨི་དང་ཀཽ་ལ་ཀཽ་ཨུ་ལྟ་བུར་བཀླག་གོ །ཀོའུ་ཤི་ཀ་དང་གོའུ་ཏ་མ་ལྟ་བུ་ལ་འུ་ཞེས་བྲིས་པ་ནི། ཨུ་དང་འུ་བརྗོད་པ་མཚུངས་པའི་དབང་དུ་བྱས་པའོ། །ཀ་ལ་སོགས་པ་གསལ་བྱེད་ཀྱི་སྲོག་ཏུ་རྀ་ཡྀ་གཉིས་ཞུགས་པ་ཀྲྀ་ཀླྀ་ལྟ་བུ་ཀློག་ཚུལ་ནི། དཔང་ལོ་ཆེན་པོས། ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། ཀིར་རི་གེལ་ལི་ཞེས་མྱུར་བཀླག །ཅེས་གསུངས་ལ། སྣར་ཐང་ལོ་ཙྪ་བས། ཀི་རི་ཀི་ལི་ཞེས་མྱུར་བཀླག །ཅེས་གསུངས་ཤིང་། ཏཱ་ར་ནཱ་ཐས། ཀི་རིང་དང་ཀི་ལི་ལ་ཅེས་འདོན་པར་བཤད་དོ། །རྀ་ལྀ་གཉིས་བོད་ཡིག་ལ་ར་དང་ལའི་མགོར་གི་གུ་ཕྱིར་ལོག་བྱུང་ཡང་། རྒྱ་གར་གྱི་ཡི་གེར་ནི་ར་དང་ལ་ཡིག་མ་ཡིན་པའི་རང་ཚུགས་ཅན་ཞིག་སྣང་ངོ་། །གི་གུ་ཕྱིར་ལོག་གི་རྀ་ནི་དབྲི་དང་ལྀ་ནི་ཀླི་ཞེས་པ་དང་ཆ་མཐུན་པའམ། ཏཱ་ར་ནཱ་ཐས། ལྀ་ནི་ལི་ལ་དང་ལིར་ཆ་མཐུན་དུའང་བཞེད་དོ། །གི་གུ་ཕྱིར་མ་ལོག་པའི་ཀྲི་ཀླི་ནི་ཀ་རི་ཀ་ལི་ཞེས་མྱུར་བར་བཀླག་གོ །འ་ནི་ཨ་དང་བརྗོད་པ་མཚུངས་པས། ཨ་ཨཱ་ནས་ཨཾ་ཨཿའི་བར་རྣམས་ནི། ཀ་ལྟ་བུའི་སྲོག་ཏུ་ཞུགས་པའི་ཚེ་ཀ་ཀའ་ཀི་ཀིའི་ཀུ་ཀུའུ་ཀི་རི་ཀི་རིར་ཀིལ་ཀི་ལ་ལི་ཀའི་ཀེའེ་ཀོའོ་ཀོའུ་ཀང་ཀ་ཨ་ཞེས་པ་བཞིན་བཀླག་པར་བྱའོ། །ཞེས་བཤད་པ་ལྟར་ཡང་རུང་ལ། བཞེད་ཚུལ་མི་འདྲ་བ་གཞན་ཡང་ཡོད་དོ། །དེས་ན་ཨ་འཐོབ་སར་འ་དང་ཨི་ཨུ་ཨེ་ཨོ་བཞི་འཐོབ་པ་ལ་འེ་འུ་འེ་འོ་བཞི་འབྱུང་བ་མང་ངོ་། །གཉིས་པ་གསལ་བྱེད་ཀྱི་ཀློག་ཚུལ་ལ་གཉིས། སྲོག་མེད་ཡར་སྦྱར་བ་དང་། སྲོག་ལྡན་ཡར་མ་སྦྱར་བའི་ཀློག་ཚུལ་ལོ། །དང་པོ་ནི། སྲོག་མེད་ཀ་ནི་ཡང་སྦྱར་བ། །ཙ་ཛ་ཊ་ཌ་ཏ་རྣམས་དང་། །ཉ་ཎ་ན་བཞིན་པ་ནི་བ། །ཤ་ཥ་ཡར་སྦྱར་ས་ལྟར་རོ། །ཞེས་པ་བཞིན་ཀ་ཡར་སྦྱར་བ་ཝཱ་ཀ །དཱི ཀ་ལྟ་བུ་ནི། ཝཱག །དཱིག་ཅེས་པར་ཀློག་ཅིང་། ཙ་ཛ་ཊ་ཌ་ཏ་རྣམས་ཡར་སྦྱར་བ་ཡཙྪ། མཛྫ། ཕཊ། ཁ་ཌ་ག དཏྟ་རྣམས་ནི། ཡད་ཚ། མད་ཛ། ཕད། ཁད་ག །དད་ཏ་ཞེས་འདོན་ནོ། །ཉ་ཎ་ཡར་སྦྱར་བ། པཉྩ། དཎྜ་ལྟ་བུ་ལ། པན་ཅ། དན་ཌ་ཞེས་བྱའོ། །པ་ཡར་སྦྱར་བ། ཤཔྟ། ཨཔྟི་ལྟ་བུ་ཤབ་ཏ། ཨབ་ཏི་ལྟ་བུར་རོ། །ཤ་ཥ་ཡར་སྦྱར་བ་ན་མ་ཤྩཎྜ། ཨཥྚ་ལྟ་བུ། ནམས་ཙཎྜ། ཨ་ས་ཊ་ཞེས་ཀློག་གོ །གྷ་ཛྷ་ཌྷ་དྷ་བྷ་དང་། ཁ་ཆ་ཋ་ཐ་པ་ཝ་ཧ་རྣམས་ཡང་སྦྱོར་བ་མེད་དོ། །དེའི་ཕྱིར་བིགྷྣཱཾ་ལྟ་བུ་ནི། བིགྷ་ནཱཾ་ཞེས་ཕྲལ་ནས་འདོན་གྱི། བིག་ནཱ་ན་ཅེས་མི་བརྗོད་པར་བཤད་དོ། །ག་ད་བ་ང་ན་མ་ར་ལ་ས་རྣམས་ཡར་སྦྱར་བ་ནི་ཀློག་ཚུལ་བོད་བཞིན་ནོ། །བརྩེགས་པའི་ཐོག་མ་གོང་མ་དབང་། །ཞེས་འབྱུང་བ་ལྟར། སརྦ་དང་བུདྡྷ་ལྟ་བུའི་ར་དང་ད་ནི་ཡི་གེ་སྔོན་མར་དབང་ལ། འོག་མ་ནི་སྲོག་ལྡན་ནོ། །རྒྱ་ཡིག་ལ་ཝ་ཆེན་སྒོས་སུ་མི་སྣང་ཡང་། སརྦ་དང་། བཱ་གི་ལྟ་བུ་ལ་འཕྱེད་ཝར་འབོད་པ་ནི་དོན་གྱིས་ཐོབ་པའི་དབང་དུ་བྱས་པའོ། །རྒྱ་ཡིག་ལ་གྷ་ཛྷ་ཌྷ་དྷ་རྣམས་དང་ཀྵ་ནི་ཡི་གེ་རེ་རེ་བ་ཡིན་གྱི། ཉིས་བརྩེགས་མ་ཡིན་པས། ཡི་གེ་སོ་སོར་བྱེ་ནས་མི་བཀླག་གོ །གཉིས་པ་ལ་གཉིས། ཡི་གེ་རེ་རེ་བ་དང་། བརྩེགས་པའི་ཀློག་ཚུལ་ལོ། །དང་པོ་ནི། མིང་གི་ཐོག་མར་སྡེ་བ་ཡི། །གསུམ་པ་འས་འཕུལ་བཞིན་དུ་བཀླག །དབུས་མཐར་བྱུང་ན་བོད་དང་མཚུངས། །ཞེས་འབྱུང་བ་ལྟར། སྡེ་པའི་གསུམ་པ་ག་ཛ་ཌ་ད་བ་རྣམས་ནི་མིང་གི་ཐོག་མ་ན་ཡོད་པ་དཔེར་ན། ག་ཎ། ཛ་ཡ། ཌཱ་ཀི །དཱ་ན། བ་ལ་ལྟ་བུ་ནི་འས་འཕུལ་ཡོད་པ་ལྟར་བཀླག་པར་བྱ་སྟེ། འགའ་ཎཱ། འཇའ་ཡ། འདའ་ན། འབའ་ལ་ལྟ་བུར་བཀླག་གོ །དེ་དག་མིང་གི་དབུས་ན་ཡོད་པ་མངྒ་ལ། བྷོ་ཛ་ན། ཝ་ད་ན། ཨཱ་ཝ་ར་ཎ་ལྟ་བུ་དང་། མཐའ་ན་ཡོད་པདྨ་རཱ་ག །རཱ་ཛཱ། ཤཔྟ། གྷནྡྷ་རྦ་ལྟ་བུའི་ག་ཛ་སོགས་བོད་བཞིན་དུ་བཀླག་གོ །ལོ་ཙྪ་བ་ཁ་ཅིག་ག་ཌ་ལ་འཕུལ་ཡིག་ཡོད་མེད་ལྟ་བུའི་ཁྱད་པར་མེད་ཅེས་གསུངས་ལ། ཁྱད་པར་འབྱེད་པའི་ལུགས་ཀྱང་སྣང་ངོ་། །རིགས་པ་འདིས་ཡོད་ཀྱི་གསལ་བྱེད་སུམ་ཅུའི་ནང་ཚན་གྱི་ཛ་ལ་འཛའ་ཞེས་ཟེར་བ་ནི་མི་འཐད་པར་རྟོགས་སོ། །མཁས་པ་ཁ་ཅིག་པཱ་ར་ག་ཏེ་ཞེས་པའི་ག་ལྟ་བུ་ནི་བོད་ལྟར་ཀློག་གསུང་ཡང་འཐད་པར་དཀའ་སྟེ། པཱ་ར་དང་ག་ཏེ་གཉིས་མིང་སོ་སོ་བ་ཡིན་པས་དེའི་ག་ནི་མིང་ཕྱི་མའི་ཐོག་མ་ན་འདུག་གི །དབུས་ན་ཡོད་པའི་དོན་དུ་མི་རུང་བའི་ཕྱིར་དཔྱད་དོ། །གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། རྒ་རྫ་རྜ་རྡ་རྦ་ལྟ་བུ་ལ་ཧའི་སྒྲ་ཅུང་ཟད་ལྡན་པ་དང་ཌྷ་ནི་དྷྲ་དང་ཡང་ཆ་འཐུན་ནོ། །ཊ་ཋ་ཌ་ནི་ཏྲ་ཐྲ་དྲ་ལྟ་བུ་ལ་ལྕེ་རྩེ་ཅུང་ཟད་སྟེང་དུ་འགུག་ཅིང་། ཏ་ར་ཐ་ར་འདའ་ར་ཞེས་པ་དང་ཡང་ཕྱོགས་མཐུན་ནོ། ཥ་ནི་ལྕེ་རྩེ་སྟེང་དུ་བཀུག་ནས་ཁ་དང་འདྲ་བར་བཀླག་ཅིང་། ཀྵ་ནི་ཁྱ་དང་། ཛྙཱ་ནི་འགྱ། ཎ་ནི་རྣ་བའམ་ནྲ་ཞེས་ཀྱང་བརྗོད་དུ་རུང་བར་བཤད་དོ། །གཞན་ཀ་ཙ་ཏ་པ། ཁ་ཚ་ཐ་ཕ། ང་ཉ་ན་མ། ཡ་ར་ལ་ཝ། ཤ་ས་ཧ་རྣམས་ནི་བོད་ཉིད་དང་མཚུངས་སོ། །གཉིས་པ་བརྩེགས་པའི་ཀློག་ཚུལ་ལ། ལྷན་ཅིག་འདུ་མི་འདུ་གཉིས་ལས་འདུར་རུང་བ་ཛྙཱ་དང་ཀྵ་ལྟ་བུ་ནི་བསྡོམས་ནས་སྔར་བཞིན་བརྗོད་ཅིང་། ཡི་གེ་སྔ་མ་དང་མ་འབྲེལ་བའི་ཀྐ །ཊྚ་ཏྟཱ་ཛྫཿལྟ་བུ་ནི། ཀ་ཨ། ཊ་ཨ། ཏ་ཨཱ། ཛ་ཨ་ཞེས་ཁ་ཁེངས་མཐོན་པོའི་གདངས་ཀྱིས་གཉིས་ཀ་གཅིག་ཏུ་བརྗོད་པར་བྱའོ། །ཕྱོགས་མཐུན། ཤྟ་ཥྚ་ཤཀ་ཥྩ་རྣམས་ནི། སྟ་སཊ་སྐ་སྩ་ལྟ་བུ་དང་དེ་བཞིན་དུ། སྠ་ན། སྤར་ཤ། སྥ་ར་ཎ། སྨ་ར་ཎ་རྣམས་ཀྱང་། ས་ཐ་ན། ས་སར་ཤ །ས་ཕ་ར་ཎ། ས་མ་ར་ཎ་ཞེས་པ་སྒྲ་འཐོན་ཙམ་དུ་མྱུར་བར་བཀླག་གོ །འདུར་མི་རུང་བ། ཀྟ་ཀྟེ་ཀྞི་ཀྞོ་ཀྵྨཾ་ཀྵླི་ཀྵྨཱཾ་ཛཽཎ་ལྟ་བུ་ནི། ཀ་ཏ་ཨ། ཀ་ཏ་ཨེ། ཀ་ཎ་ཨི། ཀ་ཎ་ཨོ། ཞེས་ཨ་སྒྲ་ཐོན་ཙམ་དང་། ཀྵ་མཾ། ཀྵ་ལི། ཀྵ་མ་ཎཾ། ཛ་ཎོ་ཨུང་ཞེས་བྱའོ། ཁ་ཅིག །ཀ་ཏ་ཀ་ཏེ་ཀ་ཎི་སོགས་སུ་བཀླག་ཀྱང་མི་འགལ་ཞེས་བཤད་པས་གང་འཐད་བྱ་ཞིང་། སརྦ་པཱ་པཾ། ཏ་ཐཱ་ག་ཏ་ལྟ་བུ་ནི། སརྦ་པ་ཨ་པཾ། ཏ་ཐ་ཨ་ག་ཏ་ཞེས་ཨ་སྒྲ་གསལ་བར་འཐོན་པར་བྱའོ། །གཞན་ཡང་། ཛྱོ་ཛ་ཡོ། སྱནྟེ། ས་ཡན་ཏི། སྱཻ། ས་ཡེའི། ཏྲྱཻཻ། ཏར་ཡེའི། ནྱཽ། ན་ཡོའུ། གྲྀ་ཧྞ། གྲིར་ཧ་ཎ། ནཻ་ཝཱི་ཏི། ནེའི་ཝི་ཏི། ཨགྣེ། ཨག་ནེ། ཤྚོཾ་བནྡྷ། སྟྲོམ་བྷནྡྷ། ཧྲཱིཿཥྚོཾ་ཧྲཱིས་སྣོན། བྱཱུད་བ་ཡཱུད། བྷྲུཾ། བྷ་རུང་། ཞེས་དང་། མདོར་ན་གསལ་བྱེད་མི་འདྲ་བ་བརྩེགས་པ། ཐླྷིཾ། ཐ་ལིང་། ཀླཻ། ཀ་ལེའི། ཀླ། ཀ་མ་པ། ཡྻཱུཾ། ཡ་མ་ཡུང་། ཀྵྨུཾ། ཀྵ་མ་ར་ཡུང་།་ཧ་ཀྵ་མ་ལ་ཝ་ར་ཡང་། ཞེས་རང་སྒྲ་འཐོན་ཙམ་དུ་མྱུར་བར་བཀླག་པར་བྱ་སྟེ། ཇི་སྐད་དུ། མང་དུ་བརྩེགས་སམ་ཉུང་ངུ་བརྩེགས། །གཅིག་ཏུ་བརྗོད་པར་མི་རུང་རྣམས། །སོ་སོར་ཕྲལ་ཏེ་རང་རང་སྒྲ། །དྲན་ཙམ་མྱུར་བའི་ཚུལ་དུ་བཀླག །ཅེས་སོ། །ཡ་བཏགས་ཕལ་ཆེར་འགྲེང་བུ་སྟེ། །ཡ་སྒྲ་ཅུང་ཟད་ལྡན་པར་བཀླག །ཅེས་པ་ལྟར། ཀཱ་ཤྱ་ལྟ་བུ། ཀཱ་ཤ་ཡ། ཨ་བྷྱ། ཨ་བྷ་ཡ། ས་ཏྱ། ས་ཏེ་ཡ། བྲ་ཏྱ། བྲ་ཏེ་ཡ། བི་དྱ། བི་དེ་ཡ། ཞེས་ཡ་སྒྲ་ཅུང་ཟད་འཐོན་ཙམ་དུ་འདོན་གྱི་གསལ་པོར་མི་བརྗོད་དོ། །ས་ཏྱ། བཱིདྱ་ལྟ་བུ་ནི། ས་ཏ་ཏེ་ཡ། བཱིད་དེ་ཡ་ཞེས་པར་ཡང་བཀླག་གོ །ཏདྱ་ཐཱ་ན་དེ་དང་མི་འདྲ་བར་ཏད་ཡ་ཐཱ་ཞེས་བྱ་ཞིང་། བྷཻ་ཥ་ཛྱེ། པུ་ཎྱེ། ཁ་ཧྱོ་ལྟ་བུ་ལ། བྷཻ་ཥ་ཛ་ཀེ། བུ་ཎ་ཡེ། ཁ་ད་ཡོ་ཞེས་བཀླག་དགོས་སོ། །ཙཪྱ། སུཪྱ། ཨཱཪྱ་ལྟ་བུ་ནི། ཕྲལ་ཏེ། ཙ་ར་ཡ། སུ་ར་ཡ། ཨཱ་ར་ཡ་ཞེས་ཀློག་དགོས་ཀྱང་། ཀ་ཁའི་ཡ་བཏགས་བོད་བཞིན་བཀླག །ཅེས་པར་ལྟར། ཤཱཀྱ་དང་། སཾ་ཁྱ་ལྟ་བུ་ལ་བོད་ལྟར་བཀླག་གོ །ཡཀྵ་དང་། ཤཱཀྱ། ཙཀྲ་ལྟ་བུ་ལ། ཡཀ་ཀྵ། ཤཱཀ་ཀྱ། ཙ་ཀ་ཀྲ་ཞེས་གཉིས་གོ་ཆོད་པ་ལྟར་བཀླག་པར་བཤད། ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག །ཅེས་འབྱུང་བ་ལྟར། སཏྭ་ལྟ་བུ་ལ། སད་ཏོ་ཝའི། ས་ཏོ་ཝ་འདམ་ཁ་ཅན་དུ་གསུངས་ལ། སྭ་མི། ས་ཝ་མི། ཨ་ཤྭ་ར། ཨ་ཤ་ཝ་ར་ཞེས་དང་། གཞན་མི་འདྲ་བ་ནི། ཏྭེ་ནོ་པ། ཏ་ཝེ་ན་ཨུ་པ། དྭེ་ཥ་ར་ཏི། ད་ཝེ་ཥ་ར་ཏི་ཞེས་བྱ་ལ། ཤྭ་ར་དྭཱ་ཏིའི་བུ་ལྟ་བུ་ན། ཤཱ་རད་ཝཱ་ཏིའི་བུ་ཞེས་བརྗོད་དགོས་ཀྱི་དོ་ཞེས་ན་རོར་མི་བཀླག་ཅེས་བཤད་དོ། །ར་བཏགས་ཕལ་ཆེར་བོད་དང་མཚུངས། ཞེས་པ་ལྟར་ཡིན་ཡང་། བཛྲ་ལྟ་བུ་ནི་འབད་ཙར་ཅེས་བྱའོ། །འོན་ཀྱང་ཁ་ཅིག་འབ་ཛར་ཞེས་ཀློག་གསུང་། བུདྡྷཱ་དྷིཥྛ་ན་ལྟ་བུ་ལ། བུད་དྷ་ཨཱ་དྷིཥྛ་ན། དེ་བཞིན་དུ། ཏཱནྟ་ཀ་ར། ཏ་ཨཱནྟ་ཀ་ར། བཛྲོད་གྷ་ཊ། བཛྲ་ཨུད་གྷ་ཊ། པཱུ་ཛོ་བསྠ་ན། པཱུ་ཛ་ཨུ་པསྠ་ན། ཛ་ཊོད་ཀ་ཊ། ཛ་ཊ་ཨུད་ཀ་ཊ། པྲཛྙཱོ་པ། པྲཛྙཱ་ཨུ་པ། ཏ་ཐཱ་ག་ཏོ་ཥྟཱིི་ཥ། ཏ་ཐ་ཨཱ་ག་ཏ་ཨུཥྞཱི་ཥ། པདྨོ་ཥྞཱི་ཥ། པདྨ་ཨུཥྞཱི་ཥ་ཞེས་ཀློག་ཅིང་། འཚམས་སྦྱར་བ་ལྟར་བརྗོད་ཀྱང་མི་འགལ་ཡང་། ཁ་ཅིག །ཏ་ཐཱ་ག་ཏོ་ཨུཥྞཱི་ཥ། པདྨོ་ཨུཥྞཱི་ཥ་ཞེས་ཀློག་པ་མ་དག་གོ །རྣམ་བཅད་ནི་ཚེག་དྲག་བཅད་དེ་དྲག་པར་ཀློག །ཅེས་པ་ལྟར། ཀཿལྟ་བུ་ལ། ཀ་ཨ། ག་ཧ་ཞེས་དང་། བུདྡྷ་ཡ་ན་མཿལྟ་བུའི་རྣམ་བཅད་ནི་རྡུམ་རྡུམ་བཅད་དེ་བཀླག་པར་བྱ་ལ། འོན་ཀྱང་ཤ་ཥ་སའི་སྡེམ་གྱི་རྣམ་བཅད་ནི་ས་རུ་བཀླག་པར་བྱ་སྟེ། ན་མཿཤཱཀྱ་ཡེ། ན་མཿཥདྷ། ན་མཿསརྦ་ལྟ་བུ་ལ་ནམས་ཞེས་བྱའོ། །ལྕེ་རྩ་ཅན་ྈྐ་ྈྑ་གཉིས་ནི། ཨ་ཀ་ཅེས་སམ། ཀོ་ཝ་ཁོ་ཝ་ཞེས་བྱ་ལ། མཆུ་རྩ་ཅན་ྉྤ་ྉྥ་གཉིས་ནི་ཨ་བ་ཅེས་སམ། པོ་ཝ་ཕོ་ཝ་ཞེས་པར་བཀླག་གོ རྗེས་སུ་ང་རོའམ་ཀླད་ཀོར་ནི། རྗེས་སུ་ང་རོ་སྡེ་བ་ལ། རང་རང་སྡེ་བའི་ལྔ་བར་བཀླག །ཡ་སོགས་བརྒྱད་ལ་ང་རུ་བཀླག །ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། །ཤད་ཀྱིས་ཆོས་ན་རང་ཉིད་བརྩི། །ཤེད་མེད་ན་ནི་འོག་མ་བརྩི། །ཞེས་འབྱུང་བ་ལྟར། རང་རང་གི་རྗེས་སུ་ཤད་ཀྱི་ཆོད་པ་ན། རང་ཉིད་དབང་བཙན་པས། ཀ་སྡེའི་ཀླད་ཀོར་ང་། ཙ་སྡེ་ལ་ཉ། ཊ་སྡེ་ལ་ཎ། ཏ་སྡེ་ལ་ན། ས་སྡེ་ལ་མར་ཀློག་ཅིང་། ཡ་ར་ལ་ཝ་སོགས་ལ་རང་འདོན་ནོ། །རང་གི་རྗེས་སུ་ཤད་ཀྱིས་མ་ཆོད་པར། སྦྲེལ་ནས་ཡོད་ཚེ་ཕྱི་མ་དབང་བཙན་པས། རང་གི་ཕ་རོལ་ཏུ་སྡེ་བ་ལྔའི་ཡི་གེ་གང་རུང་བྱུང་ན། སྡེ་བ་དེ་དང་དེའི་ལྔ་བ་ང་ཉ་སོགས་སུ་ཀློག་དགོས་ཏེ། དཔེར་ན། སཾ་ག་ཏེ། སཾ་ཙ་ར་ཏེ། སཾ་ཋ་ཀུ་ར། སཾ་དྷཱ་ར་ཎི། སཾ་བྷཱ་ར་ལྟ་བུ་ལ། སདྒ་ཏེ། སཉྩ་ར་ཏ། སཎྛ་ཀུ་ཏ། སནྡྷཱ་ར་ཎི། སམྦཱ་ར་ཞེས་བྱའོ། །ཡ་སོགས་བརྒྱད་ལ། ཨི་དྀ་ཡཀྵ་ཨི་དཾ་ར ཀྵ། ཨི་དཾ་ལཱ་སྱ། ཨི་དཾ་ཝཱ་དྱ། ཨི་དཾ་ཤཔྡ། ཨི་དཾ་ཥཥྛི། ཨི་དཾ་ས་ཧ་སྲ། ཨི་དཾ་ཧེ་རུ་རྣམས་ལ། ཨི་དང་ཞེས་ངར་བཀླག་པར་བྱའོ། །ཨི་དཾ་བ་ལྀ་ཏ་ལྟ་བུ་ནི། ཨི་དམ་ཅེས་མ་རུ་བརྗོད་པར་བྱ་སྟེ། བ་དང་མ་གཉིས་སྡེ་བ་གཅིག་ཡིན་པའི་ཕྱིར་རོ། །ལོཙྪ་བ་ཁ་ཅིག །ༀ་དང་ཧཱུཾ་ནི་མ་དང་ང་། ཚིག་གྲོགས་དག་ལ་བལྟོས་པ་མིན། །ཞེས་ༀ་གྱི་ཀླད་ཀོར་མ་དང་། ཧཱུཾ་ལ་ང་ཉིད་དུ་ཀློག་པར་བཤད་ལ། ཁ་ཅིག་ཧཱུཾ་ལ་ཡང་མར་བཀླག་དགོས་ཀྱི། ངར་ཀློག་པ་མི་འཐད་ཅེས་གསུང་། རང་ལུགས་ས་བོན་ཡིན་ན་མར་ཀློག་ཅིང་གཞན་མ་དང་ཅི་རིགས་སུ་བཀླག་པར་བྱ་སྟེ། འདིར་མཚོན་པ་ཙམ་སྟེ། རྒྱས་ནི་སྒྲའི་གཞུང་ལས་ཤེས་དགོས་སོ། །སྔགས་མ་དག་པར་བཀླག་ན་ཉེས་པ་ཆེ་བར་བཤད་པས། སྔགས་ཀྱི་ཀློག་ཚུལ་ཤེས་པ་ལ་འབད་པར་བྱའོ། །འོན་ཀྱང་བོད་རྣམས་ཀྱིས་རྒྱ་གར་གྱི་སྐད་མི་ཤེས་པས་སྔགས་ཇི་ལྟ་བ་བཞིན་ཀློག་མི་ཤེས་ཀྱང་ཅུང་ཟད་ཙམ་ཞིག་མ་སྦྱངས་པར་སྔགས་ཀློག་པའི་ཁུང་བྱས་ནའང་གང་མིན་དུ་བཀླག་པས་འབྲས་བུ་ལེགས་པར་འགྲུབ་པར་དཀའ་སྟེ། ས་སྐྱ་པཎ་ཆེན་གྱིས། བོད་ཡུལ་རྨོངས་པས་ཆོས་ལ་ནི། །ཆོས་སྒྲ་རྒྱ་མིན་བོད་མིན་ཀློག །ཞེས་དང་། རྒྱ་མིན་བོད་མིན་སྔགས་འདོན་གངས་ཅན་པ། །ཕལ་ཆེར་ངལ་བ་འབྲས་བུར་མ་གྱུར་ཏམ། ཞེས་གསུངས་པས་སོ། །གཞན་ཡང་། སྔགས་ཀྱི་གཅོད་མཚམས་ནོར་ན་དོན་ལོག་པར་འགྱུར་ཏེ། དཔེར་ན། རྟེན་འབྲེལ་སྙིང་བོའི། ནི་རོ་དྷ་ཞེས་པ་ནི་འགོག་པའི་དོན་ཡིན་པ་ལ། ཡོ་ནི་ཞེས་ཡར་བཅད་ན་མོ་རྟགས་ཀྱི་མིང་དུ་འགྱུར་བ་དང་། ཨ་མྲྀ་ཏ་ལ། ཨ་མི་རི་ཏ། ཞེས་བརྗོད་ན་བདུད་རྩིའི་མིང་དུ་འགྱུར་ཡང་། ཨར་མི་ཏ་ཞེས་བྱས་ན་དུག་གི་མིང་དུ་འགྱུར་བ་དང་། བུདྡྷ་ཞེས་པ་འབུད་དྷ་ཞེས་བརྗོད་ན་སངས་རྒྱས་ཀྱི་མཚན་དུ་འགྱུར་ཡང་། བྷུ་ཏ་ཞེས་བྱས་ན་འབྱུང་བོར་འགྱུར་བ་སོགས་མང་ངོ་། །གསུམ་པ་དགྲ་གྲོགས་སུ་འགྱུར་ཚུལ་ལ་གཉིས། འབྱུང་བ་གང་ཡིན་པ་དང་། དགྲ་གྲོགས་སུ་འགྱུར་ཚུལ་དངོས་སོ། །དང་པོ་ནི། དབྱངས་གསལ་དེ་རྣམས་ཀྱང་འབྱུང་བ་ཆེ་ཆུང་གང་དུ་འདུ་བའི་ཁྱད་པར་ཡོད་དེ། འབྱུང་བ་ཆེ་བའི་དབང་བྱས་ན། ཨ་ཨཱ་ཀ་ཁ་ག་གྷ་ང་ྈྐ་རྣམས་ནི་ནམ་མཁའི་ཁམས་དང་། ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ་རྣམས་ནི་རླུང་གི་ཁམས་དང་། རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ་རྣམས་ནི་མེའི་ཁམས་དང་། ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་ཉ་རྣམས་ནི་ཆུའི་ཁམས་དང་། ལྀ་ལཱྀ་ཏ་ཐ་ད་དྷ་ན་ལས་རྣམས་ནི་སའི་ཁམས་སོ། །འབྱུང་བ་ཆུང་བའི་དབང་དུ་བྱས་ན་ལྀ་ལཱྀ་ཀ་ཙ་ཊ་ཏ་པ་ལ་ས་རྣམས་སའི་ཁམས། ཨུ་ཨཱུ་ཁ་ཚ་ཋ་ཐ་ཕ་ཝ་ྉྤ་རྣམས་ཆུའི་ཁམས། རྀ་རཱྀ་ག་ཛ་ཌ་ད་བ་ར་ཥ་རྣམས་མེའི་ཁམས། ཨི་ཨཱི་གྷ་ཛྷ་ཌྷ་དྷ་བྷ་ཡ་ཤ་རྣམས་རླུང་གི་ཁམས། ཨ་ཨཱ་ཉ་ཎ་ན་མ་ཧ་ྈྐ་རྣམས་ནམ་མཁའི་ཁམས་སོ། །གཉིས་པ། སའི་ཡི་གེའི་དགྲ་ནི། མེའི་ཡི་གེ་ཡིན་ལ། དེ་བཞིན་དུ། མེའི་དགྲ་ཆུ། ཆུའི་དགྲ་རླུང་། རླུང་གི་ཡི་གེ་ཉིད་དགྲ་ནི་སའི་ཡི་གེ་རྣམས་སོ། །ས་ཆུ་གཉིས་ཕན་ཚུན་གྲོགས་དང་། མེ་རླུང་གཉིས་ཀྱང་ཕན་ཚུན་གྲོགས་པོ་ཡིན་ལ། ནམ་མཁའི་ཡི་གེ་ནི། ཡི་གེ་གཞན་ཀུན་གྱི་གྲོགས་སུ་འགྱུར་ཞིང་གཞན་རྣམས་ཀྱང་དེའི་གྲོགས་སུ་འགྱུར་རོ། །མེ་ནི་ཆུ་དང་། ཆུ་ནི་རླུང་དང་། རླུང་ནི་ས་ལ་ནུས་པ་མེད་དོ། །འདི་ལ་འབྱུང་བ་ཆུང་བ་གཙོ་ཆེ་བས་དེའི་དབང་དུ་བྱས་ཏེ་བཤད་ན། ལྷའི་སྔགས་ཀྱི་ཐོག་མར་ༀ་དང་ཏ་དྱ་ཐཱ་སོགས་ཡོད་ན་དོར་ཏེ། ལྷག་མའི་ཡི་གེའི་ཐོག་མ་གང་ཡིན་པ་དེ་དང་། རང་གི་མིང་ཡིག་ཐོག་མ་གཉིས་དགྲ་གྲོགས་བརྩི་བར་བྱའོ། །དེ་ཡང་གསལ་བྱེད་བརྩེགས་པའམ་འཕུལ་བྱེད་ཡོད་ཀྱང་རུང་། དང་པོའི་ཡི་གེ་བཟུང་བར་བྱ་སྟེ། བཀྲ་ཤིས་ཞེས་པའི་བ་དང་། གྲགས་པ་ཞེས་པའི་ག་དང་། རྣམ་རྒྱལ་ཞེས་པའི་ར་དང་། སྔགས་ཀྱི་སརྦའི་ས། བཛྲའི་བ་སོགས་བཟུང་བར་བྱ་བ་ཡིན་ནོ། །དེའི་ཚེ་ཕན་ཚུན་དགྲར་གྱུར་ན་ངན་ལ། གྲོགས་སུ་སོང་ན་བཟང་ངོ་། །འབྱུང་བ་ཆེ་ཆུང་གཉིས་ཀ་མཐུན་ན་རབ། འབྱུང་ཆུང་མཐུན་ན་འབྲིང་རབ། འབྱུང་ཆེན་ཙམ་མཐུན་ན་འབྲིང་སྨད། །གང་དང་ཡང་མ་མཐུན་ཚེ་དགྲར་སོང་ན་ངན་ལ། ནུས་མེད་དུ་སོང་ནའང་ལེགས་པ་མིན་ནོ། །དེའི་ཕྱིར་ལྷ་བསྒྲུབ་པའི་ཚེ་ལྷ་དེའི་སྔགས་བཟླ་རྒྱུ་གང་ཡིན་པའི་ཐོག་མ་དང་། རང་གི་མིང་ཡིག་དང་བོ་གཉིས་གྲོགས་སུ་འགྲོ་བར་གལ་ཆེ་བར་བཤད་དོ། །སྨྲས་པ། བརྡ་སྤྲོད་རྒྱ་མཚོའི་གཞུང་གི་སྙིང་བོའི་དོན། །གཅིག་ཏུ་འདུས་པའི་མན་ངག་ཀློག་ཚུལ་འདི། །གང་དག་སྔགས་ཀྱི་བཟླས་བརྗོད་ལྷུར་ལེན་པ། །དེ་དག་རྣམས་ལ་ཉེ་བར་མཁོ་བ་ཉིད། །འདིར་འབད་ལས་བསྐྲུན་དགེ་ལེགས་རི་བོང་ཅན། །ཆ་ཤས་ཡོངས་རྫོགས་གང་ཞིག་མཆིས་པ་དེས། །མི་ཤེས་རྨོངས་མུན་སེལ་དང་ལྷན་ཅིག་ཏུ། །ཕན་བདེའི་སྣང་བ་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་སྔགས་ཀྱི་བཀླག་ཐབས་མདོར་བསྡུས་པ་འདི་ནི། དད་སྟོབས་ལྡན་པ་དགེ་ལེགས་བཀྲ་ཤིས་དང་། །བན་གཞིས་གཉིས་ཀྱིས་བསྐུལ་བའི་ངོར། །ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་མཁས་པ་དུ་མའི་གསུང་རྒྱུན་ལ་ལེགས་པར་བརྟགས་ཏེ། ཀློག་ཚུལ་ཐ་དད་ཀྱི་བཞེད་པ་ཅུང་མི་འདྲ་བ་རེ་སྣང་བ་ལས། དཔང་ལོ་ཆེན་པོའི་གསུང་རྒྱུན་གཙོ་བོར་བྱས་ཤིང་འདམ་ཁ་ཅན་ནི་ཇི་ལྟར་བཀླག་ཀྱང་མི་འགལ་བའི་ཕྱིར་གཞན་ནས་ཀྱང་ཟུར་བརྒྱན་ཏེ། རང་བློས་གང་འཐད་པའི་ཚུལ་དུ་གཞན་ལའང་ཕན་སྲིད་སྙམ་ནས་སྦྱར་བའོ། །བཀྲ་ཤིས།། །།


previousསྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན།next