Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
མངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་།
   
   
   
   
   
   
   
   
   
   


 
previousམངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་།next

མངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་།

མངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་བཞུགས།

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རིགས་དྲུག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་གཟིར་བའི། །རང་བཞིན་ཉིད་ལས་མ་འདས་དེ་ཡང་ནི། །ལས་དང་ཉོན་མོངས་དབང་གིས་སྐྱེས་པའི་མཐར། །འཆི་བར་འགྱུར་རོ་ཤི་བའི་ཚེ་ན་ཡང་། །རྒྱུན་ཆད་མི་འགྱུར་མངལ་ལ་སོགས་པ་ཡི། །སྐྱེ་གནས་རྣམ་བཞི་གང་ཡང་རུང་བར་ནི། །སྐྱེ་བར་འགྱུར་ཞིང་དེ་ལས་གཞན་དུ་མིན། །བསྐལ་བ་དང་པོའི་མི་རྣམས་རྫུས་སྐྱེས་ཡིན། །ལྷ་དང་དམྱལ་བ་སྲིད་པ་བར་དོ་རྣམས། །རྫུས་ཏེ་སྐྱེ་ཡི་འགྲོ་བ་གཞན་དག་ལས། །འགའ་ཞིག་སྒོང་སྐྱེས་ལ་ལ་དྲོད་གཤེར་སྐྱེས། །ཕལ་ཆེར་མངལ་དུ་སྐྱེ་བར་འགྱུར་བ་སྟེ། །དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །ཐོག་མ་མ་རིག་དབང་གིས་ལས་བསགས་ནས། །ལས་ཀྱི་བག་ཆགས་རྣམ་ཤེས་ཉིད་ལ་བསྒོས། །སྲེད་ལེན་གཉིས་ཀྱིས་ཡང་ཡང་གསོས་བཏབ་ནས། །སྲིད་ལས་ནུས་པ་མཐུ་ཅན་གྱུར་བའི་ཚེ། །རྣམ་ཤེས་ཕྱི་མར་ཉིང་མཚམས་སྦྱར་བ་ན། །སྐྱེ་བ་མིང་གཟུགས་འབྲས་བུའི་རྣམ་ཤེས་འགྲུབ། །རིམ་གྱིས་མིག་སོགས་སྐྱེ་མཆེད་དྲུག་པོ་དང་། །རེག་པ་ཚོར་བ་རྒ་ཤི་མངོན་འགྲུབ་སྟེ། །དེ་ལས་མྱ་ངན་སྨྲེ་ངག་འདོན་པ་དང་། །སྡུག་བསྔལ་ཡིད་མི་བདེ་སོགས་འབྱུང་འགྱུར་ཞིང་། །མ་རིག་འདུ་བྱེད་རྣམ་ཤེས་མིང་གཟུགས་དང་། །སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་དང་། །སྲེད་དང་ལེན་པ་སྲིད་པ་སྐྱེ་བ་དང་། །རྒ་ཤིའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །འཁོར་བའི་འཁོར་ལོ་བར་མཚམས་མེད་པར་འཁོར། །དེ་ཡང་དུས་དང་དུས་མིན་འཆི་བ་ཡིས། །འཆི་ཚེ་དྲོད་ནི་སྟོད་སྨད་གང་རུང་ནས། །སྙིང་ཁར་བསྡུས་ཏེ་སྲོག་འགགས་རྣམ་ཤེས་ནི། །ཕྱིར་འཐོན་སྲང་མདའི་མཐོ་དམན་ཇི་བཞིན་དུ། །རིགས་དྲུག་གང་དུ་སྐྱེ་བའི་བར་དོ་འགྲུབ། །དེ་ནས་མངལ་དུ་ཉིང་མཚམས་སྦྱོར་བ་ཡང་། །ལས་ཀྱི་འབྲེལ་བའི་ཕ་མར་འགྱུར་བ་གཉིས། །ཕན་ཚུན་ཐབས་ཤེས་སྦྱོར་བར་བྱེད་པ་སོགས། །རྒྱུ་རྐྱེན་དུ་མ་ཚོགས་ལ་བལྟོས་པ་སྟེ། །ཚོགས་པ་མ་ཚང་མངལ་དུ་འཇུག་མི་འགྱུར། །དེ་ཡང་གྲོག་མའི་རྐེད་པ་འདྲ་ལ་སོགས། །མངལ་གྱི་སྐྱོན་རྣམས་མེད་ཅིང་དག་པ་དང་། །ཟླ་མཚན་ལྡན་ཚེ་མཉམ་པར་སྦྱོར་བ་ན། །གཉིས་ཀའི་ཁམས་ནི་འདུས་པར་གྱུར་བའི་སྐབས། །ལས་ཀྱི་འབྲེལ་པས་བར་སྲིད་འཇུག་པ་སྟེ། །དེ་ཡང་ཕོ་རུ་སྐྱེ་ན་མ་ལ་སྲེད། །ཕ་ཉིད་དང་ནི་འབྲལ་བར་འདོད་འགྱུར་ལ། །གལ་ཏེ་མོ་རུ་སྐྱེ་ཚེ་ཕ་ལ་ཆགས། །མ་ལ་སྡང་བའི་བློ་ནི་སྐྱེ་བར་འགྱུར། །དེ་ཚེ་ཕ་མ་ཉལ་པོ་བྱེད་པ་ནི། །སྒྱུ་མ་བཞིན་མཐོང་ཉེ་བར་ཕྱོགས་པ་ན། །ཕ་མ་མི་མཐོང་གཉིས་ཀའི་ཆོས་ཙམ་ཞིག །མཐོང་བས་ཁྲོས་པས་རྐྱེན་བྱས་བར་སྲིད་དེ། །འཆི་འཕོ་བྱེད་པར་ས་ཡི་དངོས་གཞིར་གསུངས། །དེ་ཚེ་ཡང་དག་མིན་པའི་འདུ་ཤེས་ནི། །གྲང་དང་རླུང་འཚུབ་ཆར་འབབ་གནམ་འཐིབ་ཅིང་། །སྐྱེ་བོ་མང་བོས་སྒྲ་ཆེན་སྒྲོག་བཞིན་དང་། །འདུ་ཤེས་རྣམ་བཅུ་གང་རུང་འབྱུང་འགྱུར་ཏེ། །རང་ཉིད་ཁང་བ་ཁང་བརྩེགས་གཞལ་མེད་ཁང་། །སྐྱིལ་བུ་ཁྱིམ་དང་རྩྭ་སྟུག་ནགས་ཚལ་དང་། །རྩིག་པའི་བུ་ག་སབ་མོའི་གསེབ་ཏུ་ནི། །འཇུག་གོ་སྙམ་དང་ཁྲི་ལ་འཛེག་སྙམ་ཚེ། །སྲིད་པ་བར་དོ་འགགས་ནས་རྣམ་ཤེས་ཉིད། །ཁའམ་སྤྱི་བོ་མངལ་གྱི་སྒོ་སོགས་ནས། །མ་ཡི་མངལ་དུ་ཁམས་གཉིས་འདུས་གྱུར་བ། །མེར་མེར་བོ་ཡི་དབུས་སུ་འཇུག་པར་འགྱུར། །དཔེར་ན་འོ་མ་སྣོད་དང་སྲུབ་ཤིང་དང་། །སྐྱེས་བུའི་རྩོལ་པ་ལ་བརྟེན་མར་འབྱུང་བ། །དེ་བཞིན་ཐབས་ཤེས་སྦྱོར་བའི་ས་བོན་ལས། །ཕྱི་མའི་ལུས་ནི་འགྲུབ་པར་འགྱུར་བ་ཡིན། །དཔེར་ན་རྩྭ་སྔོན་ལྕི་བ་རྒྱ་ཤུགས་དང་། །ཞོ་ལ་བརྟེན་ནས་སྲིན་བུ་སྐྱེ་འགྱུར་ཏེ། །ལུས་ཀྱང་སྔོ་དང་སེར་དང་དམར་དང་དཀར། །འོན་ཀྱང་དེ་དག་སྲིན་བུ་མ་ཡིན་ལ། །སྲིན་བུ་ཉིད་ཀྱང་དེ་དག་མ་ཡིན་མོད། །འདུས་པ་ལས་ནི་སྲིན་བུའི་ལུས་འགྲུབ་བཞིན། །ལས་ཀྱི་རྐྱེན་སྟོབས་ཕ་མའི་ཁམས་དག་ལས། །ལུས་ནི་འགྲུབ་པར་འགྱུར་ཏེ་ཁམས་དེ་ཉིད། །ལུས་མིན་ལུས་ཀྱང་ཁམས་ཉིད་མིན་མོད་ཀྱང་། །འདུས་ལས་རིམ་གྱིས་ལུས་ནི་འགྲུབ་པར་འགྱུར། །དེ་ཚེ་ས་ཡི་ཁམས་ཀྱིས་སྲ་བར་བྱེད། །ཆུ་ཡིས་གཤེར་ཞིང་མེས་དྲོ་རླུང་གིས་གཡོ། །གལ་ཏེ་ཁམས་བཞི་མེད་ན་མེར་མེར་བོ། །བསྐམས་སམ་རུལ་ཞིང་འཕེལ་བར་མི་འགྱུར་རོ། །དེ་ཕྱིར་འབྱུང་བ་ཆེན་པོ་དེ་དག་ནི། །ལས་ཀྱི་རྒྱུ་བྱས་གཅིག་གིས་གཅིག་རྐྱེན་བྱས། །དེ་མཐུས་རྣམ་པར་ཤེས་པ་སྐྱེ་ཞིང་གནས། །ས་ཡི་ཁམས་ཀྱིས་རྟེན་བྱེད་ཆུ་ཡིས་སྡུད། །མེ་ཡིས་སྨིན་ཅིང་རླུང་གིས་འཕེལ་བར་བྱེད། །དཔེར་ན་བཏབ་པའི་ནས་ཀྱི་མྱུ་གུ་ནི། །བརླན་གཤེར་ལ་སོགས་རྐྱེན་ཀུན་ཚོགས་པའི་ཚེ། །འབྱུང་གི་རེ་རེ་ཁོ་ནས་མ་ཡིན་ལྟར། །ཕ་མ་རྣམ་ཤེས་ཁམས་རྣམས་འདུས་པ་ལས། །སྐྱེ་བ་ལེན་གྱི་རེ་རེ་ཁོ་ནས་མིན། །དེ་ཚེ་མེར་མེར་བོ་ནི་གཟུགས་ཡིན་ལ། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི། །མིང་ཞེས་བྱ་སྟེ་བསྡོམས་པས་མིང་གཟུགས་སོ། །མ་ཡི་མངལ་གནས་ཚད་ནི་ཞག་གི་གྲངས། །བདུན་ཕྲག་སོ་བརྒྱད་ལྷག་ཙམ་ཡོད་པ་སྟེ། །དེ་ཡང་བདུན་ཕྲག་དང་པོའི་གནས་སྐབས་ཚེ། །སྡུག་བསྔལ་འདི་ལྟར་རབ་ཏུ་འཐོབ་འགྱུར་ཏེ། །ཚ་བའི་སྣོད་དུ་བཙོས་ཤིང་བརྔོས་པ་བཞིན། །དེ་ཚེ་མེར་མེར་བོ་ལ་བརྟེན་པའི་དུས། །དེ་ནི་ཞོ་ཡི་སྤྲོས་མ་བཞིན་དུ་ཆགས། །བདུན་ཕྲག་གཉིས་པར་སྔར་བཞིན་སྡུག་བསྔལ་བར། །དེ་ཚེ་ཀུན་ཏུ་རེག་པ་ཞེས་བྱ་བའི། །ལས་ཀྱི་རླུང་བྱུང་མངལ་དེར་རེག་པ་ན། །ནུར་ནུར་བོར་འགྱུར་ཞོ་ནི་བསྐ་བའམ། །མར་འཁྱག་བཞིན་ཏེ་རབ་ཏུ་བཙོས་པ་ན། ཁམས་བཞི་མངོན་སྣང་གོ་གོར་བོ་ཉིད་འགྱུར། །བདུན་ཕྲག་གསུམ་པར་མ་ཡི་མངལ་ནས་ནི། །མཛོད་ཀ་ཞེས་བྱའི་རླུང་བྱུང་རེག་པ་ན། །ལྟར་ལྟར་བོར་འགྱུར་སྲིན་བུ་གྲོ་མ་བཞིན། །བདུན་ཕྲག་བཞི་བར་རབ་ཏུ་འབྱེད་པའི་རླུང་། །མངོན་པར་བྱུང་བས་མངལ་དེར་རེག་པ་ན། །མཁྲང་འགྱུར་ཞེས་བྱ་དབྱིབས་ནི་བོར་བ་བཞིན། །བདུན་ཕྲག་ལྔ་བར་སྡུད་པ་ཞེས་བྱ་བའི། །རླུང་བྱུང་རེག་པས་དཔུང་པ་གཉིས་ཀ་དང་། །བརླ་གཉིས་མགོ་སྟེ་ལྔ་བོ་མངོན་ཙམ་འབྱུང་། །དྲུག་པར་རྒྱ་ཆེ་ཞེས་བྱའི་རླུང་བྱུང་སྟེ། །དཔུང་པའི་མཁྲིག་མ་གཉིས་དང་པུས་མོ་བསྐྱེད། །བདུན་པར་འཁྱིལ་བ་ཞེས་བྱའི་ལས་རླུང་གིས། །རེག་པས་རྐང་ལག་རྣམ་བཞི་སྣང་བར་འགྱུར། །བརྒྱད་པར་བཟློག་ཅིང་བསྒྱུར་བའི་རླུང་གིས་ནི། །སོར་མོ་ཉི་ཤུ་གསལ་བར་བྱེད་པར་འགྱུར། །དགུ་བར་རྣམ་པར་འབྱེད་པའི་རླུང་བྱུང་སྟེ། །མིག་གཉིས་རྣ་བ་གཉིས་དང་སྣ་བུག་གཉིས། ཁ་དང་བཤང་ལམ་གཅི་བའི་སྒོ་དགུ་སྣང་། །བཅུ་བར་སྲ་བར་བྱེད་པའི་རླུང་གིས་ནི། །མངལ་གྱི་གནས་པ་སྲ་ཞིང་བརྟན་པར་བྱེད། །དེ་ཚེ་སྐྱེ་བ་ཞེས་བྱའི་རླུང་གིས་ཀྱང་། །མངལ་གནས་རྐྱལ་བ་བུས་ཏེ་གང་བཞིན་བྱེད། །བཅུ་གཅིག་པ་ལ་གཉིས་སྣང་ཞེས་བྱའི་རླུང་། །བྱུང་དེས་ཁོང་སྟོང་ཉིད་དུ་བྱེད་འགྱུར་ཞིང་། །བུ་ག་དགུ་བོ་གསལ་བར་སྣང་བར་འགྱུར། །བཅུ་གཉིས་ལ་བབ་ཡོད་པའི་སྒོ་ཡི་རླུང་། །འབྱུང་ཞིང་དེས་ནི་ནང་ཁྲོལ་རྒྱུ་མ་བསྐྱེད། །དེ་ཚེ་བསྡུ་བ་རྒྱུས་པའི་རླུང་གིས་ནི། །ཚིགས་ནི་སུམ་བརྒྱ་དྲུག་ཅུ་བྱེད་པར་འགྱུར། །བཅུ་གསུམ་པ་ལ་སྔར་གྱི་ལས་རླུང་དེས། །བཀྲེས་སྐོམ་ཤེས་བྱེད་མ་ཡིས་ཟོས་འཐུང་བ། །ཞུ་ནས་དེ་ཡི་ལུས་ལ་ཕན་འདོགས་བྱེད། །བཅུ་བཞི་བ་ལ་སྐུད་པ་ཁ་ཡི་རླུང་། །ཞེས་བྱས་རྩ་རྒྱུས་སྟོང་ཕྲག་སྐྱེད་པར་བྱེད། །དེ་ཡང་ལུས་ཀྱི་མདུན་རྒྱབ་གཡས་གཡོན་བཞིར། །ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་གནས་པར་འདོད། །བཅོ་ལྔར་པདྨ་ཞེས་བྱའི་རླུང་བྱུང་སྟེ། །རྩར་རྒྱུ་བ་ནི་རྣམ་པ་ཉི་ཤུ་བསྐྱེད། །དེ་ནི་ལུས་ཀྱི་ཕྱོགས་བཞིར་ལྔ་ལྔ་གནས། །རྩར་རྒྱུ་རེ་རེར་ཡང་ནི་བཞི་བཅུ་རེ། །ལུས་ཀྱི་ཕྱོགས་བཞིར་ཉིས་བརྒྱ་ཉིས་བརྒྱ་སྟེ། །ཁྱོན་བསྡོམས་བརྒྱད་བརྒྱ་རེ་རེ་ལ་ཡང་ནི། །ཕན་ཚུན་འབྲེལ་བས་བརྒྱ་བརྒྱ་ཡོད་པ་རྣམས། །བསྡོམས་པས་སྟོང་ཕྲག་བརྒྱད་ཅུ་འབྱུང་འགྱུར་ཏེ། །དེ་ཡང་ལུས་ཀྱི་མདུན་རྒྱབ་གཡས་གཡོན་བཞིར། །སྟོང་ཕྲག་ཉི་ཤུ་ཉི་ཤུ་ཡོད་པར་གསུང་། །བཅུ་དྲུག་པ་ལ་བདུད་རྩི་འགྲོ་བའི་རླུང་། །བྱུང་བས་མིག་གཉིས་རྣ་བ་སྣ་བུག་གི །སྐྱེ་མཆེད་འགྲུབ་ཅིང་ཁ་སྒོ་མིད་པ་དང་། །སྙིང་གི་ཁོར་ཡུག་བཟའ་བཏུང་མྱངས་པ་ཀུན། །འཇུག་པའི་གནས་དང་དབུགས་ཀྱང་རྒྱུ་བར་བྱེད། །བཅུ་བདུན་འབྲི་གདོང་ཞེས་བྱའི་རླུང་གིས་ནི། །མིག་རྣ་ལ་སོགས་ལྷག་པར་དང་བྱེད་ཅིང་། །དབུགས་ཀྱང་ཕྱི་ནང་ཐོགས་མེད་རྒྱུ་བར་བྱེད། །བཅོ་བརྒྱད་པར་ནི་དྲི་མ་མེད་པའི་རླུང་། །ཞེས་བྱས་སྐྱེ་མཆེད་ཡོངས་སུ་དག་པར་བྱེད། །བཅུ་དགུ་པ་ལ་སྔར་གྱི་རླུང་དེས་ནི། །མིག་དང་རྣ་བ་སྣ་ལྕེའི་དབང་བོ་འགྲུབ། །ཉི་ཤུར་ཤིན་ཏུ་བརྟན་པའི་རླུང་གིས་ནི། །སེམས་ཅན་དེ་ཡི་རྐང་པ་གཡས་གཡོན་གྱི། །སོར་མོའི་རུས་པ་ཉི་ཤུ་ཉི་ཤུ་དང་། །རྐང་བའི་ཕྱི་རྟིང་རུས་པ་བཞི་རྣམས་དང་། །རྗེ་ངར་པུས་མོའི་རུས་པ་གཉིས་གཉིས་དང་། །རྐེད་པ་ལོང་བུའི་རུས་པ་གསུམ་གསུམ་དང་། །སྒལ་ཚིགས་ཀྱི་ནི་རུས་པ་བཅོ་བརྒྱད་དང་། །རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་བསྐྱེད། །གཞན་ཡང་ལག་པ་གཡས་གཡོན་ལ་བརྟེན་ཏེ། །སོར་མོའི་རུས་པ་ཉི་ཤུ་ཉི་ཤུ་བྱེད། །ལག་ངར་འགྲམ་པའི་རུས་པ་གཉིས་གཉིས་དང་། །མགོ་དང་དཔུང་བ་གཉའ་རུས་བཞི་བཞི་དང་། །བྲང་དང་ཕྲག་པའི་རུས་པ་བདུན་བདུན་དང་། །སོ་ཡི་རུས་པ་སུམ་ཅུ་རྩ་གཉིས་བསྐྱེད། །མདོར་ན་རུས་པ་ཕྲ་མོ་མ་གཏོགས་པའི། །རུས་ཆེན་ཉིས་བརྒྱ་རབ་ཏུ་བསྐྱེད་པར་བྱེད། །ཉེར་གཅིག་ཡང་དག་བསྐྱེད་པའི་རླུང་བྱུང་ནས། །དེ་ཡི་ལུས་ཀྱི་ཤ་རྣམས་ཀུན་ནས་བསྐྱེད། །ཉེར་གཉིས་ཀུན་ཏུ་རྒྱས་པའི་རླུང་བྱུང་སྟེ། །ལུས་ཀྱི་ཁྲག་རྣམས་རབ་ཏུ་བསྐྱེད་པར་འགྱུར། །ཉེར་གསུམ་ཡོངས་དག་འཛིན་པའི་རླུང་ལས་ནི། །ལུས་ཀྱི་པགས་པའི་ཁྱད་པར་བསྐྱེད་པར་བྱེད། །ཉེར་བཞི་ཀུན་ཏུ་འཕྱོ་བའི་རླུང་བྱུང་སྟེ། །པགས་པའི་མདོག་ནི་གསལ་བར་བྱེད་པར་འགྱུར། །ཉེར་སྔ་བ་ལ་གྲོང་འཛིན་རླུང་གིས་ནི། །ཤ་དང་ཁྲག་རྣམས་རབ་ཏུ་དང་བར་བྱེད། །ཉེར་དྲུག་སྐྱེ་བ་མངོན་པར་འགྲུབ་པ་ཡིས། །སྐྲ་དང་བ་སྤུ་སེན་མོའི་ཁྱད་པར་བསྐྱེད། །ཉེར་བདུན་སྨན་ཡོན་ཆེན་པོའི་རླུང་བྱུང་ནས། །སྐྲ་སྤུ་སེན་མོ་མདོག་དང་ལྡན་པར་བྱེད། །དེ་ཚེ་སྔོན་གྱི་ལས་དང་རྐྱེན་གཞན་མཐུས། །ལུས་ཀྱི་བཀོད་པའི་བཟང་ངན་ཁྱད་པར་བསྐྱེད། །ཕོ་ཡིན་མ་ཡི་རྩིབ་མའི་གཡས་ཕྱོགས་དང་། །བུ་མོ་ཡིན་ན་གཡོན་གྱི་ཕྱོགས་སུ་ནི། །ཙོག་བུར་ལག་པ་གཉིས་ཀྱིས་གདོང་བཀབ་སྟེ། །བུ་རྒྱབ་བུ་མོ་མདུན་ཕྱོགས་ཁ་བལྟས་འདུག །དེ་ཚེ་མ་ནི་ཆོང་དང་རྒྱུགས་པ་དང་། །ཚ་དང་གྲང་བའི་ཁ་ཟས་ཟོས་འཐུང་བས། །མངལ་ན་གནས་དེ་གཡང་དུ་ལྷུང་བ་དང་། །ཀུན་ཏུ་བཙིར་བས་པགས་པ་བཤུས་བཞིན་དང་། །གྲང་དང་ཚ་སོགས་དམྱལ་བའི་སྡུག་བསྔལ་བཞིན། །མཐོང་མོད་སྐྱེས་ཚེ་དྲན་པ་རྨོངས་ནས་བརྗེད། །ཉེར་བརྒྱད་པ་ལ་ཕྱིན་ཅི་ལོག་པ་ཡི། །འདུ་ཤེས་བརྒྱད་པོ་ཅི་རིགས་འབྱུང་འགྱུར་ཏེ། །མངལ་དུ་ཁྱིམ་དང་གཞོན་པ་ཁང་བརྩེགས་དང་། །ཀུན་དགའ་ར་བ་སྐྱེད་ཚལ་ཁྲི་ལ་འདུག །ཆུ་དང་རྫིང་བུའི་འདུ་ཤེས་འབྱུང་འགྱུར་ཞིང་། །དེ་ཡང་དགེ་བ་བྱེད་ལ་བཟང་བོ་དང་། །མི་དགེ་བྱེད་པར་ངན་པའི་སྣང་བ་འཆར། །ཉེར་དགུ་པ་ལ་མེ་ཏོག་ཕྲེང་བ་ཡི། །རླུང་ཞེས་བྱ་བས་ཁ་དོག་སྣ་ཚོགས་བྱེད། །དེ་ཡང་ལས་ཀྱིས་འབྲེལ་བའི་ཕ་མ་ཡི། །ལུས་ཀྱི་མདོག་དང་རྗེས་སུ་མཐུན་པའམ། །ཡང་ན་མི་འདྲ་བཟང་ངན་ཅི་རིགས་འགྱུར། །སུམ་ཅུ་བ་ལ་ལྕགས་ཀྱི་སྒོ་ཞེས་པའི། །རླུང་གིས་བུས་པས་སྐྲ་སྤུ་ལྷག་པར་འཕེལ། །དེ་བཞིན་སོ་གཅིག་སོ་གཉིས་སོ་གསུམ་དང་། །སོ་བཞི་བ་ལའང་ལས་ཀྱི་རླུང་གིས་ནི། །ལུས་ཀྱི་ཆ་རྣམས་རྒྱ་ཆེར་འཕེལ་བར་བྱེད། །སོ་ལྔ་བ་ལ་ཡན་ལག་ཉིང་ལག་ཀུན། །རྫོགས་པར་འགྱུར་གྱི་དེ་ཡི་གོང་དུ་མིན། །སོ་དྲུག་པ་ལ་མངལ་དུ་འདུག་མི་འདོད། །སོ་བདུན་ལ་བབ་མི་གཙང་དྲི་མི་ཞིམ། །མུན་ནག་འཐིབ་འདྲའི་ཡང་དག་འདུ་ཤེས་འབྱུང་། །བདུན་ཕྲག་སོ་བརྒྱད་གནས་སྐབས་སོན་པའི་ཚེ། །མ་ཡི་མངལ་ནས་མེ་ཏོག་སྡུད་ཅེས་པའི། །ལས་ཀྱི་རླུང་བྱུང་མངལ་གྱི་སེམས་ཅན་དེ། །མགོ་ཐུར་བསྒྱུར་ཞིང་ལག་པ་གཉིས་བརྐྱངས་ནས། །སྐྱེ་བའི་སྒོ་རུ་ཕྱོགས་པའི་བྱ་བ་བྱེད། །སོ་བརྒྱད་མཐར་རམ་རྫོགས་ནས་ཞག་བཞི་སོགས། །སོང་ཚེ་ཁ་ཐུར་བལྟ་བའི་ལས་ཀྱི་རླུང་། །བྱུང་ནས་མངལ་ན་འདུག་པའི་སེམས་ཅན་དེ། །རྐང་པ་གྱེན་དུ་བྱས་ཏེ་བཅུམ་ནས་ནི། །ཕྱི་རུ་ཕུལ་ཏེ་སྐྱེ་བའི་སྒོ་ནས་དབྱུང་། །འོན་ཀྱང་ཁ་ཅིག་ཞག་གྲངས་མ་ཚང་དང་། །འགའ་ཞིག་ལྷག་པ་ཉིད་དུ་གནས་པའང་སྲིད། །བཙའ་དུས་བཙིར་བས་པགས་པ་བཤུས་འདྲ་བའི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར་བ་དང་། །མས་ཀྱང་སྲོག་ལ་འབབ་པ་ལྟ་བུ་ཡི། །སྡུག་བསྔལ་མྱོང་ཞིང་འཆི་བ་ཉིད་ཀྱང་སྲིད། །བཙས་ནས་འཇམ་པའི་སྟན་ལ་བཞག་པའམ། །སོར་མོས་བླངས་ཚེ་ཚེར་མའི་ནང་ལྷུང་ལྟར། །ཚ་ཞིང་རྩུབ་པའི་སྡུག་བསྔལ་དཔག་མེད་མྱོང་། ཁ་ཅིག་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས། །རྐང་ལག་ལོག་ཅིང་བསྣོལ་མར་བྱུང་གྱུར་ནས། །མངལ་གྱི་གནས་སྐབས་ཉིད་ནས་འཆི་བར་འགྱུར། །བཙས་ནས་ཉིན་ཞག་བདུན་པའི་དུས་ཀྱི་ཚེ། །ལུས་ལ་སྲིན་བུ་ཕྲ་མོ་འབུམ་བྱུང་ནས། །ལུས་ཀྱི་གནས་ཉིད་ཟ་བར་བྱེད་པ་སྟེ། །སྲིན་བུ་ཁ་ཅིག་སྐྲ་ཡི་རྩ་བ་ཟ། །དེ་བཞིན་མགོ་བོ་གླད་པ་མིག་རྩ་དང་། །ལ་ལ་རྣ་བ་སྣ་དང་ཤ་རུས་པགས། །རྩ་རུས་ནང་ཁྲོལ་སོགས་ལ་གནས་བཅས་ནས། །ཟ་ཕྱིར་ལུས་འདི་སྲིན་བུའི་ཚང་བཞིན་ནོ། །གཞན་ཡང་ཤ་རུས་རྣག་ཁྲག་བཤང་གཅི་དང་། །སྣབས་དང་ངར་སྣབས་མཆིལ་མ་ལ་སོགས་པ། །མི་གཙང་རྫས་ཀྱི་དངོས་པོ་སོ་དྲུག་དང་། །རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱི་གཞི། །མདོར་ན་ཉེ་བར་ལེན་པའི་ཕུང་བོ་འདི། །མི་གཙང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི། །འབྱུང་གནས་སྡུག་བདེན་ཉིད་ལས་མ་འདས་ཕྱིར། །བདེ་བར་སེམས་པ་གང་ཡིན་རྨོངས་པས་འཁྲུལ། །བདག་ཕུང་སྐྱེ་དང་རྒ་བ་ལ་སོགས་ཀྱང་། །དཀར་ནག་ལས་དང་ཉོན་མོངས་རྐྱེན་དབང་གིས། །འགྲུབ་པར་འགྱུར་གྱི་བྱེད་པོ་གཞན་མེད་པས། །རང་དབང་གྲུབ་པའི་བདག་ནི་ཡོད་མ་ཡིན། །རྟེན་ཅིང་འབྲེལ་བར་འབྱུང་བའི་བྱེད་ལས་ནི། །བསམ་གྱིས་མི་ཁྱབ་དེའི་རགས་པར་ཡང་། །རྨོངས་པ་ཁ་ཅིག་བུ་དང་བུ་མོ་ཉིད། །བདག་ཅག་རང་དབང་ཁོ་ན་བསྐྱེད་སྙམ་སེམས། །དེ་ལྟ་ཡིན་ན་བུ་དང་བུ་མོ་ཡི། །མིག་སྣ་རྣ་བ་ལྕེ་དང་སྒལ་ཚིགས་དང་། །རྩ་རྒྱུས་རྒྱུ་མ་སྙིང་མཆིན་གློ་བ་སོགས། །ལུས་ཀྱི་ཕྱི་ནང་བཀོད་པ་ཇི་སྙེད་པ། །དེ་དག་ཁྱེད་ཅག་གིས་ནི་བྱས་སམ་ཅི། །ཡིན་ན་མཁས་ཏེ་སྔོན་མེད་ངོ་མཚར་ཆེ། །དེ་ལྟར་མངལ་གྱི་གནས་ཚུལ་ལེགས་ཤེས་ན། །གཙང་བདེ་རྟག་པ་བདག་ཏུ་ལྟ་ལ་སོགས། །རྨོངས་པའི་ལྟ་ངན་གདོན་ལས་གྲོལ་འགྱུར་ཞིང་། །ཡང་དག་ལྟ་བ་འདྲེན་པའི་བག་ཆགས་འཇོག །ཇི་སྐད་བརྗོད་དེ་འཇིག་རྟེན་ཁམས་འདི་འདྲའི། །མངལ་སྐྱེས་ཉིད་ཀྱི་དབང་དུ་བྱས་པ་སྟེ། །མངོན་དགའི་ཞིང་ན་སྐྱེས་པ་བུད་མེད་གཉིས། །འཁྲིག་པའི་སྦྱོར་བ་མེད་ཀྱང་ཆགས་སེམས་ཀྱིས། །བུད་མེད་གང་ལ་ཡུད་ཙམ་བལྟས་པ་ན། །དེ་ཉིད་སྦྲུམ་མར་འགྱུར་ལ་དེ་ཕྱིན་ཆད། །འདོད་ཆགས་བྲལ་བའི་ཏིང་འཛིན་འཐོབ་པར་འགྱུར། །བུད་མེད་ཀུན་ཀྱང་ལྷ་མོ་གཞོན་ནུ་བཞིན། །རབ་མཛེས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །མངལ་དུ་ཁྱེའུའམ་བུ་མོ་ཆགས་གྱུར་ན། །མ་བུ་གཉིས་ལའང་སྡུག་བསྔལ་གཏན་མེད་ཅིང་། །ཤིན་ཏུ་བདེ་ཆེན་ཉམས་སུ་མྱོང་བར་འགྱུར། །བུ་ཡི་ལུས་ཀྱང་ཕ་མའི་ས་བོན་ལས། །གྲུབ་པ་མིན་ཕྱིར་མངལ་ནས་སྐྱེ་བའི་ཚེ། །ཆུ་སེར་ཁྲག་སོགས་མི་གཙང་རིགས་ཀུན་གྱིས། །གོས་པ་མེད་པར་ཤེལ་གྱི་ཁང་བ་ནས། །ཕྱི་རོལ་འབྱུང་བ་ཇི་བཞིན་བདེ་བར་བཙའ། །ཞིང་དེའི་མི་རྣམས་ལྷ་བཞིན་མཛེས་མཚུངས་ཤིང་། །ཕུན་ཚོགས་སྐྱིད་པའི་དགའ་བདེར་རྟག་སྤྱོད་པས། །སྡུག་བསྔལ་བྱ་བའི་མིང་ཡང་ཡོད་མིན་ལ། །ཤི་འཕོས་གྱུར་ཚེའང་དག་པའི་ཞིང་དུ་འགྲོ། །མངོན་ཤེས་རྫུ་འཕྲུལ་ཐོགས་མེད་ལྡན་པ་དང་། །འཕགས་པའི་གང་ཟག་གྲངས་མེད་དཔག་ཏུ་མེད། །གང་དག་བདེ་བཞིན་སྐྱེ་དང་གནས་འདོད་ན། །མི་འཁྲུགས་རྒྱལ་བའི་ཞིང་དེར་སྐྱེ་འགྱུར་བའི། །ཚོགས་གསོག་སྒྲིབ་སྦྱོང་སྨོན་ལམ་རླབས་ཆེན་ཐོབ། །དེས་ནི་དེ་རུ་སྐྱེ་ཞེས་རྒྱལ་བས་བཤད། །མདོར་ན་མངོན་དགའ་བདེ་བ་ཅན་གཉིས་ཀྱི། །ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་ཅིང་། །མཚུངས་པ་ཉིད་ཅེས་མདོ་ལས་གསུངས་པའི་ཕྱིར། །ཞིང་དེར་སྐྱེ་བ་སྨོན་རྣམས་སྐལ་བ་བཟང་། །དེ་འདྲའི་དག་པའི་ཞིང་དུ་སྐྱེས་ནས་ཀྱང་། །མ་དག་ཞིང་གི་འགྲོ་རྣམས་འདྲེན་སྙམ་དུ། །དམ་བཅའ་སྙིང་རྗེས་དྲངས་པའི་ལྷག་བསམ་གྱིས། །ཤུགས་དྲག་སྨོན་ལམ་འདེབས་ལ་ཞུགས་ན་ལེགས། །ཅི་ཕྱིར་ཞེ་ན་སྙིགས་མའི་དུས་འདིར་ནི། །རང་ཅག་ལྟ་བུ་དང་བོའི་ལས་ཅན་གྱིས། །ས་ལམ་མཐོན་པོ་བསྐྱེད་པར་དཀའ་བའི་ཕྱིར། །རེ་ཞིག་འདུན་པ་དེ་ལྟར་གཏོང་བར་རིགས། །ཚུལ་འདིར་ཚུལ་བཞིན་འབད་ལས་བྱུང་བའི་དགེས། །སྐྱེ་དང་སྐྱེ་བར་དལ་འབྱོར་རྟེན་རྙེད་ཅིང་། །ཡང་དང་ཡང་དུ་ཆོས་ལ་སྤྱོད་པ་ཡིས། །མྱུར་བ་མྱུར་བར་སངས་རྒྱས་ཐོབ་གྱུར་ཅིག །ཅེས་དགའ་བོ་མངལ་འཇུག་གི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་འདི་ཡང་། དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་པས་རྐྱེན་བྱས་ཏེ། །ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། ཐུབ་པའི་དབང་པོས་ལེགས་པར་བཤད་པའི་དོན་བཞིན་གཞན་གྱིས་ཀྱང་ཤེས་ན་ཅི་མ་རུང་སྙམ་ནས་སྦྱར་བའོ། །མངྒ་ལཾ།། །།


previousམངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་།next