Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་བསོད་ནམས་ཀྱི་འབྱུང་གནས་ཆེན་པོ།
   
   
   
   
   
   
   
   
   


 
previousལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་བསོད་ནམས་ཀྱི་འབྱུང་གནས་ཆེན་པོ།next

ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་བསོད་ནམས་ཀྱི་འབྱུང་གནས་ཆེན་པོ།

ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་བསོད་ནམས་ཀྱི་འབྱུང་གནས་ཆེན་པོ་ཞེས་བྱ་བ་བཞུགས།

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འདིར་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་ལ་གསུམ། སྦྱོར་བ་དང་། དངོས་གཞི་དང་། ཕན་ཡོན་ནོ། །དང་པོ་ལ་ཡུལ་ནི་ལྟུང་བཤགས་ཀྱི་མཇུག་ཏུའམ། ཚོགས་ཞིང་སྤྱན་དྲངས་པའི་མདུན་ནམ། འཇུག་པ་མེད་པ་ནི་རང་བཞིན་གྱི་གནས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ་དད་པ་ཤུགས་དྲག་པོས། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ལ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ན་མཆོད་པའི་ཚོགས་མཆོག་དམ་པ་ཁྱད་པ་ཅན་གྱ་ནོམ་པ་ཕུལ་དུ་བྱུང་བ་བླ་ན་མེད་པ་རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་པ་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་ལོ། །མཆོད་དོ། །བཀུར་བསྟིར་བགྱིའོ། །བླ་མར་བགྱིའོ། །མཉེས་པར་བགྱིའོ། །ཞེས་ལན་གཅིག་གམ་གསུམ་སོགས་བརྗོད་ཀྱང་ལེགས། གཉིས་པ་ལ་བཤགས་པ་སོགས་བཞི་ལས་དང་པོ་ནི། པུས་བཙུགས་ཐལ་མོ་སྦྱར་ཏེ་ཉིན་ལན་གསུམ་མཚན་ལན་གསུམ་མམ། ལན་ཅིག་ཡིན་ཡང་རུང་སྟེ། འདི་ལྟར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་དག་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་མཆོད་པའི་གནས། ཕྱག་བགྱི་བའི་གནས། རི་མོར་བགྱི་བའི་གནས། མཁྱེན་པར་གྱུར་བ། དབང་དུ་གྱུར་བ། ཚད་མར་གྱུར་བ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཐོག་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་གཟིར་ཏེ། ལུས་ངག་ཡིད་གསུམ་གྱིས་ལས་ཀྱི་སྒྲིབ་པ་གང་མངོན་པར་འདུ་བགྱིས་པ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་དགེ་བ་དང མི་དགེ་བ་མ་འཚལ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ཆོས་སྤངས་པ་དང་། དགེ་འདུན་གྱི་དབེན་བྱས་པ་དང་། དགྲ་བཅོམ་པ་དང་ཕ་མ་བཀུམ་པ་དང་། ལུས་ཀྱི་གསུམ་ངག་གི་བཞི་ཡིད་ཀྱི་གསུམ་སྟེ་མི་དགེ་བ་བཅུའི་ལས་ཀྱི་ལམ་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་ཁ་ཅིག་ལ་ངག་རྩུབ་པོ་སྨྲས་པ་དང་། སྐུར་བ་བཏབ་པ་དང་། སྲང་དང་གཞལ་བ་ལ་གཡོ་བགྱིས་པ་དང་། འགྲོ་བ་དྲུག་ཏུ་འཁོར་བ་ན་ཕ་མ་མི་དགའ་བར་བགྱིས་པ་དང་། གང་ཟག་གིའམ་མཆོད་རྟེན་གྱིའམ་དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱི་ནོར་བརྐུས་པ་དང་། བསླབ་པའི་གཞི་ཇི་ལྟར་བཅས་པ་རྣམས་དང་འགལ་བར་བགྱིས་པ་དང་། མཁན་སློབ་ཀྱིས་བསྒོ་བ་ལ་མ་ཉན་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་མི་སྙན་པར་སྨྲས་པ་དང་། སྤྱོས་པ་དང་བརྡེགས་པ་དང་། དེ་དག་ལ་ཐ་བ་དང་ཞེ་སྡང་བསྐྱེད་པ་དང་ཕྲག་དོག་དང་སེར་སྣའི་དབང་གིས་སངས་རྒྱས་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་དང་། ཆོས་ལ་ཆོས་མ་ཡིན་པ་དང་ཆོས་མ་ཡིན་པ་ལ་ཆོས་ལགས་ཞེས་བགྱིས་པ་དང་། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བ་དང་། ཡི་དྭགས་ཀྱི་ཡུལ་དང་། ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དང་། དཀོན་མཆོག་གསུམ་ལ་མཉེས་པར་བགྱིད་པར་མི་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཇི་སྙེད་བྱས་པ་དང་བྱེད་བཞིན་པ་དང་བྱེད་པར་འགྱུར་བ་ཐམས་ཅད་ཀྱང་། སེམས་ཅན་གཞན་གྱི་ལས་ཀྱི་སྒྲིབ་པ་དང་ལྷན་ཅིག་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་བ། སྤྱན་དུ་གྱུར་བ། དཔང་དུ་གྱུར་བ། ཚད་མར་གྱུར་བ། མཁྱེན་པ་དང་ལྡན་པ་དང་། གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་པོ། སླན་ཆད་ཀྱང་མི་བགྱིད་དོ། །བདག་མི་ཁོམ་པར་སྐྱེ་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་དེ་དག་གི་རྣམ་པར་སྨིན་པ་ལུས་འདི་ཉིད་ལ་སྨིན་ཏེ་ཚེ་རབས་གཞན་དུ་མི་མྱོང་བར་ཤོག་ཅིག །ཇི་ལྟར་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་ན་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། འཆགས་པ་འགྱུར་བ་དང་། མ་བཅབས་པ་དང་། མི་འཆབས་པ་དེ་བཞིན་དུ་བདག་གིས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། སླན་ཆད་ཀྱང་མི་བགྱིད་དོ། །དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྱུང་བ་སྟེ། རྒྱུ་དང་རྐྱེན་གཞན་དང་གཞན་གྱིས་གཞན་སྐྱེའོ། །གཞན་འགག་གོ །དེ་ལ་འདས་པའི་ཆོས་གང་ཡིན་པ་དེ་དག་གི་འགག་པ་ཟད་པ་བྲལ་བ་རྣམ་པར་འགྱུར་བ། འདུ་བྱེད་གང་ཡིན་པ་རྣམས་ཀྱང་རང་བཞིན་གྱིས་སྟོང་བ་ལས་བྱུང་བ་སྟེ། དེ་དག་ལ་ཡང་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །ཆོས་ཐམས་ཅད་ངོ་བོས་སྟོང་བ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། མ་སྐྱེས་པ། མ་འགགས་པ། འདུས་མ་བྱས་པའོ། །ཞེས་གསུངས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདེན་པ་དེས་ཀྱང་། བདག་གི་ལས་ཀྱི་སྒྲིབ་པ་རྣམས་བྱང་ཞིང་ཟད་པར་གྱུར་ཅིག །གཉིས་པ་རྗེས་སུ་ཡི་རང་བའི་ཕུང་བོ་ནི། གཞན་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དུས་གསུམ་གྱི་སེམས་ཅན་གང་སུ་དག་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིས་པ་དང་། བགྱིད་པར་འགྱུར་བ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་། བསྐལ་བ་བརྒྱས་འབྱུང་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་བོ་གང་ལགས་པ་དང་། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་ཇི་སྙེད་མངོན་པར་འདུ་བགྱིས་པ་དང་། བགྱིད་པར་འགྱུར་བ་གང་ལགས་པ་དང་། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བསྐོར་བར་འགྱུར་བ་ནས་ཉམ་བག་ཏུ་སྤྱོད་དུ་བཙུད་པ་དང་། འཛུད་པའི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་ལ་ཉན་ཐོས་གྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་བྱང་ཆུབ་སེམས་དཔའི་ཐེག་པའམ། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་དང་། བསྐྱེད་པར་འགྱུར་བ་གང་ལགས་པ་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་དམ་པ། གཙོ་བོ། ཁྱད་པར་ཅན། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་། །ཇི་ལྟར་སངས་རྒྱས་བཅོམ་ལྡན་རྣམས་ཀྱིས་རྗེས་སུ་ཡི་རང་བར་གནང་བ་དེ་ལྟར་རྗེས་སུ་ཡི་རང་ངོ་། །གསུམ་པ་བསྐུལ་ཞིང་གསོལ་བ་འདེབས་པའི་ཕུང་བོ་ནི། གཞན་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ལོ། །དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྐྱེ་བོ་མང་བོ་ལ་སྨན་པ་དང་། སྐྱེ་བོ་མང་བོ་ལ་བདེ་བ་དང་། སྐྱེ་བོ་མང་བོ་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏུ་གསོལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་དུ་གསོལ། ཆོས་ཀྱི་ཚུལ་རབ་ཏུ་བཟུང་དུ་གསོལ། ཆོས་ཀྱི་སྦྱིན་པ་མཛད་དུ་གསོལ། ཆོས་ཀྱི་སྒྲོན་མེ་འབར་དུ་གསོལ། ཆོས་ཀྱི་ཆར་དབབ་ཏུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆོས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་སྲོག་ཤིང་བསྒྲེང་དུ་གསོལ། ཉམ་བག་ཏུ་སྤྱོད་དུ་འཛུད་པར་མཛད་དུ་གསོལ་ལོ། །གང་དག་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྨྲ་ཚེའི་འདུ་བྱེད་གཏོང་བར་བཞེད་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་གསོལ་བ་འདེབས་སོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་སྐྱེ་བོ་མང་བོ་ལ་སྨན་པ་དང་བདེ་བ་དང་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཉམ་བག་ཏུ་སྤྱོད་དུ་འཛུད་པའི་བར་གྱི་ཕྱིར་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ་ལོ། །བཞི་བ་བསྔོ་བའི་ཕུང་བོ་ནི། གཞན་ཡང་། བདག་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ། དཀོན་མཆོག་གསུམ་མམ། གང་ཟག་གཞན་དང་། ཐ་ན་དུད་འགྲོའི་སྐྱེས་གནས་སུ་སོང་བ་དག་ལ་ཡང་ཟན་ཆང་གཅིག་སྩལ་བ་དང་། སྐྱབས་སུ་སོང་བ་དང་། བསླབ་པའི་གཞི་ཡང་དག་པར་བླངས་པ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། གསོལ་བ་གདབ་པ་ལ་སོགས་པ་སྒོ་གསུམ་གྱིས་དགེ་བའི་རྩ་བ་ཇི་སྙེད་ཅིག་མངོན་པར་འདུ་བགྱིས་པ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་གཞལ་བཟླུམས་ཏེ། དུལ་བ་དང་རྣམ་པར་གྲོལ་བ་དང་བཟུང་བ་མ་མཆིས་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་ཅིང་གཟིགས་ནས་དགོངས་པ་ལྟར་བདག་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་བཏང་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱང་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག །ནམ་མཁའི་མཛོད་དང་ལོངས་སྤྱོད་དང་བསོད་ནམས་དང་ཆོས་དང་ཡེ་ཤེས་དང་སྤོབས་པ་ཟད་མི་ཤེས་པ་དང་ལྡན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་བཏང་བ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསོད་ནམས་གང་མངོན་པར་འདུ་བགྱིས་པ་དང་། བགྱིད་པར་འགྱུར་བ་ཐམས་ཅད་གཅིག་ཏུ་བསྡུས་གཞལ་བཟླུམས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའི། དགེ་བའི་རྩ་བ་དེའི་མཐུས་བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོ་བར་འགྱུར་བ་དང་། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་རྩ་བ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ། །དགེ་བའི་རྩ་བའི་རིགས་གང་ཡིན་པ་དང་བཞིན་དང་མཚན་ཉིད་དང་ཆོས་ཉིད་གང་གིས་ཡོངས་སུ་བསྔོ་བ་བླ་ན་མེད་པར་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དེ་ལས་གཞན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་པ་མེད་པ་བརྙེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་བྱེད་ནུས་པར་གྱུར་ཅིག་ཅེས་བྱའོ། །དེ་ནས་ཕྱག་འཚལ་བ་དང་ཞེས་སོགས་དང་། རྨད་བྱུང་སྲས་བཅས་སོགས་ཀྱང་བརྗོད་དོ། །དེ་དག་ཅུང་ཟད་རེ་འབྲི་བསྣན་མ་གཏོགས་མདོ་ཚིག་བཞིན་ནོ། །གསུམ་པ་ཕན་ཡོན་ནི། མདོ་དེ་ཉིད་ལས། ཤཱ་རིའི་བུ་དེ་ལྟ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་རྣམ་པར་དག་པ་ཐོབ་པར་འདོད་པས། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །ཞེས་དང་། རྒྱལ་རིགས་དང་རྗེ་རིགས་དང་བྲམ་ཟེའི་རིགས་དང་ཁྱིམ་བདག་གི་རིགས་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ་རྣམས་དང་། འདོད་ཁམས་ཀྱི་ལྷ་རྣམས་དང་། གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དང་། ཉན་ཐོས་དང་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འདོད་པས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་དེ་ལྟར་བཤགས་པར་གསུངས་སོ། །ཡང་དེ་ཉིད་ལས། ཤཱ་རིའི་བུ་འདི་ནི་རྗེས་སུ་ཡི་རང་བའི་ཕུང་བོ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་རྗེས་སུ་ཡི་ར ང་བ་འདིས་རྗེས་སུ་ཡི་རང་ན་བསོད་ནམས་ཀྱི་ཕུང་བོ་དཔག་ཏུ་མེད་པ་བསྐྱེད་དོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ནམ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཟག་པ་ཟད་པར་གྱུར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་དག་ལ་གོས་དང་ཟས་དང་ན་བའི་གསོ་སྨན་དང་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཞིག་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་ན་དེ་ནི་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །ཞེས་གསུངས་པ་དང་། དེ་ཉིད་ལས། ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཇི་སྙེད་པ་དེ་དག་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་གསོལ་བ་བཏབ་ན། དེ་ནི་དེ་བས་ཀྱང་བསོད་ནམས་ཆེས་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །ཞེས་གསུངས་ཤིང་། ཡང་དེ་ཉིད་ལས། ཤཱ་རིའི་བུ་འདི་ནི་སྔོ་བའི་ཕུང་བོ་སྟེ། བསོད་ནམས་ཀྱི་ཕུང་བོ་སྔ་མས་བསོད་ནམས་ཀྱི་ཕུང་བོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བས་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ལྷའི་དབང་བོ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་སྒྲུབ་པ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཅེས་སྤྲས་བྱེད་པ་ཡིན་ནོ། །ཞེས་གསུངས་པ་རྣམས་ཤེས་པར་བྱའོ། །དེ་ལྟར་མདོའི་དོན་དང་མཐུན་པར་ཉམས་སུ་བླངས་ན་ཕ ན་ཡོན་ཆེ་བར་བསམས་ཏེ། མདོ་ནས་འབྱུང་བ་ལྟར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་གཟིམས་ཁང་ཉིད་ནས་གུས་པས་ཀུན་ནས་བསླངས་ཏེ་ཉེ་བར་བགྱིས་པའི་ཡི་གེ་ལའང་རང་ཉིད་དོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག། །།


previousལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་བསོད་ནམས་ཀྱི་འབྱུང་གནས་ཆེན་པོ།next