Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཚོགས་གསོག་ཅིང་དཀོར་སྒྲིབ་སྦྱོང་བྱེད་གངྒཱའི་ཆུ་རྒྱུན།
   
   
   
   
   
   
   
   


 
previousཚོགས་གསོག་ཅིང་དཀོར་སྒྲིབ་སྦྱོང་བྱེད་གངྒཱའི་ཆུ་རྒྱུན།next

ཚོགས་གསོག་ཅིང་དཀོར་སྒྲིབ་སྦྱོང་བྱེད་གངྒཱའི་ཆུ་རྒྱུན།

ཚོགས་གསོག་ཅིང་དཀོར་སྒྲིབ་སྦྱོང་བྱེད་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། འདིར་ཚོགས་གསོག་པ་དང་དད་རྫས་སོགས་ཀྱི་དཀོར་སྒྲིབ་སྦྱོང་བའི་ཐབས་གསག་སྦྱང་གི་གནད་བསྡུས་པ་ཇི་ལྟར་བྱ་བ་ནི། སྤྱིར་ཚོགས་ཞིང་གང་ལ་བརྟེན་པ་དེའི་དྲུང་དུ་བྱས་ཀྱང་རུང་མོད། དམིགས་ཕུགས་པའི་གོ་རིམས་ལེགས་པར་བསྒྲིགས་ཏེ་བྱས་ན་ལེགས་པས་དེའི་ཚུལ་ནི། མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཆོས་ཉིད་རྣམ་དག་རྟེན་འབྲེལ་བདེན་པའི་མཐུས། །གནས་འདི་བདེ་ལྡན་ཞིང་ལྟར་སྣོད་བཅུད་ཀྱི། །འབྱོར་ལྡན་མཆོད་ཚོགས་རྒྱ་མཚོས་ཁྱབ་གྱུར་ཅིག །དེར་ནི་པདྨ་འདབ་མ་སྟོང་ལྡན་དབུས། །རབ་མཛེས་སེངྒེའི་ཁྲི་སྟེང་ཟླ་བའི་གདན། །མཐའ་སྐོར་ཁོར་ཡུག་འདབ་མ་རྒྱས་པའི་སྟེང་། །གྲངས་མེད་ཟླ་བའི་གདན་གྱིས་མཛེས་གྱུར་ཅིག ། ཅེས་བདེན་པའི་བྱིན་བརླབ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཤོ་ལོ་ཀ་གཅིག་དང་། །ཕྱོགས་བཅུའི་ཞིང་ནས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དང་། །ཉན་རང་དཔའ་བོ་མཁའ་འགྲོ་བསྟན་སྲུང་བཅས། །འདིར་གཤེགས་རང་རང་གདན་ལ་བཞུགས་སུ་གསོལ། །ཞེས་པས་སྤྱན་དྲངས་ཏེ་བཞུགས་པའི་མོས་པ་ཤུགས་ཅན་བྱ། དེ་ནས་དང་པོ་ཕྱག་འཚལ་བ་ནི། རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་ཤིང་། །དམ་ཆོས་མ་ལུས་འབྱུང་བའི་སྒོ་གཅིག་པུ། །དངོས་གྲུབ་རྩ་བ་དྲིན་ཅན་བླ་མ་དང་། །རྡོ་རྗེ་འཆང་ཆེན་དབྱེར་མེད་གུས་ཕྱག་འཚལ། །ཐུགས་བསྐྱེད་སྙིང་སྟོབས་བརྩོན་འགྲུས་མཆོག་གིས་ནི། །སྙིགས་དུས་འགྲོ་ལ་ལྷག་པར་རྗེས་སུ་བརྩེ། །བདེ་གཤེགས་གཞན་ལས་ཐུགས་རྗེ་ཆེས་དཔའ་བ། །ཐུབ་དབང་སྨྲ་བའི་དམ་པར་གུས་ཕྱག་འཚལ། །རྒྱལ་བའི་རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་ཞབས། །ཟླ་མེད་སྐྱབས་གྱུར་རྣམས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་གཉིས་པར་ཆེར་གྲགས་དབྱིག་གཉེན་ཞབས། །འཕགས་གྲོལ་མཆོག་གི་སྡེ་དང་དུལ་བའི་སྡེ། །སེང་བཟང་གསེར་གླིང་བ་དང་ཨ་ཏི་ཤ །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་ཕྱག་འཚལ་ལོ། །འཕགས་པ་ལྷ་དང་ཟླ་གྲགས་ཞི་བ་ལྷ། །རིགས་པའི་ཁུ་བྱུག་འབྲོམ་སྟོན་པུ་ཏོ་བ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ༴ ཨིནྡྲ་བྷོ་དྷི་ས་ར་ཧ་བ་དང་། །ལཱུ་ཧི་དྲིལ་བུ་པ་དང་ནག་པོ་སྤྱོད། །ཏེ་ལོ་ན་རོ་ལ་ལི་ཏ་ལ་སོགས། །གྲུབ་ཆེན་བླ་མ་རྣམས་ལ༴ ཀུན་སྙིང་སངས་རྒྱས་གསང་བ་ཤཱཀྱ་བཤེས། །ཕྱོགས་གླང་ཆོས་གྲགས་ཤནྟི་ཨ་བྷ་ཡ། །ཞི་འཚོ་པདྨའི་ངང་ཚུལ་སྒེག་རྡོར་སོགས། །འཕགས་ཡུལ་པཎ་ཆེན་རྣམས༴ ས་པཎ་བུ་སྟོན་རེ་མདའ་དབུ་མ་བ། །ལྷོ་བྲག་གྲུབ་ཆེན་འཇམ་དཔལ་རྒྱ་མཚོའི་དཔལ། །རྒྱལ་ཚབ་མཁས་གྲུབ་འདུལ་འཛིན་དགེ་འདུན་གྲུབ། །ནོར་བཟང་རྒྱ་མཚོའི་ཞབས་ལ༴ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དཔལ། །མདོ་རྒྱུད་ཀུན་མཁྱེན་པཎ་ཆེན་བསོད་ནམས་གྲགས། །རིགས་པའི་དབང་ཕྱུག་རྗེ་བཙུན་བསྟན་དར་སོགས། །བོད་ཡུལ་བླ་མ་རྣམས༴ ཁྱད་པར་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་རྗེ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་དཔལ། །མཆོག་སྤྲུལ་འགྲོ་མགོན་བློ་བཟང་ཡེ་ཤེས་ཞབས། །རྗེ་བཙུན་བསྐལ་བཟང་རྒྱ་མཚོར༴ གང་ལས་མདོ་རྒྱུད་དབང་ལུང་མན་ངག་གི །ཆ་ཤས་ཕྲ་མོ་ཡན་ཆད་ཅི་ཞིག་ཀྱང་། །བཀའ་དྲིན་མནོས་པའི་བཤེས་གཉེན་དམ་པ་སོགས། །དྲིན་ཅན་བླ་མ་རྣམས༴ སྙིགས་འགྲོར་རྗེས་བརྩེ་རྒྱལ་བ་སྨན་གྱི་བླ། །མངོན་དགའི་ཞིང་གི་འདྲེན་པ་མི་འཁྲུགས་པ། །བདེ་ལྡན་མགོན་པོ་སྣང་མཐའ་ཚེ་དཔག་མེད། །ཀུན་གཟིགས་ཆེན་པོའི་ཞབས་ལ༴ རྣམ་སྣང་ལ་སོགས་རྒྱལ་བ་རིགས་ལྔ་དང་། །རྣམ་གཟིགས་ལ་སོགས་སངས་རྒྱས་དཔའ་བོ་བདུན། །མཚན་ལེགས་ཡོངས་བསྒྲགས་ལ་སོགས་བདེ་གཤེགས་བརྒྱད། །བསྐལ་བཟང་སངས་རྒྱས་སྟོང་ལ༴ ཤཀ་ཐུབ་ལ་སོགས་བདེ་གཤེགས་སོ་ལྔ་དང་། །ཉི་ཟླ་མར་མེ་གསལ་དང་མར་མེ་མཛད། །འོད་མི་འགྱུར་དང་ཀུན་དཔལ་རྣམ་བཀོད་སོགས། །དུས་གསུམ་སངས་རྒྱས་རྣམས༴ མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་འདས་པ་བརྗོད། །སྐྱེས་རབ་ཤིན་རྒྱས་རྨད་བྱུང་གཏན་ཕབ་སྡེའི། །ཡན་ལག་བཅུ་གཉིས་གསུང་ལ༴ འདུལ་མངོན་མདོ་སྡེ་ཕ་རོལ་ཕྱིན་པའི་གཞུང་། །བྱ་སྤྱོད་ཡོ་ག་རྣལ་འབྱོར་བླ་མེད་རྒྱུད། །གང་གི་དགོངས་འགྲེལ་ལེགས་བཤད་ཆོས་ཀྱི་ཚུལ། །ལུང་གི་དམ་ཆོས་རྣམས༴ བསླབ་གསུམ་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །ཕྱིན་དྲུག་ས་བཅུ་ལམ་ལྔ་རིམ་གཉིས་སོགས། །གྲོལ་བྱེད་ལམ་དང་གྲོལ་བའི་འགོག་པ་སྟེ། །རྟོགས་པའི་དམ་ཆོས་རྣམས༴ བྱམས་པ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ས་སྙིང་སྒྲིབ་སེལ་ནམ་སྙིང་ཀུན་ཏུ་བཟང་། །བློ་གྲོས་མི་བཟད་སྤོབས་བརྩེགས་ནམ་མཁའ་མཛོད། །བྱང་ཆུབ་སེམས་དཔའི་ཚོགས་ལ༴ གདུང་སེལ་སྣང་བ་བརྩེགས་སོགས་རང་རྒྱལ་དང་། །འོད་སྲུང་རབ་འབྱོར་ལ་སོགས་ཉན་ཐོས་བརྒྱད། །ཡན་ལག་འབྱུང་སོགས་གནས་བརྟན་བཅུ་དྲུག་བཅས། །འཕགས་པའི་དགེ་འདུན་རྣམས་ལ༴ དཔལ་ལྡན་གསང་བ་འདུས་པ་འཁོར་ལོ་སྡོམ། །དགྱེས་རྡོར་དུས་ཀྱི་འཁོར་ལོ་གཤིན་རྗེ་གཤེད། །རྡོར་དབྱིངས་ཀུན་རིག་ལ་སོགས་རྒྱུད་སྡེ་བཞིའི། །དཀྱིལ་འཁོར་ལྷ་ཚོགས་རྣམས༴ གདུགས་དཀར་སྒྲོལ་མ་རྣམ་རྒྱལ་དབྱངས་ཅན་མ། །སེང་གདོང་རི་ཁྲོད་མ་དང་འོད་ཟེར་ཅན། །རལ་གཅིག་ཙུནྡ་མཁའ་འགྲོ་སྡེ་ལྔ་སོགས། །ཞི་ཁྲོ་ལྷ་མོའི་ཚོགས་ལ༴ ཡེ་ཤེས་བཅུ་ཡི་བདག་ཉིད་ལས་བྱུང་ཞིང་། །ཕྱོགས་མཚམས་གདོན་བགེགས་ཚར་གཅོད་འཇིགས་ཚུལ་ཅན། །ཧཱུཾ་མཛད་འཁོར་བསྒྱུར་གཤིན་རྗེ་གཤེད་ལ་སོགས། །སྟོབས་ཆེན་ཁྲོ་རྒྱལ་རྣམས་ལ༴ ཡེ་ཤེས་མགོན་པོ་ཕྱག་དྲུག་ཕྱག་བཞི་བ། །ཞལ་བཞི་གུར་མགོན་བྲམ་གཟུགས་ཆོས་ཀྱི་རྒྱལ། །དམར་ཟོར་རྒྱལ་མོ་རྣམ་སྲས་བེག་རྩེ་སོགས། །ཆོས་སྐྱོང་སྲུང་མའི་ཚོགས་ལ༴ ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་ཕྱག་འཚལ། གཉིས་པ་མཆོད་པ་ནི། སླུ་མེད་སྐྱབས་ཀྱི་དམ་པ་ཁྱེད་རྣམས་ལ༴ མ་ལུས་ཞིང་གི་མཆོད་ཡོན་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་འདོད་ཡོན་ཚོགས་རྣམས་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་ཆེན་རྟ་མཆོག་དམག་དཔོན་རིན་ཆེན་བདུན། །གདུགས་དང་གསེར་ཉ་གཏེར་བུམ་པདྨ་དུང་། །དཔལ་བེའུ་རྒྱལ་མཚན་འཁོར་ལོ་རྣམས་ཀྱང་འབུལ། ཁྲུས་རྫིང་གོས་དང་རིན་ཆེན་གཞལ་མེད་ཁང་། །བླ་རེ་བ་དན་དབུ་རྒྱན་བསྟོད་དབྱངས་སྒྲ། །གླིང་བཞི་ཉི་ཟླ་རི་རབ་སྟོང་གསུམ་སོགས། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །གང་དག་བདག་ལ་རེ་ཞིང་བལྟོས་པ་ཡིས། །བཟའ་བཏུང་གོས་དང་རིན་ཆེན་རིགས་ལ་སོགས། །བསྔོས་ཤིང་སྦྱིན་པ་བྱུང་དང་འབྱུང་འགྱུར་རྣམས། །འབུལ་ལོ་མཆོད་དོ་བཞེས་ནས་བྱིན་གྱིས་རློབས། །ཇི་ལྟར་ཀུན་བཟང་འཇམ་དབྱངས་ལ་སོགས་པས། །ཕྱོགས་བཅུའི་རྒྱལ་བ་མཆོད་པས་མཉེས་མཛད་པ། །དེ་བཞིན་བདག་གིས་མཆོད་པའི་ཚོགས་ཀུན་གྱིས། །སྐྱབས་གནས་དམ་པ་འཁོར་བཅས་མཆོད་པར་བགྱི། །གསུམ་པ་བཤགས་པ་ནི། བདག་གཞན་ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །བསླབ་བྱ་རྣམས་དང་འགལ་བར་གྱུར་བ་ཡི། །བཅས་རང་སྡིག་ལྟུང་ཐམས་ཅད་སོ་སོར་བཤགས། །གང་གིས་བདག་ལ་ཟས་སྦྱིན་སྐོམ་བླུད་དང་། །མཁོ་བའི་ཡོ་བྱད་ལ་སོགས་དངོས་ཀུན་གྱིས། །མཆོད་ཅིང་བསྙེན་བཀུར་བྱེད་དང་བྱེད་འགྱུར་དེའི། །སྡིག་སྒྲིབ་ཐམས་ཅད་བཤགས་སོ་བྱང་བར་མཛོད། །ཡན་ལག་ལྷག་མ་ནི། རང་གཞན་སྐྱེ་འཕགས་ཀུན་གྱི་རྣམ་དཀར་ལ། །བསམ་པ་དག་པས་རྗེས་སུ་ཡི་རང་ཞིང་། །རྒྱལ་སྲས་ཉན་རང་འཕགས་པའི་ཚོགས་རྣམས་ལ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །གང་དག་མྱ་ངན་འདའ་ཚུལ་སྟོན་བཞེད་ཀུན། །དེ་དག་མྱ་ངན་མི་འདའ་རྟག་བཞུགས་གསོལ། །འདི་ལྟར་བགྱིས་པའི་དགེ་མཚོན་དུས་གསུམ་གྱི། །རྣམ་དཀར་ཇི་སྙེད་བསགས་བསྡོམས་ཐམས་ཅད་ཀྱང་། །བདག་དང་ཕ་མར་གྱུར་བའི་འགྲོ་བ་རྣམས། །ངན་སོང་ལས་གྲོལ་རྫོགས་བྱང་ཐོབ་ཕྱིར་བསྔོ། །བླ་མ་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོར་བཅས། །སྐྱབས་མགོན་དམ་པ་འཁོར་བཅས་ཁྱེད་རྣམས་ལ། །གུས་པས་སྐྱབས་མཆི་རྩེ་གཅིག་གསོལ་བ་འདེབས། །ཐུགས་རྗེ་ཆེ་ལྡན་སྐྱབས་མཆོག་ཁྱེད་རྣམས་ཀྱིས། །བདག་དང་བདག་ལ་རེ་བལྟོས་འཆའ་བྱེད་པའི། །འགྲོ་རྣམས་ངན་སོང་འཁོར་བའི་སྡུག་བསྔལ་ལས། །མྱུར་དྲོངས་རྫོགས་པའི་སངས་རྒྱས་ཐོབ་བྱིན་རླབས། །ཕྱི་མ་འདི་ལན་གསུམ་སོགས་བྱས་ཀྱང་ལེགས་ཤིང་། དེ་ལྟར་གསོལ་བས་ཚོགས་ཞིང་ཐམས་ཅད་ལས། །འོད་དང་བདུད་རྩིའི་རྒྱུན་བྱུང་རང་བཞིན་གྱི། །སྤྱི་བོ་ནས་ཞུགས་ཉེས་པའི་ཚོགས་སྦྱང་ནས། །འོད་ཞུ་རང་ལ་ཐིམ་པས་བྱིན་རླབས་གྱུར། །ཞེས་བྱའོ། །བསྡུ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཤླཽ་ཀ་གཅིག་དང་། ཐུགས་རྗེའི་བདག་ཉིད་རྩ་བརྒྱུད་བླ་མ་དང་། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གི་མཐར། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་སོགས་ཚིག་བཅད་གཅིག་བརྗོད། །ལྷར་བཅས་འགྲོ་བའི་སྟོན་པ་ཟས་གཙང་སྲས། །རྒྱལ་བའི་རྒྱལ་ཚབ་དམ་པ་མི་ཕམ་མགོན། །མཁྱེན་པའི་གཏེར་གྱུར་རྗེ་བཙུན་འཇམ་པའི་དབྱངས། །སངས་རྒྱས་བྱང་སེམས་གསུམ་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་ཨཱཪྱ་དེ་བ་སོགས་དང་། ཟབ་མོ་ལྟ་བའི་བརྒྱུད་སོགས་དང་། རབ་འབྱོར་གསུང་རབས་སོགས་དང་། ཕྱོགས་བཅུའི་འགྲོ་ལ༴ །།༴ ༴ ༴།། མཚན་ལེགས་རིན་ཆེན༴ །།༴ ༴ ༴།། སངས་རྒྱས་རྣམ་གཟིགས༴ །།༴ ༴ ༴།། མཐུན་པའི་སྨོན་ལམ༴ །།༴ ༴ ༴།། ཀུན་འབྱུང་མུན་པའི༴ །།༴ ༴ ༴།། འཇམ་དབྱངས་ཕྱག་ན་རྡོ་རྗེ༴ །།༴ ༴ ༴།། སྤང་དང་ཡེ་ཤེས༴ །།༴ ༴ ༴།། དཔལ་ལྡན་དུས་འཁོར ༴ །།༴ ༴ ༴།། སྒྲུབ་པ་པོ་ལ༴ །།༴ ༴ ༴།། ཡེ་ཤེས་མགོན་པོ༴ །།༴ ༴ ༴།། སྟོན་པ་སངས་རྒྱས༴ །།༴ ༴ ༴།། རྩ་བརྒྱུད་བླ་མ༴ །།༴ ༴ ༴།། མགོན་པོ་ཐུགས་རྗེ་སོགས་ཤླཽ་ཀ་བཞི་བརྗོད། ཇི་སྙེད་སུ་དག་ནས་བདག་གིས་བསྟོད། །ཅེས་པའི་བར་དང་། ཕྱག་བྱར་འོས་པ་སོགས་ཅི་རིགས་ཀྱིས་ཕྱག་བྱའོ། །དེ་ནས་མེ་ཏོག་དམ་པ་ནས་ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་བར་དང་། ས་གཞི་སྤོས་ཀྱི་སོགས་དང་། བདག་གཞན་ལུས་ངག་སོགས་བརྗོད། བསྡུ་ན་མཆོད་པ་འདིས་ཆོག །རྒྱས་པར་འདོད་ན། ཁྱད་པར་དུ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དམ་པའི་ཆོས་རྣམས་དང་། འཕགས་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་མམ་ཅི་རིགས། ཁྱེད་རྣམས་ལ་བདག་པོས་བཟུང་བ་དང་མ་བཟུང་བའི་ལྷ་དང་མིའི་ཡོ་བྱད་ཕུན་སུམ་ཚོགས་པ་ཇི་སྙེད་མཆིས་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་རྫུ་འཕྲུལ་གྱི་སྟོབས་ལས་བྱུང་བའི་ཡོ་བྱད་ཐམས་ཅད་དང་། ཀུན་ཏུ་བཟང་པོའི་མཆོད་པའི་ཚོགས་དང་བཅས་པ་ཐམས་ཅད་འབུལ་ཞིང་མཆོད་དོ། །འདི་ཡང་གཅིག་གམ་གསུམ་སོགས་ཅི་རིགས་བརྗོད། ཁྱད་པར་དུ་ཡང་སུ་ཞིག་བདག་ལ་བལྟོས་བཅས་ཀྱི་སྒོ་ནས་བསྔོས་པའི་ཟས་གོས་སོགས་ཇི་སྙེད་མཆིས་པ་ཐམས་ཅད་དང་བདག་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་ཀྱང་ལེགས་པར་འབུལ་ལོ། །བཞེས་སུ་གསོལ་ལོ། །བཞེས་ནས་ཀྱང་བདག་དང་དམིགས་ཡུལ་དུ་གྱུར་བའི་སེམས་ཅན་ཐམས་ཅད་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། །ཞེས་པ་ལན་བདུན་ནམ་ཉེར་གཅིག་བརྗོད་ལ། བདག་དང་སེམས་ཅན་དེ་དག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་པའི་ཚོགས་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་མཐོལ་ལོ། །བཤགས་སོ། །གནོང་ངོ་། །འགྱོད་དོ། །བྱང་ཞིང་དག་པར་མཛད་དུ་གསོལ། བྱང་ཞིང་དག་པར་གྱུར་ཅིག །ཅེས་ཅི་རིགས་བརྗོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་འཕགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་བོ་དང་། མཛད་པ་ཕུན་སུམ་ཚོགས་པ་ཐམས་ཅད་དང་། བདག་དང་སེམས་ཅན་གཞན་དག་གིས་ཀྱང་བསགས་པའི་རྣམ་དཀར་གྱི་ལེགས་ཚོགས་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་ཞིང་དགའ་བར་བགྱིའོ། །རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། འདི་ལྟར་བགྱིས་པའི་རྣམ་དཀར་གྱི་ཕུང་བོ་ཀུན་དུས་གསུམ་དུ་བསགས་པའི་དགེ་ཚོགས་དང་ལྷན་ཅིག་ཏུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྔོ་བར་བགྱིའོ། །དེ་ནས་ཕྱག་འཚལ་བ་དང་ཞེས་སོགས་ཀྱིས་མཇུག་བསྡུ་བའམ། ཅུང་ཟད་རྒྱས་པར་ན། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གསོལ་བ་འདེབས་སོ། །ཅི་རིགས་བརྗོད། དམིགས་བསལ་ཡོད་ན་ཁྱད་པར་དུ་ལྷ་མཆོག་འདི་ཞེས་བགྱི་བ་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་བ་འདེབས་སོ། །ཞེས་སྦྱར་རུང་། དེ་ནས་ཁྱེད་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་བདག་ལ་མོས་པའི་དབང་གིས་རེ་ལྟོས་འཆའ་བའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་ལས་ཡོངས་སུ་སྐྱོབ་དུ་གསོལ། ཐར་བར་མཛད་དུ་གསོལ། སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་མཛད་དུ་གསོལ། ཞེས་ལན་མང་དུ་གསོལ་བ་བཏབ་པ་ལ་བརྟེན་ནས། མཐར་སྐྱབས་གནས་དེ་རྣམས་ཀྱི་སྐུ་ལས་འོད་དང་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བྱུང་ནས་བདག་དང་སེམས་ཅན་དེ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་སོང་སྙམ་པའི་མོས་པ་བྱའོ། །དེ་ལྟར་ཡང་ཡང་བྱས་ན་རང་གཞན་གཉིས་ཀའི་ཚོགས་རྫོགས་ཤིང་སྒྲིབ་པ་སྦྱོང་བ་དང་། ཁྱད་པར་དུ་གང་ལ་དམིགས་པ་དེ་ལ་ཡང་ཕན་ངེས་ཤིང་སྙིང་རྗེ་ཆེན་པོ་སྐྱེ་བའི་རྒྱུར་འགྱུར་བ་དང་། དཀོར་སྒྲིབ་ཐམས་ཅད་སྦྱོང་བར་ཡང་ནུས་སོ། །དེར་མ་ཟད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སོགས་དང་། ཤེས་རབ་གོང་འཕེལ་དུ་འགྱུར་བ་སོགས་ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་ནི། རྟེན་གྱི་དྲུང་དུ་ཚོགས་སོགས་སྒྲིབ་སྦྱོང་བྱེད་པ་ལ་རགས་ལས་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་བསགས་པ་དང་འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་མེད་ན་ཉེར་ལེན་གྱི་རྒྱུ་དམིགས་རྣམས་སྦྱོང་བ་ཙམ་ལ་འབད་ཀྱང་ལམ་ཤིན་ཏུ་སྐྱེ་དཀའ་བས་བསག་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱོང་དགོས་སོ་ཞེས་པ་དང་། ཡང་རྗེས་ལམ་རིམ་ལས། དེ་ལྟར་ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས། མཉན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ །བསྒོམ་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །ཞེས་གསུངས་པས་སོ།། །།ཅེས་པ་འདི་ནི་དད་དང་རྣམ་དཔྱོད་ཕུན་སུམ་ཚོགས་པའི་གནས་བརྟན་བཟོད་པའི་མིང་ཅན་གྱིས་འདི་ལྟར་བགྱིས་ཤིག་དང་ཁོས་པར་དུ་སྒྲུབ་པར་བྱའོ་ཞེས་བསྐུལ་བ་ལ་བརྟེན་ནས་བཤད་སྒྲུབ་མིང་ཅན་གྱིས་རེ་གཉིས་ལ་ཕན་སྲིད་སྙམ་པའི་བསམ་པས་སྦྱར་བའོ། །བཀྲ་ཤིས།། །།


previousཚོགས་གསོག་ཅིང་དཀོར་སྒྲིབ་སྦྱོང་བྱེད་གངྒཱའི་ཆུ་རྒྱུན།next