Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད།
   
   
   
   


 
previousདག་ཡིག་བློ་གསར་གཞོན་ནུ་དགའ་བྱེད།next

དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད།

དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། དངོས་གྲུབ་འབྱུང་གནས་རྗེ་བཙུན་འཕགས་མ་སྒྲོལ། །འཆི་མེད་ཚེ་ཡི་དཔལ་སྟེར་རྣམ་པར་རྒྱལ། །ཚིག་གི་མཆོག་སྦྱིན་དབྱངས་ཅན་ལྷ་མོའི་ཞབས། །དུས་གནས་བྱང་ཆུབ་བར་དུ་གཙུག་གིས་བསྟེན། །ཡིག་སྡེ་བརྒྱས་པར་གཞན་དུ་བཤད་ཟིན་ཀྱང་། །འདིར་ཡང་དོན་གཉེར་ཅན་གྱིས་བསྐུལ་བའི་ངོར། །གསར་བུ་དག་ལ་གོ་སླའི་ཚུལ་གྱིས་དང་། །ཅུང་ཟད་རྟོགས་དཀའ་ཐོར་བུ་བསྡུས་ཏེ་བཤད། །པ་བཀར་ལོགས་བཀར་ད་དཀར་ཁ་དོག་དཀར། །ར་རྐ་ཆུའི་རྐ་ད་དཀའ་མི་ནུས་དཀའ། །བ་བཀའ་བཀའ་ལུང་རོ་བསྐ་བ་སའི་བསྐ། །བ་བཀལ་ཁལ་བཀལ་ཁྲལ་བཀལ་སྐུད་པ་བཀལ། །ས་སྐལ་ཐོ་བསྐལ་བསྐལ་བ་བ་སའི་བསྐལ། །ར་རྐན་རྐན་ཕུག་པ་བཀན་གྱེན་དུ་བཀན། བ་སའི་བསྐོས་ནི་དཔོན་དུ་བསྐོས་པ་སྟེ། །བ་རའི་བརྐོས་ནི་ས་སོགས་བརྐོས་པའི་མིང་། །ས་སྐུར་སྐུར་འདེབས་ནོར་བསྐུར་བ་སའི་བསྐུར། །བ་སའི་བསྐུས་ནི་ཚོན་སོགས་བསྐུས་པའི་མིང་། །བ་འོག་ར་བརྐུ་མ་བྱིན་ལེན་པའོ། །ད་དཀྲོལ་རོལ་མོ་བརྡུང་བའི་མིང་ཡིན་ཏེ། །བ་བཀྲོལ་བཅིངས་པ་བཀྲོལ་བའི་མིང་དུ་འདོད། །ས་སྐུག་གབ་པ་ལ་ལྐུག་སྨྲ་མི་ཤེས། །ད་དཀུ་སྟ་ཟུར་ས་སྐུ་བླ་མའི་སྐུ། །ར་རྐུ་རྐུན་པོ་བརྐུས་ཟིན་བ་རའི་བརྐུས། །བ་བཀུམ་བསད་པ་ལག་བསྐུམ་བ་སའི་བསྐུམ། །བ་བཀང་སྣོད་བཀང་ཐུགས་བསྐང་བ་སའི་བསྐང་། །བ་རའི་བརྐྱངས་ནི་རྐང་བ་སོགས་བརྐྱང་བ། །བ་སའི་བསྐྱངས་ནི་དྲིན་གྱིས་བསྐྱངས་པའོ། །བ་བཀོན་གནོད་ལན་དཀོན་རྙེད་དཀའི་དཀོན། །བ་སའི་བསྐོན་ནི་གོས་སོགས་བསྐོན་པའི་མིང་། །བ་བཀྲ་མདོག་སོགས་བཀྲ་དང་བཀྲ་ཤིས་ཏེ། །ས་བཏགས་སྐྲ་ནི་མགོ་ཡི་སྐྲ་ཡིན་ནོ། །བ་བཀྲག་འོད་ཆེ་ས་སྐྲག་འཇིགས་པའི་མིང་། །ད་དཀྱིལ་དབུས་ཡིན་ས་སྐྱིལ་ཆུ་སྐྱིལ་སོགས། །བ་བཀྲེན་ནོར་མེད་ས་སྐྲན་ནད་ཀྱི་མིང་། །བ་བཀའི་བཀྱོན་ནི་བཀའ་བཀྱོན་གནང་བ་སྟེ། །བ་སའི་བསྐྱོན་ནི་རྟ་ལ་བསྐྱོན་པའོ། །མ་མཁུར་མཁུར་ཚོས་འ་འཁུར་འཁུར་བོ་འཁུར། །ད་དགའ་སེམས་དགའ་ར་རྒ་ན་ཚོད་རྒ། །ས་སྒ་རྟ་སྒ་སྨན་ལྒ་ལ་བཏགས་ལྒ། །ད་དགོ་རི་དྭགས་ས་སྒོ་ཁང་བའི་སྒོ། །བ་བགོ་གོས་གོན་བཀའ་བསྒོ་བ་སའི་བསྒོ། །འ་འགོ་ནད་འགོ་ཐོག་མའི་འགོ་བ་སྟེ། །མ་མགོ་ལུས་ཀྱི་མགོ་སོགས་རྩེ་མོའི་དོན། །བ་བགྲོ་བགྲོ་གླེང་ས་སྒྲོ་བྱ་སོགས་སྒྲོ། །བ་བགོས་བགོས་སྐལ་ས་སྒོས་སྒོས་སུ་བཀར། །བ་འོག་ས་བསྒོས་བག་ཆགས་བསྒོས་པའོ། །ས་སྒར་དམག་སྒར་ད་དགར་ཟུར་དུ་དགར། །ད་དགང་གནོད་དགང་བ་འོག་ས་བཏགས་བསྒང་། །བྱ་བའི་གཞུང་སྟེ་ས་སྒང་མཐོ་བའི་མིང་། །བ་བགམ་ཚོ ད་ལེན་ས་སྒམ་ཤིང་སྒམ་ཟབ། །ར་རྒྱུ་རྒྱུ་རྐྱེན་ནང་ཁྲོལ་རྒྱུ་མ་སྟེ། །ས་སྒྱུ་སྒྱུ་མ་མཁན་དང་གཡོ་སྒྱུའི་སྒྱུ། །ར་རྒྱབ་ལུས་རྒྱབ་རྒྱོབ་ཅིག་ཅེས་པ་སྟེ། །བ་རའི་བརྒྱབ་ནི་དབྱུག་པས་བརྒྱབ་ཟིན་མིང་། །ས་སྒྱུག་སྒྱུག་མོ་ར་རྒྱུགས་མགྱོགས་པར་འགྲོ། །བ་བགག་ལམ་བཀག་མནའ་བསྒག་བ་སའི་བསྒག །ད་དགྲོལ་མདུད་ལྷོད་ས་སྒྲོལ་འཇིགས་ལས་སྒྲོལ། །བ་བགྲེས་རྒས་པོ་རིགས་བསྒྲེ་བ་སའི་བསྒྲེས། །ར་རྒོད་ཕྱི་དྲོའམ་ཡང་ན་ད་ཡི་དགོངས། །ཕྱི་དྲོའམ་ཤེས་པའི་ཞེ་སར་འདོད་པ་ཡིན། །མ་མགུལ་མགྲིན་པ་འ་འགུལ་གཡོ་ཞིང་འགུལ། །མ་མངའ་ཡོད་པ་ས་སྔ་དུས་ཀྱི་སྔ། །ལ་ལྔ་གྲངས་དང་ར་རྔ་བརྡུང་བྱའི་རྔ། །ས་སྔོ་ཁ་དོག་ར་རྔོ་ནད་ཡིན་ཏེ། །ད་དངོ་གྲི་སོ་བསྔོ་བྱ་བ་སའི་བསྔོ། །མ་མངར་རོ་མངར་ད་དངར་ཚར་དུ་དངར། །ད་དངུལ་རིན་ཆེན་ར་རྔུལ་ལུས་ཀྱི་ཆུ། །ས་སྔགས་གསང་སྔགས་མ་མངགས་ཕོ་ཉ་བཏང་། །བ་བཅལ་རིན་བཅལ་གཅལ་བཀྲམ་ག་ཡི་གཅལ། །ག་གཅི་རྟུག་པ་ལ་ལྕི་ལྗིད་ལྕི་བ། །མ་མཆུ་ཁ་མཆུ་འ་འཆུ་ཆུ་སོགས་འཆུ། །མ་མཆོར་མཛེས་པ་འ་འཆོར་བྱ་བ་འཆོར། །ག་གཉེན་ཉེ་དུ་མ་མཉེན་རེག་བྱ་འཇམ། །བ་སའི་བསྙེན་ནི་ཉེ་བའི་དོན་དུ་འདོད། །ག་གཉན་ས་བདག་མ་མཉན་ཉན་བྱའི་སྒྲ། །ས་སྙན་སྙན་པ་གཟུགས་བརྙན་བ་རའི་བརྙན། །ས་སྙམ་ཡིད་བསམ་མ་མཉམ་མཚུངས་པའི་མཉམ། །ས་སྙེད་མང་པོ་ར་རྙེད་གསར་དུ་རྙེད། །མ་མཉེད་ཀོ་བ་ལ་སོགས་མཉེད་པའི་མིང་། །ས་སྙེས་སྔས་ལ་སྙེས་པའོ་བ་རའི་བརྙེས། །གོ་འཕང་ཐོབ་པ་སོགས་ཀྱི་མིང་ཡིན་ནོ། །ག་གཉུག་དབེན་པ་ས་སྙུག་ཤིང་གི་སྙུག །ར་རྙིང་རྙིང་བ་ས་སྙིང་ནང་ཁྲོལ་སྙིང། །ར་རྙི་འཛིན་བྱེད་ས་སྙི་སྲ་མིན་སྙི། །ས་སྙད་སྙད་འདོགས་བཤད་པ་བ་སའི་བསྙད། །ག་གཏར་ཁྲག་གཏར་བྱི་དོར་བ་སའི་བསྟར། །ག་གཏན་རྒྱུན་དུ་ས་སྟན་གདན་གྱི་མིང་། བ་འོག་ས་བསྟན་ཆོས་བསྟན་རྒྱལ་བའི་བསྟན། །བླ་མ་བསྟེན་དང་བ་འོག་ར་བརྟན་ནི། །མི་འགྱུར་བརྟན་པ་ཉིད་དུ་འདོད་པ་ཡིན། །ར་རྟེན་མཆོད་རྟེན་ལ་སོགས་རྟེན་གྱི་མིང་། །བ་འོག་ར་བརྟེན་དེ་ལ་བརྟེན་པའོ། །ག་གཏོགས་དེར་གཏོགས་བ་བཏོགས་སྤུ་བཏོགས་པ། །ར་རྟོགས་དོན་རྟོགས་ལ་ལྟོགས་བཀྲེས་པའི་མིང་། །ཡང་ན་ར་རྟོག་རྣམ་རྟོག་རྟོག་པའོ། །ག་གཏམ་ཚིག་ཡིན་ཡང་ན་གང་བའི་གཏམས། །བ་ལའི་བལྟམས་ནི་སྐུ་འཁྲུངས་བལྟམས་པར་འདོད། །ར་རྟག་མི་འཇིག་ས་སྟག་གཅན་གཟན་ཏེ། །བ་བཏགས་ཐག་བཏགས་བརྟག་དཔྱད་བ་རའི་བརྟག །ལ་ལྟག་གཉའ་ལྟག་ར་རྟོད་ཕུར་བུ་རྟོད། །ས་སྟོད་ལུས་སྟོད་བསྟོད་བསྔགས་བ་སའི་བསྟོད། །བ་བཏོད་སྲོལ་བཏོད་ག་གཏོད་དམིགས་པ་གཏོད། །ག་གཏུན་གཏུན་བུ་ཐུགས་བསྟན་བ་སའི་བསྟུན། །ག་གཏེར་མཛོད་ཡིན་ས་སྟེར་གཞན་ལ་སྟེར། །བ་བཅུད་ཞབས་བཏུད་ག་གཏུབས་དུམ་བུར་གཏུབས། ས་སྟེའུ་མཚོན་ཆར་རྟེའུ་རྟ་ཡི་བུ། །ར་རྟ་དུད་འགྲོ་ལྟ་བྱེད་ལ་ལྟའོ། །མིག་གིས་བལྟས་པ་གཞན་ལ་རག་ལས་བལྟོས། །བ་འཕུལ་ཡིན་ཏེ་ལྟོས་ཤིག་བས་འཕུལ་མེད། །ག་གཏོས་ཁྱོན་ཡིན་རྒྱས་པ་བ་རའི་བརྟས། །ལ་ལྟས་སྔ་རྟགས་སྟེས་དབང་ས་སྟེས་ཡིན། །གཏོལ་མེད་ག་གཏོལ་རྣག་བརྟོལ་བ་རའི་བརྟོལ། །ར་རྟིང་རྟིང་བ་ག་གཏིང་ཆུ་ཡི་གཏིང་། །བ་བཏགས་ཕྱེ་བཏགས་མིང་བཏགས་སྒྲོ་བཏགས་སོ། །ར་རྟགས་མཚོན་བྱེད་སྒྲུབ་བྱེད་རྟགས་ཀྱང་ཡིན། །ག་གཏོང་སྦྱིན་གཏོང་ས་སྟོང་གྲངས་ཀྱི་མིག །ལ་ལྟོང་མདའི་ལྟོང་བ་བཏུལ་དགྲ་སོགས་བཏུལ། །ག་གཏུལ་སྤོས་གཏུལ་དུད་པ་གཏུལ་བའོ། །ར་རྟབ་ཙབ་ཙབ་བྱིན་པ་བ་སའི་བལྟབས། །ས་སྟོབས་མཐུ་ཡིན་བ་བཏབ་ས་བོན་བཏབ། །བ་ལའི་བལྟབ་ནི་གོས་སོགས་བལྟབ་པའོ། །རྟོག་རྐྱང་རྩེ་མོ་ག་གཏོག་སེ་གོལ་གཏོག །མ་མཐུ་ནུས་པ་འ་འཐུ་མེ་ཏོག་འཐུ། །འ་འཐུར་འཐུར་དུ་མ་མཐུར་མཐུར་མདའི་མིང་། །ག་གདའ་ཡོད་པ་བ་བདའ་ཁ་ཟས་ཞིམ། །བ་འོག་ར་བརྡ་ལག་བའི་བརྡ་སོགས་བྱེད། །བ་བདུག་སྤོས་ཡིན་ས་སྡུག་ཡིད་དུ་འོང་། །ག་གདུག་གནོད་བྱེད་འབུབས་པའི་གདུགས་ཀྱང་ཡིན། །ར་རྡུག་ཐབས་རྡུག་སྡུག་བསྔལ་ས་སྡུག་ཡིན། །ག་གདབ་གསོལ་གདབ་ས་བོན་གདབ་པ་སྟེ། །བ་རའི་བརྡབ་ནི་ས་ལ་བརྡབས་པའོ། །ར་རྡེག་བ་འོག་བརྡེག་ནི་རིམ་བཞིན་དུ། །རྡེག་པར་བྱེད་དང་བརྡེག་པར་བྱས་པའོ། །བ་བཏེག་གྱོན་བཏེག་ས་སྟེགས་སྟེགས་བུའི་སྟེགས། །ག་གདུང་གདུང་མ་ར་རྡུང་རྔ་སོགས་རྡུང་། །བ་བདུང་གཞུ་བདུང་ས་སྡོད་མི་འགུལ་སྡོད། །བ་བདེ་བདེ་ལེགས་ས་སྡེ་སྡེ་བའོ། །ར་རྡོ་རྡོ་ཉིད་ས་སྡོ་དོ་སྔོ་བ། །བ་བདོ་རྒྱས་པའམ་དར་བའི་མིང་དུ་འདོད། །ར་རྡུལ་རྡུལ་ཕྲན་ག་གདུལ་གདུལ་བྱའི་མིང་། །འ་འདུད་གུས་པ་མ་མདུད་མདུད་པའོ། །འ་འདུན་བསམ་པ་མ་མདུན་ལུས་ཀྱི་མདུན། །འ་འདོན་ཆོས་འདོན་ཕྱི་རུ་འདོན་པ་སྟེ། །ག་གདོན་གནོད་བྱེད་ལ་ལྡོན་ལན་སྨྲ་བ། །འ་འདབ་ཉེ་འདབས་ལོ་འདབ་པད་འདབ་སོགས། །ལ་ལྡབ་བསྐྱར་ལྡབ་ར་རྡོབ་ཕེ ག་རྡོབ་ཡིན། །མ་མདོངས་བྱ་སྒྲོ་ལ་ལྡོངས་ལོང་བ་སྟེ། །འ་འདོང་འགྲོ་བ་འ་འདུར་འདུར་རྒྱུག་བྱེད། །ལ་ཡི་ལྡུར་ནི་ལྡུར་ལྡུར་བྱེད་པའོ། །ག་གདན་སྟན་ཡིན་ལ་ལྡན་ཡོད་པའི་མིང་། །ས་སྣོད་སྣོད་སྤྱད་ག་གནོད་མི་ཕན་གནོད། །ག་གནག་མདོག་གནག་ར་རྣག་ཁྲག་རུལ་མིང་། བ་རའི་བརྣག་ནི་སེམས་ལ་བསམས་པའི་དོན། །ག་གནང་བྱིན་པ་ས་སྣང་བློ་ལ་སྣང་། །མ་མནན་འོག་མནན་མང་བཏང་བ་སའི་བསྣན། །བ་རའི་བརྣན་ནི་ངེས་བཟུང་ནན་ཏན་མིང་། །ས་སྣ་དྲི་འཛིན་ར་རྣ་སྒྲ་འཛིན་ཏེ། །ག་གནའ་ཐོག་མ་མནའ་བྱས་མ་ཡི་མནའ། །མ་མནོ་ཡིད་སེམས་ར་རྣོ་རྩེ་མོ་རྣོ། །ག་གནད་གནད་དོན་ལུས་བསྣད་བ་སའི་བསྣད། །མ་མནབས་གོས་གྱོན་ཁ་ཅིག་བ་བནབས་ཟེར། །ས་སྣབས་སྣ་ཡི་སྣབས་དང་ངར་སྣབས་སོ། །ར་རྣམས་མང་བོ་ག་གནམ་ནམ་མཁའི་མིང་། །བ་འོག་ས་བསྣམས་ཕྱག་ཏུ་བསྣམས་པའོ། །ག་གནངས་སང་ཡིན་གནང་སྦྱིན་ཉིད་ཀྱང་སྟེ། །བ་རའི་བརྣངས་ནི་ཟས་ཀྱིས་བརྣངས་པའོ། །མ་མནར་སྡུག་བསྔལ་ཐག་བསྣར་བ་སའི་བསྣར། །ད་དཔའ་དཔའ་བོ་ས་སྤ་མཛེས་པའི་མིང་། །པང་རྐྱང་པང་པ་སྤངས་རི་སྤངས་ཡི་སྤང་། །ད་དཔང་དཔང་བོ་པར་རྐྱང་སྐུ་གཟུགས་པར། །ས་བཏགས་སྤར་ནི་གནས་སྤར་གོང་དུ་སྤར། །ད་དཔངས་གྱེན་དཔངས་ས་སྤངས་དོར་བའི་མིང་། །ར་རྦ་ཆུ་འཁྲུགས་ས་སྦ་མི་མངོན་སྦ། །ལ་ལྦ་མགུལ་ལྦ་འབུ བས་སྤྲ་ས་བཏགས་སྤྲ། །འ་འབྱེད་སྒོ་འབྱེད་ག་འགྱེད་ཁྲ་སོགས་འགྱེད། །ད་དམིག་བུ་ག་ར་རྨིག་དུད་འགྲོའི་ལྷམ། །དད་མོད་དམོད་པ་ས་སྨོད་སྐྱོན་ནས་སྨོད། །ར་རྨ་ལུས་རྨ་ད་དམའ་ས་ཕྱོགས་དམའ། །ད་དམིགས་ཡོད་པ་ར་རྨི་རྨི་ལམ་རྨི། །ད་དམར་ཁ་དོག་ས་སྨར་མང་བའི་དོན། །ས་སྨག་མུན་པ་ད་དམག་གཡུལ་གྱི་མིང་། །ར་རྨོས་ཞིང་རྨོ་ས་སྨོན་སྨོན་ལམ་འདེབས། །ས་སྨན་འཚོ་བྱེད་ད་དམན་ངན་པའོ། །ས་སྨེ་མི་གཙང་ད་དམེ་དམེ་པོ་སྟེ། །ར་རྨེད་སྒ་རྨེད་ས་སྨེད་དྲི་བ་དྲིས། །ར་རྩེ་རྩེ་མོ་ག་གཙེ་གནོད་པ་བྱེད། །བ་རའི་བརྩེ་ནི་སྙིང་རྗེས་བརྩེ་བའོ། །ག་གཙིགས་མཆེ་གཙིགས་བ་འོག་ར་བརྩིགས་ནི། །རྩིག་པ་ལ་སོགས་བརྩིགས་པའི་མིང་དུ་འདོད། །ག་གཙག་གཙག་པུ་བ་བཙགས་ཚགས་ཀྱིས་བཙགས། །བ་བཙོན་བཙོན་ཁང་བརྩོན་འགྲུས་བ་རའི་བརྩོན། །ར་རྩལ་སྟོབས་རྩལ་བ་བཙལ་ནོར་སོགས་བཙལ། །ར་རྩྭ་རྩ་སྔོན་བ་བཙའ་ལྕགས་ཀྱི་བཙའ། །ར་རྩང་ས་བདག་ག་གཙང་དྲི་མ་བྲལ། །ཙོང་ཙོང་དབྱིབས་ཏེ་བ་བཙོང་སྒོག་པའི་ཕྱོགས། །ར་རྩུབ་རེག་བྱ་ག་གཙུབ་གཙུབ་ཤིང་མིང་། །བ་བཙམས་གནོད་བྱས་བརྩམ་བྱ་བ་རའི་བརྩམ། །ར་རྩི་རྩི་ཐོག་བ་བརྩི་བརྩི་བར་བྱ། །བ་བཙོད་ཆོས་ཡིན་ར་རྩོད་རྒོལ་བར་བྱེད། །ག་གཙོ་གཙོ་བོ་བ་བཙོ་གསེར་བཙོ་མ། །མ་མཚོ་རྒྱ་མཚོ་འ་འཚོ་སྲོག་འཚོ་བ། །མ་མཚར་མཛེས་པ་འ་འཚར་བྱ་བ་འཚར། །མ་མཚལ་ཚོན་ཡིན་འ་འཚལ་ཤེས་པའོ། །འ་འཚེར་འོད་འཚེར་མ་མཚེར་ལས་ལ་མཚེར། །འ་འཛའ་ཆུད་འཛའ་མ་མཛའ་འཛའ་མཐུན་མིང་། །འ་འཛད་ནོར་འཛད་མ་མཛད་མཛད་པ་མཛད། །འ་འཛད་ཟད་པ་མ་མཛངས་ཡ་རབས་མཛངས། །ག་གཞེས་བཞུགས་པ་བ་བཞེས་ཇ་སོགས་བཞེས། །ག་གཞོན་ན་ཚོད་བ་བཞོན་བཞོན་པའི་རྟ། །ག་གཞོག་སྦོ་གཞོག་བ་བཞོག་ཤིང་ལས་བཞོག །ག་གཞའ་གཞའ་ཚོན་བ་བཞའ་རློན་གྱི་བཞའ། །ག་གཞི་གཞི་མ་བ་བཞི་གྲངས་ཀྱི་མིང་། །ག་གཞུ་གཞུ་ཡིན་བ་བཞུ་མར་བཞུ་བ། །ག་གཞག་མཉམ་གཞག་བ་བཞག་ས་ལ་བཞག །ག་གཞིབས་བསྒྲིགས་པ་བ་བཞིབས་འཇིབས་པའི་མིང་། །ག་གཟའ་གཟའ་སྐར་བ་བཟའ་ཟས་བཟའ་བ། །བ་བཟས་ཟོས་ཟིན་ག་གཟས་མདའ་སོགས་གཟས། །ག་གཟུང་གཟུང་བྱ་བ་བཟུང་བཟུང་ཟིན་མིང་། །ག་གཟི་ནོར་བུ་བ་བཟི་ཆང་གིས་བཟི། །ག་གཟོ་དྲིན་གཟོ་བ་བཟོ་གོས་སོགས་བཟོ། །ག་གཟོད་དང་པོ་བ་བཟོད་བཟོད་པའི་མིང་། །ར་རྐྱང་དུད་འགྲོ་རྭ་ནི་མགོ་ཡི་རྭ། །ག་གཤོག་འདབ་གཤོག་འདོར་ཤོག་ཤ་རྐྱང་ཤོག །ག་གཤགས་ཤིང་གཤགས་བ་བཤགས་སྡིག་པ་བཤགས། །ག་གཤོལ་ཐོང་གཤོལ་བ་བཤོལ་བྱ་བ་བཤོལ། །བ་བཤར་བྲེ་དང་འཕྲང་ལ་བཤར་བའི་མིང་། །ཤིག་རྐྱང་ལུས་ཤིག་བཤིག་པ་བ་བཤིག་གོ །བ་བཤོས་ཟས་མིང་ག་གཤོས་ཆུ་གཤོས་པ། །ག་གཤིས་གཤིས་ལུགས་གནས་ཚུལ་སྡོད་ལུགས་ཡིན། །ཤུལ་ནི་རྗེས་ཤུལ་བ་བཤུལ་ལམ་གྱི་མིང་། །སད་ནི་གཉིད་སད་བ་བསད་སྲོག་དང་བྲལ། །སོག་ནི་སོག་པ་ག་གསོག་རྫུན་གྱི་གསོག །སང་ནི་ཐོ་རེངས་སངས་པ་སྒྲིབ་སོགས་སངས། །ག་གསང་སྦས་པ་བ་བསངས་ལྷ་ཡི་བསངས། །སེར་རྐྱང་ཁ་དོག་ག་གསེར་རིན་པོ་ཆེ། །ག་གསིལ་དུམ་བུར་བ་བསིལ་གྲང་ནས་བསིལ། །སོང་ནི་ཕར་སོང་ག་གསོང་སྦེད་པའི་མིང་། །ག་གསལ་འོད་གསལ་བ་བསལ་སྐྱོན་སོགས་བསལ། །ག་གསུང་དམ་ཆོས་བ་བསུང་དྲི་ཡི་མིང་། །བ་བླ་གོང་དང་ཚེ་བླ་རུང་ཆོག་སོགས། །ས་སླ་ལས་སླ་གར་བ་མིན་པའི་སླ། །ག་གླ་རི་དྭགས་རྔན་པའི་གླ་རྣམས་ཡིན། །བ་འོག་ར་བརླ་བརླ་ཤ་ཡ་མ་བརླ། །ཀ་ཀླུ་ཀླུ་ཡིན་ག་གླུ་སྐད་ཀྱི་གླུ། །བ་བླུ་རིན་བྱིན་ས་སླུ་གཞན་གྱིས་སླུ། །བ་སའི་བསླུས་ནི་བསླུས་ཟིན་ཞེས་པའི་ཚིག །ཀ་ཀླུང་མཚོ་སོགས་ར་རླུང་གཡོ་བའི་རླུང་། །ར་རླངས་དྲོད་རླངས་བ་བླངས་ཁས་བླངས་སོགས། །བ་འོག་བསླངས་པ་གྱེན་བསླངས་སློང་མོ་བསླངས། །ཀ་ཀློང་དབུས་ཡིན་བ་བློང་ཡིད་བློང་བློང་། །ས་སློང་ནོར་སློང་སྐྱོན་བརློང་བ་རའི་བརློང་། །ག་གླང་དུད་འགྲོ་ཚིག་རྩུབ་བ་རའི་བརླང་། །ཀ་ཀློག་ཆོས་འདོན་ག་གློག་ནམ་མཁའི་གློག །ཟ་ཟློག་ཕྱིར་ཟློག་ས་སློག་ཕྱི་ནང་སློག ། པགས་པའི་གོས་ཏེ་ར་རློག་མེད་པར་བྱེད། །ཀ་ཀླད་ཀླད་པ་བ་བླད་སོ་ཡིས་བླད། །ས་སླད་རྗེས་མ་སྐྱོན་བསླད་བ་སའི་བསླད། །བ་བློ་ཤེས་པ་གླ་གློ་གློ་བ་དང་། །སྒ་ཡི་གློ་དང་ལུས་ཀྱི་གཡས་གཡོན་སོགས། །བ་བླུད་ཇ་བླུད་ག་གླུད་འདྲེ་ལ་གཏོང་། །ག་གླན་ལྷན་པ་གླན་དང་ར་རླན་རློན། །བ་འོག་ས་བསླན་ཕྱོགས་སུ་གཏོགས་པའི་བསླན། །བ་འོག་ར་བརླན་རླན་གྱིས་བརླན་པར་བྱས། །ས་སླེབ་གནས་ཕྱིན་ག་གླེབས་ལེབ་མོ་གླེབས། །ར་རླབས་ཆུ་རླབས་བྱིན་རླབས་བྱིན་རློབས་ཤིག །བ་རའི་བརླབས་ནི་བྱིན་གྱིས་བརླབས་པར་བྱས། །བ་སའི་བསླབ་ནི་བསླབ་བྱ་བསླབས་ཟིན་སོགས། །ག་གླིང་གླིང་བཞི་བརྟན་བརླིང་བ་རའི་བརླིང་། །ག་གླག་བྱ་གླག་བ་བླགས་རྣ་བ་གཏོད། །བ་འོག་ཀ་བཀླག་དམ་ཆོས་བཀླག་པའི་མིང་། །བ་འོག་ར་བརླག་ཐལ་བར་བརླག་པའོ། །ར་རླུབས་ཁུང་བུ་ཀ་ཀླུབས་གོས་བཟང་གྱོན། །ཟ་ལ་ལ་བཏགས་ཟླ་གྲོགས་ནམ་མཁའི་ཟླ། །མ་མདའ་སྒྲོ་ལྡན་འ་འདའ་མྱ་ངན་འདའ། །ཟ་ཟློས་བསྐྱར་བ་མ་མདོས་བོན་གྱི་མདོས། །བ་བཀྲི་ཁྲིད་པ་ཞོ་སྤྲི་ས་བའི་སྤྲི། །སྐྲོད་ནི་ཕྱིར་འདེད་སྤྲོད་ནི་འཐབ་མོ་སྤྲོད། །བ་སའི་བསྐྲད་ནི་གནས་ནས་ཕྱུང་བའོ། །ད་ཀའི་དཀྲུགས་ནི་ཆུ་སོགས་དཀྲུགས་པ་སྟེ། །ས་བའི་སྦྲུག་ནི་གོས་སོགས་སྤྲུག་པའོ། །བ་ཀའི་བཀྲལ་ནི་སོ་སོར་བཀྲལ་བ་སྟེ། །དས་འཕུལ་དཔྲལ་ནི་ཐོད་ཀྱི་དཔྲལ་བའོ། ཁ་ཁྲག་ཁོང་ཁྲག་ཁྲག་ཁྲིག་ལ་སོགས་ཏེ། །ཕ་ཕྲག་བཅུ་ཕྲག་བརྒྱ་ཕྲག་སྟོང་ཕྲག་སོགས། ཁ་འཁྲུལ་ཕྱིན་ལོག་ཕ་འཕྲུལ་རྣམ་པར་འཕྲུལ། ཁ་ཁྲ་བྱ་ཡིན་ཕ་ཕྲ་རྟོགས་པར་དཀའ། ཁ་ཁྲུ་ལག་ཁྲུ་ཕ་ཕྲུ་རྫ་ཡི་ཕྲུ། ཁ་ཁྲལ་དཔོན་ཁྲལ་ཕ་ཕྲལ་སོ་སོར་ཕྲལ། །ག་གྲོ་འབྲུ་ཡིན་ད་དྲོ་དྲོད་ཀྱི་མིང་། །བ་བྲོ་མནའ་དང་གར་གྱི་བྱེ་བྲག་མིང་། །ག་གྲང་བསིལ་བ་ད་དྲང་དྲང་བོའི་དྲང་། །བ་བྲང་ལུས་མདུན་ད་དྲངས་ཟས་དྲངས་ཟིན། །ག་གྲངས་ད་དྲངས་ས་མཐའ་ཅན་དག་ནི། །གཅིག་སོགས་གྲངས་དང་གྱེན་ནམ་ཡར་དྲངས་ཟིན། །ད་དྲག་དྲག་པོ་བ་བྲག་རི་ཡི་བྲག །ག་གྲགས་སྒྲ་གྲགས་ད་དྲགས་བྱ་བ་ཐལ། །བ་བྲེགས་བཅད་པ་ད་དྲེགས་ཁེངས་པའི་མིང་། །ད་དྲིལ་གཅིག་དྲིལ་ག་གྲིལ་གོས་ཀྱིས་གྲིལ། །ད་དྲོས་མེས་དྲོས་བ་བྲོས་གཞན་དུ་བྲོས། །ག་གྲོངས་ཤི་བ་ད་དྲོངས་གྱེན་དུ་དྲོངས། །ག་གྲོད་གྲོད་པ་ད་དྲོད་འོད་ཀྱི་དྲོད། །བ་བྲོད་བྱ་བའི་ལས་ལ་བྲོ་བའོ། །ག་གྲུབ་དོན་གྲུབ་ད་དྲུབ་གོས་དྲུབ་པ། །ག་གྲི་མཚོན་ཆ་ད་དྲི་སྣ་ཡི་ཡུལ། །བ་བྲི་ཁ་བྲི་ཡི་གེ་བྲི་བའི་མིང་། །དོང་ཁྲུས་བ་བྲུས་བཞོན་དྲུས་ད་ཡི་དྲུས། །ག་གྲོགས་གྲོགས་མཆེད་དམ་གྲོག་ས་མཐའ་མེད། །ག་འགྲུབ་དོན་འགྲུབ་ད་འདྲུབ་ཆོས་གོས་འདྲུབ། །བ་བྲུབ་ཆུ་འཁྲུགས་དོང་དུ་སྦས་པའང་ཡིན། །ག་འགྲེ་རིགས་འགྲེ་ད་འདྲེ་གནོད་པའི་འདྲེ། །ད་དྲེད་དུད་འགྲོ་བ་བྲེད་འཇིགས་པའི་མིང་། །ག་འགྲངས་ལྟོ་འགྲངས་བ་འབྲངས་རྗེས་སུ་འབྲངས། །ག་འགྲུལ་མགྲོན་པོ་ད་འདྲུལ་རུལ་བའི་མིང་། །ད་འདྲི་གཏམ་འདྲི་བ་འབྲི་ཡི་གེ་འབྲི། །ད་དྲིས་གཏམ་དྲིས་བ་བྲིས་ཡི་གེ་བྲིས། །ག་འགྲེལ་དོན་འགྲེལ་བ་འབྲེལ་རག་ལས་འབྲེལ། །བ་འབྲོས་འཇིགས་འབྲོས་ག་འགྲོས་རྟ་ཡི་འགྲོས། །བ་འབྲས་འབྲུ་ཡིན་ག་འགྲས་ཞེ་འགྲས་པ། །ག་འགྲིལ་འཐུར་འགྲིལ་ད་འདྲིལ་གཅིག་ཏུ་འདྲིལ། །ད་དགྲ་གནོད་བྱེད་ས་སྒྲ་མཉན་བྱའི་སྒྲ། །ས་བཏགས་ག་སྒྲོན་སྒྲོན་མེའམ་སྟེང་དུ་སྒྲོན། །ས་བཏགས་བ་སྦྲོན་ར་མདའ་བྱེད་པར་སྦྲོན། །ག་སྒྲིབ་སྒྲིབ་པ་བ་སྦྲིད་ལུས་སྦྲིད་པ། །བ་སའི་བསྒྲགས་ནི་སྒྲ་བསྒྲགས་བྱས་པའི་མིང་། །ས་བཏགས་བ་སྦྲགས་གཉིས་སྦྲགས་སུམ་སྦྲགས་སོགས། །ག་གཅུགས་མཛའ་བ་བཅུག་ནང་དུ་བཅུག །ག་གཅོད་ཤིང་གཅོད་སྒྲོ་འདོགས་ལ་སོགས་གཅོད། །ད་འོག་པ་དཔྱོད་གང་ཡིན་དཔྱོད་པ་སྟེ། །ས་བཏགས་སྤྱོད་པ་བྱ་བ་སྤྱོད་པའོ། །བ་བཅད་ཤིང་བཅད་ད་དཔྱད་རྟོགས་པའི་དོན། །ས་བཏགས་སྤྱད་པ་བྱ་བ་བྱས་པའི་མིང་། །ག་གཅིན་བཤང་བ་འབྱར་བྱེད་ས་བཏགས་སྦྱིན། །ཆན་ནི་འབྲས་ཆན་མ་མཆན་ཡི་གེའི་མཆན། །འ་འཆི་སྲོག་འགག་མ་མཆི་འགྲོ་བའི་མིང་། །ཉ་ཉོས་ནོར་ཉོས་མ་མྱོས་ཆང་གིས་མྱོས། །ག་ཡི་ག ཡར་ནི་གཡར་བོ་བྱས་པ་སྟེ། །ད་འོག་དབྱར་ནི་དུས་ཀྱི་དབྱར་ཡིན་ནོ། །ག་གཡང་འབོད་པ་དཔལ་གྱི་གཡང་ཡིན་ཏེ། །ད་དབྱངས་ཡན་ལག་དྲུག་ཅུ་གསུང་གི་དབྱངས། །དེས་མཚོན་གཞན་དག་དཔྱད་དེ་ཤེས་པར་བྱ། །དེ་ནས་སུམ་རྟགས་རྩ་འགྲེལ་ནས་འབྱུང་བའི། །ཡི་གེའི་དབྱེ་བ་ཕོ་མོ་མ་ནིང་དང་། །མིང་མཐའ་རྣམ་དབྱེ་ཚིག་ཕྲད་ལ་སོགས་པ། །ཅུང་ཟད་རྟོགས་དཀའ་ཐོར་བུ་འདིར་འཆད་པར། །སྤྱིར་ན་གསལ་བྱེད་ཐམས་ཅད་ཡི་གེ་ཕོ། །དབྱངས་ཡིག་ཐམས་ཅད་མོ་རུ་གྲགས་པ་ལས། །མིང་གཞིའི་དབང་བྱས་ཕོ་མོའི་ཁྱད་པར་ནི། །ནང་གསེས་ཀ་ཅ་ཏ་པ་ཙ་རྣམས་ཕོ། །ག་ཇ་ད་བ་ཛ་ཝ་ཞ་ཟ་དང་། །འ་ཡ་ཤ་ས་རྣམས་ནི་མོ་ཡིན་ལ། ཁ་ཆ་ཐ་ཕ་ཚ་རྣམས་མ་ནིང་སྟེ། །ང་ཉ་ན་མ་ཤིན་ཏུ་མོ་རུ་འདོད། །ར་ལ་ཧ་རྣམས་མོ་གཤམ་ཞེས་བྱ་ཞིང་། །མ་ནིང་མཚན་མེད་ཅེས་སུ་གྲགས་པ་ཡིན། །དེ་ལས་ག་ང་ད་ན་བ་མ་འ། །ར་ལ་ས་བཅུ་རྣམས་ནི་རྗེས་འཇུག་སྟེ། །ག་ད་བ་མ་འ་ལྔ་སྔོན་དུའང་འཇུག ། འདི་ལས་བ་ནི་སྔོན་འཇུག་ཕོ་ཡིན་ལ། །ག་ད་གཉིས་ནི་མ་ནིང་འ་མོ་སྟེ། །མ་ཡིག་སྔོན་འཇུག་ཤིན་ཏུ་མོ་རུ་འདོད། །མིང་གཞི་སྔོན་རྗེས་གསུམ་ལས་རང་རང་གི །སྐབས་ཀྱི་ཕོ་མོ་གང་ཡིན་གཙོ་བོ་སྟེ། །བ་ནི་མིང་གཞིའི་མོ་ཡིག་སྔོན་འཇུག་ཕོ། །ས་ནི་རྗེས་འཇུག་ཕོ་ཡིན་མིང་གཞིའི་མོ། །རང་རང་སྐབས་ཀྱི་ཐོབ་ཚུལ་ཤེས་པར་བྱ། །འོན་ཀྱང་རྗེས་འཇུག་ཕོ་མོ་མ་ནིང་གི། །ངོས་འཛིན་བཞེད་ཚུལ་མི་འདྲ་འདི་ལྟ་སྟེ། །ཞ་ལུ་བས་ནི་ད་བ་ས་གསུམ་ཕོ། །རིམ་བཞིན་ཕོ་ལ་རབ་འབྲིང་གསུམ་དུ་ཕྱེ། །འ་མོ་ར་ནི་མོ་ཙམ་ཉིད་དུ་བཞེད། །ག་ང་ན་གསུམ་འགྱུར་བ་མ་ནིང་དང་། །མ་ཡིག་མཚན་གཉིས་ལ་ནི་མཚན་མེད་དོ། །རྣམ་གླིང་བ་སོགས་མཁས་པ་དུ་མ་ཡིས། །ག་ད་བ་ས་བཞི་ནི་རྗེས་འཇུག་ཕོ། །ང་ན་མ་ར་ལ་ནི་མོ་ཡིན་ལ། །འ་ནི་མ་ནིང་ཕོ་ལ་སྐྱེས་བུ་གསུམ། །ས་ནི་སྐྱེས་བུ་རབ་ཡིན་པ་འབྲིང་ལ། ག་ད་གཉིས་ཀ་སྐྱེས་བུ་ཐ་མར་འདོད། །ར་ལ་གཉིས་ནི་མོ་ཡིན་ང་ན་མ། །ཤིན་ཏུ་མོ་འོ་འ་ནི་གྲོགས་ཀྱི་དབང་། །མ་ནིང་མཚན་གཉིས་མཚན་མེད་དུ་འགྱུར་ཞིང་། །བཞེད་ཚུལ་མི་འདྲ་གཞན་ནི་དག་ཀྱང་ཡོད། །སྔོན་འཇུག་ཕོ་ཡིག་བ་ནི་འདས་པ་དང་། །བྱ་བ་བསྒྲུབ་ཕྱིར་འཇུག་སྟེ་དཔེར་མཚོན་ན། །ལོགས་སུ་བཀར་ཟིན་ལ་སོགས་འདས་ཚིག་དང་། །འབྲེལ་ན་འདས་པའི་དོན་ལ་འཇུག་པ་སྟེ། །བྱ་བ་སྟོན་དང་འབྲེལ་ན་གཞན་ལ་འཇུག །སྔོན་འཇུག་མ་ནིང་ག་ད་གཉིས་ཀ་ནི། །བདག་གམ་བྱེད་པ་པོ་ལ་ཡོད་པ་དང་། །གཞན་ནམ་བྱ་བ་གཞི་ལ་ཡོད་པ་དང་། །ད་ལྟ་བསྒྲུབ་པའི་ཆེད་དུ་འཇུག་པ་སྟེ། །སྔོན་འཇུག་མོ་ཡིག་འ་ནི་མ་འོངས་པ། །སྟོན་ཕྱིར་འཇུག་ཅིང་བདག་གཞན་ལའང་འཇུག །སྔོན་འཇུག་མ་ཡིག་ཤིན་ཏུ་མོ་ཉིད་དེ། །བདག་གཞན་གཉིས་དང་དུས་གསུམ་མཉམ་ལ་འཇུག །དེ་རྣམས་ཁྱད་པར་སུམ་རྟགས་རྩ་འགྲེལ་ལས། །ཤེས་པར་བྱ་སྟེ་འདིར་ནི་མང་དུ་དོགས། །སྔོན་རྗེས་མིང་གཞི་གསུམ་ཀ་རང་རང་གི །ཕོ་ཡིག་ནང་འཕྲད་དྲག་པའི་དྲག་པ་སྟེ། །སྔོན་རྗེས་ཕོ་ཡིག་མིང་གཞི་མོ་ཉིད་དང་། །སྔོན་འཇུག་མིང་གཞི་དྲག་ལ་རྗེས་འཇུག་ཞན། །མིང་གཞི་རྗེས་འཇུག་དྲན་ལ་སྔོན་འཇུག་ཞན། །སྔོན་འཇུག་དྲག་ལ་མིང་རྗེས་གཉིས་ཀ་ཞན། །སྔོན་འཇུག་མིང་གཞི་ཞན་ལ་རྗེས་འཇུག་དྲག ། སྔོན་རྗེས་ཞན་ལ་མིང་གཞི་དྲག་པ་དང་། །གསུམ་ཀ་ཞན་པ་ནང་འཕྲད་གྱུར་བ་ལ། །ནང་གསེས་དྲག་པའི་ཞན་དང་ཞན་པའི་དྲག །ཞན་པའི་ཞན་པ་གཉིས་སུ་དབྱེ་བར་གསུང་། །ཕོ་ཡིས་ཕོ་ཡི་མིང་མཐའ་འདྲེན་ཚུལ་ནི། །ཀ་ཅ་ཏ་པ་ལ་སོགས་མིང་གཞི་ཕོས། །རྗེས་འཇུག་ད་བ་ས་ག་དྲང་བྱ་སྟེ། །དཔྱིད་ཀ་ཐད་ཀ་གྱུར་ཏེ་གལ་ཏེ་དང་། །ཐབས་ཅིག་རྒྱོབ་ཅིག་དག་པ་ལ་སོགས་སོ། །མོ་ཡིས་མོ་ཡི་མིང་མཐའ་འདྲེན་པ་ནི། །བྱུང་བ་སྙིང་ག་དགུན་ཀ་ཚོར་བ་སོགས། །མ་ནིང་འ་ནི་ཕོ་དང་འཕྲད་ན་དྲག །མོ་འཕྲད་ཞན་པར་འགྱུར་སོགས་ཤེས་པར་བྱ། །རྣམ་དབྱེ་དང་པོ་ངོ་བོ་བརྗོད་པ་དང་། །གཉིས་པ་ལས་སུ་བྱ་དང་གསུམ་པ་ནི། །བྱེད་ལས་ཡིན་ནོ་བཞི་བ་དགོས་ཆེད་དང་། །ལྔ་བ་འབྱུང་ཁུངས་དྲུག་པ་འབྲེལ་བ་དང་། །བདུན་པ་གནས་བཞི་བརྒྱད་པ་བོད་པའི་སྒྲ། །དེ་དག་ངོས་འཛིན་རྒྱས་པར་གཞན་དུ་ཤེས། །མིང་ཙམ་བརྗོད་པ་རྣམ་དབྱེ་དང་པོ་སྟེ། །སུ་དུ་ལ་རུ་ན་སོགས་གཉིས་པ་དང་། །བཞི་པའམ་བདུན་པ་ཉིད་དུ་འགྱུར་བའང་སྲིད། །ཀྱིས་གྱིས་གིས་ཡིས་ལ་སོགས་གསུམ་པ་དང་། །ལས་ནས་གཉིས་ནི་ལྔ་བའམ་དགར་ཚིག་སྟེ། །ནས་ནི་མཚམས་སྦྱོར་ལྷག་བཅས་ཚིག་ཏུའང་འགྱུར། །ཀྱི་གྱི་གི་ཡི་འི་ནི་དྲུག་པ་འབྲེལ། །མིང་ཐོག་ཀྱེ་ཞེས་སྦྱར་བ་བརྒྱད་པའོ། །རྣམ་དབྱེ་བརྒྱད་པོ་དེ་རྣམས་ཀུན་ལ་དཔེར། །ལྷ་དང་ལྷ་དག་ལྷ་རྣམས་ལ་སོགས་པ། །མིང་ཙམ་གཅིག་ཚིག་དག་ནི་གཉིས་ཚིག་དང་། །རྣམས་ཀུན་མཐའ་དག་མང་ཚིག་ཉིད་དུ་འགྱུར། །སྟེ་དེ་ཏེ་གསུམ་ལྷག་བཅས་སྟོན་པའི་སྒྲ། །ཚིགས་བཅད་ཁ་སྐོང་ཉིད་ལའང་སྐབས་ཐོབ་འགྱུར། །ཚིག་མཐའི་དོ་སོགས་སླར་བསྡུ་རྫོགས་ཚིག་ཅན། །ཀྱང་ཡང་འང་ནི་སྡུད་པའི་ཚིག་རྒྱན་ཏེ། །གམ་དང་འམ་སོགས་འབྱེད་སྡུད་དྲི་བའོ། །ནི་ནི་དགར་དང་བསྣན་པའི་ཚིག་ཏུ་འདོད། །དང་ནི་འབྱེད་སྡུད་རྒྱུ་མཚན་ཚེ་སྐབས་དང་། །གདམས་ངག་ལྔ་ལ་འཇུག་པ་སྐབས་དང་སྦྱོར། །དེ་ཡིག་ངེས་བཟུང་འདས་པའི་དོན་ཉིད་དང་། །རྣམ་གྲངས་གཞན་དང་སྦས་དོན་སོགས་ལ་འཇུག །སུ་གང་ཅི་ནི་དྲི་བའམ་དགག་ཚིག་དང་། །སྤྱི་ལ་འཇུག་ཅིང་བྱེ་བྲག་གོ་བའང་སྲིད། །བ་དང་ཅན་ནི་ཕོ་སྒྲ་བདག་པོ་སྟེ། །ལྡན་པའི་དོན་དུའང་འགྱུར་བར་ཤེས་པར་བྱ། །མ་མི་མེད་མིན་མིང་གི་ཐོག་མཐར་སྦྱར། །ཕལ་ཆེར་མོ་སྒྲ་དགག་པའི་སྒྲ་རུ་འགྱུར། །ཤིན་ཏུ་ཀུན་ཏུ་རབ་ཏུ་ལ་སོགས་པ། ཁྱད་པར་ལྷག་པ་སྟོན་པའི་ཚིག་ཏུ་འདོད། །གང་ཅི་ལ་སོགས་ཕྲད་ནི་རེ་རེ་སྟེ། །གང་ལ་ཅི་ལ་སོགས་པ་ཕྲད་གཉིས་འདུས། །གང་གི་ཕྱིར་དང་ཅི་ཡི་ཕྱིར་ལ་སོགས། །འཕྲད་ནི་མང་བོ་འདུས་པ་ཉིད་ཅེས་བྱ། ཁོ་ན་ཞེས་པ་ངེས་བཟུང་ཚིག་ཡིན་ཏེ། །མི་ལྡན་གཞན་ལྡན་རྣམ་གཅོད་གཉིས་སུ་འགྱུར། །ཉིད་ནི་དེ་དང་ཕྱོགས་འདྲ་ངེས་བཟུང་ཚིག །འབའ་ཞིག་ཙམ་ནི་ལྷག་མ་འགོག་པ་སྟེ། །ཙམ་ནི་ཚད་འཛིན་ཉིད་དུ་འགྱུར་བའང་ཡིན། །ཚུལ་ནི་འདྲ་སྨད་སྡོམ་པ་ཐབས་སོགས་སྟོན། །བཞིན་ནི་ཡིན་དང་མ་ནོར་འདྲ་ལའང་འཇུག །ཅིང་དང་ཞིང་སོགས་མཚམས་སྦྱོར་སྡུད་ལའོ། །གང་ཕྱིར་དེ་ཕྱིར་གང་ཚེ་དེ་ཚེ་དང་། །ཅི་ཕྱིར་དེ་ཕྱིར་ཇི་ལྟར་དེ་ལྟར་སོགས། །ཚིག་ཕྲད་སྔ་ཕྱི་འདྲེན་ཚུལ་སྐབས་ཐོབ་སྦྱར། །ད་བ་ས་གསུམ་རྗེས་སུ་ཀྱི་འཐོབ་ཅིང་། །ག་ང་གི་སྟེ་ན་མ་ར་ལ་གྱི། །མཐའ་མེད་འ་མཐར་འི་དང་ཡི་གཉིས་ནི། །རྐང་བ་སྐོང་དང་མི་སྐོང་རྣམ་པར་དབྱེ། །ག་དང་བ་ཡི་རྗེས་སུ་ཏུ་ཐོབ་ཅིང་། །ང་ད་ན་མ་ར་ལ་རྣམས་ལ་དུ། །ད་དྲག་ཏུ་ཐོབ་ས་ཡི་རྗེས་སུ་སུ། །འ་དང་འདོགས་ཅན་རྐྱང་བའི་མཐར་ནི་རུ། །ད་དེ་ན་ར་ལ་ས་ཏེ་རྐྱང་ལ། །ག་ང་བ་མ་འ་དང་མཐའ་མེད་མཐར། །ས་སྟེའོ་ད་དྲག་ཐོབ་པའི་ན་ར་ལའི། །མཐར་ནི་ཏེ་རྐྱང་འཐོབ་འགྱུར་སྐབས་དང་སྦྱར། །ག་ད་བ་ས་ད་དྲག་ཐོབ་མཐར་ཀྱང་། །འ་ང་ན་མ་ར་ལའི་རྗེས་སུ་ཡང་། །མཐའ་རྟེན་མེད་མཐར་འང་དང་ཡང་གང་རུང་། །ག་ད་བ་ཡི་རྗེས་སུ་ཅིང་ཅེས་དང་། །ཅེའོ་ཅེ་ན་ཅིག་ཐོབ་སྐབས་དང་སྦྱར། །ང་འ་ན་མ་ར་ལ་རྟེན་མེད་མཐར། །ཞིང་ཞེས་ཞེའོ་ཞེ་ན་ཞིག་ཐོབ་བོ། །ས་མཐར་དམིགས་བསལ་ཤེས་དོན་ཞེས་སྦྱར་ཏེ། །ཤིང་ཞེས་ཤེའོ་ཤེ་ན་ཤིག་ཅེས་བྱ། །ད་དྲག་ཐོབ་པའི་ན་ར་ལ་གསུམ་རྗེས། །ཅིང་ཅེས་ལྔ་བོ་སྦྱོར་བ་དམིགས་བསལ་ཡིན། །ག་ད་ན་བ་མ་ས་ད་དྲག་མཐར། །བ་དང་ང་འ་ར་ལ་མཐའ་མེད་དང་། །རྐྱང་བའི་རྗེས་སུ་བ་ཕྱེད་ཝར་འབོད་ཅིང་། །གཞན་ལ་པ་ཉིད་སྦྱར་བ་སྐབས་དང་བསྟུན། །འདིར་ནི་ཡི་གེ་ཀློག་ཚུལ་མཚོན་བྱས་ན། །ཀ་ཡི་གུ་གུ་ཀི་དང་ཞབས་ཀྱུ་ཀུ། །ཀ་ཡི་འགྲེང་བུ་ཀེ་དང་ན་རོ་ཀོ །དེ་བཞིན་ཡི་གེ་སུམ་ཅུ་ཀུན་ལ་སྦྱར། །ག་འོག་ཅ་ལ་གཅ་ཡི་ཞབས་ཀྱུ་གཅུ། །གཅུ་ལ་ག་ས་གཅུགས་ཞེས་བརྗོད་བྱ་སྟེ། །འོན་ཀྱང་རང་རང་ཡུལ་སྐད་བསྟུན་པ་གཙོ། །ག་ཡི་འཕུལ་ཅན་ཐོག་མར་རྐན་ནས་དབྱུང་། །དས་འཕུལ་ལྕེ་རྩེ་གློད་ཅིང་བ་མས་འཕུལ། ཁ་ཡི་མཆུ་བཙུམ་པ་དང་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུགས་ནས་དབྱུང་བྱ་སྟེ། །འཕུལ་ཞིང་བརྩེགས་པའི་ཡི་གེ་རྣམས་ཀྱང་ནི། །གོ་རིམ་བཞིན་དུ་དབྱུང་ཞེས་མཁས་པས་བཤད། །མིང་ཚིག་ཡི་གེ་གསུམ་གྱི་ཁྱད་པར་ནི། །སྲོག་མེད་དབྱངས་གསལ་ཐམས་ཅད་ཡི་གེ་སྟེ། །ངོ་བོ་བརྗོད་ཙམ་ཕལ་ཆེར་མིང་ཡིན་ལ། །མིང་གཉིས་ཕན་ཆད་འདུས་པ་ཚིག་ཏུ་འདོད། །ཡི་གེ་ལ་ནི་དངོས་དང་བཏགས་པ་གཉིས། །དངོས་ནི་སྐད་ཀྱི་གདངས་སུ་བརྗོད་པ་སྟེ། །ངོ་བོ་སྒྲ་ཡིན་དབྱངས་དང་གསལ་བྱེད་གཉིས། །ངག་གི་རྗོད་པ་ཀུན་ལའང་ཡི་གེ་འབྱུང་། །བཏགས་པའི་ཡི་གེ་གཟུགས་སུ་བྲིས་པ་སྟེ། །ཡི་གེ་དངོས་མིན་དེ་རུ་གྲགས་པ་ཙམ། །དབྱེ་ན་རྒྱ་གར་ཡི་གེ་ལྔ་བཅུ་དང་། །བོད་ཀྱི་ཡི་གེ་སུམ་ཅུར་གྲགས་པ་སྟེ། །ཚངས་པའི་ཡི་གེ་ལ་སོགས་དྲུག་ཅུ་བཞི། །རྒྱས་པར་ཡིག་རིགས་སུམ་བརྒྱ་དྲུག་ཅུའམ། །དེ་ལས་མང་བ་ཉིད་དུའང་བརྗོད་པར་ནུས། །མིང་ལ་དངོས་དང་བཏགས་མིང་རྣམ་གཉིས་ཏེ། །གང་ལ་ཐོག་མར་འདོད་རྒྱལ་བརྡ་སྦྱར་བ། །དེ་ཡི་དངོས་མིང་ཡིན་ཏེ་རྗེས་གྲུབ་ཏུ། །འདྲ་འབྲེལ་རྒྱུ་མཚན་བྱས་ནས་བརྡ་སྦྱར་བ། །དེ་ཡི་བཏགས་མིང་ཉིད་དུ་འགྱུར་བ་ཡིན། །མིང་ནི་དུ་མ་འདུས་ལས་ཚིག་ཡིན་ཏེ། །དེ་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་གསུམ། །རྗོད་བྱེད་ཀུན་ཀྱང་ཚིག་ཏུ་འདོད་པའང་ཡོད། །མདོར་ན་ཡི་གེ་འདུས་ལས་མིང་འབྱུང་ཞིང་། །མིང་ལས་ཚིག་ཏུ་འགྲུབ་སྟེ་དེ་ལས་ནི། །སྐྱེ་འཕགས་ཀུན་གྱི་ཚིག་གི་ཕུང་བོ་དང་། །གསུང་རབ་པོ་ཏི་ལ་སོགས་འགྲུབ་པ་ཡིན། །བརྗོད་འདོད་དབང་གིས་ཡི་གེ་མིང་ཚིག་འབྱུང་། །ཚིག་གིས་དོན་སྟོན་དེ་ཡང་ཐ་སྙད་དང་། །བརྡ་སྦྱར་གོམས་པའི་དབང་གིས་གོ་འགྱུར་གྱི། །དངོས་པོའི་དབང་གིས་མིན་ཏེ་རྣམ་འགྲེལ་ལས། །སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན་པ་དང་། །དེ་ནི་ཐ་སྙད་ཆེད་དུ་བྱས་ཞེས་གསུངས། །གལ་ཏེ་དངོས་པོའི་དབང་གིས་གོ་བྱེད་ན། །བརྡ་འབྲེལ་བྱེད་ལ་མི་ལྟོས་ཐལ་འགྱུར་ཏེ། །གང་ཕྱིར་བརྡ་དོན་མི་ཤེས་བྱིས་པས་ཀྱང་། །ལྟོ་ལྡིར་མཐོང་ཙམ་ཉིད་ནས་བུམ་པའོ། །སྙམ་པ་སྐྱེ་བར་འགྱུར་ན་དེ་མ་མཐོང་། །དེ་ཕྱིར་ཚིག་གིས་དོན་སྟོན་བརྡ་ལ་ལྟོས། །བརྡ་ཡང་མཁས་པ་དག་གིས་མཛད་པའམ། །རང་རང་ཡུལ་སྐད་འདོད་པའི་དབང་གིས་བཞག །དེ་དག་མཚོན་ཙམ་ལྡེ་མིག་ལྟ་བུ་སྟེ། །རྒྱས་པར་དམ་པའི་ལེགས་བཤད་གཞན་ནས་ལོངས། །ཞེས་དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད་ཅེས་བྱ་བ་འདི་ནི་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའི་ཡི་གེ་བ་ནི་ཀུན་དགའ་ནོར་བུའོ། །བཀྲ་ཤིས།། །།


previousདག་ཡིག་བློ་གསར་གཞོན་ནུ་དགའ་བྱེད།next