Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་གསར་བའི་འགྲེལ་བ་དོན་གསལ།
   
   


 
previousཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་གསར་བའི་འགྲེལ་བ་དོན་གསལ།next

ཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་གསར་བའི་འགྲེལ་བ་དོན་གསལ།

ཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་གསར་བའི་འགྲེལ་བ་དོན་གསལ་ཞེས་བྱ་བ་བཞུགས།

དཔག་ཡས་བསྐལ་བའི་སྔོན་ནས་སངས་རྒྱས་ཀྱང་། །སྣང་བ་མཐའ་ཡས་ལ་སོགས་སངས་རྒྱས་ཀྱི། །དྲུང་དུ་ས་བཅུའི་དབང་ཕྱུག་ཟོལ་བསྟེན་པ། །རྣམ་འདྲེན་ཕྱག་ན་པདྨོས་བདག་སྐྱོངས་ཤིག །འདིར་ཐམས་ཅད་མཁྱེན་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུའི་གསོལ་འདེབས་བརྟན་བཞུགས་གསར་བའི་དོན་ཅུང་ཟད་འགྲེལ་བ་ལ་གཉིས། དངོས་ཀྱི་དོན་དང་། དེ་ལ་མཐའ་དཔྱད་པའོ། །དང་པོ་ལ་གསུམ། གསོལ་བ་འདེབས་པ། བརྟན་པར་བཞུགས་པ། སྨོན་ལམ་འདེབས་པའོ། །དང་པོ་ནི། དུས་གསུམ་རྒྱལ་བའི་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གསུང་། ཚིག་དོན་ནི། འདས་མ་འོངས་ད་ལྟར་གྱི་དུས་གསུམ་དུ་བྱོན་པར་འགྱུར་བ་དང་བྱོན་པའི་རྒྱལ་བ་སྟེ་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་གཟིགས་པའི་བརྩེ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ནི། དེང་སང་གི་དུས་སྙིགས་མ་འདིར་སྙིགས་མའི་སེམས་ཅན་དམུ་རྒོད་འདུལ་དཀའ་བའི་མ་རུང་བ་རྣམས་འཁོར་བ་དང་ངན་སོང་གི་གནས་ནས་འདྲེན་པའི་ཕྱིར་དུ་མི་ཡི་སྲིད་པའི་རྣམ་པར་རོལ་པ་ཅན་ཏེ་མིའི་ཚུལ་བསྟན་པ་དང་། དེ་ཉིད་གདུལ་བྱའི་སེམས་ཅན་བསྐལ་བཟང་རྒྱ་མཚོ་སྟེ་སྐལ་ལྡན་གྱི་འགྲོ་བ་མང་བོའི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་བ་དང་། རྒྱུ་མཚན་དེའི་ཕྱིར་ཁྱོད་ལ་གསོལ་བ་འདེབས་པའོ། །དེ་ཡང་རང་ཉིད་དམན་ས་བཟུང་ནས་ཡིད་གུས་པས་ཞུ་བའི་དོན་ནོ། །གཉིས་པ་བརྟན་བཞུགས་ནི། སྔོན་ཚེ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུང་། དོན་ནི། སྔོན་བྱུང་གི་དུས་རྣམས་ཀྱི་ཚེ་གོ་འཕང་མཐོན་པོ་ལེགས་པར་རམ་ཡང་དག་པར་གཤེགས་པའམ་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཏེ་དྲུང་དུ་སེམས་ཅན་རྣམས་འཁོར་བ་དང་ངན་སོང་ལས་སྐྱོབ་པར་བྱེད་པའི་མགོན་པོ་ཁྱོད་ཀྱི་བདག་གིས་དུས་སྙིགས་མའི་འགྲོ་བ་ཐམས་ཅད་འདྲེན་པར་མཛད་དོ་ཞེས་དམ་ཇི་ལྟར་བཅས་པ་བཞིན་དུ། མ་ཉམས་པའི་ཐུགས་བསྐྱེད་བརྟན་པོས་བདག་སོགས་འགྲོ་བའི་དོན་སྒྲུབ་པའི་ཆེད་དུ་སྐུ་ཚེ་བསྐལ་བ་བརྒྱའི་བར་དུ་མི་མཐུན་པའི་རྐྱེན་གང་གིས་ཀྱང་མི་གཡོ་བར་ཞབས་པད་དུས་རྟག་ཏུ་བརྟན་པར་བཞུགས་པར་ཤོག་ཅིག་ཅེས་སྨོས་པའི་ཚུལ་གྱིས་གསོལ་པའོ། །གསུམ་པ་སྨོན་ལམ་ནི། བསྐལ་བཟང་གདུགས་དཀར་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གསུང་། འདིའི་དོན་ནི་ཤིན་ཏུ་འཆད་བདེ་བ་ཞིག་མི་སྣང་ཡང་། རེ་ཞིག་དཔེ་དང་དཔེ་ཅན་སོ་སོར་ཕྱེ་ན་གོ་བདེ་བས་འདི་ལྟར་བྱ་སྟེ། སྐལ་བ་བཟང་བོ་དང་ལྡན་པའི་སྐུར་འཁྲུངས་ཤིང་འགྲོ་བའི་ཕན་བདེའི་གྲིབ་བསིལ་འབྱུང་བའི་སྐྱེས་བུ་དམ་པ་གདུགས་དཀར་བོ་དང་འདྲ་བ་མངོན་པར་མཐོ་བ་ནས་བྱོན་པ་ཁྱོད་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་གྱི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་མཆོག་ཏུ་གྱུར་བས་ན་ཏོག་གི་རྣམ་པར་རོལ་བ་ཅན་ཏེ་གདུགས་ཀྱི་ཏོག་དང་འདྲ་བའོ། །དེ་ལྟ་བུའི་བསྟན་འཛིན་གྱི་གཙོ་བོ་ཉིད་ཀྱིས་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་རྗེ་བཙུན་ཙོང་ཁ་པའི་བསྟན་པའི་རྒྱལ་མཚན་ནམ། གདུགས་འདི་ནི་རྒྱ་མཚོའི་ཕ་མཐར་ཏེ་ས་ཆེན་པོ་འདིའི་ཕྱི་རོལ་གྱི་རྒྱ་མཚོའི་མཐའི་བར་དུ་མངོན་པར་བསྒྲེང་བ་སྟེ་དར་བར་མཛད་པ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱང་རྣམ་པ་ཀུན་དུ་འབྲལ་བ་མེད་པར་ཐུགས་ཀྱི་རྗེས་སུ་འཛིན་པར་ཤོག་ཅིག་ཅེས་པའོ། །འཆད་ཚུལ་འདི་ཡང་ཞིབ་ཏུ་བརྟགས་ན་སྐྱོན་ཡོད་ཚུལ་འཆད་པར་འགྱུར་རོ། །གཉིས་པ་དེ་ལ་མཐའ་དཔྱད་པ་ནི། དུས་གསུམ་རྒྱལ་བ་ཞེས་པ་སྤྱིར་འདས་མ་འོངས་ད་ལྟར་གྱི་སངས་རྒྱས་རྣམས་དང་། དུས་གསུམ་སངས་རྒྱས་བྱེ་བྲག་ཏུ་ཕྱེ་ན་གྲངས་མེད་ཀྱང་། དེང་སང་དུས་གསུམ་སངས་རྒྱས་ཞེས་པའི་ཐ་སྙད་བྱེད་པའི་ཚེ། སངས་རྒྱས་མར་མེ་མཛད་འདས་པའི་སངས་རྒྱས་དང་། བདག་ཅག་གི་སྟོན་པ་ད་ལྟ་བ་དང་། སངས་རྒྱས་བྱམས་པ་མ་འོངས་པའི་སངས་རྒྱས་ལ་བྱེད་ཀྱང་། བདག་ཅག་གི་སྟོན་པ་ལ་ད་ལྟ་བའི་སངས་རྒྱས་ཞེས་ཐ་སྙད་བྱེད་པ་ལྟར་ན། བྱམས་པ་བདག་ཅག་གི་སྟོན་པའི་རྗེས་མ་སངས་རྒྱས་ལྔ་བ་ཡིན་པས་མ་བྱོན་པའི་སངས་རྒྱས་དང་། །འོད་སྲུང་ནི་བདག་ཅག་གི་སྟོན་པའི་སྔོན་མའི་སངས་རྒྱས་གསུམ་པ་ཡིན་པས་དེ་ཉིད་ལ་འདས་པའི་སངས་རྒྱས་ཞེས་ཟེར་དགོས་པ་འདྲ་ཞིང་། མར་མེ་མཛད་ནི་བསྐལ་བ་འདིའི་གོང་དུ་བྱོན་ནས་བསྐལ་བ་མང་བོ་སོང་བར་སྒྲོན་གསལ་གྱི་མཆན་བུ་ལས་གསུངས་ཤིང་། རྩིས་དཀར་ནག་གི་དྲིས་ལན་དུ་ཡང་བཤད་དོ། །དེས་ན་དུས་གསུམ་བྱེད་པ་ནི་འོད་སྲུང་ཤཱཀྱ་ཐུབ་པ་བྱམས་པ་གསུམ་ལ་བྱེད་པ་སྐབས་སུ་བབ་པོ། །མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་དོན་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེའི་ཡོན་ཏན་རྣམས་སྤྱན་རས་གཟིགས་ལ་ཚང་བའི་དོན་ཡིན་གྱི། དེ་གཅིག་ཏུ་བསྡུས་པ་དངོས་ནི་མིན་ནོ། །སྙིགས་མ་ལ་ལྔ་ཡོད་དེ། དུས་སྙིགས་མ། སེམས་ཅན་སྙིགས་མ། ཚེ་སྙིགས་མ། ཉོན་མོངས་སྙིགས་མ། ལྟ་བ་སྙིགས་མ་དང་ལྔའོ། །དུས་སྙིགས་མ་དུས་ལྔ་བརྒྱའི་ཐ་མ་རྩོད་དུས། སེམས་ཅན་སྙིགས་མ་དམུ་རྒོད་འདུལ་དཀའ་བ། ཚེ་སྙིགས་མ་ཚེ་ལོ་བརྒྱ་བ་མན། ཉོན་མོངས་སྙིགས་མ་དུག་གསུམ་ཆེ་བ། ལྟ་བ་སྙིགས་མ་རང་འདོད་ཆེ་ཞིང་ངན་པའོ། །རྒྱ་མཚོ་ཞེས་པ་ནི་མང་ཚིག་གོ །སྔོན་ཚེ་བདེ་གཤེགས་སྤྱན་སྔར་དམ་བཅས་པ་ནི། བདེ་གཤེགས་སྤྱི་དང་ཁྱད་པར་སྔོན་འོད་དཔག་མེད་ཀྱི་དྲུང་དུ་དམ་བཅས་པར་བཤད་དོ། །མ་ཉམས་ཐུགས་བསྐྱེད་ཞེས་པ་ནི་སྡེབ་སྦྱོར་ལ་ཐུགས་བསྐྱེད་མ་ཉམས་ཞེས་བྱས་ན་ལེགས་སོ། །འོ་ན་ཚིགས་བཅད་གསུམ་པའི་དོན་སྔར་བཤད་པ་དེ་ཁྱོད་ཀྱི་རང་ལུགས་མིན་ན་ཇི་ལྟར་འཆད་དགོས་པ་ཡིན་ཞེ་ན། སྤྱིར་ཚིག་གསུམ་པ་འདི་གང་བྱས་ཀྱང་འཆད་མི་བདེ་བ་ཞིག་ཏུ་སྣང་སྟེ། དེ་ཡང་རང་ཉིད་བློའི་སྐྱོན་ཡིན་ནམ་ཡིག་སྐྱོན་ཤོར་བ་གང་རུང་ཞིག་ཡིན་པ་འདྲ་སྟེ། འདི་དེ་མོ་སྤྲུལ་སྐུས་མཛད་པར་གྲགས་ཀྱང་། དེས་ནི་སྡེབ་སྦྱོར་མི་འགྲིག་པ་ཞིག་མི་རྩོམ་སྙམ་མོ། །དོན་ཡོང་ལུགས་ལ་བརྟགས་ན། སངས་རྒྱས་ཀྱི་བསྟན་པ་དང་གདུགས་དཀར་པོ་སྦྱར། བསྟན་པའི་ཏོག་དང་རྗེ་བླ་མའི་བསྟན་པ་སྦྱར། བསྟན་པའི་གདུགས་བསྒྲེང་བ་པོ་རྒྱལ་བའི་སྤྲུལ་སྐུ་དང་། གདུགས་བསྒྲེང་བ་དང་། བསྟན་པ་དར་བར་མཛད་པ་དང་སྦྱར་དགོས་པ་ལྟ་བུར་སྣང་ཡང་། དེ་ལྟར་བཤད་ན་ཡང་མི་འགྲིག་སྟེ། བསྟན་པ་ལ་བསྐལ་བཟང་ཞེས་སྦྱར་བ་དང་། ཏོག་གི་རྣམ་རོལ་ཅན་ཞེས་པ་སྤྲུལ་སྐུ་ལ་བཤད་པ་ལྟ་བུ་དང་། ནས་ཞེས་སྦྱར་བའི་སྐྱོན་དང་། གདུགས་བསྒྲེང་བ་པོ་ཡང་སྤྲུལ་སྐུར་སྦྱར་བ་རྣམས་ལ་སྐྱོན་ཆགས་སོ། །ཡང་བསྐལ་བཟང་ཞེས་པ་བས་ཕུལ་ཅན་དུ་བྱེད་ན། བསྐལ་བཟང་གི་སངས་རྒྱས་འདི་ཉིད་ཀྱི་བསྟན་པ་ལ་སྦྱར་ན་སྐྱོན་ཆགས་ཏེ། གདུགས་དཀར་དང་མཐོ་བ་སོ་སོར་མ་བཤད་པར་གཅིག་ཏུ་སྦྱར་ན་བསྟན་པའི་ཏོག་ཞེས་པ་དེ་གདུགས་དཀར་ཞེས་པའི་གདུགས་དེའི་ཏོག་ལ་འཆད་དགོས་ཡང་། ནས་ཞེས་སྨོས་པས་སྐྱོན་ཆགས་པ་དང་། རྣམ་རོལ་ཅན་ཞེས་པའི་ཏོག་དང་བསྒྲེང་ཞེས་པའི་བསྒྲེང་བ་པོ་སྤྲུལ་སྐུ་རང་ལ་བྱེད་ན་བསྒྲེང་བ་དང་ཏོག་གཉིས་ཀར་འདོད་པ་མི་འགྲིག་ལ། དེ་ལྟར་མི་བྱེད་ན་རྣམ་རོལ་ཅན་ཞེས་པ་དེ། རྗེ་བླ་མའི་བསྟན་པ་ལ་བྱེད་དགོས་ཤིང་། དེ་ལ་བྱེད་ན་ནས་སྦྱར་བ་མི་ལེགས་པས། གདུགས་དཀར་མངོན་པར་མཐོ་བ་ནི། ཞེས་སྦྱར་ན་ཅུང་ཟད་ལེགས་ལ་དེ་ལྟར་སྦྱར་ན་སྐྱོན་ཅུང་ཟད་སྣང་སྟེ། སྔར་བཤད་པ་ལྟར་བསྟན་པ་ལ་བསྐལ་བཟང་ཞེས་སྦྱར་བའི་མངོན་བརྗོད་མི་ལེགས་ཤིང་། བསྐལ་བཟང་དང་གདུགས་དཀར་གཉིས་གཅིག་ཏུ་བྱེད་པ་དང་། བསྐལ་བཟང་ཞེས་པའི་བསྐལ་བཟང་གི་དོན་སྐལ་ལྡན་གྱི་གདུལ་བྱ་ལ་བྱེད་ན། བསྐལ་བཟང་གི་བསྟན་པ་འདི་ལ་སྦྱོར་ཞེས་པས་ཕུལ་ཅན་དུ་མི་རིགས་པའི་ཕྱིར་དང་། ཚིག་རྐང་དང་པོ་དེ་གཉིས་ཀྱིས་སྤྲུལ་སྐུའི་ཁྱད་ཆོས་བསྟན་དགོས་རྒྱུར་སྣང་ཡང་། བསྟན་པའི་ཁྱད་ཆོས་གཙོ་བོར་བཤད་པས་ཀྱང་སྦྱོར་ལུགས་ཅུང་ཟད་མི་ལེགས་པའི་ཕྱིར། དེས་ན་གལ་ཏེ་མཐོ་བ་ནི་ཞེས་འཆོས་ན། ཕྱི་མ་འདི་ཉིད་སྦྱར་རུང་ཙམ་སྣང་ལ། འོན་ཀྱང་སྙན་ངག་ཡིན་འདུག་རུང་སྡེབ་སྦྱོར་མི་ལེགས་པར་ལྟ་བུར། ཁོ་བོ་བློ་གྲོས་ཀྱི་མིག་ཆུང་ངུ་ཞིག་གིས་མཐོང་ཡང་། རང་ཉིད་འཁྲུལ་བ་ནི་མིན་ལས་ཆེ་ཞེས་ཞུའོ། །མཛད་བྱང་ནི། གཞན་གོ་སླ་ཡང་། བན་བུན་ལ་སྨྲས་པའོ་ཞེས་པ་ཡང་འགའ་ཞིག་ཏུ་འབྱུང་བས་དེ་ལྟར་ན། དེ་མོ་བ་རང་ཉིད་ཆང་འཐུང་ནས་གཟི་སྟེ་ཁྲལ་ཁྲུལ་དུ་སོང་བའི་སྐབས་སུ་སྨྲས་ཞེས་པར་སྣང་ལ། བན་བུན་གྱིས་སྨྲས་ཞེས་པ་ལྟར་ན། ར་གཟི་སྟེ་སྣང་བ་བན་བུན་དུ་སོང་བ་བདག་གིས་སྨྲས་ཞེས་པའོ། །དེ་ལྟར་ལུང་འདྲེན་སོགས་མེད་པར་མདོར་བསྡུས་མཐའ་དཔྱོད་དང་བཅས་ཞིག་མྱུར་དུ་བྲིས་ཏེ་ཕུལ་བ་ལགས་སོ། །སྨྲས་པ། རྒྱལ་ཀུན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །རྒྱལ་སྲས་ཚུལ་གྱིས་སྙིགས་དུས་ས་སྟེང་འདིར། །རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་བྱོན་ཞེས། །རྒྱལ་བོ་མངའ་འབངས་ཚོགས་ཀྱིས་མགྲིན་གཅིག་གླེང་། །འོན་ཏེ་མངོན་པར་ཤེས་པའི་མིག་བྲལ་ཡང་། །རང་རང་ཕྱོགས་སུ་ལྷུང་བའི་འདོད་ཞེན་གྱིས། །འདི་ཡིན་འདི་མིན་ཞེས་པའི་ཅ་ཅོའི་སྒྲ། །ཡངས་པའི་ས་ཆེན་འདི་ལ་ཁྱབ་པར་གྱུར། །དེ་ལྟ་མོད་ཀྱི་འཇིག་རྟེན་དབང་ཕྱུག་གི །རྣམ་པར་འཕྲུལ་བའི་མཐའ་ནི་ཡོད་མིན་པས། །མཆོག་དམན་བར་མའི་སྣང་ཚུལ་ཇི་སྙེད་པ། །ནམ་མཁའི་མཐའ་ལྟར་སུ་ཞིག་གཞལ་བར་ནུས། །དེ་ཕྱིར་གཅིག་ཏུ་འཛིན་པ་གང་ཡིན་ངེས། །རྒྱལ་བའི་རྣམ་འཕྲུལ་ཚད་འཛིན་འདོད་གྱུར་བ། །དེ་ནི་མཁས་མིན་བླུན་པོའང་མ་ཡིན་ཏེ། །སངས་རྒྱས་སྤྲུལ་པའི་མཐའ་དེ་རྙེད་འདོད་ཅིང་། །འཆི་འཕོ་ཀུན་བྲལ་འཕགས་མཆོག་སྤྱན་རས་གཟིགས། །སྐྱེ་འཆི་ཕྱེད་པར་འཛིན་ཕྱིར་སྐྱེས་བུ་དེ། །ཤེས་དང་མི་ཤེས་གཉིས་ཀའི་གཞི་མཐུན་དུ། །གྱུར་བ་གང་དེ་ཨེ་མའོ་ངོ་མཚར་རྨད། །འོན་ཀྱང་སྙིགས་མའི་ལུས་ཅན་མཐའ་དག་དང་། ཁྱད་པར་གངས་ཅན་འགྲོ་བའི་ལྷ་སྐལ་ཆེ། །ཕྱག་ན་པདྨོ་ལས་གཞན་ཆོས་སྲིད་ཟུང་། །ཡོངས་སུ་རྫོགས་པར་འཛིན་པ་ཡོད་མ་ཡིན། །གང་དེའི་རྣམ་པར་འཕྲུལ་བ་མཐའ་ཡས་ཀྱང་། །བོད་ཀྱི་ཆོས་རྒྱལ་བཅུ་དང་པཎ་གྲུབ་བདུན། །ངུར་སྨྲིག་འཆང་བ་ལྔར་བཅས་བྱོན་པ་སྟེ། ཁ་ཅིག་དྲུག་པ་མི་འདྲར་གཉིས་སུ་འདོད། །དེ་ཕྱིར་བདུན་པ་འདི་ལའང་མི་མཐུན་པའི། །འཛིན་ཚུལ་ཐ་དད་སྣང་ཡང་དྲུག་པ་ཉིད། །བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་རུ། །བོད་རྗེ་གནས་ལྔ་རིགས་པའི་པཎ་ཆེན་ནི། །ཆོས་ཀྱི་རྒྱལ་བོ་སངས་རྒྱས་རྒྱ་མཚོ་ཡིས། །བརྟགས་དཔྱད་དུ་མར་ལྡན་པའི་ལུང་བསྟན་བཅས། །བསྒྲུབས་པའི་བློ་གྲོས་མིག་དང་རབ་ལྡན་ཞིང་། །གཟུར་གནས་མཁས་པ་རྣམས་ཀྱིས་བཞེད་པར་ངེས། །མ་རུང་སྙིགས་མའི་སེམས་ཅན་དམུ་རྒོད་རྣམས། །ཉོན་མོངས་གདོན་གྱིས་ཟིན་པའི་རླུང་ཤུགས་ཀྱིས། །རྒྱལ་སྲས་ཉི་མ་དྲུག་པ་ཤར་མ་ཐག །ཆུ་ལྷའི་ཕྱོགས་ལས་རང་དབང་མེད་པར་བསྐྲད། །དེ་ཉིད་སླར་ཡང་དབང་ཕྱོགས་ས་འཛིན་རྩེར། །འཐོན་ཡང་མ་རིག་མུན་པས་བསྒྲིབ་གྱུར་པའི། །དམུས་ལོང་འགའ་ཡིས་ད་དུང་མ་ཤར་བའི། །གནས་སུ་འཛིན་པ་འདི་ན་མངོན་སུམ་མཐོང་། ཁོ་བོ་བྱིས་པ་ལྟ་བུས་ཅི་ཤེས་ཀྱང་། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་རྒྱ་མཚོ་ལ། །འཕྲུལ་པ་ནམ་ཡང་སྲིད་པ་མ་ཡིན་ཞེས། །འདི་ཡི་བཞེད་པ་ཇི་ལྟར་དེ་ནི་འདོད། །ཞེས་བྱ་བ་རྣམས་ཀཱིརྟཱིའི་མིང་ཅན་གྱིས་ཆལ་ཆོལ་དུ་སྨྲས་པའོ། །སརྦ་མངྒ་ལཾ།། །།


previousཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་གསར་བའི་འགྲེལ་བ་དོན་གསལ།next