Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོག
  
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousསྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོགnext

སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོག

སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོག་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། པད་དཀར་བསིལ་ཟེར་ཆ་ཤས་རྒྱས་པའི་སྟེང་། །མཚར་སྡུག་ལྟ་བས་མི་ངོམས་འཇོ་སྒེག་ཅན། །ཚིག་གི་མཆོག་སྦྱིན་ངེས་སྟེར་བཅོམ་ལྡན་མ། །ངག་དབང་དབྱངས་ཅན་ལྷ་མོས་དགེ་ལེགས་སྩོལ། །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། །སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་ཞིག་འཆད་པའི་དང་པོ་ལ་གསུམ། ལུས་དང་། རྒྱན་དང་། སྐྱོན་སྤོང་ངོ་། །དང་པོ་ལ་གསུམ། ཚིགས་བཅད་ལྷུག་པ་སྤེལ་མར་བྱས་པའོ། །གཉིས་པ་ལ་གཉིས་ཏེ། སྒྲ་དོན་དང་། དབྱེ་བའོ། །དང་པོ་ནི། གོང་གི་ལུས་གསུམ་པོ་གང་རུང་མཛེས་པར་བྱེད་པས་ན་རྒྱན་ཅེས་བྱའོ། །གཉིས་པ་དབྱེ་ན་གཉིས་ཏེ། དོན་རྒྱན་དང་། སྒྲ་རྒྱན་ནོ། །དང་པོ་ལ་སོ་ལྔ་ཡོད་དེ། མེ་ལོང་མར། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་སྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བཏགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟེན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །ཞེས་གསུངས་པ་ལྟར་རོ། །འདི་དག་ལས་སོ་ལྔའི་དང་པོ་རང་བཞིན་གྱི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་གང་ཡིན་པ་དེའི་གནས་ཚུལ་ལ་སྒྲོ་མ་བཏགས་པར་རང་བཞིན་དྲང་པོར་བརྗོད་པ་ཞིག་སྟེ། དབྱེ་ན་བཞི་ཡོད་ཀྱང་། མཚོན་ཙམ་དཔེར་ན། གསལ་རྫོགས་མཚན་དཔེའི་དཔལ་གྱིས་མཛེས་པའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་སྒྲོག་པའི་གསུང་། །མཁྱེན་བརྩེའི་རང་བཞིན་རྣམ་པར་དག་པའི་ཐུགས། །གང་ལ་མངའ་བ་འདྲེན་མཆོག་ཤཱཀྱའི་ཏོག །ཞེས་པ་ལྟ་བུ། གཉིས་པ་དཔེ་རྒྱན་ནི། ཚིག་སྦྱོར་གང་དུ་བཞིན། ལྟར། འདྲ། མཚུངས་སོགས་ཀྱི་སྒྲས་དཔེ་དང་དཔེ་ཅན་ཕན་ཚུན་མཚུངས་པར་བརྗོད་པ་ཞིག་སྟེ། དབྱེ་ན་སོ་གཉིས། མཚོན་དཔེར། རྒྱ་ཆེའི་ཆོས་ཚུལ་ཀུན་ལ་བྱམས་མགོན་ལྟར། །ཟབ་མོའི་དོན་ལ་མཁྱེན་པའི་གཏེར་ཆེན་བཞིན། །མདོ་རྒྱུད་ཀུན་ལ་ཀླུ་སྒྲུབ་ཡབ་སྲས་དང་། །རབ་མཚུངས་ཆོས་ཀྱི་རྒྱལ་བོ་བཙོང་ཁ་བ། །ཞེས་པ་ལྟ་བུ། གསུམ་པ་གཟུགས་ཅན་གྱི་རྒྱན་ནི། ཚིག་སྦྱོར་གང་དུ་དཔེ་དང་དཔེ་ཅན་གཉིས་སོ་སོར་མ་ཕྱེ་བར་དཔེ་ཅན་དཔེའི་གཟུགས་སུ་བཀོད་ནས་བརྗོད་པ་ཞིག་སྟེ། དབྱེ་ན། ཉི་ཤུ། ཐབས་ཤེས་རླུང་གི་ཤིང་རྟས་ཉེས་དྲངས་ཏེ། །ཚོགས་གཉིས་ཤར་རིའི་རྩེ་ནས་མངོན་པར་འཕགས། །མཁྱེན་བརྩེའི་གཟི་འོད་འབར་བའི་སྣང་བ་ཅན། །རྒྱལ་ཚབ་སྨྲ་བའི་ཉི་མ་གང་དེ་རྒྱལ། །ཞེས་པ་ལྟ་བུ། བཞི་བ་གསལ་བྱེད་ཀྱི་རྒྱན་ནི། གསལ་བྱེད་ཀྱི་ཚིག་ཐོག་མཐའ་བར་གསུམ་གང་རུང་ན་གནས་པས་ངག་དང་དོན་གཞན་གསལ་བར་བྱེད་པ་ཞིག་སྟེ། དབྱེ་ན་ལྔ། པདྨོའི་གཉེན་གྱིས་ཆུ་སྐྱེས་གཞོན་ནུའི་ཚུལ། །རི་བོང་ཅན་གྱིས་འོད་དཀར་ཀུན་དའི་ཁ། །གཏན་ཚིགས་རིགས་པས་གཞུང་ལུགས་ཀུན་གྱི་སྒོ། །རིགས་གནས་འདིས་ནི་མཁས་བླུན་ཁྱད་པར་འབྱེད། །ཅེས་པ་ལྟ་བུ། ལྔ་བ་སྐོར་བའི་རྒྱན་ནི། ཚིག་སྦྱོར་གང་གི་ཐོག་མཐའ་བར་གསུམ་གང་རུང་དུ་དོན་དང་ཚིག་དང་གཉིས་ཀ་དང་ཡི་གེ་ལྟ་བུ་ལའང་བསྐོར་ཏེ་བརྗོད་ཀྱང་ཟློས་པའི་སྐྱོན་མེད་པ་ཞིག་སྟེ། དབྱེ་ན་གསུམ། ནམ་མཁའི་ཁམས་གྱི་མཐའ་ནི་རྣམ་པར་དབེན། །ཇི་སྙེད་ཤེས་བྱའི་མཐའ་ཡི་ཚད་ཀྱང་བྲལ། །རྒྱ་མཚོའི་གཏིང་མཐའི་ཚད་ནི་དཔག་པར་དཀའ། །རང་བཞིན་སྟོང་བའི་གཏིང་མཐའ་རྙེད་པར་དཀོན། །ཞེས་པ་ལྟ་བུ། དྲུག་པ་འགོག་པའི་རྒྱན་ནི། ཚིག་སྦྱོར་གང་དུ་འགོག་བྱེད་ཀྱི་ཚིག་གང་གིས་རང་གི་དགག་བྱ་འགོག་པ་ཞིག་སྟེ། དབྱེ་ན་ཉེར་གསུམ། སྔོན་ཚེ་ཐུབ་དབང་མཆོག་གིས་ཚིགས་བཅད་ཙམ། །བསྟན་པ་ཡིས་ཀྱང་གྲོལ་བ་མང་སྲིད་ན། །དེང་དུས་མང་ཐོས་རྩེ་གཅིག་ཡུན་རིང་དུ། །འབད་པས་བསྒྲུབས་ཀྱང་མི་གྲོལ་འདི་ཅི་ཞིག །ཅེས་པ་ལྟ་བུ། བདུན་པ་དོན་གཞན་བཀོད་པ་ནི། བརྗོད་དོན་འགའ་ཞིག་སྔོན་དུ་བཀོད་ནས་དེ་འདྲ་བའི་སྒྲུབ་བྱེད་ཞིག་རྗེས་སུ་བརྗོད་པ་སྟེ། དབྱེ་ན་བརྒྱད། མ་གསོལ་བར་ཡང་བྱམས་བརྩེས་ལུས་ཅན་འགྲོ། །ངེས་པར་རྗེས་སུ་འཛིན་པ་སངས་རྒྱས་ཏེ། །ཉིན་མོར་བྱེད་པས་ཆུ་སྐྱེས་གཞོན་ནུའི་ཚལ། །ལེགས་པར་སྨིན་པར་བྱེད་པ་རང་བཞིན་ཉིད། །ཅེས་པ་ལྟ་བུ། བརྒྱད་པ་ལྡོག་པ་ཅན་ནི། བརྗོད་བྱའི་དངོས་པོ་གཉིས་སྔར་མཚུངས་པར་བརྗོད་ནས་སླར་ཁྱད་པར་ཅུང་ཟད་ཡོད་པར་སྟོན་པ་ཞིག་སྟེ། དབྱེ་ན་བཞི། མཐའ་ཡས་འགྲོ་བའི་ཕན་བདེ་བསྒྲུབ་པའི་ཆེད། །ཐུགས་བསྐྱེད་རྫོགས་སངས་རྒྱས་ཀུན་མཚུངས་གྱུར་ཀྱང་། །ལྷག་པར་ཆེར་སྙིགས་ལྔ་བདོའི་ལུས་ཅན་རྣམས། །རྗེས་འཛིན་བཅོམ་ལྡན་ཤཱཀྱ་སེང་གེའི་ཞབས། །ཅེས་པ་ལྟ་བུ། དགུ་བ་སྲིད་པ་ཅན་ནི། དངོས་པོ་གང་རྒྱུ་ལ་མ་བལྟོས་པར་འབྱུང་སྲིད་པར་སྟོན་པ་ལྟ་བུ་ཞིག་སྟེ། དབྱེ་ན་གསུམ། སྨྲ་བྱེད་ལྕེ་ཡིས་མ་བརྗོད་ཅ་ཅོ་སྒྲོགས། །བཞོན་རྐང་གཤོག་པ་མེད་པར་རྟག་ཏུ་འགྲོ། །ཕན་གནོད་སེམས་བྲལ་སྐོམ་སེལ་རྒྱུ་ལམ་གཅོད། །བསྒྱུར་བཅོས་མ་བྱས་མདོག་སྔོ་དབྱར་གྱི་ཆུ། །ཞེས་པ་ལྟ་བུ། བཅུ་བ་བསྡུས་བརྗོད་ནི། བརྗོད་འདོད་དཔེ་ཅན་ཞིག་བརྗོད་བྱར་བསྡུས་ནས་དེ་མཚུངས་ཀྱི་དཔེ་དངོས་སུ་བརྗོད་པ་ཞིག་སྟེ་དབྱེ་ན་གསུམ། མཐའ་ཡས་འདོད་རྒུའི་འབྱུང་གནས་དཔག་བསམ་ཤིང་། །ཡོངས་པོར་རང་དགར་རྒྱུ་བའི་བླུན་པོ་འགའ། །ཆུ་ཤིང་འཁྱོག་པོ་དག་ལ་སྐྱབས་བཅས་ཀྱང་། །འདོད་དོན་མ་ཐོབ་ཕོངས་པའི་སྡུག་བསྔལ་མྱོང་། །ཞེས་པ་ལྟ་བུ། འདིས་དམ་པ་བོར་ནས་དམན་པ་བསྟེན་པ་ཞིག་བསྡུ། བཅུ་གཅིག་པ་ཕུལ་བྱུང་ནི། བརྗོད་བྱའི་དངོས་པོ་དེ་ལ་བརྗོད་འདོད་ཀྱི་དབང་གིས་བསྔགས་པ་ལྷག་པར་བྱས་པ་ཞིག་སྟེ། དབྱེ་ན་བཞི། ཐུགས་རྗེའི་བདག་ཉིད་པད་དཀར་འཛིན་པའི་དཔལ། །དབྱངས་ཅན་བཞད་པའི་རྡོ་རྗེའི་རྣམ་དཔྱོད་ལ། །མ་ལུས་རྒྱལ་བ་ཀུན་གྱི་མཁྱེན་པ་ཡང་། །གཅིག་ཏུ་བསྡུས་ཀྱང་ཇི་བཞིན་མཚོན་མི་ནུས། །ཞེས་པ་ལྟ་བུ། བཅུ་གཉིས་པ་རབ་བཏགས་སམ་རབ་རྟོག་ནི། དངོས་པོ་གང་གི་གནས་ཚུལ་དེ་ལ་གཞན་དུ་སྒྲོ་བཏགས་ནས་བརྗོད་པ་ཞིག་སྟེ། དབྱེ་ན་གསུམ། ཉིན་བྱེད་དབང་བོ་མཁའ་ལ་ཤར་བའི་ཚེ། །པདྨོའི་ཚལ་རྣམས་དགའ་བའི་འཛུམ་སྟོན་ཞིང་། །མུན་པ་སྟུགས་པོ་སྐྲགས་ནས་གཞན་དུ་བྲོས། །བསིལ་བའི་གདུང་བའང་རིང་དུ་འགྲོ་སྙམ་སེམས། །ཞེས་པ་ལྟ་བུ། བཅུ་གསུམ་པ་རྒྱུའི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་དེ་ལ་རྒྱུ་ཁྱད་པར་བ་ཞིག་ཡོད་པར་སྟོན་པ་སྟེ། དབྱེ་ན་གསུམ། གྲོ་ནས་ལ་སོགས་ས་བོན་ཡོངས་བཏབ་པར། །སྟོན་དུས་འབྲས་བཟང་རྫོགས་པར་སྨིན་པའི་རྐྱེན། །ཐན་སེར་གེགས་མེད་ཆུ་ལུད་དྲོད་གཤེར་སོགས། །ལེགས་པར་ཚང་བའི་ལྷན་ཅིག་བྱེད་པ་ཉིད། །ཅེས་པ་ལྟ་བུ། བཅུ་བཞི་བ་ཕྲ་མོའི་རྒྱན་ནི། ལུས་ངག་སོགས་ཀྱི་བརྡའི་རྣམ་འགྱུར་ཕྲ་མོ་ཞིག་གིས་དོན་གཞན་གོ་བར་བྱེད་པ་ཞིག་སྟེ། དབྱེ་ན་གཉིས། སྐྱོན་དང་བྲལ་ཕྱིར་བསིལ་ཟེར་རྒྱས་པའི་སྟེང་། །འགྲོ་ཀུན་འདྲེན་ཕྱིར་ཤེལ་གྱི་འཕྲེང་བ་དང་། །ཐུགས་རྗེའི་རང་བཞིན་ཉིད་ཕྱིར་པད་དཀར་མཆོག །འཛིན་མཛད་འཕགས་པ་ལོ་ཀི་ཤྭ་རར་འདུད། །ཅེས་པ་ལྟ་བུ། བཅོ་ལྔ་བ་ཆའི་རྒྱན་ནི། །བསྟོད་པ་ལྟར་བྱས་ནས་སྨད་པའམ་སྨད་པ་ལྟར་བྱས་ནས་བསྟོད་པའི་ཆ་གཉིས་ཀ་བརྗོད་པ་ཞིག་སྟེ། དབྱེ་ན་གཉིས། ལོངས་སྤྱོད་དཔལ་གྱིས་འབྱོར་བའི་དབུས་གནས་ཤིང་། །རྣམ་མང་བླུན་རྨོངས་འཁོར་གྱིས་གཙུག་གིས་བསྟེན། །ཟང་ཟིང་འདུ་འགོད་ལ་མཁས་ཆོས་ཀྱི་རྗེ། །གང་དེ་ཁྱོད་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས། །ཞེས་པ་ལྟ་བུ། བཅུ་དྲུག་པ་རིམ་པ་ཅན་ནི། དངོས་པོ་འགའ་ཞིག་སྔོན་དུ་བརྗོད་ནས་དེ་དག་གི་ཁྱད་པར་རིམ་པ་བཞིན་དུ་རྗེས་སུ་བརྗོད་པ་སྟེ། རྒྱལ་ཡུམ་སྒྲོལ་མ་རྗེ་བཙུན་དབྱངས་ཅན་མ། །སྡུག་བསྔལ་ལས་སྐྱོབ་དག་གི་དཔལ་རབ་སྟེར། །གདུགས་དཀར་རྣམ་རྒྱལ་འཕགས་མ་འོད་ཟེར་ཅན། །གདོན་སྲུང་ཚེ་སྦྱིན་འཇིགས་པའི་ཚོགས་ལས་སྒྲོལ། །ཞེས་པ་ལྟ་བུ། བཅུ་བདུན་པ་དགའ་བ་ཅན་ནི། རྒྱུ་ལས་འབྲས་བུ་ཁྱད་པར་ཅན་ཞིག་ཐོབ་པས་དགའ་བ་བྱུང་བར་སྟོན་པ་སྟེ། དབྱེ་ན་གཉིས། གཏན་ཚིགས་རིགས་པའི་ཚུལ་ལ་རབ་སྦྱངས་པས། །དངོས་པོའི་རང་བཞིན་དངོས་སྟོབས་རིགས་པ་ཡིས། །མ་འདྲེས་གསལ་བར་མཐོང་ཚེ་བདག་གི་ཡིད། །སྔོན་མེད་དགའ་བའི་ཁྱད་པར་ཐོབ་པར་གྱུར། །ཞེས་པ་ལྟ་བུ། བཅོ་བརྒྱད་པ་ཉམས་ལྡན་ནི། བརྗོད་དོན་དེ་ཡིད་དུ་འོང་བའམ་མི་འོང་བ་སོགས་ཀྱི་ཉམས་དང་ལྡན་པར་བརྗོད་པ་ཞིག་སྟེ། དབྱེ་ན་བརྒྱད། རྒྱལ་བས་རྗེ་བཙུན་རྣམ་པར་རྒྱལ་མ་ཡི། །གཟུངས་ཀྱི་རྟོག་པ་བརྗོད་ལས་ཕན་ཡོན་གང་། །རྒྱ་ཆེར་བསྟན་པའི་རྔ་གསང་སྙན་འགྱུར་དཔལ། །ཐོས་པས་རྨད་བྱུང་ཡིད་འཕྲོག་གར་གྱིས་བྲེལ། །ཅེས་པ་ལྟ་བུ། བཅུ་དགུ་བ་གཟི་བརྗིད་ཅན་ནི། བརྗོད་བྱའི་དོན་གང་གཞན་ལས་དཔའ་བའི་གཟི་བརྗིད་ཅན་ནམ་ང་རྒྱལ་ལྟ་བུར་བརྗོད་པ་ཞིག་སྟེ། གཞུང་ལུགས་མང་ཐོས་ཁོ་བོའི་མདུན་ས་འདིར། །རྨོངས་རྟུལ་བྱིས་པ་ཁྱེད་ཅག་ལྷག་པ་ལེགས། །དཀའ་བ་མེད་པར་ཚིག་དང་དོན་གྱི་གནད། །ཇི་བཞིན་བཤད་པ་ཡིས་ནི་མགུ་བར་བྱ། །ཞེས་པ་ལྟ་བུ། ཉི་ཤུ་བ་རྣམ་གྲངས་བརྗོད་པ་ནི། རང་གི་འདོད་དོན་དེ་དངོས་སུ་མ་བརྗོད་པར་དེ་ཉིད་འགྲུབ་པའི་ཕྱིར་དུ་རྣམ་པ་གཞན་ལྟར་བརྗོད་པ་ཞིག་སྟེ། འཆི་མེད་མཆོག་སྟེར་མགོན་པོ་ཚེ་དཔག་མེད། །རྣམ་རྒྱལ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཡིས། །ཚེ་དཔལ་དོན་དུ་གཉེར་བར་བྱེད་རྣམས་ལ། །དཔག་ཡས་ཚེ་ཡི་དངོས་གྲུབ་སྩོལ་ཞེས་གསོལ། །ཞེས་པ་ལྟ་བུ། ཉེར་གཅིག་པ་ཀུན་ཕན་ནི། བྱ་བ་འགའ་ཞིག་གི་ཚེ་འབད་མ་དགོས་པར་ཕན་པའི་རྐྱེན་ཞིག་བྱུང་བར་སྟོན་པ་སྟེ། བླང་དོར་གནས་རྣམས་རྟོགས་ཕྱིར་གཞུང་ལུགས་ལ། །བརྩོན་པས་ཐོས་བསམ་བྱེད་ཚེ་མཁྱེན་པའི་དབང་། །རྗེ་བཙུན་བརྟན་པའི་འཁོར་ལོས་བྱིན་བརླབས་པས། །ཇི་སྙེད་གསུང་རབ་ཚོགས་ཀྱི་དགོངས་དོན་རྟོགས། །ཞེས་པ་ལྟ་བུ། ཉེར་གཉིས་པ་རྒྱ་ཆེ་བ་ནི། བསམ་པའམ་སྦྱོར་བ་རྒྱ་ཆེ་བར་སྟོན་པ་ཞིག་སྟེ། དབྱེ་ན་གཉིས། ཁམས་གསུམ་ཟ་བྱེད་གཤིན་རྗེ་གཤེད་པོ་ཡིས། །མ་རུང་དགྲ་དང་བགེགས་ཀྱི་དཔུང་ཚོགས་ཀུན། །ཅིག་ཅར་ཟ་བར་ནུས་ཀྱང་སྙིང་རྗེ་ཡིས། །ཕལ་ཆེར་བཏང་སྙོམས་ཉིད་དུ་ཅི་དགར་བཞག །ཞེས་པ་ལྟ་བུ། ཉེར་གསུམ་པ་བསྙོན་དོར་ནི། བརྗོད་བྱའི་དངོས་པོ་གང་ལ་དེ་མ་ཡིན་ནོ་ཞེས་བསྙོན་ནས་གཞན་པ་ཞིག་ཏུ་བརྗོད་པ་སྟེ། དབྱེ་ན་གསུམ། བློ་བཟང་རྒྱལ་བའི་དབང་བོ་བཙོང་ཁ་བ། །བྱམས་བརྩེའི་ཐུགས་དང་ལྡན་པ་ག་ལ་ཞིག ། ཕས་རྒོལ་ལྟ་ངན་འབུམ་གྱི་སྲོག་རྩ་ཀུན། །གཅོད་པར་བྱེད་པའི་གཤེད་མ་ཉིད་དུ་གསལ། ཞེས་པ་ལྟ་བུ། ཉེར་བཞི་བ་སྦྱར་བ་ནི། ཚིག་གཅིག་བརྗོད་བྱའི་དོན་གཉིས་ལ་སྦྱར་རུང་བ་ཞིག་སྟེ། དབྱེ་ན་གཉིས། རབ་དཀར་ཀུན་ཏུ་མཛེས་ཤིང་ཡིད་དུ་འོང་། །གདུང་བ་རབ་སེལ་སྙིང་ལ་དགའ་བ་བསྐྱེད། །འཁོར་གྱི་ཚོགས་ལྡན་ཕན་ཕྱིར་རྣམ་པར་རྒྱུ། །གཉིས་སྐྱེས་མཆོད་པའི་འོས་སུ་གྱུར་པ་ལགས། །ཅེས་པ་ལྟ་བུ། འདི་དབྱངས་ཅན་མ་དང་ཟླ་བ་གཉིས་ལ་འཇུག་གོ། །ཉེར་ལྔ་བ་ཁྱད་པར་བརྗོད་པ་ནི། རྒྱུའི་ཁྱད་པར་མ་ཚང་ཡང་བྱ་བ་བྱེད་ནུས་པར་སྟོན་པ་ཞིག་སྟེ། དབྱེ་ན་ལྔ། འདི་བྱེད་སྙམ་པའི་ཡིད་ཀྱི་ཀུན་སློང་དང་། །འདུ་ཤེས་མེད་པར་འཁོར་འདས་ཆོས་རྣམས་ཀྱི། །བྱ་བྱེད་སྐྱེ་འགག་བླང་དོར་སྣ་ཚོགས་པ། །འཐད་པ་རྟེན་འབྲེལ་ཆོས་ཉིད་གང་ཡིན་མཚར། །ཞེས་པ་ལྟ་བུ། ཉེར་དྲུག་པ་མཚུངས་སྦྱོར་ནི། །བརྗོད་བྱ་འགའ་ཞིག་མཚུངས་པར་བརྗོད་པ་སྟེ། དབྱེ་ན་གཉིས། ཆོས་རྒྱལ་དགེ་བའི་བཤེས་གཉེན་ཉི་ཟླ་ཟུང་། །གཞན་ལ་ཕན་པའི་ཆེད་དུ་འཇུག་པར་མཚུངས། །བླུན་རྨོངས་བ་ལང་ཁྱུ་དང་ཀུ་ཀུ་ར། །ལྟོ་ཕྱིར་ཀུན་ནས་འབད་པར་བྱེད་ཅེས་ཟེར། །ཞེས་པ་ལྟ་བུ། ཉེར་བདུན་པ་འགལ་རྒྱན་ནི། བརྗོད་བྱའི་དོན་འགལ་བ་དག་ཀྱང་ལྷན་ཅིག་སྲིད་པར་སྟོན་པ་ཞིག་སྟེ། དབྱེ་ན་དྲུག །རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་གཞོན་ནུའི་ཚུལ། །ཐེ་ཚོམ་དྲ་བ་བཅད་ཀྱང་གླེགས་བམ་འཛིན། །ཆགས་སྡང་བྲལ་ཡང་འགྲོ་ལ་རབ་ཏུ་བརྩེ། །སྡང་དང་མི་ལྡན་བདུད་ཀྱི་དཔུང་ཚོགས་འཇོམས། །ཞེས་པ་ལྟ་བུ། ཉེར་བརྒྱད་པ་སྐབས་མིན་བསྟོད་པ་ནི། བསྟོད་པའི་འོས་སམ་སྐབས་མིན་ཡང་རང་གི་འདོད་དོན་ལ་བསམས་ནས་བསྟོད་པའམ་བསྔགས་པ་ལྟ་བུ་ཞིག་སྟེ། དབྱངས་ཅན་སྒྲུབ་ལ་བརྩོན་པའི་སྒོམ་བཟླས་ཀྱིས། །ཉིན་མཚན་མེད་པར་གདུང་བའི་ཚུལ་འདི་ལས། །ཅི་དགར་སྤྱོད་ཅིང་ཉལ་བའི་བླུན་པོ་དག ། ཚེ་འདིར་སྡུག་བསྔལ་ཆེར་མེད་བདེ་བར་སེམས། །ཞེས་པ་ལྟ་བུ། ཉེར་དགུ་བ་ཟོལ་བསྟོད་ནི། ཡུལ་འགའ་ཞིག་ལ་སྐྱོན་ལྟར་སྣང་བ་ཞིག་བརྗོད་ནས་དོན་ལ་བསྟོད་པ་ཞིག་སྟེ། དབྱེ་ན་གསུམ། དལ་མེད་རང་ཉིད་མནར་བའི་སྡུག་བསྔལ་གྱིས། །ཉིན་མཚན་ཀུན་ཏུ་དཔེ་འཛིན་ཁ་ཏོན་ལ། །བརྩོན་པས་འཇུག་པའི་ངལ་བ་སྟེན་བྱེད་པ། ཁྱོད་ཀྱིས་བདེ་བ་ཅི་ཞིག་འཐོབ་སྙམ་སེམས། །ཞེས་པ་ལྟ་བུ། སུམ་ཅུ་པ་ངེས་བསྟན་ནི། དཔེས་དཔེ་ཅན་དེ་ལ་ཆོས་མཚུངས་སྟོན་པ་ལྟ་བུ་ཞིག་སྟེ། དབྱེ་ན་གཉིས། དྭངས་གསལ་ཆུ་གཏེར་མེ་ལོང་དག་པའི་ངོས། །སྣ་ཚོགས་གཟུགས་ཀྱི་བཀོད་པ་ཅིག་ཅར་དུ། །མངོན་སུམ་ལྷང་ངེར་འཆར་བས་རྒྱལ་ཀུན་གྱི། །ཡེ་ཤེས་གསལ་བར་ཆོས་རྣམས་སྣང་བར་སྟོན། །ཞེས་པ་ལྟ་བུ། སོ་གཅིག་པ་ལྷན་ཅིག་བརྗོད་པ་ནི། །དངོས་པོ་གང་བྱ་བ་གང་དང་ལྷན་ཅིག་བརྗོད་པ་ཞིག་སྟེ། དབྱེ་ན་གསུམ། རྟ་བདུན་བདག་པོ་ཤར་དང་ལྷན་ཅིག་ཏུ། །ཆུ་སྐྱེས་རྣམ་པར་སྨིན་པའི་འདབ་མ་རྒྱས། །བློ་བཟང་རྒྱལ་བ་བྱོན་དང་ལྷན་ཅིག་ཏུ། །ལུང་དང་རྟོགས་པའི་ཐུབ་བསྟན་ཀུན་ནས་དར། །ཞེས་པ་ལྟ་བུ། སོ་གཉིས་པ་ཡོངས་བརྗེས་ནི། བརྗོད་བྱའི་དངོས་པོ་ཕན་ཚུན་བརྗེས་པ་ལྟར་སྟོན་པ་ཞིག་སྟེ། བརྟན་པའི་འཁོར་ལོའི་ཐུགས་རྗེའི་འཕྲིན་ལས་ཀྱིས། །རྨོངས་པའི་ཡིད་དབང་མ་ལུས་འཕྲོག་བྱས་ཏེ། །གསུང་རབ་ཀུན་ལ་ལྟ་བའི་རྣམ་དཔྱོད་ཀྱི། །འདོད་དོན་མཆོག་ཏུ་སྟེར་བས་བསྐལ་བཟང་བྱས། །ཞེས་པ་ལྟ་བུ། སོ་གསུམ་པ་ཤིས་བརྗོད་ནི། འདོད་དོན་ལ་སྨོན་པའམ་ཞུ་བ་ཞིག་སྟེ། ཚུལ་འདིར་འབད་པ་ལས་འཁྲུངས་རྣམ་དཀར་དགེས། །གཟུར་གནས་བློ་གསལ་དོན་དུ་གཉེར་བ་དག །ཆོས་ལ་འཇུག་པའི་བརྩོན་པ་ལྷུར་ལེན་ཅིང་། །འདི་ཕྱི་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་ལྟ་བུ། སོ་བཞི་བ་རབ་སྤེལ་ནི། རྒྱན་མང་པོ་སྤེལ་པ་ཞིག་སྟེ། མཚན་དང་དཔེ་བྱད་དཔལ་གྱིས་མཛེས་པའི་སྐུ། །ཚངས་པ་འབུམ་གྱི་དབྱངས་ལྟར་སྙན་པའི་གསུང་། །ཤེས་བྱ་ཀུན་གཟིགས་ཉིན་མོར་བྱེད་པའི་ཐུགས། །གང་ལ་མངའ་བ་ཐུབ་དབང་ལས་གཞན་སུ། །ཞེས་པ་ལྟ་བུ་སྟེ་རྒྱན་བསྲེས་པའོ། །དེ་ནས་སོ་ལྔ་བ་དགོངས་པ་ཅན་གྱི་རྒྱན་ནི། རྩོམ་པ་པོའི་བསམ་དོན་སྟོན་པ་ཞིག་སྟེ། མཚོན་དཔེར། རང་ཉིད་ལེགས་པར་གོམས་པར་བྱ་ཕྱིར་དང་། །གཞན་དག་ལ་ཡང་ཕན་པར་སྲིད་སྙམ་སྟེ། །དམ་པའི་མན་ངག་དག་ལ་བརྟེན་ནས་ནི། །མདོར་བསྡུས་གོ་སླའི་ངག་གིས་ཇི་བཞིན་བཤད། །ཅེས་པ་ལྟ་བུའོ། །སྔར་གྱི་དབྱེ་བ་དེ་དག་ཕལ་ཆེར་རྩ་བའི་སྒོ་ནས་ཡིན་གྱི། ཡན་ལག་གི་སྒོ་ནས་ནི་ཤིན་ཏུ་མང་ངོ་།། །།གཉིས་པ་སྒྲ་རྒྱན་ལ་གསུམ། ཟུང་ལྡན་གྱི་ཁྱད་པར། བྱ་དཀའ་བ། དབྱངས་ངེས་པ་སོགས་སོ། །དང་པོ་ལ་དྲུག །རྐང་བའི་ཐོག་མ་ན་ཡོད་པའི་ཟུང་ལྡན། གནས་གཞན་ན་ཡོད་པའི་ཟུང་ལྡན། ཐོག་མཐའ་སྦྱར་བ། ཀུན་ཏུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་ནོ། །དང་པོ་ལ་གསུམ། བར་མ་ཆོད་པ། ཆོད་པ། ཆོད་ཅིང་མ་ཆོད་པའོ། །དང་པོ་ལ་རྐང་བ་དང་པོའི་ཐོག་མ་ན་ཡོད་པ་སོགས་བཅོ་ལྔ་ཡོད་ཀྱང་། འདིར་མཚོན་དཔེར། རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པ་ཙམ་ནི། ཟབ་ཟབ་རིགས་པ་སྨྲ་བ་ཡི། །མཁས་མཁས་ཀུན་གྱི་མགོ་བོ་ལ། །མཛེས་མཛེས་ཞབས་སེན་རྣམ་འགོད་པ། །ངེས་ངེས་ཀུན་མཁྱེན་རྒྱལ་ཚབ་རྗེ། །ཞེས་པ་ལྟ་བུ། གཉིས་པ་ཆོད་པ་ལ་ཐོག་མའི་ཟུང་ལྡན་སོགས་བཅུ་གསུམ་ཡོད་ཀྱང་། དཔེར་རྐང་བ་བཞི་ཀའི་ཐོག་མ་ན་ཡོད་པ་ཙམ་ནི། རྒྱལ་བའི་དགོངས་དོན་མ་ལུས་པ། །རྒྱལ་བ་གཉིས་པས་བཀྲལ་བ་བཞིན། །རྒྱལ་བའི་ཆོས་ཚུལ་ཀུན་འཛིན་པ། །རྒྱལ་སྲས་མཁས་གྲུབ་ཆོས་ཀྱི་རྗེ། །ཞེས་པ་ལྟ་བུ། གསུམ་པ་ཆོད་ཅིང་མཆོད་པ་ལ་གསུམ་ཡོད་ཀྱང་། དཔེར། ཐོག་ཐ་གཉིས་འདྲ་ཞིང་བར་བ་གཉིས་ཀྱང་འདྲ་བ་ཙམ་ནི། འཁྱུག་འཁྱུག་གློག་འཕྲེང་འཕྲོ་བའི་ཚེ། །ཤར་ཤར་ཆར་པ་འབབ་པ་དང་། །ཤང་ཤང་ཆུ་རྒྱུན་དལ་གྱིས་རྒྱུ། །འཁྱུག་འཁྱུག་དབང་པོའི་གཞུ་ཡང་བཀྲ། །ཞེས་པ་ལྟ་བུའོ། །གཉིས་པ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ། རྐང་བ་བཞི་ཀའི་དབུས་ན་ཡོད་པ་སོགས་དྲུག་ཡོད་ཀྱང་། དཔེར། གནས་གསུམ་ན་ཡོད་པ་ལ་ཆོད་པ་དང་། །ཆོད་ཅིང་མ་ཆོད་པ་གཉིས་ཀྱི་དང་པོ་ནི། །བློ་ཆེན་རྒྱལ་ཀུན་བློ་གྲོས་ཆེན་པོའི་བློ། །བློ་ལྡན་རྒྱལ་སྲས་བློ་གསལ་འཇམ་དབྱངས་བློ། །བློ་གྲོས་འགྲན་བྲལ་བློ་བཟང་གྲགས་པའི་བློ། །བློ་དམན་ཉན་རང་བློ་ཆུང་བདག་གི་བློ། །ཞེས་པ་ལྟ་བུ། གཉིས་པ་ནི། འཁྱུག་འཁྱུག་གློག་གི་ཕྲེང་བ་ཇི་བཞིན་འཁྱུག་འཁྱུག་སྤྱན་ཟུར་གཡོ་འཁྱུག་འཁྱུག །ལྡེམ་ལྡེམ་ལྕུགས་ཕྲན་ལྗོན་པའི་རྩེ་ལྟར་ལྡེམ་ལྡེམ་རལ་པའི་རྩེ་ལྡེམ་ལྡེམ། །འཛུམ་འཛུམ་པདྨའི་འདབ་མ་ཇི་བཞིན་འཛུམ་འཛུམ་ཞལ་གྱི་སྒོ་འཛུམ་འཛུམ། །དཀར་དཀར་གངས་ཀྱི་རི་དབང་ལྟ་བུར་དཀར་དཀར་དབྱངས་ཅན་མདོག་དཀར་དཀར། །ཞེས་པ་ལྟ་བུ། གསུམ་པ་ཐོག་མཐའ་སྦྱར་བ་ནི། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །ཡུམ་མཆོག་རྗེ་བཙུན་རྣམ་རྒྱལ་མ། །མ་གཅིག་ཁྱོད་ལ་གསོལ་བཏབ་ཚེ། །ཚེ་དང་ཡེ་ཤེས་ངེས་པར་སྩོལ། །ཞེས་པ་ལྟ་བུ། བཞི་བ་ཀུན་ཏུ་ཟུང་ལྡན་ལ་རྐང་བ་བཟླས་པ། ཚིགས་བཅད་བཟླས་པ། །ཟུང་ལྡན་ཆེན་པོ་གསུམ་ཡོད་ཀྱང་། དཔེར། རྐང་བ་བཟླས་པ་ཙམ་ནི། །འཛམ་གླིང་མཁས་པ་ཀུན་གྱི་རྗེ། །ཐེག་ཆེན་ཤིང་རྟའི་སྲོག་འབྱེད་མཁན། །འཛམ་གླིང་མཁས་པ་ཀུན་གྱི་རྗེ། །ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་མཁན། །ཞེས་པ་ལྟ་བུ། ལྔ་བ་བསྲེས་པ་ནི། འཛུམ་འཛུམ་ཞལ་གྱི་སྒོ་མཛེས་མཛེས། །མཛེས་མཛེས་སྐུ་མཆོག་མཆོག་ཏུ་གསལ། །གསལ་དག་ཐུགས་ནི་ཟབ་ཟབ་གང་། །གང་དང་གང་ལའང་ཐོགས་མེད་འཇུག །ཅེས་པ་ལྟ་བུ། དྲུག་པ་ལྡོག་པའི་ཟུང་ལྡན་ལ་རྐང་བ་བཟློག་པ་སོགས་གསུམ་ཡོད་ཀྱང་། དཔེར། རྐང་བ་ཕྱེད་བཟློག་པ་ཙམ་ནི། འཁྲུལ་པས་བཅིངས་རྣམས་བཅིངས་པས་འཁྲུལ། །ཞེན་པར་འདོད་ཆགས་འདོད་པས་ཞེན། །གང་ན་ཡོད་ཚེ་ཡོད་ན་གང་། །འཁོར་བར་རིང་དུ་རིང་བར་འཁོར། །ཞེས་པ་ལྟ་བུ། གཉིས་པ་བྱ་དཀའ་ལ་བ་ལང་གཅིན། ཀུན་འཁོར། ཕྱེད་འཁོར་གསུམ་སྟེ་གཞན་དུ་ཤེས། གཉིས་པ་དབྱངས་སོགས་ངེས་པ་ལ་གསུམ་ལས། དང་པོ་ནི། དཔེར། དཔལ་ལྡན་བླ་མ་དམ་པ་ལ། །མཆོད་དོ་བསྟོད་དོ་གསོལ་ལོ་བརྗོད། །དུས་ཀུན་གུས་འདུད་ལུས་བཏུད་ཞུ། །བདེ་ལེགས་ཡེ་ཤེས་ངེས་སྟེར་བྱེད། །ཉིད་ཀྱིས་ཇི་བཞིན་འདིར་ནི་གཟིགས། །ཞེས་པ་ལྟ་བུ་སྟེ། དབྱངས་ལྔ་སོ་སོར་ངེས་པའོ། །གཉིས་པ་ནི། དེ་ཙམ་དུ་མི་མཁོ། གསུམ་པ་གསལ་བྱེད་ཀྱི་ཡི་གེ་བཞིར་ངེས་པ་ནི། དཔེར། རང་རང་རེ་རེ་རོང་རོང་རོང་། །ལང་ལང་ལིང་ལིང་ལོང་ལོང་ལོང་། །ཤང་ཤང་ཤོར་ཤོར་ཤིག་ཤིག་ཤིག །ཏང་ཏང་ཏིང་ཏིང་ཏོག་ཏོག་ཏོག །ཞེས་པ་ལྟ་བུའོ། །གསུམ་པ་སྐྱོན་སྤོང་བ་ནི། དོན་ཉམས་པ་སྤོང་བ་སོགས་བཅུ་ཡོད་ཀྱང་། །རྒྱས་པར་ནི་གཞན་དུ་ཤེས་པར་བྱ་སྟེ། །འདིར་མང་དུ་དོགས་ནས་མ་བྲིས་སོ།། །། ༈ ན་མོ་ཨཱཪྱ་ཏཱ་ར་ཡེ། གཉིས་པ་མངོན་བརྗོད་བཤད་པ་ནི། །རྒྱལ་བ་ཀུན་མཁྱེན་ཀུན་གཟིགས་དང་། །ཐམས་ཅད་མཁྱེན་དང་ཐམས་ཅད་གཟིགས། །ཐུབ་པ་བདེ་གཤེགས་དེ་བཞིན་གཤེགས། །རྣམ་འདྲེན་བཅོམ་ལྡན་རྐང་གཉིས་གཙོ། །གཉིས་མེད་གསུང་པ་དྲང་སྲོང་ཆེ། །དུས་གསུམ་མཁྱེན་པ་འགྲོ་བའི་བླ། །ཆོས་ཀྱི་རྒྱལ་བོ་སྟོབས་བཅུ་མངའ། །སངས་རྒྱས་སྤྱི་ཡི་མཚན་དུ་འདོད། །ཤཱཀྱའི་རྒྱལ་བོ་ཤཱཀྱའི་ཏོག །ཤཱཀྱ་སེང་གེ་གོའུ་ཏ་མ། །བུ་རམ་ཤིང་བ་ཟས་གཙང་སྲས། །དོན་ཀུན་གྲུབ་པ་ཤཱཀ་ཐུབ་མཚན། །མི་ཕམ་མགོན་དང་མ་ཕམ་པ། །རྒྱལ་ཚབ་དམ་པ་བྱམས་པའི་མཚན། །འཇམ་མགོན་ངག་གི་དབང་ཕྱུག་ཆེ། །བརྟན་པའི་འཁོར་ལོ་བློ་གཏེར་མཆོག །ཟུར་ཕུད་ལྔ་པ་འཇམ་དབྱངས་མཚན། །ངག་དབང་ལྷ་མོ་ཚངས་སྲས་མ། །སྒྲ་དབྱངས་ལྷ་མོ་མཚོ་བྱུང་མ། །ཤེས་རབ་ལྷ་མོ་དབྱངས་ཅན་མཚན། །མཐོ་རིས་གནས་དང་སྐབས་གསུམ་གནས། །གསུམ་རྩེན་གནས་ལ་ལྷ་གནས་མིང་། །འཆི་མེད་བཅུད་ལྡན་བདུད་རྩི་ཅན། །མཁར་ཉལ་གསུམ་རྩེན་སྐབས་གསུམ་པ། །ལེགས་བྲིས་ཚིག་མདའ་མཁའ་ལ་འགྲོ། །སྦྱིན་སྐྱེས་དགྲ་སོགས་ལྷ་སྤྱིའི་མིང་། །སྐྱེ་རྒུའི་བདག་པོ་མི་མཇེད་བདག །གསེར་མངལ་ཅན་དང་གདོང་བཞི་བ། །འཇིག་རྟེན་མེས་པོ་ལྷ་ལས་རྒན། །བྱེད་པོ་རྣ་བ་བརྒྱད་པ་དང་། །རང་བྱུང་ལ་སོགས་ཚངས་པའི་མིང་། །སྲིད་མེད་བུ་དང་ཐག་གུའི་ལྟོ། །གོས་སེར་ཅན་དང་པད་དཀར་མིག །མི་ཡི་སེང་གེ་མིའུ་ཐུང་། །འཇུག་པ་བཅུ་པ་སྦྱིན་སྐྱེས་དགྲ། །མཁའ་ལྡིང་རྒྱལ་མཚན་གོས་གསུམ་གནོན། །སྟོབས་ལྡན་དགྲ་སོགས་ཁྱབ་འཇུག་མིང་། །ཡིད་སྲུབ་བདག་པོ་མདའ་ལྔ་པ། །མེ་ཏོག་མདའ་ཅན་ལུས་མེད་བདག །དགའ་མའི་བདག་པོ་དཀའ་ཐུབ་དགྲ། །དགའ་རབ་དབང་ཕྱུག་འདོད་ལྷའི་མིང་། །ཁྱུ་མཆོག་རྒྱལ་མཚན་ཨུ་མའི་བདག ། གངས་རིའི་བདག་བོ་རལ་ཁུར་ཅན། །དྲག་པོ་འཕྲོག་བྱེད་བདེ་འབྱུང་དང་། །གཙུག་ན་ཟླ་བ་མིག་གསུམ་པ། །དཔལ་མགྲིན་མགྲིན་ནག་མགྲིན་སྔོན་ཅན། །གང་གཱ་འཛིན་དང་ལྷ་ཆེན་པོ། །གྲོང་གསུམ་མཐར་བྱེད་འབྱུང་པོའི་བདག ། དབང་ལྡན་བདག་པོ་རྩེ་གསུམ་ཅན། །མདུང་ཐོགས་ལ་སོགས་དབང་ཕྱུག་མིང་། །ལེགས་བྲིས་དབང་བོ་སྐབས་གསུམ་བདག །བདེ་སོགས་བདག་པོ་མིག་སྟོང་ཅན། །དབང་བོ་འཕྲོག་བྱེད་རྡོ་རྗེ་ཅན། །མཆོད་སྦྱིན་བརྒྱ་བ་སྤྲིན་ལ་ཞོན། །ཀོའུ་ཤི་ཀ་རི་འཇོམས་པ། །ཤིས་བརྗོད་ཉན་སོགས་བརྒྱ་བྱིན་མིང་། །སྔོན་གྱི་ལྷ་དང་དབང་བོའི་དགྲ། ཁུ་བའི་སློབ་མ་སྦྱིན་སྐྱེས་དང་། །མཆོད་སྦྱིན་དགྲ་སོགས་ལྷ་མིན་མིང་། །བྱིན་ཟ་རྙེད་ཟ་བསྲེག་ཟ་དང་། །སྐེམ་བྱེད་མུན་འཇོམས་འབར་བ་ཅན། །རྩེ་མོ་ཅན་དང་རླུང་གི་གྲོགས། །མེ་དང་མེ་ལྷ་གཉིས་ཀྱི་མིང་། །དབྱུག་འཛིན་བེ་ཅོན་འཆང་བ་དང་། །དུས་འཛིན་མཐར་བྱེད་ཉི་མའི་བུ། མ་མོའི་རྒྱལ་བོ་ཆོས་ཀྱི་རྒྱལ། །འཆི་བདག་ལ་སོགས་གཤིན་རྗེའི་མིང་། །གདོང་བཅུ་མགྲིན་བཅུ་ལངྐའི་བདག །བདེན་བྲལ་བདག་པོ་ཤ་རྗེན་ཟ། །སྒྲ་སྒྲོགས་ལ་སོགས་སྲིན་པོའི་མིང་། །ཆུ་བདག་ཆར་འབེབ་ཆུ་ལ་སྤྱོད། །ཆུ་ལྡན་བསིལ་འཛིན་ཞགས་པ་ཅན། །མཆོག་སྟེར་ལ་སོགས་ཆུ་ལྷའི་མིང་། །རྟག་འགྲོ་དྲི་ལེན་དྲི་ཡི་བཞོན། །མྱུར་འགྲོ་མགྱོགས་འགྲོ་ཀུན་ཏུ་རྒྱུ། །རེག་ལྡན་རླུང་དང་རླུང་ལྷའི་མིང་། །གནོད་སྦྱིན་བདག་པོ་མིག་གསུམ་གྲོགས། །ལུས་ངན་བུ་དང་ངལ་སོས་བུ། །ནོར་སྦྱིན་གཏེར་བདག་རྣམ་སྲས་མིང་། །བདེན་བྲལ་བདག་པོ་གོང་དུ་བཤད། །ལྷ་ལམ་རླུང་ལམ་སྤྲིན་གྱི་ལམ། །བྱ་ལམ་མཁའ་ལམ་རྒྱུ་སྐར་ལམ། །ཀུན་གསལ་ཀུན་ཁྱབ་གོ་འབྱེད་ཅན། །ཀུན་འགེག་ཆུ་འཐོངས་ནམ་མཁའི་མིང་། །སྤྲིན་ལྕེ་འཁྱུག་བྱེད་སྐད་ཅིག་གསལ། །གཡོ་འགུལ་རྣམ་བཀྲ་གློག་གི་མིང་། །སྤྲིན་བཅུད་རྒྱུན་འབེབ་མཁའ་ལས་འབེབས། །སྦྲང་ཆར་རྒྱུན་ཆར་ཆུའི་ཟེག་མ། །སྤྲིན་ལས་བྱུང་སོགས་ཆར་བའི་མིང་། །དབང་བའི་གཞུ་དང་དབང་བོའི་མཚོན། །བརྒྱ་བྱིན་མཚོན་ཆ་ལྷ་ཡི་མཚོན། །འཇའ་རིས་རབ་བཀྲ་འཇའ་ཡི་མིང་། །བསིལ་བྱེད་སིམ་བྱེད་འོད་དཀར་ཅན། །རི་བོང་འཛིན་པ་རི་བོང་ཅན། །གཉིས་སྐྱེས་དབང་བོ་བསིལ་ཟེར་ཅན། །བདུད་རྩིའི་འོད་ཅན་ཆུ་ལས་སྐྱེས། །མཚན་མོའི་ནོར་བུ་མཚན་མོའི་མགོན། །བདེ་འབྱུང་གཙུག་རྒྱན་ཆ་ཤས་གཏེར། །རྒྱུ་སྐར་དབང་བོ་རྒྱུ་སྐར་བདག །པད་དགྲ་མཚོ་སྐྱེས་ཀུན་དའི་གཉེན། །ཚེས་བདག་ལ་སོགས་ཟླ་བའི་མིང་། །ནམ་མཁའི་ནོར་བུ་རྟ་ལྗང་ཅན། །སྲིད་པའི་མིག་དང་འོད་སྟོང་ཅན། །བཅུ་གཉིས་བདག་པོ་གཟའ་ཡི་བདག །རྟ་བདུན་བདག་པོ་པདྨོའི་གཉེན། ཁྱབ་གསལ་སྣང་བྱེད་མི་སྦྱིན་སྐྱེས། །ཉོན་མོར་བྱེད་པ་ཚ་ཟེར་ཅན། །འོད་བཀྲ་ལ་སོགས་ཉི་མའི་མིང་། །མུན་བྲལ་སྣང་ལྡན་ཉིན་མོ་སྟེ། །མུན་ལྡན་སྣང་མེད་མཚན་མོའི་མིང་། །མྱུ་གུའི་དུས་དང་སྦྲང་ལྡན་དུས། །འདོད་དུས་སོས་ཀ་དཔྱིད་ཀྱི་མིང་། །ཆར་ལྡན་ཆར་དུས་ཚ་བའི་དུས། །སྤྲིན་འབྱུང་སྤྲིན་སྐྱེ་དབྱར་གྱི་མིང་། །འབྲས་ལྡན་དུས་དང་སྨིན་པའི་དུས། །གསེར་ལྡན་མ་ནི་སྟོན་གྱི་མིང་། ཁ་བའི་དུས་དང་གྲང་ངར་དུས། །བསིལ་ལྡན་མ་ནི་དགུན་གྱི་མིང་། །དཀར་ཕྱོགས་འཕེལ་ཕྱོགས་ཕྱོགས་སྔ་མ། །གང་ཕྱོགས་ཟླ་སྟོད་ཡར་ངོའི་མིང་། །ནག་ཕྱོགས་འགྲིབ་ཕྱོགས་ཕྱོགས་ཕྱི་མ། །དམར་ཕྱོགས་ཟླ་སྨད་མར་ངོའི་མིང་། །ཟླ་གང་ཟླ་ཉ་དཀྱིལ་འཁོར་གང་། །ཉ་གང་ཆ་རྫོགས་བཅོ་ལྔའི་མིང་། །ཟླ་ཟད་ཉི་ཟླ་ལྷན་ཅིག་དུས། །སྟོང་མཐའ་གནམ་སྟོང་གནམ་གང་མིང་། །དཔྱིད་དབྱར་སྟོན་དགུན་དུས་བཞིའི་མིང་། །མགོ་རྒྱལ་མཆུ་དབོ་ནག་པ་ཟླ། །ས་ག་སྣོན་དང་ཆུ་སྟོད་དང་། །གྲོ་བཞིན་ཁྲུམས་དང་ཐ་སྐར་ཟླ། །སྨིན་དྲུག་ཟླ་བ་བཅུ་གཉིས་སོ། །ཉ་སྐར་བྱེད་པའི་ཆ་ནས་བཞག །བྱི་གླང་སྟག་ཡོས་འབྲུག་སྦྲུལ་རྟ། །ལུག་སྦྲེལ་བྱ་ཁྱི་ཕག་བཅུ་གཉིས། །ལོ་ཟླའི་བདག་པོ་བྱེད་ཕྱིར་བཞག །རེ་རེར་ཤིང་མེ་ས་ལྕགས་ཆུ། །ལྔ་ལྔར་ཕྱེ་བས་དྲུག་ཅུ་སྟེ། །རབ་བྱུང་ཞེས་བྱ་མེ་ཡོས་ནས། །ཟད་པ་མེ་སྟག་བར་དྲུག་ཅུ། །འཕགས་པའི་ཡུལ་དུ་རྣམ་པར་གྲག །ལེགས་བྱས་བསོད་ནམས་བདེ་འགྲོའི་ལམ། །བླང་བྱ་བགོ་སྐལ་དགེ་བའི་མིང་། །ཉེས་བྱས་ཉེས་པ་ངན་འགྲོའི་ལམ། །དོར་བྱ་སྤང་བྱ་མི་དགེའི་མིང་། །གྲོལ་བ་བྱང་གྲོལ་རྣམ་གྲོལ་ཞི། །ངེས་ལེགས་མྱང་འདས་ཐར་བའི་མིང་། །བློ་དང་རྣམ་དཔྱོད་རིག་པ་དང་། །བློ་གྲོས་བསམ་པ་ལ་སོགས་པ། །ཤེས་པའམ་ཤེས་རབ་མིང་དུ་འགྱུར། །སྐྱེས་བུ་ཤེས་ལྡན་སེམས་ལྡན་དང་། །སྲོག་ལྡན་ལུས་ཅན་འགྲོ་བ་དང་། །ཚེ་ལྡན་སྲོག་ཆགས་ལ་སོགས་པ། །གང་ཟག་སྤྱིའམ་བྱེ་བྲག་མིང་། །གུས་འདུན་མོས་པ་དད་པ་སྟེ། །ལོག་སྒྲུབ་མི་མོས་མ་དད་མིང་། །རབ་བསྔགས་ལེགས་སྒྲོགས་བསྟོད་པ་སྟེ། །ཉེས་བརྗོད་སྐུར་འདེབས་སྨོད་པའི་མིང་། །ཆུ་འཛིན་ཆུ་གཏེར་ཆུ་ཀླུང་བདག །རིན་ཆེན་འབྱུང་གནས་ཆུ་ཡི་མཛོད། །ཟླ་བའི་མ་མ་རྒྱ་མཚོའི་མིང་། །ཐུར་འགྲོ་དལ་འགྲོ་བཏུང་བྱ་དང་། །ཀུན་ཏུ་འགྲོ་སོགས་ཆུ་སྤྱིའི་མིང་། ཁྱབ་འཇུག་རྐང་བ་ལྷ་ཡི་རྐང་། །ཛ་ཧུའི་བུ་མོ་ལམ་གསུམ་འགྲོ། །གངྒཱའི་མིང་སྟེ་གཞན་ཡང་ཤེས། །འདམ་སྐྱེས་ཆུ་སྐྱེས་མཚོ་སྐྱེས་དང་། །འདབ་སྟོང་འདབ་བརྒྱ་གེ་སར་ཅན། །ཟེའུ་འབྲུ་ཅན་སོགས་པད་མའི་མིང་། །ཆུ་སྐྱེས་སྔོན་པོ་ཨུཏྤལ་ཏེ། །ས་མོས་ཀུན་ད་ཀུ་མུད་མིང་། །ནོར་ལྡན་ནོར་གྱི་བློ་གྲོས་མ། །ནོར་འཛིན་མ་དང་དབྱིག་ལྡན་མ། །རྒྱ་མཚོའི་གོས་ཅན་ཀུན་གཟོད་མ། །གསེར་ལྡན་ལ་སོགས་ས་གཞིའི་མིང་། །འཇུག་བྱ་འཇུག་ངོགས་འགྲོ་བའི་གཞི། །བགྲོད་ལམ་སྲོལ་ལམ་ལམ་གྱི་མིང་། །གནས་གཞི་ཁང་ཁྱིམ་འདུག་ནས་དང་། །སྡུམ་ར་ཁང་བ་སྤྱི་ཡི་མིང་། ཁང་མཆོག་ཕོ་བྲང་གཞལ་མེད་ཁང་། ཁང་ཆེན་ལ་སོགས་ཁང་བཟང་མིང་། །གནྡྷོ་ལ་དང་དྲི་གཙང་ཁང་། །གཙུག་ལག་ཁང་སོགས་ལྷ་ཁང་མིང་། །ས་འཛིན་དབང་བོ་རི་ཡི་དབང་། །རི་རྒྱལ་རི་རབ་ལྷུན་པོའི་མིང་། །ས་འཛིན་རྡུལ་བརྩེགས་རྩེ་མོ་ཅན། །གྱེན་བརྩེགས་ས་ཕུར་རི་སྤྱིའི་མིང་། །ཀཻ་ལ་ཤ་དང་ཁ་བའི་རི། །བསིལ་རི་གངས་ལྡན་གངས་རིའི་མིང་། །གདོང་ལྔ་བ་དང་ཁ་ལྔ་བ། །རི་དྭགས་རྒྱལ་བོ་རི་དྭགས་དབང་། །གཅན་གཟན་རྒྱལ་བོ་སྡེར་ཆགས་རྗེ། །འཕྲོག་བྱེད་ལ་སོགས་སེང་གེའི་མིང་། །གཉིས་འཐུང་ལག་ལྡན་མཆེ་བ་ཅན། །སྣ་རིང་ལ་སོགས་གླང་བོའི་མིང་། །མཁའ་སྤྱོད་འདབ་ལྡན་སྒོ་ང་སྐྱེས། །གཉིས་སྐྱེས་སྒྲོ་ལྡན་བྱ་སྤྱིའི་མིང་། །མཁའ་སྤྱོད་དབང་བོ་མཁའ་ལྡིང་དབང་། །ནམ་མཁའ་ལྡིང་དབང་ཁྱུང་གི་མིང་། །དཔྱིད་ཀྱི་ཕོ་ཉ་ངག་སྙན་དང་། །ཀུ་ཧུ་ལ་སོགས་ཁུ་བྱུག་མིང་། །མདོངས་ལྡན་གར་མཁན་མཇུག་སྒྲོ་ཅན། །གཙུག་ཕུད་ཅན་སོགས་རྨ་བྱའི་མིང་། །མི་ཕོ་སྐྱེས་བུ་སྐྱེས་པ་ཕོ། །མི་མོ་བུད་མེད་སྐྱེས་དམན་མོ། ཁྱེའུ་བྱིས་པ་བུ་ཆུང་མིང་། །ལང་ཚོ་བདེ་གཞོན་དར་མའི་མིང་། །རྒས་ཁོག་ལོ་ལོན་རྒན་པོའི་མིང་། །ཡན་ལག་དང་པོ་ཡན་ལག་མཆོག །ཡན་ལག་ཐོག་མ་མགོ་ཡི་མིང་། །མགོ་སྐྱེས་མགོ་སྤུ་སྐྲ་ཡི་མིང་། །ལྟ་བྱེད་མཐོང་བྱེད་མིག་གི་མིང་། །སྒྲ་འཛིན་ཐོས་འཛིན་རྣ་བའི་མིང་། །དྲི་ལེན་དྲི་འཛིན་སྣ་ཡི་མིང་། །རོ་མྱོང་རོ་འཛིན་ལྕེ་ཡི་མིང་། །གཅོད་བྱེད་གཉིས་སྐྱེས་སོ་ཡི་མིང་། །ངག་སྒོ་སྨྲ་སྒོ་ཁ་ཡི་མིང་། །ཕོ་དབང་ཕོ་རྟགས་ཕོ་མཚན་མིང་། །བྷ་ག་པདྨ་མོ་རྟགས་མིང་། །འོག་སྒོ་བཤང་ལམ་རྐུབ་ཀྱི་མིང་། །མི་དབང་ས་སྐྱོང་མི་ཡི་བདག །ས་དབང་ས་སྤྱོད་དཔོན་གྱི་མིང་། ཁྲིམས་ལྡན་བསླབ་ལྡན་ཚངས་སྤྱོད་ལྡན། །བརྟུལ་ཞུགས་ཅན་སོགས་ཚུལ་ཁྲིམས་ལྡན། །བྱ་བཏང་བྱ་བྲལ་རི་ཁྲོད་པ། །རྣལ་འབྱོར་ཅན་སོགས་སྒོམ་བྱེད་མིང་། །བློ་ལྡན་གསལ་ལྡན་སྨྲ་མཁས་དང་། །དཔྱོད་ལྡན་ཐོས་ལྡན་མཁས་པའི་མིང་། །བརྟུལ་ཕོད་སྟོབས་ལྡན་ཕ་རོལ་གནོན། །ཐུབ་དཀའ་དཔལ་ལྡན་དཔའ་བོའི་མིང་། །དྷ་ནུ་གནམ་རུ་གཞུ་ཡི་མིང་། །སྒྲོ་ལྡན་ཉག་ཕྲན་མདའ་ཡི་མིང་། །ལྗོན་པ་ལྗོན་ཤིང་རྐང་འཐུང་ཤིང་། །གོར་མ་སྲ་མཁྲེག་རྡོ་བ་རྡོ། །ནགས་ཀླུང་ནགས་མཐོངས་ནགས་ཚལ་ནགས། །ས་ཡི་སྙིང་བོ་ས་ལེ་སྦྲམ། །རིན་ཆེན་མཆོག་སོགས་གསེར་གྱི་མིང་། །དེས་མཚོན་གཞན་ཡང་གྲངས་མེད་ཀྱང་། །འདིར་ནི་ཉེ་བར་མཁོ་ཙམ་ལས། །མཐའ་དག་བརྗོད་པར་མི་ལང་ཕྱིར། །རིགས་པ་ཡིས་ནི་དཔག་པར་བྱ།། །།ན་མོ་ཨཱཪྱ་ལོ་ཀེ་ཤྭ་ར་ཡེ། གསུམ་པ་བརྡ་ཡི་ཁྱད་པར་ནི། །བརྡ་རྙིང་ཀྭ་གག་ཏེ་ཕོར་རྣམས། །གསར་བཅད་ཀྱིས་ནི་བཅོས་པའི་ཚུལ། །ཀྱེ་དང་གང་དང་ཤིན་ཏུ་ཟེར། །བླ་འོག་སྤྱི་བོ་བླ་ཀྱལ་བར། །སྟེང་འོག་རྩེ་མོ་མི་ཟད་ཟེར། །དཔུང་པོ་རྩ་ལག་ཞིག་གུ་ལ། །ཕུང་པོ་གཉེན་དང་སྟོན་པ་ཟེར། །གཉའ་བོ་རིད་པ་སྐྱོ་སྐྱོར་ལ། །དཔང་བོ་སྒེམ་པ་ཡང་ཡང་ཟེར། །འཕྱ་བ་ཡེ་འབྱམ་ངོ་ག་ལ། །སྨོད་པ་སྟོང་ཉིད་སྣང་ངོ་ཟེར། །དཔལ་དང་ག་ཞ་ཡ་ལད་ལ། །ཏོག་དང་བཞད་གད་གོ་ཆ་ཟེར། །གནའ་དང་ཅོག་དང་ཕྱི་མོ་ལ། །ཐོག་མ་མཐའ་དག་རྩ་བ་ཟེར། །སྤྱི་བུར་གསང་ཁུང་འོ་ཅོག་ལ། །བྱི་བོ་བཤང་ལམ་མ་ལུས་ཟེར། །མདུང་དོར་ཆམ་དུ་ནོད་པ་ལ། །རྒྱན་འབྱེད་གཏན་དུ་ཐོབ་པ་ཟེར། །བསྟི་བ་བརྣག་པ་རྨྱང་བ་ལ། །ངལ་སོ་འབད་པ་བརྐྱང་བ་ཟེར། །ནམ་ཞར་གཞུར་དང་འོན་ཏང་ལ། །ནམ་ཡང་གཞུང་དང་འོན་ཀྱང་ཟེར། །བཀྲི་བ་དབྲག་དང་གཟགས་པ་ལ། །དྲང་བ་བར་དང་ཟག་པ་ཟེར། །ཕྱམ་ཆད་བགྲོ་བ་མཚན་མ་ལ། །མཉམ་ཉིད་གླེང་བ་རྟགས་ཅེས་ཟེར། །མངག་པ་རྨ་ག་ཆད་པ་ལ། །ཕོ་ཉ་ཡང་དག་པ་ཞེས་ཟེར། །བསྟར་བ་གཏིང་ཕྱིར་གཏིང་རིང་ལ། །གཟབ་པ་དཔྱིས་ཕྱིན་ཟབ་མོ་ཟེར། ཁྲོ་དང་ཐ་མར་བསྙིལ་བ་ལ། །མནའ་དང་ངན་པ་དོར་བ་ཟེར། །ཇེ་དང་གཞི་བོ་ཇི་འོས་ལ། །དང་པོ་གཞི་མ་འཚམ་པ་ཟེར། །གནོད་པ་བཀུར་བར་མི་བྱེད་ལ། །ཉེས་པ་ཁས་མི་ལེན་ཞེས་ཟེར། །གཟོན་པ་འཆབ་པ་འཛན་དཀའ་ལ། །མི་ཉན་སྦེད་པ་སྦྱོར་དཀའ་ཟེར། འཁུ་བ་བཅབས་པ་བཅིལ་བ་ལ། །སྡང་བ་སྦེད་པ་བཅོམ་པ་ཟེར། །གྱ་ཚོམ་གཟན་པ་རྣ་བླགས་ལ། །མ་བརྟགས་གསན་པ་རྣ་གཏད་ཟེར། །ཐ་ཆད་འཕྱེ་བ་སྨྲང་ཚིག་ལ། །ངན་པ་འགྲོ་བ་གསང་ཚིག་ཟེར། །མི་འཇབ་བཤུང་བ་དྲལ་པ་ལ། །རྩུབ་པ་འཁང་པ་ཆག་པ་ཟེར། །བླ་མཐང་བསོད་པ་བྲིམ་པ་ལ། །སྟོད་སྨད་བཟང་བོ་བསྟམ་པ་ཟེར། །འབྲིམ་པ་དྲུག་པ་འདྲུབ་པ་ལ། །སྟེར་བ་གྲུབ་པ་སྒྲུབ་པ་ཟེར། །བརྩུར་བ་བྱེར་བ་དམུས་པ་ལ། །བསུ་བ་སོད་པ་སྨོན་པ་ཟེར། །བརྟས་པ་ད་ཀོ་འདི་ཀོ་ལ། །རྒྱས་པ་ད་ནི་འདི་ནི་ཟེར། །བཀོན་པ་ཇི་ག་གཞོལ་བ་ལ། ཁྲོ་བ་བརྟག་པ་འབབ་པ་ཟེར། །ཐ་བ་གཞར་ཡང་བཤོས་པ་ལ། །ཉོན་མོངས་ནམ་ཡང་འཁྲིག་པ་ཟེར། །གར་ཡང་མནོས་པ་རེད་པ་ལ། །གང་ཡང་བསམ་པ་འགྲུབ་པ་ཟེར། །ལུང་དང་མགོ་མཉམ་གྱ་ནོམ་ལ། །རྟགས་དང་དུས་མཉམ་ཕུན་ཚོགས་ཟེར། །སྡུམ་པ་པོག་དང་པོག་ཕོར་ལ། ཁང་པ་སྦོས་དང་སྦོས་ཕོར་ཟེར། །ཕྱད་པ་ཤེ་སྟག་རྔུབ་པ་ལ། །རྒྱུན་དུ་ཤ་སྟག་འདུས་པ་ཟེར། །ཚམ་ངམ་བབ་ཆོལ་སྣམ་ལོ་གསལ། །འཇིགས་སྟངས་མ་བསམ་ཟུར་དུ་ཟེར། ཁོས་རང་ཆབ་མི་འཚལ་བ་ལ། །འདུན་མ་ཆུད་མི་ཟ་བ་ཟེར། །ཡུག་པ་སུག་པ་ནེ མ་ནུར་ལ། །རྐང་བ་ལག་པ་ཡིད་གཉིས་ཟེར། །རྒྱ་ཅང་གོར་བུ་གྱི་ན་ལ། །སྐ་རགས་ཟླུམ་པོ་ངན་པ་ཟེར། ཁོ་ལག་བརྟད་པ་མི་ཡོགས་ལ། །ཆུ་ཞེང་གློ་བུར་མི་ཁེབས་ཟེར། །ཇི་རོབ་ཉོན་མོངས་བསྐྱུད་པ་ལ། །ཅི་ཕྱིར་སྡུག་བསྔལ་བརྗེད་པ་ཟེར། ཁད་ཀྱིས་བྱུར་དང་གཏུགས་པ་ལ། །དལ་བུས་མྱ་ངན་ཟད་པ་ཟེར། །ཡོལ་གོ་འགྱོད་པ་བསྙེངས་པ་ལ། །གཞོངས་པ་ཕངས་པ་འཇིགས་པ་ཟེར། །འུབས་པ་ཆུབ་པ་ལ་གོལ་ལ། །འདུས་པ་རྟོགས་པ་འགྱོགས་པ་ཟེར། །མུར་འདུག་ཐལ་བྱུང་མཐོ་འཚམ་ལ། །མུ་སྟེགས་མ་ལུས་ཅོ་འདྲི་ཟེར། ཁོས་པ་མོས་པ་གྱིན་འདའ་ལ། །འདུན་མ་གཏམ་དང་རང་བཞིན་ཟེར། །ཉག་ཕྲན་གོར་མ་ཆག་པ་ལ། །མདའ་དང་ཐེ་ཚོམ་མེད་པ་ཟེར། །གནམ་རུ་སྦོག་དཀར་བཀམ་པ་ལ། །གཞུ་དང་སྤོས་དཀར་ཆགས་པ་ཟེར། །བརྡུབ་པ་སྒྲུག་པ་གཞུར་བརྟག་ལ། །འཇུག་པ་ཟད་པ་ཟུར་ཟ་ཟེར། །ཕྱར་གཡེང་བབ་ཆོད་དམ་པ་ལ། །རྣམ་གཡེང་འཇུག་པ་རྔམས་པ་ཟེར། །སྒམ་པ་གསོས་པ་མནབ་པ་ལ། །ཟབ་པ་དྲལ་བ་གྱོན་པ་ཟེར། །མཆིག་གུ་ཚར་ཕྱིན་དབབ་པ་ལ། །གཏུན་དང་མཐར་ཕྱིན་བཞག་པ་ཟེར། །གྱད་དང་གཟས་དང་ཕོན་པོ་ལ། །སྟོབས་དང་སྟ་གོན་ཚོགས་པ་ཟེར། །བརྡོས་པ་འཛེར་བ་འཆེལ་པ་ལ། །གཟུང་བ་སྨྲ་བ་ཞེན་པ་ཟེར། །གླ་ལ་བཀླུབས་པ་གཡེམ་པ་ལ། །གདངས་པ་གྱོན་པ་འདོད་པ་ཟེར། །མུ་ཅོར་ཁོར་ཟུག་བགམ་པ་ལ། །བརྫུན་པ་ཁོར་ཡུག་ཉམས་སད་ཟེར། །གོ་འདུན་ཞེའོ་མཆི་བ་ལ། །གང་མོས་ཟེར་རོ་ལྕགས་ཀྱུ་ཟེར། །འགྱེར་བ་རུམ་དང་རྨེལ་བ་ལ། །སྤོང་བ་ལྟོ་བ་ཁེལ་བ་ཟེར། །འཕྱོ་བ་འགེམས་པ་སྤུན་པ་ལ། །ལྡིང་བ་འཇོམས་པ་བརྫུན་པ་ཟེར། །སྙུགས་བསྲིང་དབྲོག་པ་གླེབས་པ་ལ། །རྒྱུན་བསྲིང་འཕྲོག་པ་མནན་པ་ཟེར། །རྗེན་པ་གལ་གྱིས་བགོམ་པ་ལ། །གཅེར་བུ་དལ་གྱིས་འགྲོ་བ་ཟེར། །རླུགས་པ་ནོངས་པ་འཕྱེ་བོ་ལ། །ལུག་པ་ཉེས་པ་གོང་བོ་ཟེར། །འགྲེམ་པ་གསོང་པོ་མཁྱུད་པ་ལ། །འགྱེད་པ་དྲང་པོ་སྤས་པ་ཟེར། །སྤྱི་ཏོར་ཅན་དང་དོ་ཀེར་ལ། །གཙུག་ཏོར་ཅན་དང་ཐོར་ཅོག་ཟེར། །མུར་ཐུག་མི་ཆ་གཏོལ་མེད་ལ། །མཐར་ཐུག་མི་ཤེས་ཐབས་མེད་ཟེར། །ཅི་ཀར་ཅི་ཆིབ་གར་ཅིག་ལ། །ཅི་ལྟར་མཐར་ཕྱིན་གང་ཞིག་ཟེར། །དམུན་པ་ཤོ་བེ་ཤིད་ཟན་ལ། །བླུན་པ་བརྫུན་དང་རོ་ཟན་ཟེར། །ཕྲུ་མ་བརྟུན་པ་སྒོ་འཕར་ལ། །སྒར་དང་བརྩོན་པ་སྒོ་གླེགས་ཟེར། །སྤྱོས་པ་དབྱེ་ཚོང་བསླན་པ་ལ། །བསྡིགས་པ་ཚོང་ཁང་བསྡུས་པ་ཟེར། །རྨེད་མེད་གཡོན་སྤྱོ་རྨེད་པ་ལ། །གཏན་མེད་ཅོ་འདྲི་གསོལ་བ་ཟེར། །སློང་ཕོར་བྲོ་འཚལ་བྱ་མ་རྟར། །ལྷུང་བཟེད་ནད་པ་ཕོ་ཉ་ཟེར། །གཙུག་ལག་བཤད་པ་གོ་རེ་ལ། །སྡེ་སྣོད་བཤད་པ་རྫོགས་པ་ཟེར། །བརླང་པོ་གཞོགས་སྟེགས་ཤུར་བུ་ལ། །རྩུབ་པ་སྒེག་ཆོས་སྐ་རགས་ཟེར། །འཛན་མོ་འཇུད་མཐུན་འཐབ་བཀྲོལ་ལ། །བུད་མེད་སྨད་འཚོང་འཐབ་འཁྲུགས་ཟེར། །པུས་མཁྱུད་བརྔན་པ་འབྲོངས་པ་ལ། །སྒོམ་ཐག་མཆོད་པ་ཉེར་བསྟེན་ཟེར། །གོར་སླར་རོལ་ཡ་མ་བརླར། །བཙོན་ར་ཕྱི་རོལ་མི་བདེན་ཟེར། །གེལ་བ་རེང་བུ་མེ་འགོང་ལ། །ཡལ་ག་རྐྱང་བ་མི་ཞུམ་ཟེར། །ཐན་ཀོར་པོ་ག་རེམ་སྟེས་ལ། །ཉེ་འཁོར་བ་གམ་མ་ལེགས་ཟེར། །སྟེས་དབང་གནའ་བོ་མི་གུ་ལ། །སྟབས་ལེགས་སྔོན་དང་མི་ཞུམ་ཟེར། །གཞའ་ཚོན་རྨོངས་རྟུལ་ཆུ་བྲུབ་ལ། །འཇའ་ཚོན་བླུན་པོ་ཆུ་འཁྲུགས་ཟེར། །གཞའ་གསང་ཕྱལ་འཕྲུལ་དབུ་རྨོག་ལ། །གཡུང་དྲུང་རྣ་རྒྱན་དབུ་འཕང་ཟེར། །འདྲིད་དང་འཕོང་དང་ཉི་ཚེ་ལ། །སླུ་བ་འཕེན་དང་ཕྱོགས་རེ་ཟེར། །གཟོད་མ་རིལ་དང་འཛེག་པ་ལ། །དང་པོ་ཐམས་ཅད་འཕྲད་པ་ཟེར། །གཟུ་ལུམ་ཀློང་དུ་གྱུར་བ་ལ། །རང་བཟོ་དབང་དུ་གྱུར་བ་ཟེར། །གནོད་བ་དོང་དང་འདོད་པ་ལ། །ཉེས་པ་སོང་དང་འགྲོ་བ་ཟེར། །ཇིས་དང་བློད་ཅིང་གཞོག་པ་ལ། །ཇིས་ན་བརྗོད་ཅིང་འཇོག་པ་ཟེར། །ཀོས་ཐག་བཏུང་བཅིལ་གྱིན་དང་ལ། །ཉམ་ཐག་སྦྱངས་པ་རྒྱུ་མེད་ཟེར། །སྔ་མཁོ་བསྙུར་ཏེ་ཁ་སྦོན་ལ། །སྔ་མ་མྱུར་དུ་ཁ་ཏོན་ཟེར། །འོ་ནི་འོན་ཅིག་དབེན་པ་ལ། །འདི་ནི་བྱིན་ཅིག་ཡིད་འོང་ཟེར། །ཉིང་ཏོར་བྱོས་ཤིག་རངས་པ་ལ། །ངེས་པར་གྱིས་ཤིག་དགའ་བདེ་ཟེར། །བྱ་སྐོན་གཉིག་ཏུ་འོང་འགའ་ལ། །བྱ་རྒྱ་གཅིག་ཏུ་རེས་འགའ་ཟེར། །རྒྱ་རྣ་རུ་དང་མཆིས་འབྲང་ལ། །མི་ཚངས་སྤྱོད་དང་ཆུང་མ་ཟེར། །གཞོངས་དང་ནན་ཏུར་ཡུར་ཏེ་ལ། །ལྗོངས་དང་ཆད་ལས་བདེན་ཏེ་ཟེར། །དམས་པ་སླད་བཞེན་འོར་ཅིག་ལ། །ཉམས་པ་ཕྱིར་བཞིན་བོར་ཅིག་ཟེར། །ཡུར་དང་སྦུ་གུ་སྤྲེའུ་ཆུང་ལ། །གཉིད་དང་བུ་ག་འཛག་སྣོད་ཟེར། །བར་ཏ་གཏན་པ་ཀོག་ཚེ་ལ། །སྟན་འབོལ་སྲ་བརྐྱང་རྙི་ཐག་ཟེར། །འཕྱན་པ་གཤོར་བ་པར་ཏང་ལ། །འཁྱམ་པ་རྩུབ་པ་སྟན་ཁྲ་ཟེར། །མདོངས་པ་དམིགས་པུ་ཉེ་རེག་པ། །ལོང་བ་ལོང་འཁྲིད་ཁྲུས་ཞེས་ཟེར། །གཡམ་ལ་ཡལ་གད་སྐོན་བུ་དང་། །ཞར་ལ་རྐང་རྟེན་གཞོང་བུ་ཟེར། །སྐྱོ་དོགས་བགས་ཀྱིས་ནོད་པ་ལ། །འཁྲུགས་པ་རིམ་གྱིས་ལེན་པ་ཟེར། །གཟར་ཐག་ཤུལ་དུ་མད་པ་ལ། །དབྱངས་ཐག་ལམ་དུ་བདེན་པ་ཟེར། །བཀད་ས་བརླམས་པ་སྒྲེ་བོ་ལ། །འདུག་ས་བསྐྱོད་པ་ས་རྗེན་ཟེར། །ཚིག་གུ་ཕྱག་བརྙན་ཕོ་ལོང་ལ། །འབྲས་བུ་འཁོར་དང་དྲུ་གུ་ཟེར། །བར་འགའ་གོར་མ་འཆུམས་པ་ལ། །རེས་འགའ་རྡོ་དང་ཆགས་པ་ཟེར། །མ་ལ་ཚང་ངམ་ གཡར་དམ་ལ། །ཀྱེ་མ་མེ་ཁང ་དམ་བཅའ་ཟེར། །བུས་པ་གཡར་ངོ་སྒེའུ་ཆུང་ལ། །བྱིས་པ་གདོང་དང་འགྲོ་བ་ཟེར། །གཡར་ཁྲལ་གཡར་འདྲེན་གཡར་དམ་ལ། ཁ་ཁྲལ་སྤྱན་འདྲེན་མདུན་དུ་ཟེར། །རྩེན་པ་བླ་གབ་སྨོན་འགྲིམ་ལ། །རྩེ་བ་སྟེང་གཡོགས་གྲོགས་པོ་ཟེར། །ཐོག་ཐོག་རེ་ཟིག་བོན་པ་ལ། །དང་པོ་ཟིན་བྲིས་བཟླས་པ་ཟེར། །ནེའུ་ལྡང་ཀེའུ་ཀུན་དོང་ལ། །ན་ཟླ་རི་སྒོག་བཙོང་ཞེས་ཟེར། །མི་ངས་སྦལ་དུ་བཙུམ་པ་ལ། །མི་ནད་དོང་དུ་འོ་བྱེད་ཟེར། །ཞལ་ཚུན་ལྡུམ་བུ་འཁོས་ཕབ་ལ། །ཞལ་ཟས་ཤིང་ཏོག་ལོགས་བཞག་ཟེར། །ཕྱོགས་དང་བགྲོས་པ་མོལ་བ་ལ། ཁྲི་དང་གླེང་བ་གྲོས་པ་ཟེར། །བསྟང་བ་མི་འགོང་དགྱེལ་ཆེ་ལ། །གྲོགས་དང་མི་སྐྲག་ཁོངས་ཡངས་ཟེར། །བསྒྲུབ་པ་སྒྲུན་པ་འཇུངས་པ་ལས། །བསྐྱེད་པ་འགྲན་པ་ཆགས་པ་ཟེར། །གདུགས་དང་རྟུལ་ཕོད་རླམ་ཁྱེར་ལ། །ཉིན་མོ་དཔའ་བ་ཧམ་ཁྱེར་ཟེར། །མ་རྟབས་ཕྱང་དེ་དོན་མཐུན་ལ། །མ་ཚབ་འཇོལ་ལེ་ཚོང་བ་ཟེར། །ལ་གཅན་པ་དང་ཤོ་གམ་ལ། །ལ་ཚུགས་པ་དང་གྲུ་ཚུགས་ཟེར། །བཟླུམས་པ་ཆུ་ལོན་ཀ་ཅ་ལ། །བསྡུས་པ་ཆུ་རགས་དངོས་པོ་ཟེར། །གཞེས་པ་ཉེ་ཞོ་མེད་པ་ལ། །བཞུགས་པ་སྐྱོན་སོགས་མེད་ཅེས་ཟེར། །དེ་ལ་སོགས་པ་ཆེས་མང་ཡང་། །མཐའ་དག་སུ་ཞིག་བརྗོད་པར་ནུས། །ཆ་ཙམ་དབུས་པ་བློ་གསལ་དང་། །སྐྱོགས་སྟོན་ལ་སོགས་མཁས་པ་ཡི། །མན་ངག་དག་ལ་བརྟེན་ནས་ནི། །ལེགས་པར་བཤད་པའི་རྣམ་དཀར་དགེས། །འགྲོ་རྣམས་རྨོངས་པའི་སྒྲིབ་བྲལ་ནས། །ཀུན་མཁྱེན་ཡེ་ཤེས་ཐོབ་གྱུར་ཅིག །ཅེས་སྙན་ངག་མངོན་བརྗོད་བརྡའི་ཁྱད་པར་མདོར་བསྡུས་པ་འདི་ཡང་། བསྟན་པའི་མངའ་བདག་ཀོའུ་ཤྲི་ཡེས་ཞལ་སྔ་ནས་རང་ཉིད་ཀྱིས་ཚུལ་འདི་དག་ལ་ལེགས་པར་སྦྱངས་པ་སྔོན་དུ་བཏང་བའི་ཚེ། འདི་གསུམ་གྱི་རྣམ་གཞག་ཅུང་ཟད་ཅིག་བྲིས་ན། ཕྱོགས་འདིར་དོན་གཉེར་ཅན་རེ་གཉིས་ལ་ཕན་སྲིད་ཅེས་བཀས་བསྐུལ་ཞིང་། གཞན་གྱིས་ཀྱང་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཡར་ཁྲལ་ཙམ་དུ་བྲིས་པ་སྟེ། འོན་ཀྱང་། གཟུ་བོར་གནས་པའི་དད་ལྡན་གྱིས། །ལེགས་བཤད་མཐོང་ན་མགུ་མོད་ཀྱི། །ཕྱོགས་ལྷུང་ཅན་གྱི་སྐྱེ་བོ་ལ། །ཡིད་ཀྱི་ཚེར་མར་འགྱུར་ཡང་སྲིད། །གླ་རྩིས་དུག་ནི་སེལ་བྱེད་ཀྱང་། །དུག་སྦྲུལ་གྱིས་ནི་འདོད་དམ་ཅི། །ཞེས་ཀྱང་སྨྲས་སོ། །བཀྲ་ཤིས།། །།


previousསྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོགnext