Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of དཀོན་མཆོག་དཔལ་སྒྲོན་
[Clear Hits]


  
 
འདུས་པའི་རྩ་རྒྱུད་ཀྱི་ཊིཀྐ་རྒྱ་མཚོའི་ཆ་ཤས་འཇུག་ངོགས་བདེ་བའི་ལམ་བཟང་སྙིང་པོ་བསྡུས་པའི་ཆུ་ཀླུང་བློ་གསལ་གདུང་བ་འཕྲོག


1 occurrence of དཀོན་མཆོག་དཔལ་སྒྲོན་
[Clear Hits]

 
previousའདུས་པའི་རྩ་རྒྱུད་ཀྱི་ཊིཀྐ་རྒྱ་མཚོའི་ཆ་ཤས་འཇུག་ངོགས་བདེ་བའི་ལམ་བཟང་སྙིང་པོ་བསྡུས་པའི་ཆུ་ཀླུང་བློ་གསལ་གདུང་བ་འཕྲོགno next

འདུས་པའི་རྩ་རྒྱུད་ཀྱི་ཊིཀྐ་རྒྱ་མཚོའི་ཆ་ཤས་འཇུག་ངོགས་བདེ་བའི་ལམ་བཟང་སྙིང་པོ་བསྡུས་པའི་ཆུ་ཀླུང་བློ་གསལ་གདུང་བ་འཕྲོག

འདུས་པའི་རྩ་རྒྱུད་ཀྱི་ཊིཀྐ་རྒྱ་མཚོའི་ཆ་ཤས་འཇུག་ངོགས་བདེ་བའི་ལམ་བཟང་སྙིང་པོ་བསྡུས་པའི་ཆུ་ཀླུང་བློ་གསལ་གདུང་བ་འཕྲོག་བྱེད་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ། དོན་དམ་སྒྲིབ་བྲལ་ལྷན་སྐྱེས་བདེ་ཆེན་དང་། ཀུན་རྫོབ་འཇའ་ལུས་རྡོ་རྗེའི་སྐུ་རྣམ་གཉིས། །དབྱེར་མེད་ཟུང་འཇུག་རིགས་བརྒྱའི་ཁྱབ་བདག་ཆེ། །བླ་མ་རྡོ་རྗེ་་འཆང་ཞབས་པད་ལ་འདུད། །རྒྱུད་རྒྱལ་སྡུད་མཛད་གསང་བདག་རྡོ་རྗེ་འཛིན། །ལམ་འདི་གསལ་མཛད་ཀླུ་སྒྲུབ་ཟླ་བ་གྲགས། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་ལ། །གུས་པས་བཏུད་ནས་རྒྱུད་ཊིཀ་ཕྱོགས་ཙམ་བྲིས། །དེ་ཡང་འདུས་པའི་རྩ་རྒྱུད་འགྲེལ་བ་དང་བཅས་པའི་དོན་རྗེ་ཉིད་ཀྱིས་གསལ་བར་མཛད་པའི་རྗེས་སུ་འབྲང་སྟེ། དགོངས་པ་འགྲེལ་བ་པ་བདག་ཉིད་ཀྱི་སྐལ་བའི་དབང་དུ་བྱས་ནས། རྒྱུད་ཀྱི་བསྡུས་དོན་བཤད་ཐབས་དང་བཅས་པ་ཞིག་བདག་གིས་ཀྱང་ལོགས་སུ་བཀོད་ཟིན་པས་འདིར་མི་འབྲི་ལ། གཞུང་ཉུང་བ་དང་གོ་བདེ་བའི་ཆེད་དུ་འགྲེལ་བ་མཆན་བུ་དང་བཅས་པའི་དོན་གྱི་སྙིང་པོ་བསྡུས་ནས་རྩ་རྒྱུད་ཀྱི་དོ་འཆད་པ་ལ་འཇུག་པར་བྱ་སྟེ། འདི་ལ་བཞི། མཚན་གྱི་དོན། གྱུར་གྱི་ཕྱག །གཞུང གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྒྱུར་བ་དང་། མཚན་གྱི་དོན་ནོ། དང་པོ་ནི། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ་ཞེས་བྱ་ལ། དེ་ཉིད་བོད་སྐད་དུ་བསྒྱུར་ན། དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བར་འགྱུར་ཏེ། ཤྲཱི་ནི་་དཔལ། གུ་ཧྱ་ནི་གསང་བ། ས་མཱ་ཛ་ནི་འདུས་པ། མ་ཧཱ་ནི་ཆེན་པོ། ཏནྟྲ་ནི་རྒྱུད། རཱ་ཛ་ནི་རྒྱལ་པོ། །ན་མ་ནི་ཞེས་བྱ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། དཔལ་ནི་རྒྱུད་དོན་ཕུན་སུམ་ཚོགས་པའོ། །གསང་བ་དང་འདུས་པ་ལ་འོག་ནས་ཚུལ་བཞིར་འཆད་དེ་དེ་ཡང་མཐའ་གཅོད་ལྟར་ན། གསང་བ་འདུས་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ཚོགས་པ་སྟེ་ཡིག་དོན། ཡི་གེ་གསུམ་ལས་རྡོ་རྗེ་དང་དེ་རྡོ་རྗེ་འཆང་དུ་གྱུར་ཏེ་རིག་མ་དང་ལྷན་ཅིག་རྡོ་རྗེ་དང་པདྨ་སྦྱོར་བ་ནི་སྤྱི་དོན། སེམས་དབེན་གྱི་སྣང་བ་གསུམ་རླུང་དང་བཅས་པ་ལས་སྒྱུ་མའི་སྐུར་ལངས་པ་ནི་སྦས་དོན། འོད་གསལ་་དང་སྒྱུ་ལུས་གཉིས་ཟུང་དུ་འཇུག་པ་ནི་མཐར་ཐུག་གི་གསང་བ་འདུས་པའོ། །རྒྱུད་ཀྱི་དོན་ནི་རྒྱུན་ཆགས་པ་ཡིན་ལ། དེ་ལ་དབྱེ་ན་རྗོད་བྱེད་ཚིག་གི་རྒྱུད་དང་། བརྗོད་བྱ་དོན་གྱི་རྒྱུད་གཉིས་སོ། །ཕྱི་མ་ལ་རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དང་གསུམ་ཡོད་པའི་དང་པོ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་དང་དེའི་ཆོས་ཉིད་ལྟ་བུ། གཉིས་པ་ནི་རིམ་གཉིས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལྟ་བུ། གསུམ་པ་ནི་མི་སློབ་པའི་ཟུང་འཇུག་ལྟ་བུ་སྟེ། འདིར་ནི་དེ་གསུམ་བརྗོད་བྱར་སྟོན་པའི་རྗོད་བྱེད་ཀྱི་གཞུང་ལ་རྒྱུད་ཅེས་བརྗོད་པ་ཡིན་ནོ། །གཉིས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། ཟུང་འཇུག་གི་ཡེ་ཤེས་ཀྱི་དཔལ་རང་གི་ངོ་བོར་ལྡན་ཞིང་། རྡོ་རྗེ་ཡུལ་སྟོང་བ་ཉིད་དང་། སེམས་དཔའ་་ཡུལ་ཅན་ལྷན་སྐྱེས་ཀྱི་ཡེ་ཤེས་གཉིས་ངོ་བོ་རོ་གཅིག་ཏུ་ཞུགས་པ་དེ་ལ་ཕྱག་འཚལ་བ་ནི་འདུད་པའོ། །གསུམ་པ་ནི། ལེའུ་དང་པོས་རྒྱུད་དོན་མདོར་བསྟན་ནས་ལྷག་མ་བཅུ་དྲུག་གིས་རྒྱས་པར་འཆད་ཅིང་། དེ་ཡང་གོ་རིམ་མཐར་ཆགས་སུ་བཀོད་ན་ལེའུ་བཅུ་བདུན་གྱི་དང་པོ་འདི་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་དོན་ནོ། །དང་པོ་ལ་གཉིས། དངོས་དང་། དོན་བསྡུས་པའོ། །དང་པོ་ལ་ལྔ། གླེང་གཞིའི་དོན་བཤད་པ། གཟུངས་དཀྱིལ། བསྡུས་དཀྱིལ། དེ་དག་གི་ཆེད་བརྗོད། ཕྱུང་བའི་དབང་གི་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ནས ནམ་མཁའི་དབྱིངས་ཐམས་ཅད་ཤིན་ཏུ་གང་བར་སྣང་བར་གྱུར་ཏོ། །ཞེས་པའི་བར་ཏེ། འདི་ལ་གཉིས། སྟོན་པ་དང་དུས་དང་གནས་ཕུན་སུམ་ཚོགས་པ་ཚུལ་བཞིར་བཤད། འཁོར་ཕུན་སུམ་ཚོགས་པ་དྲང་ངེས་ཀྱིས་བཤད་པའོ། །དང་པོ་ནི། འདི་སྐད་ནས། བྷ་ག་ལ་བཞུགས་སོའི་བར་ཏེ། འདི་ལ་བཞི། ཡིག་དོན། སྤྱི་དོན། སྤས་དོན། མཐར་ཐུག་གི་དོན་ནོ། །དང་པོ་ནི། རྒྱུད་ཀྱི་ཚིག་དོན་འདི་སྐད་དུ་སྡུས་པ་པོ་ཕྱག་རྡོར་བདག་གིས་སྟོན་པ་ལས་ཐོས་པའི་དུས་གཅིག་གི་ཚེ་ན། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཅན། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད། རྡོ་རྗེ་བཙུན་མོ་སྟེ་ཡུལ་སྟོང་པ་ཉིད་ཡིན་ལ། དེ་ཉིད་བྷ་ག་ཡང་ཡིན་ཞིང་ཡུལ་སྟོང་པ་ཉིད་ལ་དམིགས་པ་ནི་བྷ་ག་ལ་བཞུགས་པའི་དོན་་དང་། དེ་མཚོན་པའི་ཕྱིར་བྷ་གའི་དབྱིབས་ཅན་གྱི་ཆོས་འབྱུང་དུ་བཞུགས་སོ། །དེ་ཉིད་རྗེས་འཇུག་གི་ཉམས་ལེན་དང་སྦྱར་ན་བསྐྱེད་རིམ་གྱི་སྐབས་སུ་མངོན་བྱང་ལྔ་ལས་དང་པོའི་མགོན་པོར་བསྐྱེད་པ་གཞལ་ཡས་ཁང་དུ་བཞུགས་པར་སྟོན་ནོ། །གཉིས་པ་སྤྱིའི་དོན་ནི། འདི་སྐད་ཀྱི་སྐད་དོད་ཨེ་ཝཾ་གཉིས་ཀྱི་ཨེས་ཤེས་རབ་ཀྱི་ཡི་གེ་དབྱངས་བཅུ་དྲུག་དང་། ཝས་ཐབས་ཀྱི་ཡི་གེ་གསལ་བྱེད་སོ་གསུམ་དང་། ཐིག་ལེ་དེ་གཉིས་མཉམ་པར་སྦྱོར་བ་མཚོན་ཏེ། དེ་ནི་དབྱངས་ཡིག་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་ནས་མིང་ཚིག་ཤོ་ལོ་ཀ་སོགས་དང་བཀའ་བསྟན་བཅོས་སོགས་འགྲུབ་པར་འགྱུར་བར་མཚོན་པའི་དོན་ཏེ། སྔགས་དང་ཕར་ཕྱིན་གཉིས་ཀའི་སྤྱི་དོན་ནོ། །ཨེ་ཡིག་གྲུ་གསུམ་གྱི་ཕྱག་རྒྱའི་པདྨ་དང་། ཝ་ཡིག་ཟླུམ་པོས་ཡབ་ཀྱི་རྡོ་རྗེ་་དང་། ཐིག་ལེས་དེ་གཉིས་མཉམ་པར་སྦྱོར་བར་མཚོན་ཏེ། འདི་ལ་ནི་གཞི་དང་བསྐྱེད་རིམ་གྱི་སྐབས་གཉིས་སོ། །ཡང་། ཨེས་རྣམ་ཐར་སྒོ་གསུམ་གྱི་ངོ་བོར་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། ཝས་ལྷན་སྐྱེས་ཀྱི་བདེ་བ་དང་། ཐིག་ལེས་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་མཚོན་ཏེ། དེ་གཉིས་རིམ་གཉིས་ཀྱི་སྤྱི་དོན་ནོ། །གསུམ་པ་སྦས་པ་ལ་གསུམ་ལས་འདོད་ཆགས་ཆོས་སྦས་ནི། །ཨེ་ཝཾ་གྱི་རིམ་གཉིས་ཀྱི་རྣལ་འབྱོར་ཕོ་མོའི་རྡོ་རྗེ་དང་པདྨ་སྦྱར་ནས་བདེ་ཆེན་འདྲེན་པ་མཚོན། སྣང་བ་སེམས་སྦས་ནི། དེ་ལ་བརྟེན་ནས་སྣང་བ་གསུམ་གྱི་ཡེ་ཤེས་བསྐྱེད་པ་མཚོན། ཀུན་རྫོབ་སྒྱུ་སྦས་ནི། སེམས་དབེན་གྱི་སྣང་བ་གསུམ་ལས་སྒྱུ་མའི་ལུས་བསྐྱེད་པ་དེ་མཚོན་ནོ། །བཞི་པ་མཐར་ཐུག་གི་དོན་ནི། ཨེས་དོན་གྱི་་འོད་གསལ་དང་། ཝས་དག་པའི་སྒྱུ་ལུས་དང་། ཐིག་ལེས་དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་དེ་མཚོན་ནོ། མདོར་ན་འདི་སྐད་བདག་གི་ནས་བཞུགས་སོ་ཞེས་པའི་བར་ལ་རྒྱ་སྐད་དུ། ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་ཨེ་ཀ་སྨིན་ས་མ་ཡེ་བྷ་ག་ཝཱ་ན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིད་ཏ་ཧྲྀད་ཡ་བཛྲ་ཡོ་ཥིད་བྷ་གེ་ཥུ་བི་ཛ་ཧཱ་ར་སྟེ་ཡི་གེ་བཞི་བཅུ་འབྱུང་བའི་དོན་རྒྱས་པར་ནི་འགྲེལ་པ་ལས་གསལ་བ་ལྟར་ཡིན་ལ། འདིར་དེ་རྣམས་བོད་སྐད་་དུ་འབྱུང་བའི་དོན་བསྡུ་ན། འདི་སྐད་ཀྱི་དོན་ནི་བཤད་ཟིན་ལ། བདག་གིས་ཐོས་པ་སོགས་ཀྱི་དོན་སྐད་དོད་ཀྱི་སྟེང་དུ་བཤད་པ་རྣམས་དྲང་ངེས་གཉིས་སུ་བསྡུས་ན་འདི་ལྟར་ཡིན་ཏེ། བདག་གིས་ཞེས་པས་རྒྱུད་ཀྱི་སྟོན་པ་དང་སྡུད་པ་པོ་རྒྱུད་ཐ་དད་དུ་སྟོན་པ་དྲང་དོན་དང་ཐ་མི་དད་དུ་སྟོན་པ་ངེས་དོན་ནོ། །ཐོས་མཁན་སྡུད་པ་པོ་ལ་སྦྱར་བ་དྲང་དོན་དང་སྒྲུབ་པ་པོ་ལ་སྦྱོར་བ་ངེས་དོན་ནོ། །ཐོས་པའི་དོན་རྒྱུད་ཀྱི་གཞུང་་ཐོས་པ་དྲང་དོན་དང་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐིག་ལེ་ལས་དཀྱིལ་འཁོར་གྱི་ལྷ་བསྐྱེད་ཚུལ་སྟོན་པ་ངེས་དོན་ནོ། །དུས་གཅིག་ན་ཞེས་པ་རྒྱུད་ཐོས་པའི་དུས་དང་སྦྱར་བ་དྲང་དོན་དང་ཡབ་ཡུམ་སྙོམས་འཇུག་གི་དུས་དང་ཐིག་ལེ་དབྱུང་བའི་དུས་དང་སྦྱོར་བ་ངེས་དོན་ནོ། །རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་པ་་ཡུལ་སྟོང་བ་ཉིད་ཀྱི་མཚོན་བྱེད་ཆོས་འབྱུང་དུ་བཞུགས་པ་དྲང་དོན་དང་ཕྱག་རྒྱ་གཉིས་ཀྱི་པདྨར་རོལ་བ་ནི་ངེས་དོན་ནོ། །གཉིས་པ་འཁོར་ཕུན་ཚོགས་ནི། བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱི་མི་ལང་བའི་ནས། ཤིན་ཏུ་གང་བར་སྣང་བར་གྱུར་ཏོའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། དང་པོ་ནི། བརྗོད་ཀྱི་མི་ལང་བའི་ཡང་ཞེས་པའི་སྔ་མ་ནི་འཁོར་གྲངས་མེད་པ་སྟེ་གཞན་གྱིས་གྲངས་ཀྱིས་མི་ཆོད་པ་དང་། བརྗོད་ཀྱིས་མི་ལང་བའི་ཕྱི་མ་ནི་དེ་རྣམས་ཀྱི་ཡོན་ཏན་གྱི་ཚད་འདི་ཙམ་ཞེས་ཚིག་གི་སྤྱོད་་ཡུལ་ལས་འདས་པའི་དོན་ནོ། །སངས་རྒྱས་ཀྱི་ཞིང་གི་རྡུལ་རགས་པར་མ་ཟད་རྡུལ་ཕྲ་རབ་ཇི་སྙེད་ཀྱི་གྲངས་ཚད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་དཔག་ཏུ་མེད་པས་བསྐོར་ཞིང་། རང་་དོན་ཆོས་སྐུ་ཐོབ་པར་སེམས་པས་ན་བྱང་ཆུབ་སེམས་དཔའ་དང་། དེ་ཡང་གཞན་གྱི་དོན་དུ་ཡིན་ཞིང་གཟུགས་ཀྱི་སྐུ་ཐོབ་པར་སེམས་པས་ན་སེམས་དཔའ་ཆེན་པོ་སྟེ། དེ་ནི་འོག་མ་ཐམས་ཅད་ལའང་སྦྱོར། འཁོར་དེ་རྣམས་ཀྱི་ནང་ནས་དཀྱིལ་འཁོར་ལ་འགོད་བྱའི་ལྷ་ནི། འདི་ལྟ་སྟེ་ཞེས་པ་མཚམས་སྦྱར་བ་སྟེ། དམ་ཚིག་རྡོ་རྗེ་ནི་དོན་གྲུབ་ཀྱི་རིགས་ཅན་སྒྲིབ་སེལ་དང་། སྐུ་རྡོ་རྗེ་ནི་རྣམ་སྣང་གི་རིགས་ཅན་ས་སྙིང་དང་། གསུང་རྡོ་རྗེ་ནི་འོད་དཔག་མེད་ཀྱི་རིགས་ཅན་འཇིག་རྟེན་དབང་ཕྱུག་དང་། ཐུགས་རྡོ་རྗེ་ནི་མི་བསྐྱོད་པའི་རིགས་ཅན་ཕྱག་རྡོར་དང་། ཏིང་ངེ་འཛིན་རྡོ་རྗེ་ནི་རིན་འབྱུང་གི་རིགས་ཅན་ནམ་སྙིང་དང་། རྒྱལ་བ་རྡོ་རྗེ་ནི་རྣམ་སྣང་གི་རིགས་ཅན་བྱམས་པ་དང་། ས་རྡོ་རྗེ་ནི་ས་ཁམས་སྤྱན་མ་དང་། ཆུ་རྡོ་རྗེ་ནི་ཆུ་མ་མཱ་ཀི་དང་། མེ་རྡོ་རྗེ་ནི་མེ་གོས་དཀར་དང་། རླུང་རྡོ་རྗེ་ནི་རླུང་དམ་ཚིག་སྒྲོལ་མ་དང་། ནམ་མཁའ་རྡོ་རྗེ་ནི་འཇམ་དཔལ་དང་། དེ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མ་ལྔ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ནི་ཀུན་ཏུ་བཟང་བོའོ། །དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གྲངས་ཚད་འདི་ཙམ་ཞེས་མཐའ་རྫོགས་པར་བརྗོད་ཀྱིས་མི་ལང་བ་སོགས་དང་ཡང་ལྷན་ཅིག་ཏུ་བཞུགས་ཤིང་། དེར་མ་ཟད་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་། དེ་བཞིན་དུ་རྡོ་རྗེ་རྣམ་པར་སྣང་མཛད་དང་། རྡོ་རྗེ་རིན་ཆེན་དཔལ་དང་། རྡོ་རྗེ་འོད་དཔག་ཏུ་མེད་པ་དང་། རྡོ་རྗེ་གདོན་མི་ཟ་བ་དང་། དེ་དག་ལ་སོགས་པ་ནམ་མཁའི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་པ་ནི་དཔེར་བརྗོད་ན་འདི་ལྟ་སྟེ། དཔེར་ན། ཏིལ་གྱི་གང་བུ་གཅིག་ལ་གཅིག་བཅེར་བའི་ཚུལ་གྱིས་གནས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ནམ་མཁའི་དབྱིངས་ཐམས་ཅད་ཤིན་ཏུ་ཁྱབ་ཅིང་གང་བར་སྣང་བར་གྱུར་ཏོ། །གཉིས་པ་ངེས་དོན་ནི། སྔོན་བྱུང་ལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་རྒྱུད་ཐ་དད་པ་ལྟར་སྟོན་པ་ནི་དྲང་དོན་ཡིན་ལ། གཙོ་འཁོར་ཐམས་ཅད་རྒྱུད་གཅིག་ཏུ་སྟོན་པ་ནི་ངེས་པའི་དོན་ཡིན་ཏེ། འཁོར་རྣམས་གཙོ་བོའི་སྐུའི་ཆ་ཤས་ལས་གྲུབ་པའི་ཕྱིར་རོ། །སྔོན་བྱུང་དུ་མ་ཟད། རྗེས་འཇུག་གི་སྐབས་སུ་རིམ་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ལའང་དྲང་ངེས་གཉིས་ཀྱི་བཤད་པ་བྱ་དགོས་ཏེ། བསྐྱེད་རིམ་གྱི་སྐབས་སུ་ལྷ་མོས་པ་ཡིད་བྱེད་ཀྱིས་བསྒོམ་པས་དྲང་དོན་དང་། རྫོགས་རིམ་གྱི་ཚེ་དངོས་གནས་ལ་བསྐྱེད་པ་ནི་ངེས་དོན་་ཡིན་པའི་ཕྱིར་རོ། །གཉིས་པ་གཟུངས་དཀྱིལ་འཆད་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོས་ནས། རེག་གི་ངོ་བོ་ལྟ་བུ་དེར་ཡང་དག་པར་གནས་པར་གྱུར་ཏོའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། །ངེས་དོན་ནོ། །དང་པོ་ནི། དེ་ནས་སོགས་ལས་འདིར་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ནི་རྡོ་རྗེ་འ ཆད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟེན་པར་གནང་པའི་འདོད་ཆགས་ཆེན་པོའི་ཚུལ་ནི་རིག་མའི་འདོད་ཡོན་ལ་ལོངས་སྤྱོད་པའི་འདོད་ཆགས་ཆེན་པོའི་ཚུལ་ཏེ། དེ་ཉིད་བཤད་པར་བྱའོ་སྙམ་དུ་རྩེ་གཅིག་ཏུ་དགོངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། འཁོར་གྱི་དེ་བཞིན་གཤེགས་པའི་བཀོད་པ་དེ་དག་ཐམས་ཅད་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དྲངས་ཏེ། རྡོ་རྗེེ་འཆང་རང་ཉིད་ཀྱི་སྐུའི་ཕུང་པོ་དང་ཁམས་དང་དབང་པོ་དང་ཡུལ་དང་་ཡན་ལག་གི་ངོ་བོར་ཞུགས་པར་མཛད་དོ། །དེ་ནས་སྐུ་ལ་ཞུགས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་དེ་ཉིད་ལྷན་སྐྱེས་ཀྱི་དགའ་བས་ཐུགས་ཡོངས་སུ་མཉེས་པར་བྱ་བའི་ཕྱིར། རྣམ་སྣང་སོགས་རང་ཉིད་ཀྱི་སྐྱེས་པའི་སྐུ་སྦས་ཏེ་བུད་མེད་ལྷ་མོའི་ལུས་སུ་མངོན་པར་སྦྲུལ་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ། །བྱུང་བ་དེ་ལ། ལ་ལ་ནི་སྟེ་རྣམས་སྣང་ནི་སངས་རྒྱས་སྤྱན་མ་ལྟ་བུའི་རྣམ་པར་སྤྲུལ། དེ་བཞིན་དུ་རིན་འབྱུང་ནི་མ་མཱ་གི །སྣང་མཐའ་ནི་གོས་དཀར་མོ། །དོན་གྲུབ་ནི་དམ་ཚིག་སྒྲོལ་མ་ལྟ་བུའི་རྣམ་པར་སྤྲུལ་ལ། ཡང་། རྣམ་སྣང་ནི་གཟུགས་རྡོ་རྗེ་མའི་ངོ་བོ་ལྟ་བུ། རིན་འབྱུང་ནི་སྒྲ་རྡོ་རྗེ་མ། སྣང་མཐའ་ནི་དྲི་རྡོ་རྗེ་མ། དོན་གྲུབ་ནི་རོ་རྡོ་རྗེ་མ། མི་བསྐྱོད་པ་ནི་རེག་བྱ་རྡོ་རྗེ་མའི་ངོ་བོ་ལྟ་བུའི་རྣམ་པར་སྤྲུལ་ཏེ་གནས་པར་གྱུར་ཏོ། །རྗེས་འཇུག་དང་སྦྱར་ན་རྣམ་སྣང་ནི་བསྐྱེེད་རིམ་གྱིས་སྒྲུབ་པ་པོ་དང་ལྷ་མོ་ནི་དེའི་ཕྱག་རྒྱ་གཉིས་གང་རུང་དང་སྦྱོར་ཞིང་། འདོད་ཆགས་ཆེན་པོ་ནི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་བདེ་ཆེན་བསྐྱེད་པ་དང་སྦྱོར། །གཉིས་པ་ངེས་དོན་ལ་འདོད་ཆགས་ཆེན་པོ་ནི་་འོད་གསལ། དེའི་ཚུལ་ནི་སྣང་མཆེད་ཐོབ་གསུམ་སྟེ། དེ་ཉིད་བཤད་པར་བྱའོ་སྙམ་དུ་དགོངས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་ནས་འཁོར་གྱི་དེ་བཞིན་གཤེགས་པའི་བཀོད་པ་་དེ་ཕྱི་རོལ་གྱི་འཁོར་དུ་དམིགས་པའི་སྣང་ཞེན་སྤངས་ཏེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ལས་བསྒྲུབས་པའི་བདག་ཉིད་དུ་ང་རྒྱལ་བྱའོ་ཞེས་གདུལ་བྱ་ལ་བསྟན་པར་བྱ་བའི་ཕྱིར་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ། །འདིར་རྣམ་སྣང་ནི་རྫོགས་རིམ་གྱི་སྒྲུབ་པ་པོ་སྟེ། དེས་རང་གི་ཕྱག་རྒྱ་ལྷ་མོ་དགུ་པོ་གང་རུང་དུ་བསྐྱེད་དེ་མཉམ་པར་སྦྱར་ནས་རླུང་ཐམས་ཅད་སྙིང་གི་མི་ཤིག་པ་ལ་ཐིམ་པ་ལས་སྣང་བ་གསུམ་དང་་འོད་གསལ་གྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི། སྐུ་གསུང་ཐུགས་ཀྱི་བདག་པོ་ཡོངས་སུ་མཉེས་པའི་དོན་ནོ། ཡང་ནང་གི་ཐབས་ནི་ཁྱབ་བྱེད་མ་གཏོགས་པའི་ལྷ་མོ་དགུའི་མིང་ཅན་གྱི་རྩ་བ་དང་ཡན་ལག་གི་རླུང་ལ་རྡོར་བཟླས་བྱས་པ་ལས་ལུང་ཐིམ་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་བ་ནི་ཡོངས་སུ་མཉེས་པའི་དོན་ནོ། གཟུངས་དཀྱིལ་གྱི་དོན་ནི། རིགས་མ་ལ་གཟུངས་མ་ཞེས་ཟེར་ནས་འདིར་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་ཐབས་རིག་མའི་མཚོན་བྱེད་ལྷ་མོ་དགུ་སྤྲུལ་བའི་དཀྱིལ་འཁོར་ལ་གཟུགས་དཀྱིལ་ཞེས་བཏགས་པ་འདྲ་སྟེ། ཆག་གིས་གཟུངས་མའི་དཀྱིལ་འཁོར་དུའང་བསྒྱུར་རོ། །གསུམ་པ་བསྡུས་དཀྱིལ་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་ཞུགས་སོའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། དང་པོ་ནི། དེ་ནས་སོགས་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་པའི་དོན་སྔར་བཤད་ཟིན་ཅིང་། ཆོས་འབྱུང་དེར་ཆུད་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་གི་དཀྱིལ་འཁོར་རོ། །རྡུལ་མེད་པ་ནི་དྲི་མ་དང་བྲལ་བའོ། །གྲུ་བཞི་པ་ནི་དཀྱིལ་འཁོར་གྱི་དབྱིབས་སོ། །བྱིན་གྱི་བརླབས་པ་ནི་སྤྲུལ་པའོ། །གསལ་བ་དེ་ཡི་ངོ་བོ་ཉིད་ནི་ཕྱི་བལྟས་ནང་དང་ནང་བལྟས་ཕྱི་གསལ་བའོ། །སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས་ནི་ཤར་དཀར་བ་ལ་སོགས་པའི་ཁ་དོག་སྣ་ཚོགས་པའོ། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་ནི་ལྷག་མོས་མ་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཞི་བས་ཁྱབ་པའོ། །འོད་ཟེར་འཕྲོོ་བ་མང་པོ་འཁྲུགས་ནི་ཁྲོ་བོ་རྣམས་དང་གཞལ་ཡས་ཁང་ལས་འོད་ཟེར་འཕྲོ་བའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྔ་ནི། གསལ་བ་སྟེ་ཟླ་བ་དང་ཉི་མ་་དང་རིན་པོ་ཆེ་ལ་སོགས་པའི་གདན་ནོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ནི། དེ་ལྟ་བུའི་དཀྱིལ་འ ཁོར་དེ་ནི་ལྷ་སོ་གཉིས་བཞུགས་པའི་གནས་ཡིན་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་དེ་ཉིད། སྔར་སྤྲུལ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག་པ་སྟེ་བཞུགས་སོ། །དེ་རྣམས་ནི་རྗེས་འཇུག་ལ་ལྷ་གཡོས་ཀྱི་རྟེན་བརྟེན་པ་བསྐྱེད་ཚུལ་དང་སྦྱོར་བ་ཡིན་ལ། འདིར་རྒྱུད་ཀྱི་སྟོན་པས་དཀྱིལ་འཁོར་མི་སྦྲུལ་བར་མི་བསྐྱོད་པས་སྦྲུལ་བ་ནི། མི་བསྐྱོད་པའི་རིགས་སམ་རྡོ་རྗེའི་རིགས་ནི་བླ་མེད་ཀྱི་སྐབས་འདིར་རིགས་མཆོག་ཏུ་བསྒྲུབ་པའི་ཆེད་དོ། །དེ་ནས་དེ་བཞིན་གཤེག་པ་མི་བསྐྱོད་པ་རིན་འབྱུང་ཚེ་དཔག་མེད་དོན་གྲུབ་རྣམ་སྣང་སྟེ་རིགས་ལྔ་དང་། དེས་བསྡུས་པའི་འཁོར་གྱི་ལྷག་མོས་ཀྱི་ལྷ་རྣམས་ནི། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་འཆང་གི་ཐུགས་ཏེ་སྤྱི་བོ་ལ་སོགས་གནས་རྣམས་སུ་ཞུགས་པར་གྱུར་ཏོ་ཞེས་པ་རྗེས་འཇུག་ལ་ལྷག་མོས་ཀྱི་ལྷ་ལུས་ལ་བསྡུ་བའི་ཚུལ་སྟོན་པའོ། །གཉིས་པ་ངེས་དོན་ནི། བསྡུས་དཀྱིལ་སྤྲུལ་མཁན་གྱི་མི་བསྐྱོད་པ་ནི། ཕྱག་རྒྱ་གཉིས་དང་རྡོར་བཟླས་ཀྱིིས་དྲངས་པའི་སྟོང་བ་བཞིའི་རླུང་སེམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྲུབ་པ་པོའི་ཕུང་བོ་ལྔ། །སྐུ་གསུང་ཐུགས་ནི་ལུས་ངག་ཡིད་གསུམ། རྡོ་རྗེ་བཙུན་མོའི་བྷ་ག་ནི་འོད་གསལ་གྱི་ཡེ་ཤེས། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནི་སྒྱུ་ལུས། བྱིན་གྱིས་བརླབས་པ་ནི་དེར་ལངས་པའོ། །སྐུ་དེ་ནི་འོད་གསལ་བ་དང་འོད་ཟེར་སྣ་ཚོགས་འཕྲོ་བ། སངས་རྒྱས་ཀུན་གྱི་བདག་ཉིད་རྡོ་རྗེ་འཆང་གི་རྣམ་པ་ཅན་ཡིན་པས་ན་སངས་རྒྱས་སྤྲིན་གྱིས་ཁྱབ་པ། སྐུ་ལས་འོད་ཟེར་མང་པོ་རབ་ཏུ་འཕྲོ་བ། གསལ་བ་སྣང་བ་ཉི་མ་མཆེད་པ། པདྨ་ཉེར་ཐོབ་གསུམ་ལས་བྱུང་བས་ན་གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་པ། སྒྱུ་ལུས་་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་འབྱུང་གནས་སམ་གཞི་དོན་གྱི་འོད་གསལ་དུ་ཞུགས་པར་གྱུར་པའོ། །ཡང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། ནས། བཞག་པར་གྱུར་ཏོའི་བར་གྱིས་སྒྱུ་ལུས་དེ་་འོད་གསལ་དུ་ཞུགས་པ་ལས་སླར་དེ་བཞིན་གསེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞག་པ་ནི། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་སྐུར་བཞེངས་པར་གྱུར་ཏོ་ཞེས་པའི་དོན་དང་། ཟུང་འ ཇུག་གི་སྐུ་དེ་ནི་མི་བསྐྱོད་པ་ལ་སོགས་པའི་མིང་ཅན་གྱི་རགས་པའི་ཕུང་པོ་ལ་ཞུགས་ནས་སྤྲུལ་སྐུ་འཛིན་ཚུལ་སྟོན་པའོ། གཉིས་པ་བསྡུས་དཀྱིལ་རྒྱས་པར་འཆད་བ་ལ་གཉིས། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་དང་། དམ་ཚིག་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དང་པོ་ལ། སྔོན་བྱུང་གི་འཁོར་དཔག་ཏུ་མེད་པ་རྣམས་ལྷ་སོ་གཉིས་སུ་བསྡུས་པའི་དཀྱིལ་འཁོར་རྒྱས་པར་འཆད་པ་ནི། དེ་ནས་བཅོམ་ལྡ་འདས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་བར་གྱུར་ཏོའི་བར་ཏེ། འདི་ལ་བཞི། སྤྱི་དོན། སྦས་དོན། ཡིག་དོན་ཁ་བསྐང་བ། མཐར་ཐུག་གི་དོན་ནོ། །དང་པོ་ནི། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ཟིལ་གྱིས་གནོན་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་འདི་ལ་ཟིལ་གྱི་གནོན་རྒྱུ་དང་། གནོན་བྱེད་གཉིས་ཀྱི་དང་པོ་ནི། མངོན་བྱང་ལྔ་ལས་ལྷ་རིམ་གྱིས་བསྐྱེད་པ་ནི་ཟིལ་གྱིས་གནོན་བྱ་དང་། ལྷ་རྣམས་སྐད་ཅིག་གིས་རྫོགས་པར་བསྐྱེད་ཚུལ་ནི་ཟིལ་གྱིས་གནོན་བྱེད་དེ། ལྷག་མོས་ཀྱི་ཚེ་བསྐྱེད་ཚུལ་སྔ་མ་མི་མངོན་པར་བྱས་ནས་སྐད་ཅིག་བསྐྱེད་པའི་ཚུལ་གྱིས་ཟིལ་གྱིས་གནོན་པའོ། །དེ་ཉིད་བཤད་པར་བྱའོ་སྙམ་དུ་དགོངས་པ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏེ་དེ་ལ་ཞུགས་པ་སྟེ། རྡོ་རྗེ་ནི་བསྐྱེད་ཚུལ་དེ་རྣམ་རྟོག་གིས་མི་ཕྱེད་པའི་དོན་ནོ། །སྙོམས་པར་ཞུགས་མ་ཐག་ཏུ་་དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ནི་གཞལ་ཡས་ཁང་གི་ནང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ངོ་། །རྡོ་རྗེའི་ངོ་བོར་གནས་པ་ནི་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མི་ཕྱེད་པའི་ལྷག་མོས་ཀྱི་ལྷར་གནས་པར་གྱུར་པའོ། །དེ་ནས་ནམ་མཁའི་དབྱིངས་སོགས་ནི། དེ་ནས་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སེམས་ཅན་ཇི་སྙེད་པ་ཐམས་ཅད་དཀྱིལ་འཁོར་གྱི་ནང་དུ་རྡོ་རྗེ་སེམས་དཔའི་འཇུག་ཚུལ་གྱིས་བཀུག་ནས། ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་གྱིས་དབང་བསྐུར་བའི་ཚུལ་གྱིས་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པ་སྟེ། དེ་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར་པ་ནི་ལྷག་མོས་ཀྱི་མཛད་པ་སྟོན་པའོ། །དེ་ནི་རིམ་པ་གཉིས་ཀ་ལ་ཡོད་པའི་སྤྱི་དོན་ནོ། །གཉིས་པ་སྤས་དོན་ནོ། །གཞི་ལ་སྦྱར་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕོ་མོའི་ཕུང་བོའི་ངོ་བོར་གྱུར་པའི་་ཐིག་ལེ་རྩ་སོ་སོའི་ནང་ན་གནས་པ་རྣམས་ཏེ་ཟིལ་གྱིས་མནན་པར་བྱའོ། །ཐིག་ལེ་ཞུ་ནས་གསང་གནས་སུ་བབས་པ་ནི་དེ་ཟིལ་གྱིས་གནོན་པའོ། །འབབ་བ་དེ་ཟློག་དཀའ་བ་ནི་རྡོ་རྗེ་སྟེ། དེ་བཤད་པར་བྱའོ་སྙམ་་དུ་དགོངས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙོམས་པར་ཞུགས་མ་ཐག་ཏུ་ནམ་མཁའི་དབྱིངས་འདི་ཐམས་ཅད་ནི་ལུས་ཀྱི་རྩ་རྣམས་ཀྱི་སྦུབ་་སྟོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཀུནྡ་ལྟ་བུའི་བྱང་སེམས་སོ། །རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ་ནི་བྱང་སེམས་ཞུ་སྟེ་རྩ་ནང་ནས་འབྱུང་བའོ། །ཡང་སེམས་ཅན་ཇི་སྙེད་པ་ནི་གཞིའི་ཕོ་མོའི་ཕུང་སོགས་སོ། །རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་ནི་ཀུནྡ་ལྟ་བུའོ། །བྱིན་གྱིས་བརླབས་པ་ནི་དེ་ཉིད་ལུས་ཀྱི་གནས་རྣམས་སུ་ཤར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པ་ནི་ཕོ་མོའི་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་བྱང་སེམས་ཞུ་ནས་དགའ་བ་མྱོང་བ་ཏེ་བྱིན་གྱིས་བརླབས་ཚུལ་ལོ། །འདིས་གཞི་ལམ་གཉིས་ཀའི་འདོད་ཆགས་ཀྱི་སྤྱོད་པ་བསྟན་ཏེ་འདོད་ཆགས་ཆོས་སྦས་སོ། །གསུམ་པ་ཡིག་དོན་ནི། དེ་ནས་བཅོམ་ལྡན་འདས་ནས། ཞུགས་སོའི་བར་ནི་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་ཅན་འདུལ་བའི་ཕྱིར་དུ་སྙོམས་པར་ཞུགས་ཞེས་པའི་་དོན་ཏེ། སྦྱང་གཞི་ལ་ཕ་མ་ཉལ་བོོ་བྱེད་པ་དང་ཆོས་མཐུན། བཅོམ་ལྡན་འདས་ནས། གནས་པར་གྱུར་ཏོའི་བར་ནི་བྱང་ཆུབ་ཀྱི་སེམས་ལས་གྲུབ་པའི་མི་བསྐྱོད་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་ཞེས་པའི་དོན་ཏེ་ཕ་མའི་ཐིག་ལེ་དང་འདྲའོ། །དེ་ནས་ནམ་མཁའི་དབྱིངས་ནས། ཐོབ་པར་གྱུར་ཏོའི་བར་ནི་དེ་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་པས་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཞེས་པའི་དོན་ཏེ་ཕོ་མོའི་བྱང་སེམས་ཞུ་བས་བདེ་བ་མྱོང་བ་དང་འདྲའོ། །མི་བསྐྱོད་པ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་གཅིག་ཏུ་འདྲེས་པ་ནི་ཁུ་ཁྲག་གསང་གནས་སུ་འདྲེས་པ་དང་ཆོས་མཐུན། མི་བསྐྱོད་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལ་དང་པོའི་མགོན་པོ་ཞུགས་ཏེ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ནི། ཁུ་ཁྲག་ལ་བར་སྲིད་ཞུགས་ནས་སྐྱེ་བ་ལེན་པ་དང་ཆོས་མཐུན་ནོ། །བཞི་པ་མཐར་ཐུག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྲུབ་པ་པོའི་ཕུང་པོ་ལྔ་སྟེ་ཟིལ་གྱིས་མནན་བྱའོ། །དེ་འོད་གསལ་དུ་བཅུག་པ་ནི་ཟིལ་གྱིས་མནན་པའོ། །འོད་གསལ་དེ་ནི་ཐ་མལ་གྱི་རྣམ་རྟོག་གིས་མི་ཕྱེད་པ་ནི་རྡོ་རྗེ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །བཅོམ་ལྡན་འདས་ཞེས་སོགས་ཀྱི་ཕུང་སོགས་འོད་གསལ་དུ་ཞུགས་མ་ཐག་ཏུ་ནམ་མཁའི་དབྱིངས་འདི་ཐམས་ཅད་ནི་སྣང་མཆེད་ཐོབ་གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་སྟོང་པ་འོད་གསལ་ལོ། །རྡོ་རྗེའི་ངོ་བོར་གནས་པར་གྱུར་པ་ནི་སྣང་བའི་ཡེ་ཤེས་གསུམ་རིམ་གྱིས་ཐིམ་ནས་དོན་གྱི་འོད་གསལ་དུ་གྱུར་པའོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ནི་འོད་གསལ་གྱི་དབྱིངས་ན་གནས་པའི་སྒྲུབ་པ་པོའི་ཕུང་པོ་ལྔའོ། །རྡོ་རྗེ་སེམས་དཔའ་ནི་འོད་གསལ་གྱི་་ཡེ་ཤེས་སོ། །དེས་བྱིན་གྱིས་བརླབས་ཀྱིས་སོགས་ནི་འོད་གསལ་གྱི་ཡེ་ཤེས་ཤར་བས་སྒྲུབ་པ་པོས་ཟག་མེད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་པ་སྟེ། འོད་གསལ་གྱི་མཐར་ཐུག་གོ །གཉིས་པ་དམ་ཚིག་འབྱུང་བ་རྡོ་རྗེ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་གྱི་སེམས་རྡོ་རྗེ་ནས། གཟིགས་པར་གྱུར་ཏོའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་འཆང་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ས་བོན་ༀ་དང་། གསུང་རྡོ་རྗེའི་ས་བོན་ཨཱ༔དང་། ཐུགས་རྡོ་རྗེའི་ས་བོན་ཧཱུཾ་གི་ཡི་གེ་གསུམ་བསྒོམ་པ་དེ་མངོན་བྱང་ལྔ་ལས་ལྷར་བསྐྱེད་པ་ལས་མི་འདའ་བའི་དོན་གྱིས་ན་དམ་ཚིག་སྟེ། འབྱུང་བ་ནི་ས་བོན་ཡི་གེ་གསུམ་ལས་ཕྱག་འཚན། དེ་ལས་སྐུ་རྫོགས་པར་བསྐྱེད་པའོ། །དེ་ཉིད་ཐ་མལ་གྱི་རྣམ་རྟོག་གིས་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་ཞིང་། དེ་ཉིད་བཤད་པར་བྱའོ་སྙམ་དུ་དགོངས་ནས་རྩེ་གཅིག་ཞུགས་པའོ། །རིག་པ་ཆེན་པོ་ནི་ཡི་གེ་གསུམ་མོ། །སྐྱེས་བུའི་གཟུགས་ནི་དང་པོའི་མགོན་པོ་དང་། སྤྲུལ་སྐུ་རྡོར་སེམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་ཀྱིས་ནི་བྱིན་གྱིས་རློབ་བྱེད་དང་། བྱིན་གྱིས་བརླབས་པ་ནི་བརླབ་བྱའི་ཡུལ་ལོ། །སྔགས་ནི་གཟུགས་ཀྱི་ཕུང་པོའི་ངོ་བོ་ༀ་དཀར་པོ་སོགས་ལྷ་སོ་གཅིག་གི་ས་བོན་དང་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་དང་ཏིང་ངེ་འཛིན་སེམས་དཔའི་ཡི་གེའི་བར་རོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་ལྷ་བསྐྱེད་པའི་ལུས་ལ་སྔགས་བཀོད་པའོ། །བྱིན་གྱིས་བརླབས་མ་་ཐག་ཏུ་རྣམ་པ་ཇི་ལྟ་བུར་གྱུར་པ་ནི་གདུལ་བྱ་རྣམས་ལ་ཞལ་གསུམ་པ་ལྟར་སྣང་བ་སྟེ་དེ་རྣམས་ཀྱིས་མཐོང་བར་གྱུར་པའོ། །མདོར་ན་གཞུང་འདི་རྣམས་ཀྱིས་རྣལ་འབྱོར་བཞིའི་རིམ་པས་དང་པོ་སྦྱོར་བ་བསྒོམ་ཚུལ་་སྟོན་ནོ། །གཉིས་པ་ངེས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྒྱུ་ལུས་པའི་ལུས་ངག་ཡིད་གསུམ་མོ། །དམ་ཚིག་ནི་དེ་གསུམ་འོད་གསལ་དུ་ཞུགས་པའོ། །འབྱུང་བ་ནི་་འོད་གསལ་ལས་སྐྱེས་པའི་ཟུང་འཇུག་གོ། རྡོ་རྗེ་ནི་བདེན་གཉིས་དབྱེར་མི་ཕྱེད་པའོ། །དེ་ཉིད་བཤད་པར་བྱ་བར་དགོངས་པ་ནི་ཏིང་ངེ་འཛིན་ཏོ། །རིག་པ་ཆེན་པོ་ནི་དོན་གྱི་འོད་གསལ་ལོ། །སྐྱེས་བུ་ནི་དག་པའི་སྒྱུ་ལུས་སོ། །བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པ་ནི་ཡེ་ཤེས་ཀྱི་སྐུ་དེ་ནི་ཐ་མལ་གྱི་མིག་གིས་མི་མཐོང་བས་དེ་མཐོང་བའི་ཆེད་དུ་རགས་པའི་སྦྲུལ་སྐུ་འཛིན་པའོ། །བྱིན་གྱིས་བརླབས་མ་ཐག་ཏུ་སོགས་ནི་སྔར་བཞིན་ནོ། །བཞི་པ་དེ་དག་གི་ཆེད་བརྗོད་ནི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ནས། རབ་ཏུ་མི་རྟོག་གནས་མེད་པའོ་ཞེས་པའི་བར་ཏེ། དེ་ནས་འཁོར་གྱི་མི་བསྐྱོད་པ་ལ་སོགས་པ་གཙོ་བོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀ་ནས་བྱུང་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ནི་ངོ་མཚར་དུ་གྱུར་པའོ། །བྱང་ཆུབ་སེམས་ནི་རབ་ཏུ་བྱུང་ནི། རིམ་གཉིས་ཀྱི་ལྷ་སྐུ་གདུལ་བྱའི་རྒྱུད་ལ་རབ་ཏུ་བྱུང་བ་སྟེ་སྐྱེས་པ་དང་སྐྱེ་བའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་ནི། སྐུ་དེ་ཉིད་དེ་བཞིན་གཤེགས་པ་ཀུན་གྱི་མན་ངག་སྣོད་མིན་ལ་གསང་ཞིང་སྦ་བའོ། །རབ་ཏུ་མི་རྟོག་ནི་བླ་མ འི་མན་ངག་མེད་པར་རྟོག་པས་བརྟག་པར་མི་ནུས་པའོ། །གནས་མེད་པ་ནི་ཁམས་གསུམ་ན་མི་གནས་པའམ་དེ་ལས་་འདས་པ་སྟེ་དགོངས་པ་མ་ཡིན་པས་བཤད་པའོ། །ལྔ་ཕྱུང་བའི་དབང་གི་དཀྱིལ་འཁོར་ནི། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་ཞེས་བ་མན་ཆད་ཀྱིས་སྟོན་ཏེ། འདི་ལ་བཞི། གསོལ་བ་གདབ་པ། །སྟོན་པས་རྒྱུད་དོན་རྟོགས་དཀའ་བར་བསྟན་པ། སླར་གསོལ་བ་གདབ་པ། དེའི་ལན་གསུམ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས། །བཤད་དུ་གསོལ་བའི་བར་ཏེ། འདི་ལ་གསོལ་ཏོའི་ཡན་ལ་དྲང་ངེས་གཉིས་ཀྱི་འཆད་དེ། དྲང་དོན་ནི། དེ་ནས་འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཉེར་སྤྱོད་ལ་སོགས་པ་མཆོད་པ་སྤྲོས་པ་མང་པོ་དང་། དེ་ཁོ་ཉིད་ཀྱི་དམ་ཚིག་སྟེ་མཆོད་པའི་ལས་ལས་འདར་མི་རུང་བའི་གསེར་ལ་སོགས་པའི་རིན་པོ་ཆེའི་སྤྲིན་ཏེ་མང་པོ་རྣམས་ཀྱི་ཡང་དག་པར་མཆོད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །གཉིས་པ་དེས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི། གཟུགས་སྒྲ་ལ་སོགས་པའི་མཆོད་པ་སྟེ། སྤྲོས་པ་ནི་དེས་ལན་མང་དུ་མཆོད་པའོ། །དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་ནི་བུད་མེད་རིན་པོ་ཆེའོ། དམ་ཚིག་ནི་དེས་མཆོད་པ་ལས་མི་འདའ་བའོ། །སྤྲིན་ནི་རིག་མ་མང་བོའོ། །དེས་སྟོན་པ་ལ་མཆོད་དེ་གསོལ་བའོ། །འདུས་པ་དང་གསང་བ་ལ་ཚུལ་བཞིར་བཤད་དེ། སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་དབྱེར་མི་ཕྱེད་པར་འདུས་པ་སྟེ་ཡིག་དོན། དེ་ནི་འདིར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལྟ་བུ། གསང་བ་ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའམ་འདུས་པ་ནི་སྤྱི་དོན། གསང་བ་སྣང་མཆེད་ཐོབ་གསུམ་རིམ་གྱི་སྦྱོར་བའམ་འདུས་པ་ནི་སྤས་པ། གསང་བ་འོད་གསལ་དང་སྒྱུ་ལུས་ཟུང་དུ་འཇུག་པའམ་འདུས་པ་ནི་མཐར་ཐུག་གོ །ཡང་གསང་བ་སྣང་མཆེད་གཉིས་ཉེར་ཐོབ་ཏུ་འདུས་བ་ནི་སྣང་བ་སེམས་སྦས། གསང་བ་ཡབ་ཡུམ་གྱི་དྷཱུ་ཏཱིའི་མར་སྣ་གཉིས་འཕྲད་པ་ནི་འདུས་པ་དང་། གསང་བ་ཁམས་དཀར་དམར་ཞུ་བ་རྩ་རྣམས་ཀྱི་ནང་ནས་འབབ་པ་དྷཱུ་ཏཱིའི་མར་སྣར་འདྲེས་པ་འདུས་པ་ནི་འདོད་ཆགས་ཆོས་སྦས། གསང་བ་ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་དང་ཡུལ་སྟོང་བ་ཉིད་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་འདུས་པ་དང་། འདུ་རྒྱུའི་གསང་བ་རླུང་ལྡང་འཇུག་གནས་གསུམ་རྡོར་བཟླས་ཀྱིས་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ནི་འདུས་པ་སྟེ་འདི་ཡང་སེམས་སྦས་སོ། །ཡང་གསང་བ་ནི་འོད་གསལ་ཏེ་དེ་ལས་བྱུང་བ་ནི་ཟུང་འཇུག །དེ་བཞིན་གཤེགས་པ་ཀུན་གྱི་གསང་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་མན་ངག་མཐར་ཐུག་གསང་ཞིང་སྦ་བའོ། །རྡོ་རྗེ་སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །འདུས་པ་་ཡི་ནི་དེ་རྣམས་གཅིག་ཏུ་འདུས་པའོ། །དེ་ཉིད་ནི་ཇི་ལྟ་བ་བཞིན་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་པའོ། གཉིས་པ་རྒྱུད་དོན་རྟོག་དཀའ་བར་སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ལྟ་ཅི་སྨོས་ཀྱི་བར་ཏེ། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེས། དེ་བཞིན་གཤེགས་པ་དེ་ཐམས་ཅད་ལ་བོས་ནས་་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ་ལན་གཉིས་གསུངས་པ་ནི་ཤིན་ཏུ་ངོ་མཚར་བའི་དོན་ཏེ། ཤུག་ལ་འཆད་པར་ཞལ་གྱི་བཞེས་སོ། །འོན་ཀྱང་དོན་འདི་ནི་རྟོགས་དཀའ་སྟེ། དེ་བཞིན་གཤེགས་པའི་མིང་གིས་བཏགས་པའི་གདུལ་བྱ་དབང་རྣོན་རིན་པོ་ཆེ་ལྟ་བུའི་གང་ཟག་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའི་སྒྲས་བསྟན་པའི་དབང་རྟུལ་པདྨ་ལྟ་བུ་ལ་སོགས་པའི་གང་ཟག་གཞན་རྣམས་ལྟ་ཅི་སྨོས་པ་སྟེ་དགོངས་པས་བཤད་པའོ། །གསུམ་པ་སླར་གསོལ་བ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ནས། ཡང་དག་པར་བསྟན་དུ་གསོལ་བའི་བར་ཏེ། དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ལྟར་རིན་པོ་ཆེ་ལྟ་བུའི་གང་ཟག་ཀྱང་ཐེ་ཚོམ་སྐྱེ་བར་གསུངས་པ་ལ་ངོ་མཚར་དུ་གྱུར། རྨད་དུ་བྱུང་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གཞན་ལ་མ་ཟད་གང་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་ཡང་རེ་ཞིག་གསང་བ་འདུས་པའི་དོན་ཟབ་མོ་འཆད་པར་མི་སྤྲོ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་མཛད་དེ་འཆད་པར་གསོལ་བའོ། །འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་ཚུལ་བཞིས་འཆད་དེ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་དམ་ཚིག་དང་སྡོམ་པ་བསྲུང་བ་ཐུན་མོང་བ་སྟེ་ཡིག་དོན། ཡི་གེ་གསུམ་ལས་སྐུ་གསུང་ཐུགས་ཀྱི་ལྷ་བསྐྱེད་པ་སྤྱི་དོན་སྣང་བ་གསུམ་བཞོན་པའི་རླུང་དང་བཅས་པ་ནི་སྦས་དོན། སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་དབྱེར་མི་ཕྱེད་པའི་དག་པའི་སྒྱུ་ལུས་ནི་མཐར་ཐུག་གི་དོན་ནོ། །དེ་རྣམ་འཁོར་ལ་སྟོན་པར་མི་སྤྲོ་བ་དེ་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་བྱིན་གྱིས་བརླབས་ནས་བསྟན་དུ་གསོལ་ཞིང་དེའི་དེ་བཞིན་གཤེགས་པ་ནི་སྔོན་བྱུང་ལ་སྟོན་པའི་འཁོར་དང་། རྗེས་འཇུག་ལ་འདུས་པ་ཉན་པའི་གདུལ་བྱའོ། །དེ་ཡང་བླ་མས་སློབ་མ་ལ་དབང་བསྐུར་བའི་སྒོ་ནས་ཏེ། འདི་ལ་ཚུལ་བཞི་ལས། རྡོ་རྗེ་དངོས་གྲུབ་འགྲུབ་པ་ལས་མི་འདའ་བའི་དམ་ཚིག་དབང་བསྐུར་བ་འབྱུང་བའི་རྡོ་རྗེ་སློབ་དཔོན་གྱི་ཚིག་གིས་ཞེས་པ་ནི་ཡིག་དོན། རྡོ་རྗེ་དམ་ཚིག་རྣམ་སྣང་ལ་སོགས་པ་འབྱུང་བའི་ཚིག་ནི་དེ་རྣམས་ཀྱི་ས་བོན་ༀ་ལ་སོགས་པ་སྟེ་དེས་སློབ་མའི་སྒོ་གསུམ་བྱིན་གྱིས་བརླབས་པ་ནི་སྤྱི་དོན། རྡོ་རྗེ་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པ་དམ་ཚིག་དང་དེ་ལས་འབྱུང་བའི་ཚིག་གི་ཐིག་ལེས་བྱིན་གྱིས་བརླབས་པའི་དབང་བསྐུར་བ་ནི་སྦས་དོན། རྡོ་རྗེ་དམ་ཚིག་ནི་འོད་གསལ། དེ་ལས་འབྱུང་བའི་ཚིག་ནི་་སྟོང་བ་གསུམ། བྱིན་གྱིས་བརླབས་པ་ནི་སྔོན་བྱུང་ལ་སྟོན་པ་དང་། རྗེས་འཇུག་ལ་བླ་མས་སློབ་མ་ལ་ཟུང་འཇུག་གི་བརྡ་སྤྲོད་ཅིང་དབང་བསྐུར་བ་སྟེ་མཐར་ཐུག་གོ །གསོལ་བའི་དགོས་པ་ནིི། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་མྱོང་བ་བགྱི་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དེའི་མངོན་ཤེས་ཀྱི་འབྲས་བུ་ཐོབ་པའི་བར་གྱི་ཕྱིར་ཡང་དག་པར་བསྟན་དུ་གསོལ་ཞེས་གསོལ་བ་གདབ་པའོ། །བཞི་བ་ལན་གསུངས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་མན་ཆད་དེ། འདི་ལ་གསུམ། རིགས་ལྔ་སྤྲུལ་བ། ཡུམ་བཞི་སྦྲུལ་བའོ། ཁྲོ་བོ་བཞི་སྤྲུལ་བའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དེ་ནས། བྱང་ཕྱོོགས་སུ་བཞུགས་སོའི་བར་ཏེ། དེ་ནས་སོགས་ནི་སྔོན་བྱུང་ལ་སྟོན་པ་དང་རྗེས་འཇུག་ལ་དབང་བསྐུར་བའི་སློབ་དཔོན་གྱི་སྐུ་གསུང་ཐུགས་རྡོ་རྗེ་རྡོ་རྗེ་འཆང་དེས་འཁོར་གྱི་དེ་བཞིན་གཤེགས་པའམ་སློབ་མ་་ཐམས་ཅད་ཀྱིས་དེ་ལྟར་གསོལ་བ་བཏབ་པ་མཁྱེེན་ནས། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་ཚུལ་བཞིས་འཆད་དེ། གཉིས་སུ་མེད་པའི་ཡེ་ཤེས་མ་རིག་པའི་མུན་པ་་སེལ་བར་བྱེད་པའི་སྒྲོན་མེ་རྣམ་རྟོག་གིས་མི་ཕྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་བཤད་པར་བྱའོ་སྙམ་དུ་རྩེ་གཅིག་དགོངས་པ་ནི་ཡིག་དོན། ཡེ་ཤེས་ཀྱི་སྒྲོན་མེ་རྡོ་རྗེ་མི་བསྐྱོད་པ་དབྱུང་བར་བྱའོ་སྙམ་དུ་དགོངས་པ་ནི་སྤྱི་དོན། སེམས་དབེན་གྱི་སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་སྒྲོན་མེ་ནི་རྡོ་རྗེ་ལྟ་བུ་སྟེ་སྦས་དོན། །དོན་གྱི་འོད་གསལ་གྱི་ཡེ་ཤེས་ནི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་རྡོ་རྗེ་ལྟ་བུ་ནི་མཐར་ཐུག་གོ། ཞེ་སྡང་རྣམ་པར་སྦྱོང་བར་མཛད་པས་ན་ཞེ་སྡང་སྟེ་མི་བསྐྱོད་པའོ། །རིགས་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །སྙིང་བོའི་སྙིང་བོ་ནི་མཆོག་གི་སྟེ་ཡང་སྙིང་ངམ་ཉེ་སྙིང་ངོ་། །དེ་ཉིད་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་བ་ནི་དེ་གསུམ་དབྱེར་མེད་པའི་ཐུགས་ཀ་ནས་འབྱིན་པ་སྟེ་སྒྲ་ཇི་བཞིན་པའོ། །བཛྲ་དྷྲིཀ་ནི་རྡོ་རྗེ་འཆང་སྟེ། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་ཕྱག་མཚན་དུ་འཛིན་པས་ན་རྡོ་རྗེ་འཆང་སྟེ། མི་བསྐྱོད་ལའང་དེའི་སྒྲ་འཇུག་ཏུ་ཡོད་པའི་སྒོ་ནས་ཏེ་དྲང་དོན། ཟུང་འཇུག་གི་ཡེ་ཤེས་ཀྱི་རྡོ་རྗེ་རང་གི་བདག་ཉིད་དུ་འཛིན་པས་ན་རྡོ་རྗེ་འཆང་སྟེ་ངེས་དོན་ནོ། །དེ་ནས་སྔགས་འདི་ཕྱུང་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་རྡོ་རྗེ་ཉིད། མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའི་སྐུ་དང་རྒྱུད་གཅིག་ཏུ་སྦྱོར་བའི་ཐབས་ཀྱིས་རྩ་ཞལ་ནག་པོ། །གཡས་ཞལ་དཀར་པོ། །གཡོན་ཞལ་་དམར་པོའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆང་རང་གི་སྐུའི་ཐུགས་ཀར་ཞུགས་སོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །འདི་ཡན་གྱིས་དང་པོ་སྦྱོར་བ་བསྟན་ནོ། །དེ་ནས་བཅོམ་ལྡན་་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བའི་རྡོ་རྗེའི་ཞེས་པའི་དམ་ཚིག་འབྱུང་བའི་དོན་སྔར་བསྡུས་དཀྱིལ་གྱི་སྐབས་སུ་དྲང་ངེས་གཉིས་ཀྱིས་བཤད་ཟིན་ལ། གཏི་མུག་རྣམ་པར་དག་པ་རྣམ་སྣང་་དང་དེའི་རིགས་གཤིན་རྗེ་མཐར་བྱེད་ལ་སོགས་པའོ། །མཆོག་གི་སྙིང་བོའི་སྙིང་བོ་སྦྱོར་བའི་ཐབས་སོགས་ནི་སྔར་བཞིན་ནོ། །ཛི་ན་ཛིཀ་ནི་རྒྱལ་བས་རྒྱལ་བ་སྟེ་འཁོར་ལོས་བདུད་བཞི་ལས་རྒྱལ་བ་ནི་དྲང་་དོན། ཟུང་འཇུག་གི་སྐུས་བདུད་བཞི་ལས་རྒྱལ་བ་ནི་ངེས་དོན་ནོ། །རྩ་ཞལ་དཀར་བ་ལ་སོགས་པའི་ཚུལ་དུ་བྱུང་སྟེ་རྡོ་རྗེ་འཆང་གི་སྤྱན་སྔར་རམ་མདུན་དུ་བཞུགས་པ་ནི་སྒྲ་ཇི་བཞིན་པ་སྟེ། འོག་ནས་འབྱུང་བའི་ལྷོ་དང་རྒྱབ་ཏུ་དང་བྱང་ཕྱོགས་སུ་བཞུགས་པ་རྣམ་ཀྱང་སྒྲ་ཇི་བཞིན་པའོ། །དེ་ནས་ཡིད་བཞིན་ནོར་བུ་ནི་རིན་པོ་ཆེའི་རིགས་ཡིན་པའོ། །མཆོག་གི་སྙིང་བོ་སོགས་ནི་སྔར་བཞིན་ནོ། རཏྣ་དྷྲིཀ་ནི་རིན་ཆེན་འཆང་བ་སྟེ་རིན་པོ་ཆེ་ཕྱག་མཚན་དུ་འཛིན་པ་ནི་དྲང་དོན། འོད་ཟུང་རིན་པོ་ཆེ་འཆང་བ་ནི་ངེས་དོན་ནོ། །རྡོ་རྗེ་འཆང་ཉིད་རིན་འབྱུང་གི་སྐུར་གྱུར་པ་ནི་རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོའི་སྐུར་སྦྱོར་བ། ནམ་མཁའི་གནས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། སེར་པོ་སོགས་ནི་སྔར་བཞིན་ནོ། །དེ་ནས་འདོད་ཆགས་ཆེན་པོ་ནི་མཆོག་དགའོ། །དེའི་རྒྱུད་ནི་ཀུནྡ་ལྟ་བུའོ། །དེ་ལས་འབྱུང་བ་ནི་འོད་དཔག་ཏུ་མེད་པ་སྟེ་དྲང་་དོན། །ཡང་འདོད་ཆག་ཆེན་པོ་ནི་འོད་གསལ། །དེ་ལས་འབྱུང་བ་ནི་ཟུང་འཇུག །དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་སྟེ་ངེས་དོན་ནོ། །འདོད་ཆགས་ཀྱི་རིགས་སོགས་ནི་སྔར་བཞིན་འགྲེལ་སྟེ་འོད་དཔག་མེད་དང་རྟ་མགྲིན་ལ་སོགས་པའོ། །ཨཱ་རོ་ལིཀ་ནི་འཁོར་བ་འཇིག་སྟེ་དོན་འགྱུར་ལ་འོད་དཔག་མེད་ཞེས་བྱ་ཏེ་དྲང་དོན། རོ་ནི་སྣང་བ་གསུམ་སྟེ་དེ་ལས་འདས་པ་ནི་དོན་གྱི་འོད་གསལ་ཏེ་ངེས་དོན། འཇིག་རྟེན་དབང་ཕྱུག་གི་རིགས་ཀྱི་བདག་པོ་ནི་འོད་དཔག་མེད་གཞན་ནི་སྔར་བཞིན་ནོ། །དེ་ནས་གྲུབ་པ་གདོན་མི་ཟ་བའི་མཆོག་ནི་དོན་གྲུབ། དེ་ཉིད་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་སྟེ་བསམ་པ་ཐམས་ཅད་རྫོགས་མཛད་པ་ལས་མི་འདའ་བ་ན ི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་སྟེ་དྲང་དོན། གདོན་མི་ཟ་བ་ནི་འོད་གསལ། དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་སྟེ་ངེས་དོན་ནོ། །སྙིང་བོའི་སྙིང་བོ་སོགས་ནི་སྔར་བཞིན་དང་། དམ་ཚིག་རྡོ་རྗེ་ནི་དོན་གྲུབ་དང་། དེའི་རིགས་དེ་བགེག་མཐར་བྱེད་ལ་སོགས་པའོ། །དེ་རྣམས་ཀྱི་ཉོན་མོངས་པ་དང་ཕྲག་དོག་དང་དམ་ཚིག་ཉམས་པ་རྣམས་སྦྱོང་བར་བྱེད་པ་ནི་དམ་ཚིག་འགུགས་པའི་རིགས་ཏེ་དྲང་དོན། །རླུང་གི་རྣལ་འབྱོར་གྱིས་བྱང་སེམས་དྷཱུ་ཏཱིར་བཀུག་ནས་དགའ་བ་བསྐྱེད་དེ་ཤེས་རྒྱུད་སྦྱོང་བ་ནི་དེའི་རིགས་ཏེ་ངེས་་དོན་ནོ། །པྲཛྙཱ་དྷིཀ་ནི་ཤེས་རབ་འཆང་བ་སྟེ་དྲང་དོན། རླུང་སྟོབས་ཀྱིས་བྱང་སེམས་འཕོ་མེད་དུ་འཛིན་པ་ནི་ངེས་དོན་ནོ། །གཉིས་པ་དོན་བསྡུ་བ་ནི། ཞེ་སྡང་གཏི་མུག་འདོད་ཆགས་དང་། ནས། འདོད་་དང་ཐར་པ་རབ་སྒྲུབ་པའོ། །ཞེས་པའི་བར་ཏེ། ཞེ་སྡང་མི་བསྐྱོད་པ། གཏི་མུག་རྣམ་སྣང་། འདོད་ཆགས་སྣང་མཐའ། ཡིད་བཞིན་ནོར་བུ་རིན་འབྱུང་། དམ་ཚིག་ནི་དོན་གྲུབ་སྟེ་རིགས་ལྔར་གཏོགས་པ་་འདི་ལྟར་བསྐྱེད་པ་འདི་རྣམས་ཀྱིས་བསྐྱེད་རབ་ཀྱི་སྒྲུབ་པ་པོས་ཐར་བ་རབ་ཏུ་སྒྲུབ་འ དོད་པ་དང་། འདོད་་ཡུལ་གྱི་མཐར་ཐུག་གི་ཐར་བ་སྒྲུབ་པར་བྱ་བ་ནི་དྲང་དོན། རིགས་ལྔར་གཏོགས་པ་ན ི་རྫོགས་རིམ་གྱི་སྒྲུབ་པ་པོའོ། །དེས་རིག་མའི་འདོད་ཡོན་ལ་སྤྱོད་པ་དང་། །དེ་ལ་བརྟེན་ནས་ཚེ་འདིར་སངས་རྒྱས་ཀྱི་ཐར་བ་རབ་ཏུ་སྒྲུབ་པར་བྱའོ་ཞེས་པ་ནི་ངེས་དོན་ནོ། །གཉིས་པ་ལྷ་མོ་བཞི་སྤྲུལ་བ་འདི་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བྱང་ཕྱོགས་ཀྱི་གྲྭར་བཞུགས་སོའི་བར་ཏེ། རིགས་ལྔ་ཕྱུང་བར་མ་ཟད། དེ་ནས་ཡང་ཡུམ་བཞི་འབྱིན་པར་བཞེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་ནི་མི་བསྐྱོད་པ་སྟེ། དེ་ལ་བདེ་ཆེན་བསྐྱེད་པའི་སྒོ་ནས་མཉེས་པར་བྱེད་པ་ལས་མི་འདའ་བའི་དམ་ཚིག་ནི་མཱ་མ་ཀཱི་སྟེ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་མི་བསྐྱོད་པའི་རིགས་ཐམས་ཅད་ཀྱི་བཙུན་མོའི་མཆོག་མཱ་མ་ཀཱི་འདི་ཕྱུང་ངོ་། །དྭེ་ཥ་ར་ཏི་ནི་ཞེ་སྡང་དགའ་མ་ཏེ། ཞེ་སྡང་རྣམ་དག་མི་བསྐྱོད་པའི་དགའ་མ་ནི་དྲང་དོན། ཞེ་སྡང་རྣམ་དག་འོད་གསལ་ལ་དགའ་བ་ནི་ངེས་དོན་ནོ། །དེ་ནས་འདི་བྱུང་མ་ཐག་ཏུ་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་དེ་ཉིད་ལྷ་མོ་བུད་མེད་མཱ་མ་ཀཱིའི་གཟུགས་འཛིན་པར་གྱུར་ཏེ། ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་པ་ལ། བདེན་བྲལ་གྱི་གྲར་བཞུགས་སོ་ཞེས་བསྒྱུར་བ་ནི་བདེ་སྟེ་སྒྲ་ཇི་བཞིན་པའོ། །ཕྱི་མ་གསུམ་ལའང་རང་རང་གི་གྲྭར་བཞུགས་པ་ནི་སྒྲ་ཇི་བཞིན་པ་ཡིན་ནོ། །མཱ་མ་ཀཱིས་རྡོ་རྗེ་དང་རིན་ཆེན་རིགས་གཉིས་ཀ་འཛིན་པས་རིགས་ལྔའི་ཡུམ་ཚང་བའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་སྣང་སྟེ། དེ་སྔར་ལྟར་མཉེས་པར་བྱེད་པའི་རྡོ་རྗེ་ནི་། ན་མ། མོ་ཧ་ར་ཏི་ནི་གཏི་མུག་དགའ་མ་སྟེ། གཏི་མུག་རྣམ་དག་རྣམ་སྣང་དགའ་བར་མཛད་པ་ནི་དྲང་དོན། དེ་རྣམ་དག་འོད་གསལ་ལ་དགའ་བ་ནི་ངེས་དོན་ནོ། །དེ་ནས་འདི་ཕྱུང་མ་ཐག་སོགས་ནི་སྔར་བཞིན་ལ། ལྷོ་ཕྱོགས་ལ་མེ་མཚམས་ཀྱི་གྲྭར་བསྒྱུར་བ་ནི་བདེའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ་ནི་འོད་དཔག་མེད། དེ་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ་སྒྲ་ཇི་བཞིན་པའོ། །ར་ག་ར་ཏི་འདོད་ཆགས་དགའ་མ་སྟེ། འདོད་ཆགས་རྣམ་དག་འོད་དཔག་མེད་ལ་དགའ་བ་ནི་དྲང་དོན། དེ་རྣམ་དག་འོད་གསལ་ལ་དགའ་བ་ནི་ངེས་དོན་ནོ། །དེ་ནས་བསླུ་བ་རྡོ་རྗེ་ནི་ཚུལ་བཞིས་ཆད་པ་ལ། སྐུ་གསུང་ཐུགས་ནི་ལུས་ངག་ཡིད་གསུམ་་སྟེ། དེ་སྐད་ཅིག་རེ་རེ་བཞིན་འཇིག་པ་ནི་བསླུ་བ་སྟེ་ཡིག་དོན། ལུས་ངག་ཡིད་གསུམ་གྱི་མཚོན་པའི་ཆོས་རྣམས་རང་བཞིན་གྱིས་སྟོང་བཞིན་དུ་གྲུབ་པར་སྣང་བའི་བརྫུན་པའི་དོན་ཅན་ནི་བསླུ་བ་སྟེ་སྤྱི་དོན། མཆེད་པ་སྐུ་དང་སྣང་བ་གསུང་དང་ཉེར་ཐོབ་ཐུགས་ཏེ་དེ་གསུམ་རིམ་གྱིས་ཐིམ་ནས་འགྲོ་བ་ནི་བསླུ་བ་སྟེ་སྦས་དོན། སྐུ་གསུང་ཐུགས་ན ི་སྒྱུ་ལུས་པའི་སྒོ་གསུམ་སྟེ། དེ་གསུམ་བསམ་གཏན་གཉིས་ཀྱིས་དོན་གྱི་་འོད་གསལ་དུ་དག་ནས་མི་སྣང་བ་ནི་བསླུ་བ་དང་། རྡོ་རྗེ་ནི་འོད་གསལ་དེ་གཉིས་སྣང་གི་རྟོག་པས་མི་ཕྱེད་པ་སྟེ་མཐར་ཐུག་གོ །ཤེས་རབ་འཆང་བ་ནི་དོན་གྲུབ། དེ་ལ་རྗེས་སུ་ཆགས་པ་ནི་དམ་ཚིག་སྦྲོལ་༼སྒྲོལ༽མ་སྟེ་སྒྲ་ཇི་བཞིན་པའོ། །བཛྲ་ར་ཏི་ནི་རྡོ་རྗེ་དགའ་མ་སྟེ། རྡོ་རྗེ་དོན་གྲུབ་དགའ་བར་བྱེད་པས་ན་དེའི་དགའ་མ་སྟེ་དྲང་དོན། །རྡོ་རྗེ་ལྟ་བུའི་འོད་གསལ་གྱི་ཡེ་ཤེས་ལ་དགའ་བ་ནི་ངེས་དོན་ནོ། །གཉིས་པ་དོན་བསྡུ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་དམ་ཚིག་ཕུན་སུམ་ཚོགས་པའོ་ཞེས་པ་སྟེ། དེ་བཞིན་གཤེགས་པ་རིགས་ལྔ་དང་ལྷན་ཅིག་མཉམ་པར་སྦྱོར་བར་མཛད་པས་ན་་དེ་རྣམས་ཀྱི་བཙུན་མོའི་མཆོག་དེའི་ཡོད་ཏན་ཕུན་སུམ་ཚོགས་པ་བསྐྱེད་པར་བྱེད་པའོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །གསུམ་པ་ཁྲོ་བོ་བཞི་སྤྲུལ་བ་ལ་གཉིས། །རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བྱང་ཕྱོོགས་ཀྱི་སྒོར་བཞུགས་སོའི་བར་ཏེ། དེ་ནས་རྒྱུད་ཀྱི་་སྟོན་པ་དེ་ཉིད། རྣམ་སྣང་གིས་རིགས་བདག་མཛད་ནས་དབང་བསྐུར་བའི་དོན་གྱིས་ན་རྣམ་པར་སྣང་མཛད་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཁྲོོ་བོ་གཤིན་རྗེ་གཤེད་དེ་དབྱུང་བར་བྱའོ་སྙམ་པའི་ཏིང་ངེ་འཛིན་ལ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བསྒོམ་པ་སོགས་ལ་བསྲུང་པའི་སྒོ་ནས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་གཤིན་རྗེ་གཤེད་ཞེས་སོགས་ནི་སྒྲ་ཇི་བཞིན་པའོ། །ཡ་མཱནྟ་ཀྲིཏ་ནི་གཤིན་རྗེ་མཐར་བྱེད་དེ། གཤིན་རྗེ་ནི་ངན་སོང་དང་དེའི་རྒྱུ་ལས་ཀྱི་སྒྲིབ་པ་ཡིན་ལ། དེ་འཇོམས་པར་བྱེད་པའི་ཁྲོ་བོའི་ཏིང་ངེ་འཛིན་གྱི་དེའི་གཤེད་དམ་མཐར་བྱེད་དེ་དྲང་དོན། གཤིན་རྗེ་ནི་མ་རིག་པ་སྟེ་འོད་གསལ་གྱི་ཡེ་ཤེས་ཀྱིས་དེ་འཇིག་པར་མཛད་པ་ནི་གཤིན་རྗེ་མཐར་བྱེད་དེ་ངེས་དོན་ནོ། །འདིར་དེ་བཞིན་གཤེགས་པ་་ཐམས་ཅད་ནི་རང་བཞིན་སྟོང་བ་ཉིད་ཀྱི་ངང་ནས་བྱུང་ཞིང་འགག་པ་ན་དེ་གའི་རང་བཞིན་དུ་འགྲོ་བའི་གདུག་པ་ཅན་གྱི་སེམས་ཅན་ནོ། །བསྙེངས་པར་བྱེད་པ་ནི་དེ་རྣམས་སྐྲག་པར་བྱེད་པའི་ཚུལ་ཏེ་རྣམ་པ་ཅན་དུ་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་སྟེ་ཕྱི་མ་གསུམ་གྱི་ཚེ་སྒོ་དེ་དང་་དེར་བཞུག་པ་ཡང་སྒྲ་ཇི་བཞིན་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་རིན་འབྱུང་ངོ་། །རྡོ་རྗེ་ནི་དེའི་རིགས་ཀྱི་ཁྲོོ་བོ་གཞན་གྱིས་མི་ཐུབ་སྟེ། དེ་ཉིད་དབྱུང་བར་བྱའོ་སྙམ་དུ་་དགོངས་པའི་ཏིང་ངེ་འཛིན་ལ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ཞེས་བྱ་སྟེ་དྲང་དོན། མངོན་པར་བྱང་ཆུབ་པ་ནི་འོད་གསལ། དེ་ཉིད་རྟོག་པས་མི་ཕྱེད་པ་ནི་རྡོ་རྗེ་སྟེ་ངེད་དོན་ནོ། །པྲཛྙཱ་ནྟ་ཀྲིཏ་ནི་ཤེས་རབ་མཐར་བྱེད་དེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ཐམས་ཅད་འཇིག་པར་བྱེད་པ་ན ི་དྲང་དོན། ཤེས་རབ་ནི་ཡུལ་ལ་སོ་སོར་རྣམ་པར་རྟོག་པའི་ཤེས་རབ། དེ་འོད་གསལ་དུ་སྦྱང་ཞིང་ཟད་པར་མཛད་པ་ནི་ཤེས་རབ་མཐར་བྱེད་དེ་ངེས་དོན་ནོ། །རྡོ་རྗེ་ཁྲོོ་བོའི་དམ་ཚིག་གིས་གདུག་པ་ཅན་ཐམས་ཅད་བསྙེངས་པར་བྱེད་པའི་ཚུལ་སོགས་ནི་སྔར་བཞིན། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རིན་པོ་ཆེ་ནི་་འོད་དཔག་མེད་དོ། །དེ་ཉིད་རྟ་མགྲིན་གྱི་འབྱུང་གནས་ཡིན་པས་དེ་ལས་འབྱུང་བ་ནི་རྟ་མགྲིན་སྟེ་དྲང་དོན། ཆོས་རིན་པོ་ཆེ་ནི་འོད་གསལ། དེ་ལས་འབྱུང་བའམ་བྱུང་བའི་རྟ་མགྲིན་ནི་ཟུང་འཇུག་སྟེ་ངེས་དོན་ནོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདོད་ཆགས་འཆང་བ་འོད་དཔག་མེད་ཀྱི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་གྱི་དཀྱིལ་འཁོར་སོགས་སྔར་བཞིན། པདྨ་ནྟ་ཀྲིཏ་པདྨ་མཐར་བྱེད་དེ། ཉོན་མོངས་པས་མ་གོས་པས་ན་པདྨ་དང་། དེ་རྣམས་འཇིག་པར་མཛད་པ་ནི་མཐར་བྱེད་དེ་དྲང་དོན། །པདྨ་ནི་ཕྱག་རྒྱའི་པདྨ་དང་། མཐའ་ནི་དེའི་ནང་སྟེ་དེར་སྙོམས་པར་ཞུགས་པ་ལས་རྫོགས་རིམ་པའི་བདེ་ཆེན་བསྐྱེད་ནས་ཉོན་མོངས་འཇོམས་པ་ནི་མཐར་བྱེད་དེ་ངེས་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རིགས་ཀྱི་ཁྲོ་བོའི་ཚུལ་དུ་སོགས་ནི་སྔར་བཞིན། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དོན་གྲུབ། རྡོ་རྗེ་ནི་དེའི་རིགས་ཀྱི་བགེགས་མཐར་བྱེད་དེ་དྲང་དོན། སྐུ་གསུང་ཐུགས་རྡོ་རྗེ་ནི་འོད་གསལ་ཏེ་ངེས་དོན་ནོ། །བིགྷྣཱཾ་ཏ་ཀྲིཏ་ནི་བགེགས་མཐར་བྱེད་དེ། དེས་བགེགས་ཐམས་ཅད་འཇིག་པར་མཛད་པ་ནི་དྲང་དོན། ལུས་ཀྱི་འབྱུང་བ་འཕེལ་འགྲིབ་ཀྱི་དབང་གིས་ལུས་གཟིར་བ་ནི་བགེགས་དང་། བྱང་སེམས་ཞུ་བ་དྷཱུ་ཏཱིར་བབ་པ་འཕོ་མེད་དུ་བཟུང་སྟེ་བགེགས་དེ་རྣམས་ཟད་པར་མཛད་པ་ནི་ངེས་དོན་ནོ། །དེ་ནས་འདི་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་་ཐུགས་ཀྱི་རིག་པའི་རྡོ་རྗེ་འཆང་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དོན་གྲུབ་ཀྱི་རིགས་ཀྱི་ཁྲོོ་བོ་བགེགས་མཐར་བྱེད་ཀྱི་ཚུལ་དུ་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་རྣམས་ཀྱི་སྐབས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དོན་ནི་སྔར་བཤད་པ་ལྟར་དེ་དང་དེ་དབྱུང་བར་བྱའོ་སྙམ་དུ་དགོངས་པ་རྩེ་གཅིག་སྟེ་འདྲའོ། །བདག་མདུན་གྱི་ཕྱུང་བའི་དཀྱིལ་འཁོར་གཉིས་ཀྱི་སྐབས་སུ་རང་ཉིད་མི་བསྐྱོད་པ་་དང་རེག་བྱ་རྡོ་རྗེ་མ་དང་རང་ཉིད་རྣམ་སྣང་ཞེས་ཐམས་ཅད་ལ་རང་ཉིད་སྦྱོར་བ་རྣམས་ནི་སྔོན་བྱུང་ལ་དཀྱིལ་་འཁོར་སྤྲུལ་བའི་སྐབས་འདིར། རིགས་པའི་སྐྱེས་བུ་དེ་ཉིད་ཅེས་རྡོ་རྗེ་འཆང་ཉིད་དེ་རྣམས་སུ་སྤྲུལ་པ་ལྟར། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཕྱུང་བའི་ལྷ་རྣམས་ནི་གཙོ་བོའི་སྐུའི་ཆ་ཤས་ལས་གྲུབ་པའི་ང་རྒྱལ་འཛིན་དགོས་པའི་དོན་ནོ། །བཛྲ་དྷྲིཀ་ཅེས་སོགས་གྱི་སྔགས་འབྱིན་པའི་སྐབས་སུ་དེ་ནས་འདི་ཕྱུང་མ་ཐག་ཅེས་སྔགས་ཁོ་ན་བྱུང་བ་ལྟར་སྣང་ཡང་། དོན་དུ་ལྷ་སྔགས་དབྱེར་མེད་དུ་བྱས་པའི་ཚུལ་གྱིས་བྱུང་བ་ཡིན་ཏེ། འོག་རྣམས་སུ་རིག་པའི་སྐྱེས་བུ་དེ་ཉིད་ཅེས་སོགས་འབྱུང་བ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་མཉེས་པར་བྱེད་པའི་ཆེད་དུ། དཀྱིལ་འཁོར་གྱི་ལས་བྱ་བ་ལ་བགེགས་རྣམས་ཟློག་པའི་དམ་ཚིག་ལ་སེམས་པ་སྟེ་འཕྲིན་ལས་མཛད་པའི་ཁྲོ་བོ་རྣམས་ཕྱུང་བའི་སྐབས་སོ། །སྐབས་འདིར་ལྷ་བཅུ་གསུམ་ཕྱུང་སྟེ་དཀྱིལ་འཁོར་ལ་འགོད་པར་གསུངས་ནས། གཞན་འདིར་དངོས་སུ་མ་གསུངས་ཀྱང་དོན་གྱིས་ཐོབ་པས་ཁ་འགེགས་པ་ནི་ཊིཀྐ་མཆན་བུ་རྣམ་གཞག་རིམ་པ་སོགས་ན་གསལ་བ་ལྟར་ཡིན་ལ། འདིར་བསྡུས་ཏེ་བཤད་ན། འདིར་དངོས་སུ་སྨོས་པ་བཅུ་གསུམ་དང་། གླེང་གཞིའི་སྐབས་ནས་འབྱུང་བའི་སེམས་དཔའ་བརྒྱད་དང་། རྡོ་རྗེ་མ་ལྔ་སྟེ་བཅུ་གསུམ་དེ་བསྡོམས་ན་ཉེར་དྲུག་སྟེ་མཚམས་དང་སྟེང་འོག་གི་ཁྲོ་བོ་དྲུག་ནི་ལེའུ་དང་པོས་དོན་གྱིས་བསྟན་ཡང་ཚིག་ཟིན་ལ་མི་གསལ་བས། ལེའུ་བཅུ་གསུམ་པ་དང་རྒྱུད་ཕྱི་མ་དང་རྡོ་རྗེ་འཕྲེང་བ་ནས་ཁ་བསྐང་སྟེ། འདུས་པའི་དཀྱིལ་འཁོར་གྱི་ལྷ་སོ་གཉིས་གྲངས་ཚང་བར་བསྒྲུབས་པའོ། །གཉིས་པ་ལེའུ་དང་པོས་བརྗོད་བྱ་ཇི་ལྟར་བསྟན་པའི་དོན་བསྡུ་ན། གླེང་གཞིས་རིག་མ་འདུས་བྱ་བ་དང་། ཆོས་འབྱུང་དང་ཡུམ་གྱི་པདྨར་ལྷ་བསྐྱེད་པ་དང་། རྫོགས་རིམ་གྱི་བདེ་སྟོང་དབྱེར་མེད་དང་བདེན་གཉིས་དབྱེར་མེད་སོགས་བསྟན། གཟུངས་དཀྱིལ་གྱི་ལྷ་མོ་དགུ་སྦྲུལ་པས་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རླུང་དགུ་དྷཱུ་ཏཱིར་ཐིམ་པ་ལས་བདེ་ཆེན་བསྐྱེད་དགོས་པར་བསྟན། བསྡུས་དཀྱིལ་གྱིས་རྟེན་གྱི་དཀྱིལ་འཁོར་དང་བརྟེན་པའི་ལྷ་རྡོ་རྗེ་འཆང་དང་ལྷག་མོས་ཀྱི་ལྷ་ལུས་ལ་བསྡུ་བ་དང་། འོད་གསལ་དང་ཟུང་འཇུག་གི་སྐུ་བསྐྱེད་ཚུལ་བསྟན། ཟིལ་གནོན་རྡོ་རྗེས་སྟོང་བ་གསུམ་རིམ་གྱིས་འོད་གསལ་དུ་འཇུག་པ་དང་ལྷག་མོས་ཀྱི་མཛད་པ་ཡང་བསྟན། དམ་ཚིག་འབྱུང་བའི་རྡོ་རྗེས་འོད་གསལ་ལས་འཁྲུངས་པའི་ཟུང་འཇུག་གི་སྐུ་གཉིས་བསྟན། ལྷ་བཅུ་གསུམ་ཕྱུང་བས་ནི་དབང་གི་དཀྱིལ་འཁོར་དང་། བསྐྱེད་རིམ་གྱི་དཀྱིལ་འཁོར་རྒྱལ་མཆོག་གི་རྟེན་བརྟེན་པ་དང་། ཟུང་འཇུག་གི་ལྷ་རྣམས་ཀྱང་བསྟན་ཏེ། དེ་ཡང་གཟུངས་དཀྱིལ་གྱིས་བདེ་བ་ཆེན་པོ་ལམ་གྱི་སྲོག་ཡིན་པར་་སྟོན་ལ། མི་བསྐྱོད་པས་དཀྱིལ་འཁོར་སྤྲུལ་བས་ནི་རླུང་སེམས་ལ་སྒྱུ་ལུས་འགྲུབ་པར་སྟོན་ལ། དཀྱིལ་་འཁོར་བཙུན་མོའི་བྷ་གའམ་ཆོས་འབྱུང་དུ་ཆུད་པ་ནི་འོད་གསལ་ལས་ཟུང་འཇུག་འགྲུབ་པ་དང་། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་དེ་ལ་འཁོར་གྱི་ལྷ་ཞུགས་པ་ནི་ཟུང་འཇུག་གི་ལོངས་སྐུ་དང་། སྤྲུལ་སྐུ་ཡང་སྟོན་པ་སོགས་ཡིན་ཏེ། ཞེས་པར་གཞུང་ནས་ཤེས་པར་བྱའོ། །གཉིས་པ་ལེའུའི་མཚན་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་སྟེ་སྐྱེད་པར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ་ཞེས་སོ།། །།༈ གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་གསུམ། ཕྱག་མཆོད་སྔོན་་དུ་བཏང་ནས་གསོལ་བ་གདབ་པ། དེའི་ལན་བཤད་པ། དེ་ལ་ཆེད་བརྗོད་བྱས་པའི་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། ཞེས་པ་ནས། བཅོམ་ལྡན་སྙིང་བོ་བཤད་དུ་གསོལ། ཞེས་པའི་བར་ཏེ། དོན་ནི། ལེའུ་དང་པོ་བཤད་ཟིན་པ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ། འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱི་ནང་གི་མཆོད་པ་བྱས་ཏེ་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ། །བཤད་དུ་གསོལ་ཞེས་དྲང་ངོ་། །གང་གིས་ན་བཅོམ་ལྡན་འདས་ཀྱིས་སོ། །གང་ན་དྲང་ངེས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །སེམས་བསྐྱེད་དེ་ནི་ཁྱད་པར་བཞི་དང་ལྡན་ཏེ། ངོ་བོའི་ཁྱད་པར་སྐུ་དང་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་མཆོག་གོ །ཟབ་ཁྱད་རྒྱུད་སྡེ་འོག་མའི་གདུལ་བྱ་ལ་སྦ་བར་བྱ་བ་དེ་བཞིན་གཤེགས་པ་ཀུན་གྱི་གསང་བའོ། །གོང་ན་མེད་པའི་ཁྱད་པར་སེམས་་དེའི་བླ་ན་གཞན་མེད་པའོ། །བྱེད་ལས་ཀྱི་ཁྱད་པར་སྒྲིབ་པ་ཐམས་ཅད་ཚེ་འདི་ཉིད་ལ་དག་པར་བྱེད་པའི་ཕྱིར་ལམ་གྱི་སྙིང་བོའོ། །གཉིས་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ། བྱང་ཆུབ་ཀྱི་་སེམས་བསྐྱེད་བར་གདམས་ཤིང་གདམས་ལྟར་བསྐྱེད་པ། དོན་དེ་དེ་བཞིན་གཤེགས་པ་དྲུག་གིས་གསུངས་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། འདི་སྐད་ཅེས་བཀའ་སྩལ་ཏོའི་བར་ཏེ། གསོལ་བ་བཏབ་པ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས། འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ཅིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་སྟེ་བསམ་པ་ཡང་རང་གི་་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདིར་ཞུ་མཁན་་དེ་བཞིན་གཤེགས་པ་ཡིན་ཡང་ལན་བྱང་ཆུབ་སེམས་དཔའ་ལ་གསུངས་པ་ནི། དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སེམས་འདི་རྣམས་བསྐྱེད་ཟིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བསྐྱེད་དགོས་པ་ལ་་དགོངས་པའོ། །གཉིས་པ་ནི། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང་ནས། སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། ཞེས་པའི་བར་ཏེ། འདི་ལ་གསུམ། དྲང་དོན་དུ་བཤད་པ། ངེས་དོན་དུ་བཤད་པ། དེ་ལ་ཆེད་བརྗོད་མཛད་པའི་དོན་བཤད་པའོ། །དང་པོ་ནི། ཁྱེད་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིག །ཇི་ལྟར་བསྐྱེད་ན་སྔོན་བྱུང་ལ་སྟོན་པའི་འཁོར་གྱི་སེམས་དཔའ་དང་རྗེས་འཇུག་ལ་བསྐྱེད་རིམ་གྱི་སྒྲུབ་པ་པོ་ཁྱེད་ཀྱི་རང་གི་སེམས་ནི་ལུས་ཏེ་སྐུ་རྡོ་རྗེ་རྣམ་སྣང་ལྟ་བུ་སྟེ་དེའི་རྣམ་པར་བསྐྱེད་ཅིག །རང་གི་ལུས་ན ི་སེམས་ཏེ་ཐུགས་རྡོ་རྗེ་མི་བསྐྱོད་པ་ལྟ་བུ་སྟེ་དེའི་རྣམ་པར་བསྐྱེད་ཅིག །རང་གི་སེམས་ནི་ཚིག་ཏུ་བརྗོད་པ་་སྟེ་གསུང་རྡོ་རྗེ་འོད་དཔག་མེད་ལྟ་བུ་སྟེ་དེའི་རྣམ་པར་བསྐྱེད་ཅིག །འདིས་བསྐྱེད་རིམ་པས་སྒོ་གསུམ་སོ་་སོར་བྱིན་གྱིས་རློབ་པ་དང་། ཐུན་མོང་དུ་བྱིན་གྱིས་རློབ་པའི་ཚུལ་གཉིས་སྟོན་ཏེ། དེ་ཡང་བསྐྱེད་ཅིག་ཅེས་པ་ན ི་སྔར་ལྟར་གསུམ་པོ་སོ་སོར་སྦྱར་བས་སྒོ་གསུམ་སོ་སོ་དང་། མཐར་ཐུན་མོང་དུ་གཅིག་སྦྱར་བས་སྒོ་གསུམ་ཐུན་མོང་དུ་བྱིན་གྱིས་རློབ་པའི་ཚུལ་བསྟན་པ་ཐོབ་པའི་ཕྱིར་རོ། །འདིར་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སོ་སོར་བསྐྱེད་དུ་མི་རུང་སྙམ་དུ་འཛིན་པ་དོགས་པ་ཤས་ཆུང་ཞིང་། སེམས་ལུས་དང་ལུས་་སེམས་དང་སེམས་ངག་ཏུ་བསྐྱེད་པ་ནི་དོགས་པ་ཤས་ཆེ་ལ། ད་ལྟ་རང་ཅག་ལྟ་བུའི་ལུས་ངག་གཉིས་བེམ་པོའི་རང་བཞིན་ཡིན་པས་སེམས་ལས་དོན་གཞན་ཡིན་ཡང་། སངས་རྒྱས་ཀྱི་སར་སྐུ་གསུང་ཐུགས་གསུམ་ངོ་བོ་གཅིག་པ་མི་འགལ་བའི་ཕྱིར་རྡོ་རྗེ་གསུམ་ངོ་བོ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ཡིན་ནོ་ཞེས་གོ་བ་བསྐྱེད་པའོ། །གཉིས་པ་ངེས་དོན་ནི། རྫོགས་རིམ་པའི་སྒྲུབ་པ་པོ་ཁྱེད་ཀྱིས་སེམས་ནི་སྣང་མཆེད་ཐོབ་གསུམ་རླུང་དང་བཅས་པ་སྟེ། སེམས་དེ་ལས་ལྡང་བ་ན་ལུས་སྐུ་རྡོ་རྗེའི་རྣམ་པ་ཅན་ལྟ་བུ་སྒྱུ་མའི་སྐུར་བསྐྱེད་ཅིག །ལུས་སེམས་ལྟ་བུ་ནི་སྒྱུ་ལུས་དེ་རང་གི་སེམས་དང་ངོ་བོ་གཅིག་ཏུ་སྟོན་པའོ། །སེམས་ཚིག་ཏུ་བརྗོད་པ་ན ི་ཚིག་གི་ཡུལ་དུ་གྱུར་པའི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྒྱུ་མའི་སྐུ་དེ་ལྟ་བུའི་ངོ་བོར་རང་གི་སེམས་བསྐྱེད་ཅིག་པའོ། །སྒྱུ་ལུས་བསྐྱེད་པ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ་རྫོགས་རིམ་གྱི་སྒྲུབ་པ་པོ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་་དབྱེར་མི་ཕྱེད་པ་མ་དག་པའི་སྒྱུ་ལུས་དེ་ཉིད་ནམ་མཁའ་ལྟ་བུའི་དོན་གྱི་འོད་གསལ་དུ་སྦྱར་བ་སྟེ་བཅུག་ནས་ཟུང་འཇུག་གི་སྐུར་བསྐྱེད་པར་བྱའོ། །གསུམ་པ་ནི། དེ་ནས་འཁོར་རྣམས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་འོ་ཞེས་པ་ནི་ངོ་མཚར་དུ་གྱུར་པའོ། །གང་ལ་ན་ཀུན་ཏུ་བཟང་བོ་ཡི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་སྟེ་དེས་བྱང་ཆུབ་ཀྱི་སེམས་བསྟན་པ་དེ་ལའོ། །ངོ་མཚར་བའི་རྒྱུ་མཚན་ནི། སྐྱེ་བ་མེད་པ་ན ི་དོན་གྱི་འོད་གསལ་ལོ། །ཚུལ་གྱིས་ནི་སྒྱུ་ལུས་འོད་གསལ་དེར་ཞུགས་པའོ། །འོད་གསལ་གྱི་རླུང་སེམས་ཙམ་ལས་ཟུང་འཇུག་གི་སྐུ་སྐྱེ་བ་འདི་ནི་རྡོ་རྗེ་འཆང་གིས་རབ་ཏུ་བསྒྲགས་པ་སྟེ་བརྗོད་དོ། །དེ་ནི་དགོངས་མིན་དུ་བཤད་པའོ། །གསུམ་པ་ལ་དྲུག །རྡོ་རྗེ་འཆང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་བཤད་པ། དེ་བཞིན་དུ་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། སྣང་མཐའ། དོན་གྲུབ་སོ་སོས་གསུངས་པའི་བྱང་ཆུབ་ཀྱི་སེམས་དགོངས་མིན་དུ་བཤད་པའོ། །དང་པོ་ལ་གཉིས། བྱང་ཆུབ་ཀྱི་སེམས་གསུངས་པའི་ཏིང་ངེ་འཛིན་དགོངས་མིན་དུ་བཤད་པ་དང་། གསུངས་པའི་བྱང་ཆུབ་ཀྱི་་སེམས་ཚུལ་བཞིར་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བྱང་ཆུབ་ཀྱི་སེམས་་འདི་གསུངས་སོའི་བར་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་བ་ནི་སློབ་པའི་ཟུང་འཇུག་གོ །དེའི་ཚུལ་ནི་དེ་མངོན་དུ་བྱེད་པའི་ཐབས་ཚུལ་བཞིས་འཆད་པའི་དོན་རྣམས་སོ། །བཞི་བོ་དེ་ཉིད་རང་རང་གི་སྐབས་ཀྱི་མི་མཐུན་ཕྱོགས་ཀྱིས་མི་བྱེད་པས་ན་རྡོ་རྗེའོ། །དོན་དེ་ཉིད་བཤད་པར་བྱའོ་སྙམ་དུ་དགོངས་པ་ལ་ཞུགས་པ་་སྟེ་དགོངས་མིན་ནོ། །གཉིས་པ་ནི། དངོས་པོ་མེད་པས་སྒོམ་པ་མེད། ནས། གསུངས་སོའི་བར་ཏེ། འདི་ལ་བཞི། ཡིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་ཏུ་བཤད་པའོ། །དང་པོ་ནི། ཕྱི་ནང་གི་དངོས་པོ་འདི་རྣམས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་ན་ཅུང་ཟད་ཀྱང་མ་རྙེད་པའི་ཚེ། མ་རྙེད་པ་དེ་སྣོད་བཅུད་ཀྱི་དངོས་པོ་བདེན་པར་མེད་པར་སོང་བའི་དོན་དུ་མ་གོ་བར་གཏན་མེད་ཀྱི་་དོན་དུ་བཟུང་ནས་དེ་ལྟར་དུ་སྒོམ་པ་ནི་དེ་ཁོ་ན་ཉིད་སྒོམ་པ་མེད་པ་སྟེ་སྒོམ་པ་མ་ཡིན་ཏེ། དངོས་པོ་གཏན་མེད་ན་དེ་ཁོ་ན་ཉིད་སྒོམ་པ་ཡང་མི་འཐད་པའི་ཕྱིར་རོ། །བསྒོམ་པར་བྱ་བ་རང་བཞིན་གྱི་གྲུབ་པར་བཟུང་ནས་སྒོམ་པ་དེ་ཡང་སྟོང་ཉིད་སྒོམ་པ་མིན་ཏེ། རང་བཞིན་གྱིས་གྲུབ་པ་ལ་བསྒོམ་བྱ་དང་སྒོམ་བྱེད་སོགས་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་གྱིས་གྲུབ་པའི་དངོས་པོར་ཡོད་པ་དང་གཏན་ནས་དངོས་པོར་མེད་པ་ཡང་ཡིན་པའི་གཞི་མཐུན་དུ་སྒོམ་པ་མི་ཐད་དེ། དེ་འདྲ་གཅིག་ཡིན་པ་དང་ཅིག་ཤོས་ཡིན་པ་འགལ་བའི་ཕྱིར་རོ། །གཉིས་ཀ་མ་ཡིན་པའི་ཕུང་གསུམ་དུ་རང་བཞིན་གྱིས་གྲུབ་པར་སྒོམ་པ་ཡང་མི་འཐད་དེ། དེ་ལའང་རིགས་པས་གནོད་པའི་ཕྱིར། རྒྱུ་མཚན་དེ་བས་ན་གང་བསྒོམ་པ་དང་གང་གིས་སྒོམ་པ་དང་ཇི་ལྟར་སྒོམ་པ་གསུམ་རང་བཞིན་གྱི་གྲུབ་པའི་དམིགས་སུ་མེད་པའོ། །གཉིས་པ་ནི། སྣོད་བཅུད་ཀྱི་དངོས་པོ་བདེན་པར་གྲུབ་པ་མེད་ཀྱང་དེ་རྣམས་བདེན་པས་སྟོང་པའི་སྟོང་ཉིད་བདེན་པར་གྲུབ་པོ་སྙམ་དུ་བཟུང་ནས་སྒོམ་པ་ནི་དེ་ཁོ་ན་ཉིད་སྒོམ་པ་མེད་པ་སྟེ་སྒོམ་པ་མ་ཡིན་ཏེ། དེ་ནི་སྟོང་ཉིད་ལ་བདེན་པར་ཞེན་པ་གསོར་མི་རུང་བའི་ལྟ་བ་ཡིན་པའི་ཕྱིར། བསྒོམ་པར་བྱ་བའི་རྒྱུ་སོགས་རང་བཞིན་གྱི་གྲུབ་པར་བཟུང་ནས་བསྒོམ་པ་ནི་དེ་ཁོ་ན་ཉིད་སྒོམ་པ་མིན་ཏེ། རྒྱུ་འབྲས་དང་བསྐྱེད་བྱ་སྐྱེད་བྱེད་རང་བཞིན་གྱིས་མེད་པའི་ཕྱིར། དེ་ལྟར་ན་འབྲས་བུའི་དངོས་པོ་སྨོན་པར་བྱ་བའི་གནས་སུ་གྱུར་པ་རང་བཞིན་གྱིས་གྲུབ་པའི་དངོས་པོ་ཅུང་ཟད་ཀྱང་མེད་དེ། གང་ལ་གང་གིས་ཇི་ལྟར་སྨོན་པའི་འཁོར་གསུམ་བདེན་པར་གྲུབ་པ་མེད་པའི་ཕྱིར། འདི་གསུམ་གྱི་དང་པོས་རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་དང་། གཉིས་པས་མཚན་མེད་དང་། གསུམ་པས་སྨོན་མེད་བསྟན་ནོ། །དེ་བས་ན་སེམས་སམ་རྟོག་པས་བཏགས་པ་ཙམ་ལས་གཞན་པའི་ཆོས་སྒོམ་པ་དམིགས་སུ་མེད་དེ། ཐམས་ཅད་ཀྱང་སེམས་ཀྱིས་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སྟོང་ཉིད་ཀྱི་ལྟ་བ་ནི་མདོ་སྔགས་གཉིས་དང་། སྔགས་ཀྱིའང་རྒྱུད་སྡེ་བཞི་ཐུན་མོང་བའི་་སྤྱིའི་དོན་ནོ། །གསུམ་པ་ནི། སེམས་དབེན་འདྲེན་ཐབས་ཕྱི་ནང་གི་སྲོག་རྩོལ་ལ་བརྟེན་ནས་ལས་རླུང་་ཐམས་ཅད་དྷཱུ་ཏཱི ར་ཞུགས་གནས་ཐིམ་གསུམ་བྱས་སྟབས་ཀྱིས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་དང་། ཡིག་སྤྱི་གཉིས་ཀྱི་སྐབས་སུ་བཤད་པའི་སྟོང་ཉིད་གཉིས་སྦྱར་ནས་དེ་ཙམ་ཞིག་གོམ་པར་བྱས་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། དེ་ཡང་སེམས་དབེན་འདྲེན་ཐབས་ཀྱི་སྲོག་དྷཱུ་ཏཱིར་ཐིམ་པ་ན་ཕུང་པོ་དངོས་མེད་པ་སྟེ་་འོད་གསལ་དུ་ཐིམ་པའི་སེམས་དམིགས་ཀྱི་བདེ་སྟོང་སྦྱོར་བ་ཙམ་ཞིག་སྒོམ་པ་ལ་ནི་སྒྱུ་ལུས་སྒོམ་པ་མེད་དོ། གལ་ཏེ་སེམས་དབེན་གྱི་སྟེང་དུ་བསྒོམ་པར་བྱ་བ་རིམ་པ་གསུམ་པའི་སྒྱུ་མའི་སྐུ་བསྣན་པ་ཙམ་གྱིས་ཆོག་གམ་སྙམ་ན་བསྣན་པ་དེ་ཙམ་ཞིག་སྒོམ་པར་བྱེད་པ་ཡང་མིན་ཏེ། སྒྱུ་ལུས་དེ་དོན་གྱི་འོད་གསལ་དུ་དག་པར་བྱ་་དགོས་པའི་ཕྱིར། དེ་ལྟར་ན་སྔར་གྱི་སེམས་དམིགས་དང་སྒྱུ་ལུས་ཀྱི་དངོས་པོ་གཉིས་རེ་རེ་ཙམ་བསྒོམ་པར་བྱ་བའི་དངོས་པོར་མེད་དེ། དེ་ལ་ནི་དབྱེར་མེད་ཟུང་འཇུག་གི་སྐུའི་དངོས་པོ་སྒོམ་པ་དམིགས་སུ་མེད་པའི་ཕྱིར་ཏེ། དེ་ཙམ་ལ་ཟུང་འཇུག་གི་སྐུ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྒྱུ་ལུས་དངོས་པོ་མེད་པ་་དོན་གྱི་འོད་གསལ་དུ་བཅུག་པའི་ཡེ་ཤེས་ཁོ་ན་སྒོམ་པར་བྱེད་པ་མེད་པ་སྟེ་མིན་ཏེ། དེ་ལ་དག་པའི་སྒྱུ་མའི་སྐུ་མེད་པའི་ཕྱིར། སྔར་བཤད་པ་ལྟར་བསྒོམ་པར་བྱ་བ་མ་དག་པའི་སྒྱུ་ལུས་ཙམ་ཞིག་སྒོམ་པར་བྱེད་པ་མ་ཡིན་ཏེ། དེ་ལ་རིགས་འདྲ་རྒྱུན་མི་འཆད་པའི་རྡོ་རྗེའི་སྐུ་མེད་པའི་ཕྱིར། དེ་ལྟར་ན་དངོས་པོ་སྒྱུ་མའི་སྐུ་དང་དངོས་པོ་མེད་པ་དོན་དམ་འོད་གསལ་རེ་རེ་ཙམ་བསྒོམ་པར་བྱེད་མི་རིགས་པས་དེ་ཉིས་ཟུང་དུ་་འཇུག་པ་བསྒོམ་པར་བྱ་དགོས་སོ། །ཟུང་འཇུག་ཐོབ་ན་སྒོམ་པ་པོ་དང་བསྒོམ་པར་བྱ་བ་དང་ཇི་ལྟར་སྒོམ་པའི་འཁོར་གསུམ་བདེན་པར་འཛིན་པའི་བདེན་འཛིན་ས་བོན་དང་བཅས་པ་དམིགས་སུ་མེད་དེ། དེ་རྣམས་རྩ་བ་ནས་སྤངས་པའི་ཕྱིར་རོ། །ཞེས་བཅོམ་ལྡན་འདས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་་འཆང་ཆེན་པོས་གསུངས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས། རྣམ་པར་སྣང་མཛད་ཀྱིས་གསུངས་སོའི་བར་ཏེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། འོད་གསལ་ཐུགས་སུ་ཆུད་པ་དང་རྟོགས་པ་མི་ཕྱེད་པ་སྟེ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་ཏེ་འཆད་པར་གྱུར་བའི་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣོད་ཀྱི་དངོས་པོ་ཐམས་ཅད་ངོ་བོས་གྲུབ་པ་དང་བྲལ་བ་དང་། དེར་མ་ཟད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་གཟུང་བ་གཟུགས་ཕུང་དང་། མིག་ལ་སོགས་པའི་ཁམས་དང་སྐྱེ་མཆེད་གཟུགས་ཅན་པ་རྣམས་དང་། འཛིན་པ་ཤེས་པས་བསྡུས་པ་རྣམས་རང་བཞིན་གྱིས་གྲུབ་པ་རྣམ་པར་སྤངས་པའི་ཡུལ་སྟོང་བ་ཉིད་དོ། །དེ་འདྲ་བའི་ཆོས་རྣམས་ཀྱི་བདག་མེད་པ་ནི་རང་བཞིན་གྱིས་གདོད་མ་ནས་འོད་གསལ་བ་སྟེ་དེ་རྟོགས་པའི་ཡུལ་ཅན་གྱི་་ཡེ་ཤེས་སོ། །འོད་གསལ་དེ་དང་མཉམ་པ་ཉིད་དུ་གྱུར་པ་སྟེ་གཉིས་སུ་མེད་པ་ནི་ཟུང་འཇུག་གི་སྐུའོ། །སྐུ་དེ་ཡང་རང་གི་སེམས་གདོད་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་བདག་ཉིད་ཐམས་ཅད་སྟོང་པ་དོན་གྱི་འོད་གསལ་ཉིད་ཀྱི་རང་བཞིན་ཏེ་དེ་དང་ངོ་བོ་དབྱེར་མི་ཕྱེད་པའོ། །ཞེས་བཅོམ་ལྡན་འདས་སོགས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ནས། གསུངས་སོའི་བར་ཏེ། དེ་ནས་སོགས་ལས་མི་ཟ ད་པ་ནི་ཡར་དག་པའི་མཐའ་དེ་ཉིད་རྡོ་རྗེ་སྟེ་ཡང་དག་པའི་མཐའ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །གཟུགས་སོགས་ཕྱི་དང་མིག་སོགས་ནང་གི་བདག་ཉིད་ཅན་གྱི་དངོས་པོ་་འདི་རྣམས་རང་བཞིན་གྱིས་མ་སྐྱེས་པའོ། །དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་པས། དེའི་ཆོད་ཉིད་ཀྱང་རང་བཞིན་གྱིས་གྲུབ་པ་མེད་དོ། །དེ་ལྟར་ནམ་མཁའ་ལྟ་བུར་བདག་མེད་པའི་ཡུལ་སྟོང་བ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མི་ཕྱེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཚུལ་་འདི་ནི་སླར་མི་ལྡོག་པའི་ཕྱིར་བརྟན་པའོ། །ཞེས་བཅོམ་ལྡན་འདས་སོགས་སོ། །བཞི་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེ་དཔལ་ནས། གསུངས་སོའི་བར་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ནི་དོན་དམ་པའི་བདེན་པའོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །ཟག་བཅས་དང་ཟག་མེད་ཀྱི་ཆོས་རྣམས་ཐམས་ཅད་བདེན་པར་གྲུབ་པའི་དངོས་པོར་མེད་ཅིང་། གཟུགས་སོགས་ཀྱི་ཆོས་རྣམས་ཀྱི་མཚོན་བྱེད་ཀྱི་མཚན་ཉིད་རང་བཞིན་གྱིས་གྲུབ་པ་རྣམ་པར་སྤངས་པའོ། །དེ་ལྟ་ནའང་བདག་མེད་པའི་ཆོས་འོད་གསལ་གྱི་ཡེ་ཤེས་ལས་སྔོན་གྱི་འཕེན་པའི་དབང་གིས་སྒྱུ་མའི་སྐུ་ཀུན་ཏུ་འབྱུང་བར་འགྱུར་རོ། །དེ་འདྲ་བའི་བྱང་ཆུབ་ཀྱི་ཚུལ་འདི་བརྟན་པ་སྟེ་སྔར་བཞིན་ནོ། །ཞེས་བཅོམ་ལྡན་འདས་སོགས་སོ། །ལྔ་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ནས། གསུངས་སོའི་བར་ཏེ། དེ་ནས་སོགས་ལས་འོད་ཟེར་འབར་བ་རྡོ་རྗེ་སྒྲོན་མ་ནི་་འོད་གསལ་གྱི་ཡེ་ཤེས་ཀྱི་སྣང་བའོ། །རང་བཞིན་གྱིས་མ་སྐྱེས་པའི་ཆོས་རྣམས་ལ་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཉིད་མེད་ལ། དེར་མ་ཟད་དེ་ལ་བསྒོམ་པར་བྱ་བའང་རང་བཞིན་གྱིས་མེད་དོ། །འོན་ཀྱང་ནམ་མཁའ་ནི་དོན་དམ་བདེན་པ་དོན་གྱི་འོད་གསལ་ལོ། །ཚུལ་ནི་ཀུན་རྫོབ་བདེན་པ་སྒྱུ་མའི་སྐུའོ། །དེ་གཉིས་ཐུགས་དང་སྐུར་ངོ་བོ་གཅིག་ཏུ་སྦྱོར་བ་ཡི་སྒོ་ནས་ཟུང་འཇུག་གི་དངོས་པོ་དག་ཏུ་རབ་ཏུ་བསྒྲགས་སོ། །ཅེས་བཅོམ་ལྡན་འདས་སོགས་སོ། །དྲུག་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཟ་བ་ནས། གསུངས་སོའི་བར་ཏེ། དེ་ནས་སོགས་ལས་ཟིལ་གྱིས་གནོན་པའི་རྡོ་རྗེ་ནི་སྔར་མཐར་ཐུག་ལ་བཤད་པ་ལྟར་རོ། །ཆོས་རྣམས་ཀྱི་རང་བཞིན་ནི་ཀུན་རྫོབ་བདེན་པ་སྒྱུ་ལུས་དང་བརྫུན་སྣང་ངོ་། །འོད་གསལ་བ་ནི་དོན་དམ་པ་འོད་གསལ་གྱི་ཡེ་ཤེས་དང་ཆོས་ཉིད་དོ། །དེས་ན་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་བཞིན་ཡིན་པའི་ཕྱིར་དོན་དམ་པར་བྱང་ཆུབ་དོན་གྱི་འོད་གསལ་མེད་ཅིང་། མངོན་རྟོགས་སྒྱུ་ལུས་ཀྱང་མེད་མོད། ཐ་སྙད་དུ་དེ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་བྱང་ཆུབ་ཀྱི་ཚུལ་འདི་ནི་བརྟན་པའོ། །ཞེས་བཅོམ་ལྡན་འདས་སོགས་སོ། གསུམ་པ་ནི། དེ་ནས་བྱམས་པ་ལ་སོགས་པ་ནས། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་ཏེ། དེ་ནས་སོགས་ལས་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སྒྱུ་མའི་སྐུའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་སྐུ་དེ་ཉིད་འོད་གསལ་གྱིས་དག་པར་བྱས་པའོ། །ཡི་གེ་ནི་དེ་གཉིས་སྟོན་པར་བྱེད་པའི་ཚིག་གོ །ཐོས་ནས་ངོ་མཚར་དུ་གྱུར་པ་ནི་སྒྱུ་མའི་སྐུའོ། །རྨད་དུ་གྱུར་པ་ནི་འོད་གསལ་གྱི་ཡེ་ཤེས་སོ། །ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ནི་ཀུན་རྫོབ་སྒྱུ་མའི་སྐུ་དང་། ཨེ་མའོ་ཆོས་ནི་དོན་དམ་འོད་གསལ་གྱི་གོ་ནས་དང་། ཆོས་བཤད་པ་ནི་ངོ་མཚར་ཆེ་ནི་དབྱེར་མེད་ཟུང་འཇུག་གི་སྒོ་ནས་བསྟོད་པའོ། །ཡང་དག་དོན་ནི་འོད་གསལ་དང་དག་པའི་དོན་ནི་དེས་དག་པར་བྱས་པའི་སྐུ་སྟེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་ཀྱི་་སེམས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །བདག་མེད་པ་ཡི་ཆོས་ལས་བྱུང་བ་ནི་འོད་གསལ་ལས་བྱུང་བའོ། །སངས་རྒྱས་བྱང་ཆུབ་ནི་རྫོགས་རིམ་མོ། །རྫོགས་མཛད་པ་ནི་རིམ་པ་དེས་སངས་རྒྱས་རྫོགས་པར་བྱེད་པའམ་སྐྱེད་པར་བྱེད་པའོ། །རྣམ་པར་མི་རྟོག་པ་ནི་གཉིས་སྣང་གི་རྟོག་པ་རྣམས་ཟད་པའོ། །དམིགས་་སུ་མེད་པ་ནི་མངོན་ཞེན་དང་བྲལ་བ་སྟེ། དེ་འདྲ་བའི་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་པའོ། །ཀུན་དུ་བཟང་བོ་ནི་འཁོར་འདས་ཐམས་ཅད་དུ་བཟང་བའོ། །ཐམས་ཅད་དོན་ནི་ཕུན་ཚོགས་ཐམས་ཅད་་ཐོབ་པའོ། །བྱང་ཆུབ་སེམས་ནི་རབ་བསྐོར་བ་ནི་ལྷའི་དཀྱིལ་འཁོར་སྤྲོ་བར་མཛད་པའོ། །བྱང་ཆུབ་ནི་་དོན་དམ་འོད་གསལ་དང་སྤྱོད་པ་ནི་ཀུན་རྫོབ་སྒྱུ་ལུས་དང་རྡོ་རྗེ་ཆེ་ནི་དབྱེར་མེད་ཟུང་འཇུག་སྟེ། དེ་འདྲ་བའི་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །དག་པ་ནི་འོད་གསལ་གྱི་དག་པའི་སྐུའོ། །དེ་བཞིན་གཤེགས་པའི་ཐུགས་ནི་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པའི་ཐུགས་སོ། །སྐུ་དང་གསུང་ཐུགས་རྡོ་རྗེ་འཛིན་ནི་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པའི་རྣམ་པར་གདུལ་བྱ་ལ་སྣང་བའོ། །སངས་རྒྱས་བྱང་ཆུབ་རབ་སྟོན་པ་ནི། གདུལ་བྱ་མི་གནས་པའི་མྱང་འདས་ལ་འགོད་པ་སྟེ། དེ་འདྲ་བའི་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་སྒྲ་ཇི་བཞིན་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནས། གཉིས་པའོ་ཞེས་པའི་བར་ཏེ། དྲང་ངེས་ཀྱི་བྱང་ཆུབ་སེམས་སྟོན་པའི་ལེའུ་སྟེ་གཉིས་པའོ། ཞེས་སོ།། །།༈ གསུམ་པ་རྡོ་རྗེ་བཀོད་པའི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་དོན་ནོ། དང་པོ་ལ་གསུམ། ཕྲ་མོ་སྒོམ་པའི་རྟེན་ལྷའི་རྣལ་འབྱོར་བསྐྱེད་པ་དང་། བསྐྱེད་ནས་ཕྲ་མོའི་རྣལ་འབྱོར་སྒོམ་པ་་དང་། ལྷའི་བསྐྱེད་ཆོག་གི་རིམ་པ་བསྟན་པའོ། །དང་པོ་ལ་གཉིས། དྲང་བའི་དོན་དང་། ངེས་པའི་དོན་ནོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ལེའུ་ལ་འཇུག་པ། ལྷ་བསྐྱེད་པའི་ཡན་ལག་ཏུ་གྱུར་པའི་སྔགས་བསྟན་པ། རྟེན་བརྟེན་པའི་དཀྱིལ་འཁོར་སྒོམ་ཚུལ། ལྷ་རྣམས་བསྐྱེད་པའི་ཡན་ལག་་དང་པོ་སྦྱོར་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། གསུངས་སོའི་བར་ཏེ། དེ་ནས་ཞེས་སོགས་ལས་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བའི་སྤྲིན་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ནི་དེ་བཞིན་གཤེགས་པའོ། །བཀོད་པ་ནི་དེའི་ཚོགས་ཏེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་གཞིའི་ལེའུ་འདི་གསུངས་སོ། །གཉིས་པ་ནི་ༀ་ཤཱུ་ནྱ་ཏ་ནས། ཨཏྨ་ཀོ྅ཧཾ་སྟེ། ༀ་ནི་སྐུ་གསུང་ཐུགས་མཚོན་བྱེད་དང་འགོ་འདྲེན། ཤཱུནྱ་ཏ་ནི་སྟོང་པ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་མི་ཕྱེད་པ་སྟེ་རྡོ་རྗེའོ། །གང་དག་གང་མི་ཕྱེད་པ་ནི་ཡུལ་སྟོང་བ་ཉིད་དང་ཡུལ་ཅན་གྱི་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའོ། །སྭ་བྷཱ་ཝ་ནི་རང་བཞིན་ཏེ་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་དང་། ཨཱཏྨ་ཀ་ནི་་དེའི་བདག་ཉིད་ཅན་གྱི་ཡེ་ཤེས། ཨ་ཧཾ་ནི་ངའོ་སྟེ་དེ་གཉིས་དབྱེར་མི་ཕྱེད་པའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་སྒོམ་ཚུལ་མདོར་བསྟན་པ་དང་། གཙོ་བོ་འཕོ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ནས། གཟུགས་ནི་དབུས་སུ་བསྒོམ་པ་བྱ། ཞེས་པའི་བར་ཏེ། འདིར་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནི་ཆོས་འབྱུང་ཟུར་གསུམ་པའི་དབུས་སུ་གནས་པའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི་དཀྱིལ་འཁོར་གྱི་ནང་གི་དེ་བཞིན་གཤེགས་པ་རིགས་ལྔའོ། །འོད་ཟེར་སྤྲིན་ནི་རིགས་ལྔ་རང་རང་གི་རིགས་ཅན་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །བཀོད་པ་ཆེ་ནི་ལྷ་དེ་རྣམས་རང་རང་གི་བཞུགས་གནས་སུ་འཁོད་པའོ། །སངས་རྒྱས་ནི་སྤྱན་མ་ལ་སོགས་པའི་ལྷ་ཞི་བ་རྣམས་སོ། །འབར་བའི་འོད་ནི་རང་རང་གི་རིགས་བདག་གི་སྐུ་མདོག་གོ །མཉམ་པ་ནི་རང་རང་གི་རིགས་བདག་གི་སྐུ་མདོག་དང་འདྲའོ། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ་ནི། གཞལ་ཡས་ཁང་གི་ནང་ངོས་ཕྱོགས་བཞི་དང་སྟེང་འོག་གི་ཁ་དོག་གོ །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ་ནི། ལྷ་ཞི་བ་རྣམས་ཀྱི་འོད་ནི་ཟླུམ་པོར་ཡོད་པའོ། །འདོད་པའི་ཡོན་ཏན་ལྔ་ཡི་ཁྱབ་པ་ནི། རིམ་པ་གཉིས་པའི་ཤར་ལྷོ་སོགས་སུ་གཟུགས་རྡོ་རྗེ་མ་སོགས་བཞི་དང་དབུས་སུ་རེག་བྱ་རྡོ་རྗེ་མ་ལྔ་བཞུགས་པའོ། །མཆོད་པ་རྣམ་པ་ལྔ་ཡིས་བརྒྱན་ནི། །འདོད་སྣམ་ལ་གནས་པའི་མཆོད་པའི་ལྷ་མོས་འདོད་ཡོན་ལྔས་མཆོད་པའོ། །མདོར་ན་དེ་ལྟར་སོགས་རྐང་པ་གཉིས་ནི། མདོར་ན་དཀྱིལ་འཁོར་དེ་ལྟར་བསྒོམས་ནས་སུ་སྒྲུབ་པ་པོ་རང་ཉིད་རྡོ་རྗེ་་འཆང་གི་གཟུགས་སུ་བྱས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །དེ་དག་ནི་ལྷག་མོས་དང་དཀྱིལ་འཁོར་རྒྱལ་མཆོག་གཉིས་ཀ་ལ་སྦྱོར་བ་ཡིན་ནོ། །གཉིས་པ་ལ་གཉིས། རིགས་སོ་སོའི་གཙོ་བོ་་འཕོ་ཚུལ་དང་། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་བསྟན་པའོ། །དང་པོ་ནི། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། ནས། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་པའི་བར་ཏེ། ཡང་ན་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི། སྐུ་དང་གསུངས་དང་ཐུགས་རྡོ་རྗེ་གསུམ་གྱི་ཡོན་ཏན་གྱིས་མཚན་པ་སྟེ་དེ་དང་ལྡན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི་བདག་ཉིད་གཙོ་བོར་རྣམ་སྣང་གི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཡང་ན་ཚོགས་གཉིས་དང་ནི་ལྡན་པ་ཡིས་ལྷ་ཐམས་ཅད་བསྡུས་པ་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་དང་གཅིག་ཏུ་སྦྱོར་བ་ཡིས་མི་བསྐྱོད་པ་ཡི་སྐུ་ཕྱག་རྒྱ་ཆེན་པོའི་མཆོག་དཀྱིལ་འཁོར་གྱི་འབུས་སུ་གཙོ་བོར་བཞག་པར་བྱའོ། །ཡང་ན་དཀོན་མཆོག་དཔལ་རིན་འབྱུང་གི་ཕྱག་རྒྱ་ཆེན་པོ་གཙོ་བོར་བཞག་གོ །ཡང་ན་ཚེ་དཔག་མེད་པའི་འོད་བྱེད་པ་སྟེ་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་གཙོ་བོར་བཞག་གོ །ཡང་ན་ཐོགས་མེད་གྲུབ་པ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་གཙོ་བོར་བཞག་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་བ་རྣམས་བསྒོམ་པར་བྱའོ། །གཉིས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ནས། སངས་རྒྱས་དཀྱིལ་ཁོར་བསྒོམ་པར་བྱ། ཞེས་པའི་བར་ཏེ། སྐུ་གསུང་ཐུགས་ཀྱིི་རྡོ་རྗེ་ཅན་ནི་རྡོ་རྗེེ་འཆང་ངོ་། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ་ནི་རྡོ་རྗེ་འ ཆང་ལ་མི་བསྐྱོད་པ་ཞུགས་ནས་ཞེ་སྡང་རྡོ་རྗེར་བསྒྱུར་བའི་སྐུ་མདོག་གོ །རབ་འབར་ནི་ཁ་དོག་འབར་ཞིང་འཁྲུགས་པའོ། །ཕྱག་ན་རྡོ་རྗེ་བསྣམས་ནི་གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་བ་འཛིན་པའོ། །རྣམ་པར་གཙིགས་ལ་འཇིགས་འཇིགས་ལྟ་ནི་ཞལ་མཆེ་བ་རྣམ་པར་གཙིགས་ནས་འཇིགས་པའི་ཚུལ་གྱིས་གཟིགས་པའོ། །ཤེས་དང་ཟླ་བའི་འོད་འདྲ་བ་ནི་རྣམ་སྣང་གི་སྐུ་མདོག་གོ །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ་ན ི་རལ་པའི་ཐོར་ཚུགས་ལ་རིན་པོ་ཆེའི་ཅོད་པན་གྱིས་སྤྲས་པ་སྟེ་རིགས་ལྔ་ཀ་ལའང་འདྲའོ། །རབ་འབར་ནི་འོད་དོ། །ཕྱག་ན་འཁོར་ལོ་བསྣམས་པ་ནི་གཡས་ཀྱི་་དང་པོ་ནའོ། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན་ནི་རིན་པོ་ཆེའི་རྒྱན་བརྒྱད་དང་དར་གྱིས་བརྒྱན་པའོ། །འཛམ་བུའི་ཆུ་བོའི་གསེར་འོད་འདྲ་ནི་རིན་འབྱུང་གི་སྐུ་མདོག་གོ །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་འཁྲིགས་ནི་སྐུ་ལས་དེ་བཞིན་གཤེགས་པའི་ཚོགས་འཕྲོ་བའོ། །དེ་ཡི་ཕྱག་ན་རྡོ་རྗེ་ནི། རྩེ་མོ་དགུ་བ་རྣམ་པར་བསྒོམ། ཞེས་པ་ནི་སྔར་གྱི་ཞེ་སྡང་རྡོ་རྗེའི་ཕྱག་མཚན་ནོ། །མརྐ་ཏ་ཡི་འོད་འདྲ་བ་ནི་དོན་གྲུབ་ཀྱི་སྐུ་མདོག་གོ །རྡོ་རྗེ་མི་བསྐྱོད་པ་སོགས་རིགས་ལྔ་འོད་ཟེར་འབར་བས་རྣམ་པར་བརྒྱན་པ་ཀུན་དུ་འབར་བའི་་སངས་རྒྱས་ཀྱི་སྤྲིན་གྱིས་ཁྱབ་པའོ། །ཕྱག་ན་རིན་ཆེན་རྣམ་པར་བསྒོམ་ནི་རིན་འབྱུང་གི་ཕྱག་གཡས་ན་རིན་པོ་ཆེ་བསྣམས་པའོ། །པདྨ་རཱ་གའི་མདོག་འདྲ་བ་ནི་འོད་དཔག་མེད་ཀྱི་སྐུ་མདོག་གོ །གཙོ་བོ་འདོད་ཆགས་ནི་གཙོ་བོ་འོད་དཔག་མེད་དོ། །འབར་བ་མངའ་ནི་སྐུ་ལ་འོད་ཟེར་འབར་བའོ། །རབ་འབར་ཕྱག་ན་པདྨ་བསྣམས་ནི་འོད་ཟེར་འབར་བའི་པདྨ་འཛིན་པའོ། །འདོད་ཆགས་རྡོ་རྗེ་ཅན་བསྒོམ་བྱ་ནི། དེ་ལྟ་བུའི་འོད་དཔག་མེད་བསྒོམ་པར་བྱའོ། །འོད་ཟེར་སྣ་ལྔའི་འོད་འདྲའི་སྐུ། །གདོན་མི་ཟ་བ་རྡོ་རྗེ་ཅན། །ནི་འོད་ཟེར་ལྔ་འཕྲོ་བའི་དོན་གྲུབ་བོ། །ཞི་བ་ཕྱག་ན་རལ་གྲི་བསྣམས་ནི་ཞི་བའི་རྣམ་པ་ཅན་གཡས་ཀྱི་དང་པོ་ན་རལ་གྲི་འཛིན་པ་སྟེ་ཕྱག་མཚན་གཙོ་བོའི་དབང་དུ་བྱས་ནས་གཞན་མཚོན་པ་འདི་ཐམས་ཅད་ལ་འདྲའོ། །དེ་འདྲ་བའི་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱའོ། །བཞི་བ་ནི། དེ་ནས་བཅོམ་ལྡན་འདས་ནས། ཨཏྨ་ཀོ་྅ཧཾ། ཞེས་པའི་བར་ཏེ། དེ་ནས་ཞེས་སོགས་ལས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད། དེ་བཞིན་གཤེགས་པ་རིགས་དྲུག་པོ་ཐམས་ཅད་ཀྱི་ཆོས་ཀྱི་སྟེ་སྐུའི་དབྱིངས་སམ་རྒྱུའི་ངོ་བོ་ཉིད་དུ་གྱུར་པའི་རྡོ་རྗེ་ཞེས་བྱ་བ་སྟེ་སེམས་ཟླ་བའི་རྣམ་པར་བསྐྱེད་པ་རྣམ་རྟོག་གིས་མི་ཕྱེད་པ་ལ་རྩེ་གཅིག་ཏུ་སྙོམས་པར་ཞུགས་ཏེ། སྐུ་ཞལ་ཕྱག་གི་རྣམ་པ་ཅན་དང་། གསུང་ཡིག་འབྲུའི་རྣམ་པ་ཅན་དང་། ཐུགས་ཕྱག་མཚན་གྱི་རྣམ་པ་ཅན་རྣམས་བྱིན་གྱིས་རློབ་པར་བྱེད་པའི་སྔགས་འདི་གསུངས་སོ། །ༀ་ནི་བཤད་ཟིན་ལ། དྷརྨཱ་ནི་ཆོས་ཏེ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དོ། །དྷཱ་ཏུ་ནི་ཁམས་ཏེ་རྒྱུའམ་རྩ་བའོ། །སྭ་བྷཱ་ཝ་ནི་རང་བཞིན་ཏེ་རླུང་སེམས་ཙམ་ཟླ་བར་སྣང་བའོ། །ཨཏྨ་ཀོ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་ཞེས་པའོ། །འདིས་རིགས་དྲུག་གི་དང་པོ་སྦྱོར་བའི་བསྐྱེད་ཆོག་ཉིད་སྟོན་ཏེ། ཟླ་བའི་སྟེང་དུ་ཡི་གེ་གསུམ་བསྐྱེད་པ་ལས་རིག་དྲུག་གི་ཕྱག་མཚན་ཡི་གེ་གསུམ་གྱི་མཚན་པ་དང་། དེ་ལས་རིགས་དྲུག་པོ་རང་རང་གི་སྐུ་ཡོངས་རྫོགས་པ་སྐྱེད་པར་སྟོན་པའི་ཕྱིར་རོ། །དེ་དག་ནི་གཞུང་དེ་རྣམས་ཀྱི་དྲང་བའི་དོན་ནོ། །གཉིས་པ་དེ་རྣམས་ཀྱི་ངེས་དོན་ནི། དེ་ནས་སོགས་ལས་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་དུ་བསྒོམས་པའི་རྫོགས་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བའི་རླུང་ལྔའོ། །དེ་རྣམས་ཀྱི་འཕོ་བ་ནི་་སྟེང་སྣ་སྒོ་ནས་འབྱུང་བའོ། །དེའི་སྤྲིན་ནི་དེ་རྣམས་ཀྱི་ཚོགས་སོ། །བཀོད་པ་ནི་རླུང་ལྔ་པོ་རེ་རེ་རྒྱུ་བ་ན་གཞན་གསུམ་འཁོར་དུ་འབྱུང་བའི་ཚུལ་གྱི་རྒྱུ་བའོ། །རྡོ་རྗེ་ནི་ཡི་གེ་གསུམ་གྱི་འཇུག་གནས་ལྡང་གསུམ་རླུང་སྔགས་དབྱེར་མེད་དུ་སྦྱོར་བའོ། །ཏིང་ངེ་འཛིན་ནི་དེ་ལ་དམིགས་པ་རྩེ་གཅིག་པའོ། །རྡོ་རྗེེ་ནི་ས་བོན་ཡི་གེ་གསུམ་མོ། །བཀོད་པ་ནིི་དབྱངས་གསལ་རྣམས་དེར་འདུ་བའོ། །རླུང་སྔགས་དབྱེར་མེད་དུ་་སྦྱོར་བའི་བཟླས་པ་ལ་རྩེ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་བརྗོད་བྱར་སྟོན་པའི་ལེའུ་འདི་གསུངས་སོ། །སྔགས་ཚན་པ་དྲུག་ཏུ་བཅད་པ་ནི། ༀ་གྱིས་རྣམ་སྣང་གི་རླུང་ཁྱབ་བྱེད་དང་། ཤཱུནྱ་ཏས་རིན་འབྱུང་གི་རླུང་ཐུར་སེལ། ཛྙཱ་ནས་འོད་དཔག་མེད་ཀྱི་རླུང་གྱེན་རྒྱུ། བཛྲ་གྱི་དོན་གྲུབ་ཀྱི་རླུང་མཉམ་གནས། སྭ་བྷ་ཝ་ཨཏྨ་ཀས་མི་བསྐྱོད་པའི་རླུང་སྲོག་འཛིན་ཨ་ཏཾ་གིས་སྙིང་གའི་རྡོ་རྗེ་སེམས་དཔའི་ངོ་བོ་མི་ཤིགས་པའི་་ཐིག་ལེ་བསྟན་ཏོ། །ཡང་སྔགས་ཚན་པ་གསུམ་དུ་བཅད་པ་ནི། ༀ་ཤཱུ་ཏ་ནི་སྐུ་རྡོ་རྗེ་སྟེ་རླུང་ནང་དུ་འཇུག་པ་དང་། ཛྙཱ་ན་བཛྲ་ནི་གསུང་རྡོ་རྗེ་སྟེ་རླུང་ནང་དུ་གནས་པ་དང་། སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ་ནི་ཐུགས་རྡོ་རྗེ་སྟེ་རླུང་ནང་ནས་ཕྱིར་འབྱུང་བར་སྟོན་ནོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ནི་རྡོར་བཟླས་ཀྱིས་རླུང་་ཐམས་ཅད་སྙིང་ཁའི་བུ་ག་ནམ་མཁའི་དབུས་སུ་གནས་པ་སྟེ་ཐིམ་པ་ལས་སེམས་དབེན་གྱི་སྟོང་བ་གསུམ་མམ་བཞི་འཆར་བའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི་སྟོང་པ་དེ་ལས་ལུགས་ལྡོག་ཏུ་ལྡང་བ་ན་སྒྱུ་མའི་སྐུ་འབྱུང་བའོ། །འོད་ཟེར་སྤྲིན་གྱི་བཀོད་པ་ཆེ་ནི་སྐུ་དེ་རྒྱུ་རླུང་དང་བཅས་པའི་སྣང་བ་གསུམ་གྱི་ཚོགས་ལས་བྱུང་བ་སྟེ་རྒྱུའི་ཁྱད་པར་རོ། །སངས་རྒྱས་འབར་བའི་འོད་དང་མཉམ་ནི་འོད་ཟེར་གྱི་ཁྱད་པར་རོ། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ་ནི་སྐུ་དེ་རླུང་འོད་ཟེར་ལྔ་པ་ལས་བསྒྲུབས་པ་སྟེ་གང་ལས་བསྒྲུབས་པའི་ཁྱད་པར་རོ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ་ནི་སྣོད་བཅུད་ཀྱི་རྩ་བ་མཐར་གཏུག་ན་རླུང་སེམས་ཙམ་དུ་ཟད་པ་སྟེ་ངོ་བོའི་ཁྱད་པར་རོ། །འདོད་པའི་ཡོན་ཏན་ལྔ་ཡིས་ཁྱབ་ནི་ཡན་ལག་གི་རླུང་ལྔ་དང་ལྡན་པའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ་ནི་ཡུལ་ལྔ་ལ་ལོངས་སྤྱོད་པའི་དབང་བོ་ལྔ་ཚང་བ་སྟེ་ལོངས་སྤྱོད་ཀྱི་ཁྱད་པར་རོ། །མདོར་ན་དེ་ལྟར་བསྒོམས་ནས་སུ། ཞེས་སོགས་ནི་སྒྱུ་མའི་སྐུ་འོད་གསལ་དུ་བཅུག་སྟེ་བསྒོམས་ནས་མདོར་ན་སྟེ་འོད་གསལ་ལས་ལྡང་བའི་སྐད་ཅིག་དེ་ཉིད་ལ་རང་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཟུང་འཇུག་གི་སྐུ་ནི། འཁོར་འདས་གཉིས་ཀྱི་མཐའ་སྤངས་པའི་དབུས་སུ་བསྒོམ་པ་སྟེ་བསྐྱེད་པར་བྱའོ། །དེ་ནས་ཟུང་འཇུག་ལོངས་སྐུ་དེས་རྣམ་སྣང་སོགས་སྤྲུལ་ནས་སེམས་ཅན་གྱི་དོན་བྱའོ། །འོ་ན་དེ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྣམས་ཇི་ལྟར་ཞེ་ན། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། ནས། སངས་རྒྱས་དཀྱིལ་་འཁོར་བསྒོམ་པར་བྱ། །ཞེས་པའི་བར་སྔར་ལྟར་རོ། །དེ་ནས་སོགས་ཏེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ནི་འོད་གསལ་ཏེ། དེ་ལ་རྩེ་གཅིག་ཏུ་ཞེས་སོགས་དང་། སྔགས་དོན་གང་གི་ཟུང་འཇུག་གི་སྐུ་གསུང་་ཐུགས་བྱིན་གྱིས་བརློབ་པ་སྟེ་བསྐྱེད་པའི་སྔགས་འདི་གསུངས་སོ། ༀ་ནི་འོད་གསལ་གྱི་བཞོན་པའི་རླུང་ཁྱབ་བྱེད། དྷརྨཱ་ནི་དེ་བཞིན་དུ་ཐུར་སེལ། དྷཱུ་ཏུ་ནི་གྱེན་རྒྱུ། སྭ་བྷཱ་ཝ་ནི་སྲོག་འཛིན། ཨཏྨ་ཀཾ་ནི་མཉམ་གནས། ཨ་ཧཾ་ནི་དོན་གྱི་འོད་གསལ་ཏེ་དེ་རྣམས་ལས་ཟུང་འཇུག་གི་སྐུ་བསྐྱེད་པར་བསྟན་པའོ། །རླུང་རྣམས་རིགས་ལྔ་གང་གི་ལུང་ཡིན་པ་ནི་སྔར་བཞིན་ནོ། །གཉིས་པ་ལ་གསུམ། སྤྱི་དོན་གྱིས་སྟེང་གི་སྣ་རྩེར་ཕྱག་མཚན་ཕྲ་མོ་སོགས་སྒོམ་པ་དང་སྤྲོ་བསྡུ་བྱེད་ཚུལ། སྦས་དོན་གྱིས་རྡོ་རྗེའི་རྩི་དང་པདྨར་ཕྲ་ཐིག་དང་དེའི་ནང་དུ་དཀྱིལ་འཁོར་སྒོམ་ཚུལ། མཐར་ཐུག་གིས་སྙིང་གའི་སྣ་རྩེར་མི་ཤིགས་པ་སྒོམ་པ་རྡོར་བཟླས་བྱ་ཚུལ་ལོ། །དང་པོ་ནི། རིན་ཆེན་ཆེན་པོ་ཁ་དོག་ལྔ། ནས། སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། ཞེས་པའི་བར་ཏེ། རིན་ཆེན་ཆེན་པོ་ནི་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ནོ། ཁ་དོག་ལྔ་ནི་མི་བསྐྱོད་པ་དང་རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་དང་དོན་གྲུབ་ཀྱི་སྒྲུབ་པ་པོ་རྣམས་ཀྱིས་རིམ་པ་བཞིན་དུ་རྡོ་རྗེ་སྔོན་པོ་འཁོར་ལོ་དཀར་པོ་རིན་པོ་ཆེ་སེར་པོ་པདྨ་དམར་པོ་རལ་གྲི་ལྗང་ཁུ་སྒོམ་པར་བྱེད་པའོ། །ཡུངས་ཀར་གྱིས་ནི་འབྲུ་ཚད་ཙམ་ནི་ཕྱག་མཚན་རྣམས་ཀྱི་ཆེ་ཆུང་གི་ཚད་དོ། །གནས་གང་དུ་ན་དཀྱིལ་འཁོར་གྱི་གཙོར་བསྒོམས་པའི་ཞལ་གྱི་སྣ་ཡི་རྩེ་མོར་རོ། །ཚུལ་ནི་ལྷའི་རྣལ་འབྱོར་གྱིས་ནན་ཏན་དུ་བྱས་ནས་རྟག་ཏུ་བསྒོམ་པར་བྱའོ། །རིན་ཆེན་ཕྱག་མཚན་དེ་ཉིད་རེག་མཐོང་གི་མཚན་མ་བྱུང་སྟེ་བརྟན་པར་གྱུར་ནས་དེ་ལས་དེ་འདྲ་བ་མང་པོ་སྤྲོ་ལ། བརྟན་པ་ཐོབ་པར་མ་གྱུར་ན་ནི་ཡོང་མི་སྤྲོའོ། །བརྟན་པ་ཐོབ་ནས་སངས་རྒྱས་མི་བསྐྱོད་པ་སོགས་ཁ་དོག་འབར་བའི་འོད་དང་ལྡན་པའི་སྐུ་མཆོག་རབ་ཀྱི་སྤྲིན་རྣམས་སྤྲོ་བར་བྱའོ། །སྤྲོ་རྒྱུའི་དབྱེ་བ་ལ་ཕྱག་མཚན་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པད་མ་དང་རལ་གྲི་སྟེ། ཕྱག་མཚན་དེ་རྣམས་འཛིན་པའི་སངས་རྒྱས་ལྔ་དང་དེའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས་སྤྲོ་བའི་བདག་ཉིད་ཅན་གྱི་སྒྲུབ་པ་པོས་ནམ་མཁའ་ཁྱབ་པར་སྤྲོ་བར་བྱའོ། །ཕྲ་མོའི་གཞུང་འདི་རྣམས་ལ་བསྡུས་དོན་གྱི་སྐབས་སུ་ཚུལ་བཞིས་བཤད་པར་གསུངས་ནས། རྒྱས་བཤད་འདིར་ཡིག་དོན་ཟུང་དུ་མ་བྱུང་བ་ནི་སྤྱི་དོན་དུ་བཤད་པ་དེ་ཉིད་ཡིག་དོན་དུ་སོང་བ་ལ་དགོངས་སོ། །གཉིས་པ་ནི། རིན་ཆེན་ནི་ཀུན་ད་ལྟ་བུའི་བྱང་ཆུབ་ཀྱི་སེམས་སོ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ་ནི་ཆེ་ཆུང་གི་ཚད་དེ་ཙམ་མོ། །གནས་ནི་རང་ལྟར་གསལ་བའི་གསང་གནས་ཀྱི་སྣ་ཡི་རྩེ་མོར་ཏེ་རྡོ་རྗེའི་རྩེའི་བུ་གར་རོ། །ཚུལ་ནི་ཐིག་ལེ་་དེ་ཉིད་ཁ་དོག་ལྔ་ཏེ་རིགས་ལྔའི་བདག་ཉ ིད་དུ་མོས་ནས་རྣལ་འབྱོར་གྱིས་ནན་ཏན་དུ་རྟག་ཏུ་བསྒོམ་པར་བྱའོ། །རིན་ཆེན་ཐིག་ལེ་དེ་ཉིད་ལ་སེམས་བརྟན་པར་གྱུར་ན་སྤྲོ་ཡི། བརྟན་པར་མ་གྱུར་པར་ཡོང་མི་སྤྲོའོ། །སྤྲོ་བའི་དོན་ནི་ཐིག་ལེ་ཡུམ་གྱི་པདྨར་ཕྱུང་སྟེ་དེའི་ནང་དུ་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་དོན་ནོ། །དེ་གསལ་བར་སྟོན་པ་ནི་སངས་རྒྱས་འབར་བ་འདྲ་བའི་འོད། ནས། སྤྲོ་བའི་བདག་ཉིད་ཅན་གྱིས་ཐིག་ལེའི་ནང་་དུ་ལྷ་བསྐྱེད་ནས་བུ་དང་ཚ་བོའི་ཚུལ་དུ་སྤྲོ་བར་བྱ་སྟེ། ཚིག་དོན་གཞན་ནི་སྔར་བཤད་པ་བཞིན་ནོ། །གསུམ་པ་ནི། རིན་ཆེན་ནི་མི་ཤིགས་པའི་ཐིག་ལེའོ། ཁ་དོག་ལྔ་ནི་རླུང་འོད་ཟེར་ལྔ་པའོ། །ཚད་ནི་་ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ་མོ། གནས་ནི་སྣའི་རྩེ་མོར་ཏེ་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུའོ། །ཚུལ་ནི་ཐོག་མར་མི་ཤིགས་པའི་ཐིག་ལེ་ལ་ནན་ཏན་དང་དེའི་རྗེས་སུ་རླུང་སྔགས་དབྱེར་མི་ཕྱེད་པའི་རྡོར་བཟླས་ཀྱི་རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ་པར་བྱའོ། །དེ་ཡང་ཐོག་མར་རིན་ཆེན་ཏེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སེམས་བཟུང་སྟེ་བརྟན་པ་ཐོབ་པར་གྱུར་ནས་རླུང་སྔགས་དབྱེར་མེད་དུ་བྱས་ཏེ་སྤྲོ་བར་བྱའོ། །བརྟན་པ་ཐོབ་པར་མ་བྱུང་བར་ཡོང་མི་སྤྲོའོ། །སྤྲོ་ཚུལ་རྒྱས་པར་བཤད་པ་ནི་སངས་རྒྱས་འབར་བ་འདྲ་བའི་འོད་ནི་རླུང་འོད་ཟེར་ལྔ་པའོ། །དེ་ཉིད་མཆོག་རབ་སྤྲིན་རྣམས་སྣའི་བུ་གར་སྤྲོ་བར་བྱའོ། །དེ་ཡང་་འཁོར་ལོ་རྡོ་རྗེ་རིན་ཆེན་དང་པདྨ་རལ་གྲི་མཚོན་ཆེན་འཛིན་པ་ནི་མགོན་པོ་ལྔའི་རླུང་ངོ་། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས་ནི། མགོན་པོ་བཞིའི་རླུང་དགུ་བརྒྱ་བ་ཕྲག་རེ་རེ་ལ་ལྷ་མོ་བཞིའི་རླུང་ཉིས་བརྒྱ་ཉེར་ལྔ་པ་ཚན་པ་བཞི་བཞི་རྒྱུ་བ་སྟེ། དེ་ལྟར་སྤྲོ་བའི་བདག་ཉིད་ཅན་གྱིས་རླུང་སྔགས་དབྱེར་མེད་དུ་་སྦྱར་ན་སྤྲོ་བར་བྱའོ། །གསུམ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནས། ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པའོ། །ཞེས་པའི་བར་ཏེ་འདི་ལ་གཉིས། དྲང་བའི་དོན་དང་། ངེས་པའི་དོན་ནོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནི་ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ་ནི་ཟླ་བ་ལས་བྱང་ཆུབ་པའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་དང་གནས་པ་ནི་ས་བོན་ལས་བྱང་ཆུབ་པ་དང་ཕྱག་འཚན་ལས་བྱང་ཆུབ་པའོ། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ་ནི་ཕྱག་མཚན་འཁོར་ལོ་ལས་རྣམ་སྣང་གི་སྐུ་རྫོགས་པར་བསྐྱེད་པའོ། །པདྨའི་དཀྱིལ་འཁོར་འདྲ་བ་ནི། པདྨ་སྒོམ་པས་བསྒོམ་པར་བྱ་ནི་ཕྱག་མཚན་པདྨ་ལས་འོད་དཔག་མེད་ཀྱི་སྐུ་བསྐྱེད་པའོ། །རིན་ཆེན་དཀྱིལ་འཁོར་འདྲ་བར་ནི། རིན་ཆེན་བརྩོན་པས་བསྒོམ་པར་བྱ་ནི་ཕྱག་མཚན་རིན་པོ་ཆེ་ལས་རིན་འབྱུང་གི་སྐུ་བསྐྱེད་པའོ། །སྦྱོར་བའི་དཀྱིལ་འཁོར་ནི་སྣ་ཚོགས་རྡོ་རྗེ་སྟེ་དེ་ལས་བྱུང་བའི་དོན་གྲུབ་ཀྱི་སྐུ་བསྒོམ་པར་བྱའོ། །ནམ་མཁའ་དང་འདྲ་བར་སྐུ་མདོག་སྔོན་པོ་མི་བསྐྱོད་པའི་སྐུ་ཡིད་ཀྱིས་བྲི་བ་སྟེ་བསྒོམ་པར་བྱའོ། །ཕྱག་མཚན་གང་ལས་བྱུང་བ་ནི་སྐུ་གསུང་ཐུགས་ནི་བསྒོམས་པ་ཡིས་མཚན་པའི་དཀྱིལ་འཁོར་མི་བསྐྱོད་པའི་སྐུ་དེ་ནི་ཕྱག་མཚན་རྡོ་རྗེ་ལས་བྱུང་བའོ། །སངས་རྒྱས་རབ་ཀྱི་མཆོག་ལྔ་པོ་འདི་དག་བསྒོམས་པའི་ཕན་ཡོན་ནི་མཐར་་ཐམས་ཅད་མཁྱེན་པའི་ཚུལ་འཐོབ་པར་འགྱུར་བའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་དང་བཀོད་པ་ནི་དེ་རྣམས་འདུས་པ་སྟེ་དྲང་དོན་ནོ། །གཉིས་པ་གཞུང་དེ་དག་གི་ངེས་དོན་ལ་གཉིས། སྙིང་ཀའི་མི་ཤིགས་པ་ལ་རྡོར་བཟླས་བྱེད་ཚུལ། དེས་ཟུང་འཇུག་བསྐྱེད་ཚུལ་ལོ། །དང་པོ་ནི། ནམ་མཁའི་དབྱིངས་ནི་འོད་གསལ་ལོ། །དེའི་དབུས་གནས་པར་ཟླ་བའི་དཀྱིལ་འཁོར་བྲི་བར་བྱིན་སྙིང་ཀའི་མི་ཤིགས་པའོ། །གསལ་བའི་དཀྱིལ་འཁོར་ཡང་མི་ཤིགས་པ་དང་། དབུས་གནས་པར་ནི་རྡོར་བཟླས་ཀྱི་རླུང་དེ་ལས་བྱུང་བའོ། །སོ་སོར་ཕྱེ་ན་ཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ་ནི་སྲོག་འཛིན། པདྨའི་དཀྱིལ་འཁོར་འདྲ་བར་ནི། པདྨ་སྒོམ་པས་བསྒོམ་པར་བྱ་ནི་གྱེན་རྒྱུ། རིན་ཆེན་དཀྱིལ་འཁོར་འདྲ་བར་ནི། །རིན་ཆེན་བརྩོན་པས་བསྒོམ་པར་བྱ་ནི་ཐུར་སེལ། སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ་ནི་མཉམ་གནས། ནམ་མཁའ་འདྲ་བ་ནི་ཁྱབ་བྱེད་ཀྱི་རླུང་ཡིན་ཡང་འགྲེ་པར་མ་བཤད་པ་ནི་ད་ལྟ་དེ་ལ་རྡོར་བཟླས་མི་ནུས་པ་ལ་དགོངས་སོ། །བྲི་བར་བྱ་ནི་ཤེས་པར་བྱ་བའི་དོན་ནོ། །གཉིས་པ་ན། རྡོར་བཟླས་འདི་དག་གི་ཕན་་ཡོན་སངས་རྒྱས་རབ་ཀྱི་མཆོག་རྫོགས་རིམ་པའི་ལྷའི་སྐུ་གསུང་ཐུགས་ནི་བསྒོམས་པ་ཡིས་ཏེ་བསྒྲུབས་པས་རྡོ་རྗེ་འོད་གསལ་ལས་བྱུང་བའི་ཟུང་འཇུག་གི་དཀྱིལ་འཁོར་བསྐྱེད་པར་ཤེས་པར་བྱའོ། །གང་ཟག་གང་གི་རྒྱུད་ལ་ཞེ་ན། ཚེ་གཅིག་ཐམས་ཅད་མཁྱེན་པའི་ཚུལ་ཏེ་གོ་འཕང་འཐོབ་པར་འདོད་པ་རྣམས་ཀྱི་རྒྱུད་ལའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནས། ལེའུ་སྟེ་གསུམ་པའོ་ཞེས་པའི་བར་ཏེ། རྡོ་རྗེ་ནི་ཟུང་འཇུག་གི་ལྷའི་སྐུའོ། །བཀོད་པ་ནི་དེའི་ཚོགས་སོ། །དེ་ལྟ་བུ་བརྗོད་བྱར་སྟོན་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་གསུམ་པའོ།། །།༈ བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། མཚན་དོན་ནོ། །དང་པོ་ལ་གསུམ། བསྟོད་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྟོན་པའི་གསུང་གིས་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་པའི་བར་ཏེ། དེ་ནས་འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དུས་ནས། རྒྱུད་ཀྱི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་དཀྱིལ་འཁོར་བཤད་པར་གསོལ་བ་བཏབ་བོ། དེ་ནི་སྔོན་བྱུང་་དང་སྦྱར་བ་ཡིན་ལ། རྗེས་འཇུག་ལ་སྦྱར་ན་འཁོར་གྱི་རིགས་བཞིའི་ང་རྒྱལ་འཛིན་པའི་སྒོ་བཞིའི་སློབ་མ་་འདུས་ནས་སློབ་དཔོན་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་གདབ་པ་དང་སྦྱར་རོ། །བསྟོད་ཚིག་དངོས་གཞི་ནི། དེ་བཞིན་གཤེགས་པ་ཀུན་ནི་མི་བསྐྱོད་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ཀུན་ལ་ཁྱབ་པ་དང་ཡེ་ཤེས་གཞན་ལའང་ཁྱབ་པའི་ལྡོག་ཆ་ནས་བསྟོད་པའོ། །ཞི་བ་ནི་གཙོར་ཞི་བའི་ལས་སྒྲུབ་པའི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ནི་འདོད་དོན་ཀུན་འབྱུང་བའི་གནས་རིན་འབྱུང་ཆོས་ཀུན་ནི་ངག་གི་ཆོས་ཀུན་རྣམ་པར་དག་པའི་འོད་དཔག་མེད་དོ། །བདག་མེད་པ་ཡི་མཆོག་ནི་བདག་མེད་ཀྱི་དོན་གདུལ་བྱས་རྟོགས་པར་མཛད་པའི་བྱ་བ་སྒྲུབ་པའི་མཆོག་དོན་གྲུབ་པོ། །དེ་འདྲ་བའི་རིགས་ལྔའི་ཡོན་ཏན་མངའ་བའི་རྒྱུད་ཀྱི་སྟོན་པའམ་རྡོ་རྗེ་སློབ་དཔོན་ཁྱོད་ཀྱིས་དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཅེས་པའོ། །ཡང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི། ཀྱཻ་ཀུན་དུ་བཟང་པོ་སྐུ་ཡི་མཆོག །ཅེས་བོས་ནས་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། དེ་ཇི་ལྟ་བུ་ཞེ་ན། གྲུ་བཞི་སྒོ་བཞི་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡང་དག་རྫོགས་ཤིང་། ཆད་ལྷག་ཏུ་གྱུར་པ་སོགས་མཚན་ཉིད་མིན་པ་ཐམས་ཅད་ཡང་དག་སྤངས་པ་དེའོ། །གཉིས་པ་ནི། གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ནི་མཆོག་དོན་དམ་པ་འོད་གསལ་ལས་བྱུང་ཞིང་། ཡེ་ཤེས་ནི་སྣང་བ་གསུམ་དང་་དེའི་སྤྱོད་པ་ནི་རང་བཞིན་བརྒྱད་ཅུའི་རྟོགས་པ་འོད་གསལ་གྱིས་རྣམ་པར་སྦྱོང་བའོ། །དབང་ཕྱུག་བརྒྱད་་དང་ལྡན་པས་ཀུན་ཏུ་བཟང་པོའོ། །ངག་གི་དབང་ཕྱུག་བརྙེས་པས་གསུང་གི་མཆོག་སྟེ་དེ་འདྲ་བའི་ཡོན་ཏན་དང་ལྡན་པ་ཁྱོད་ཀྱིས་དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་པའོ། །གསུམ་པ་ནི། སེམས་ཅན་ཀུན་ཀྱི་སེམས་ཆེན་པོ་ནི་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་ཞུགས་པའི་སེམས་ཏེ་འོད་གསལ་ལོ། །སེམས་རང་བཞིན་གྱིས་གདོད་མ་ནས་རྣམ་པར་དག་ཅིག་གློ་བུར་གྱི་དྲི་མ་མེད་པའི་དག་པ་གཉིས་དང་ལྡན་པས་ཀུན་ཏུ་བཟང་པོའོ། །དག་པ་གཉིས་སོ་སོར་ཐུགས་སུ་ཆུད་པས་ན་ཐུགས་མཆོག་གོ གདུལ་བྱ་མྱང་འདས་ལ་་འགོད་པར་མཛད་པས་ན་ཁ་ལོ་སྒྱུར་པའོ། །དེ་འདྲ་བའི་ཡོན་ཏན་དང་ལྡན་པ་ཁྱོད་ཀྱིས་དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ལོ། །འདི་དག་ཀྱང་སྔོན་བྱུང་ལ་སྟོན་པ་དང་རྗེས་འཇུག་གི་ཚེ་རྡོ་རྗེ་སློབ་དཔོན་དང་སྦྱར་རོ། །གཉིས་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། ནས། དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད། །ཅེས་པའི་བར་ཏེ། དེ་ནས་སྟོན་པ་རྡོ་རྗེ་འཛིན་རྡོ་རྗེ་འཆང་ནི་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་དང་དབྱེར་མེད་པར་བཞུགས་པ། འདོད་ཁམས་དང་གཟུགས་ཁམས་དང་གཟུགས་མེད་ཁམས་གསུམ་གྱི་དེ་ཁོ་ཉིད་དང་ངོ་བོ་གཅིག་ཏུ་བཞུགས་པ། འཇིག་རྟེན་གསུམ་ནི་ཉན་རང་བྱང་སེམས་ཏེ་དེ་དག་གི་མཆོག་དང་གཙོ་བོར་གྱུར་པའོ། །ཡང་འཇིག་རྟེན་གསུམ་ནི་ཚངས་པ་་དབང་ཕྱུག་ཁྱབ་འཇུག་སྟེ། དེ་དག་གི་མཆོག་དང་རྗེས་སུ་སྟོན་པ་པོའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ནི་དཀྱིལ་འཁོར་དེ་དེ་རྣམས་ཀྱི་བཞུགས་གནས་སུ་གྱུར་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ནི་དེ་རྣམས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་དེས་ནི་དེ་དང་རབ་ཏུ་འདྲ་བའི་ནང་རྫོགས་རིམ་གྱི་དཀྱིལ་འཁོར་མཚོན་ཞིང་དེའི་རྣམ་པ་ཅན་ནོ། །དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད་ནི་ཕྱི་དཀྱིལ་དེ་ནི་ཡིད་དུ་འོང་བ་སྟེ་སྒྲ་ཇི་བཞིན་པའོ། །གསུམ་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང་། བཤད་པ་དངོས་སོ། །དང་པོ་ནི་དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །ནས་བཤད་པར་བྱ། ཞེས་པའི་བར་ཏེ། དེ་ནས་གསོལ་བ་འདེབས་པ་དེའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་མཆོག་དེ་ནི། ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་དང་རབ་ཏུ་འདྲ་བ། སྐུ་དང་གསུང་དང་ཐུགས་རྣམས་ཀྱི་ནང་ནས་མཆོག་སྟེ་དཀྱིལ་འཁོར་དེ་རབ་ཏུ་བཤད་པར་བྱའོ། །གཉིས་པ་ལ་བཞི། ཐེག་གདབ་པ། ཕྱག་རྒྱ་དགོད་པ། མཇུག་བསྡུས་ཏེ་གཞན་དུ་ཁ་འཕངས་པ། དཀྱིལ་འཁོར་མཆོད་པའོ། །དང་པོ་ནི། ལུས་ངག་སེམས་ནི་བསྒོམས་པ་ཡིས། ནས། རབ་ཏུ་ཟླུམ་པོ་བྲི་བར་བྱ། ཞེས་པའི་བར་ཏེ། ལུས་ངག་སེམས་ནི་བསྒོམས་པ་ཡིས་ཏེ་སྒོ་གསུམ་མ་གཡེངས་ཤིང་དཀྱིལ་འཁོར་བྲི་སྒྲུབ་སོགས་ཚུལ་བཞིན་ཤེས་པའི་སྒྲུབ་པ་པོ་ཤེས་རབ་ཅན་གྱི་ཐིག་གདབ་པར་བྱ་སྟེ། ཇི་ལྟར་བྱ་ན་ཐིག་སྐུད་དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པའི་གསར་བ་ལེགས་པར་བཀལ་བ། རིང་ཐུང་སྦོམ་ཕྲ་ལ་སོགས་ཚད་ཀྱི་ཚད་མ་དང་ལྡན་པ། རབ་ཏུ་མཛེས་པ་ཡིས་གདབ་པར་བྱའོ། །དཀྱིལ་འཁོར་གང་གི་ཞེན་ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། དཀྱིལ་འཁོར་དེ་ནི་འདིར་རྩ་ཐིག་གི་ངོས་ལ་ཁྲུ་གསུམ་གསུམ་དུ་བྱས་པའི་ཁྲུ་ནི་བཅུ་གཉིས་ཚད་དུ་བྱའོ། །ངོས་བཞི་དང་ནི་གྲྭ་བཞིར་ལྡན་ནི་ཞེས་པ་ཡང་འདིར་རྩ་ཐིག་ནས་མདའ་ཡབ་ཀྱི་བར་གྱི་ལོགས་བཞི་དང་། དེའི་ཟུར་ཐིག་གི་དབང་དུ་མཛད་པའོ། །སྒོ་བཞི་བར་ནི་རབ་ཏུ་བརྟག་ནི་ཤར་ལ་སོགས་པའི་སྒོ་བཞི་བའོ། །དེ་ཡི་དབུས་སུ་འཁོར་ལོ་ནི། རབ་ཏུ་ཟླུམ་པོ་བྲི་བར་བྱ་ནི་ནང་གི་དཀྱིལ་འཁོར་ཟླུམ་པོར་བྲི་བའི་དོན་ནོ། །གཉིས་པ་ནི། དེ་ནས་ལས་ཀྱི་ཆོ་ག་ནི། ནས། བྱང་གི་ཕྱོགས་སུ་རྡོ་རྗེ་བྲི། །ཞེས་པའི་བར་ཏེ། ཐིག་བཏབ་ཟིན་པ་དེ་ནས་ས་བརྟག་པ་སྦྱང་བ་སོགས་ལས་ཀྱི་ཆོ་ག་ནི་ཉི་ཤུའི་ཁྱད་པར་མཐོང་བའི་རྡོ་རྗེ་སློབ་དཔོན་གྱིས་ཕྱག་རྒྱ་དགོད་པར་བྱའོ། །སྤྱིར་ཕྱག་རྒྱ་དེ་ལ་སྐུ་ཕྱག་ཆེན། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ་གསུམ་ཡོད་པ་ལས། འདིར་ཕྱིི་མ་སྟེ་མཚན་མའི་ཕྱག་རྒྱ་འགོད་ཚུལ་བཤད་པ་ནི། དཀྱིལ་འཁོར་དེའི་དབུས་རྡོ་རྗེ་བྲི་བར་བྱ་སྟེ། དེ་ནི་ཨིནྡྲ་ནཱི་ལའི་ཁ་དོག་དང་འདྲ་བ་སྔོན་པོ་འོད་ཟེར་འབར་བ་ཆེན་པོ་རྩེ་མོ་ལྔ་པ་འཇིགས་པའི་བགེགས་དག་ཀྱང་རབ་ཏུ་འཇིགས་པར་བྱེད་པའོ། །རེའུ་མིག་ཏུ་འགོད་ཚུལ་ནི་ཤར་གྱི་ཕྱོགས་སུ་འཁོར་ལོ་ཆེན་པོ་དཀར་པོ་རྡོ་རྗེ་སངས་རྒྱས་རིགས་ལྔའི་འོད་འབར་བས་རྣམ་པར་བརྒྱན་པའོ། །ལྷོ་ཕྱོགས་་སུ་རིན་པོ་ཆེ་ཆེན་པོ་སེར་པོ་འོད་ཟེར་མང་བོས་རབ་ཏུ་འཁྲིགས་པའོ། །ནུབ་ཕྱོོགས་སུ་པདྨ་ཆེན་པོ་དམར་བོ་པདྨ་རཱ་གའི་ཁ་དོག་དང་འདྲ་བའོ། །བྱང་ཕྱོགས་སུ་རལ་གྲི་ཆེན་པོ་ལྗང་ཁུ་འོད་ཟེར་མང་པོས་རབ་ཏུ་འཁྲིགས་པའོ། །ཤར་ལྷོའི་གྲྭ་རུ་ནི་དབུས་ན་སྤྲིན་དང་འདྲ་བའི་འོད་དེ་དབུས་ནག་ལ་མཐའ་དཀར་བའི་སྤྲིན་ལྟ་བུའི་སྤྱན་ནི་བྲི་བའོ། །དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་སུ་མ་མ་ཀཱི་ཡི་རིགས་འབྱུང་བའི་ཕྱག་མཚན་རྡོ་རྗེ་འདིར་བྲིའོ། །ནུབ་བྱང་གི་ཕྱོགས་སུ་ནི་པདྨ་ཁ་བྱེ་བ་སྡོང་བུ་དང་བཅས་བྲི་བར་བྱའོ། །བྱང་ཤར་གྱི་ཕྱོགས་སུ་ཨུཏྤལ་མཛེས་པ་མཐིང་ག་སྤྲིན་དང་འདྲ་བ་བྲི་བར་བྱའོ། །ཐོ་བ་འབར་བ་འོད་གསལ་བ་ཤར་ཕྱོགས་ཀྱི་སྒོར་ནི་བྲི་བར་བྱའོ། །རྡོ་རྗེ་འབར་བ་སོགས་དང་འོད་བཟང་བའི་བེ་ཅོན་ཏེ་དབྱུག་པ་དཀར་པོ་ལྷོ་ཡི་ཕྱོགས་ཀྱི་སྒོར་བྲི་རོ། །པདྨ་འབར་བ་འོད་བྱེད་པ་དམར་པོ་ནུབ་ཀྱི་ཕྱོགས་སུ་སྒོར་བྲི་བར་བྱའོ། །རྡོ་རྗེ་བདུད་རྩི་འཁྱིལ་བ་རྡོ་རྗེ་ཅན་གྱི་ཕྱག་མཚན་སྣ་ཚོགས་རྡོ་རྗེ་བྱང་གི་ཕྱོགས་སུ་སྒོར་བྲི་བར་བྱའོ། །གསུམ་པ་ནི། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། ཞེས་སོགས་རྐང་པ་གཉིས་ཏེ། ཐུགས་ཀྱི་དཀྱིལ་་འཁོར་དམ་པ་དེ་འབྲི་བའི་ཚུལ་ཡོངས་སུ་གསལ་བར་སྟེ་རྫོགས་པར་ཤེས་པར་བྱས་ནས་ཞེས་མཇུག་བསྡུས་ཏེ་ཁ་འཕངས་སོ། །དེ་ནི་དཀྱིལ་འཁོར་འབྲི་ཚུལ་རྒྱུད་གཞན་དང་བཤད་རྒྱུད་དང་ཀླུ་བྱང་གི་དཀྱིལ་ཆོག་་སོགས་ལས་ཤེས་པར་བྱ་བའི་དོན་ཏེ། འོན་ཁྱད་འདིི་བཤད་རྒྱུད་དང་དཀྱིལ་འཁོར་གྱི་ཆོ་ག་ནི་རྩ་རྒྱུད་འདི་མཛད་པའི་ཚེ་ད་དུང་མ་བྱོན་པས་ཁྱད་པར་ཕྱེད་པར་བྱའོ། །བཞི་པ་ལ་གསུམ། མཆོད་པ་སྤྱིར་བསྟན་པ། མཆོད་པ་ཁྱད་པར་བ། དེས་མཆོད་པའི་ཕན་ཡོན་ནོ། །དང་པོ་ནི། ལུས་དང་ངག་སེམས་མཆོད་པ་་ཡིས། ནན་ཏན་དུ་ནི་མཆོད་པར་བྱ། ཞེས་ཏེ། དཀྱིལ་འཁོར་བྲིས་ནས་བསྒྲུབས་ཟིན་པའི་རྗེས་སུ་སྒྲུབ་པ་པོས་ལུས་ཀྱིས་ཕྱག་སྐོར་བ་སོགས་དང་། ངག་གིས་བསྟོད་པ་སོགས་དང་། སེམས་ཡིད་ཀྱི་མཆོད་པ་ཡིས་ལྷ་ལ་ནན་ཏན་དུ་ནི་མཆོད་པར་བྱའོ། །གཉིས་པ་ལ་གཉིས། ནང་གི་མཆོད་པ་དང་། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པའོ། །དང་པོ་ནི། བུད་མེད་རབ་ཏུ་མདངས་བཟང་བ། ནས། ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། ཞེས་པའི་བར་ཏེ། རང་རིགས་ཀྱི་བུད་མེད་གཟུགས་རབ་ཏུ་མདངས་བཟང་ཞིང་། ན་ཚོད་ལོ་གྲངས་བཅུ་དྲུག་ལོན་པ་དྲི་དང་མེ་ཏོག་ནི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་གཟུགས་དང་ལང་ཚོ་ལ་སོགས་པའི་ཡོན་ཏན་སྐ་རགས་ལྟ་བུར་བརྒྱན་པའི་ཕྱག་རྒྱ་མ་དེ་ཉིད་འདིར་མཱ་མ་ཀིའམ་རེག་བྱ་རྡོ་རྗེ་མ་གང་རུང་དུ་ཤེས་རབ་ཅན་གྱིས་བསྐྱེད་དེ་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་སྔར་བཤད་པ་དེ་ཡི་དབུས་སུ་བསྒོམས་པས་སྙོམས་པར་འཇུག་པའི་ཚུལ་གྱིས་མཉེས་པར་བྱའོ། །དེས་རིགས་གཞན་ལ་ཕྱག་རྒྱ་མ་སྤྱན་སོགས་སུ་བསྐྱེད་ཚུལ་ཡང་ཤེས་པར་བྱ་བ་མཚོན་ནོ། །སྙོམས་པར་ཞུགས་ནས་་སངས་རྒྱས་ཀྱི་འབྱུང་གནས་ཞི་བ་སྟེ་ཀུནྡ་ལྟ་བུ་ཡུམ་གྱི་པདྨ་ར་སྤྲོས་པ་ལས་བསྐྱེད་པའི་དེ་བཞིན་གཤེགས་པའི་ཚོགས་ཀྱི་ནང་གི་ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན་པར་བྱའོ། །འདི་དག་དཀྱིལ་འཁོར་སྒྲུབ་པ་དང་བསྒྲུབས་ཟིན་མཆོད་པའི་སྐབས་གཉིས་ཀ་ལའང་སྦྱར་རོ། །གཉིས་པ་ནི། གཤང་གཅི་ནས། དབུལ་བར་བྱ། ཞེས་པའི་བར་ཏེ། གཤང་བ་དང་གཅི་བ་དང་ཁུ་བ་དང་ཁྲག་ལ་སོགས་པས་མཚོན་པའི་ཤ་ལྔ་དང་བདུད་རྩི་ལྔ་རྣམས་ནི་ལྷ་རྣམས་ལ་ནི་དབུལ་བར་བྱ་ཞིང་། བདག་ཉིད་ཀྱང་ཚིམ་པར་བྱའོ། །གསུམ་པ་ནི། དེ་ལྟར་བྱས་ནས། མཉེས། ཞེས་པའི་བར་ཏེ། མཆོད་པ་དེ་ལྟར་བྱས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ་དཀྱིལ་འཁོར་བའི་ལྷ་རྣམས་མཉེས་ཤིང་ཚིམ་པར་འགྱུར་རོ། །གཉིས་པ་ངེས་དོན་ལ་གཉིས། དཀྱིལ་འཁོར་གྱི་ངེས་དོན་གྱིས་ཟུང་འཇུག་བསྟན་པ་དང་། མཆོད་པའི་ངེས་དོན་གྱིས་ཟུང་འཇུག་ཐོབ་པའི་ཐབས་རིམ་པ་ལྔ་བསྟན་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། ཐིག་གདབ་པའི་ངེས་དོན། ཕྱག་རྒྱ་དགོད་པའི་ངེས་དོན་ནོ། །དང་པོ་ནི། འདི་དག་གི་གཞུང་ནི་སྔར་བཤད་པ་དེ་རྣམས་ཡིན་ལ། དཀྱིལ་འཁོར་གྱི་སྐད་དོད་མཎྜལ་ཞེས་པ་ལ་ངེས་ཚིག་གིས་བཤད་ན་སྙིང་པོ་ལེན་པ་ཞེས་པ་སྟེ། དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་པ་རྣམས་ཀྱང་སྙིང་པོ་ལེན་པའི་མཆོག་བཤད་དུ་གསོལ་ཞེས་པའོ། །ལན་གྱི་ཚེ་ཡང་སྙིང་པོ་ལེན་པའི་མཆོག་ཟུང་འཇུག་པའི་ཐུགས་ཀྱི་དཀྱིལ་འཁོར་སྐུ་གསུང་ཐུགས་དབྱེར་མེད་པའི་བདག་ཉིད་ཅན་དེ་བཤད་པར་བྱའོ་ཞེས་པར་་འགྱུར་རོ། །གཉིས་པ་ནི། ལུས་དབེན་དང་ངག་དབེན་དང་སེམས་དབེན་བསྒོམས་པ་ཡི་སྒྲུབ་པ་པོ་ཤེས་རབ་ཅན་གྱིས་ཟུང་འཇུག་གི་ཐིག་གདབ་པར་བྱའོ། །ཐིག་སྐུད་སར་བ་ཞེས་པའི་སར་པའི་སྐད་དོད་ན་བ་ཞེས་པ་དགུ་ཞེས་པ་ལ་འགྲོ་བས་སྒྲུབ་པ་པོའི་ཕུང་པོ་ལྔ་དང་ཁམས་བཞི་སྟེ་དགུ་པོ་འོད་གསལ་དུ་བསྡུས་ནས་་འོད་གསལ་གྱི་ཡེ་ཤེས་དང་ངོ་བོ་གཅིག་ཏུ་གྱུར་པ་ནི་ལེགས་པར་བཀལ་བའི་དོན་ནོ། །ངེས་དོན་དེ་རྒྱུད་ཀྱི་ལུང་གིས་བསྟན་པས་ཚད་མའོ། །བདེན་གཉིས་དབྱེར་མེད་དུ་སྦྱར་བས་རབ་ཏུ་མཛེས་པ འོ། །ཟུང་འ ཇུག་གི་ཡ་གྱལ་གྱི་དོན་གྱི་འོད་གསལ་ནི་འདིར་འདེབས་བྱེད་ཡིན་ལ། དེས་བཏབ་པའི་ཐིག་ནི་དག་པའི་སྒྱུ་ལུས་སོ། །དེ་འདྲ་བའི་ཐབས་ཤེས་དབྱེར་མེད་པའི་ཐིག་ཟུང་འཇུག་ནི་ཐུགས་ཀྱི་དཀྱིལ་འཁོར་དམ་པའོ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ་ནི་ཟུང་འཇུག་དེ་ཁྱད་ཆོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམ་པར་དག་པའོ། །ངོས་བཞི་དང་ནི་ཞེས་པ་བདེན་བཞིའི་དེ་ཁོ་ན་ཉིད་རྟོགས་པའོ། །གྲྭ་བཞིར་ལྡན་ནི་ཚངས་པའི་གནས་བཞིའི་སྒོ་ནས་བསམ་པ་རྣམ་པར་དག་པའོ། །སྒོ་བཞི་པར་ནི་རབ་ཏུ་བརྟག་ནི། བསྡུ་བཞིའི་སྒོ་ནས་སྦྱོར་བ་རྣམ་པར་དག་པའོ། །དེ་ཡི་དབུས་སུ་འཁོར་ལོ་ནི། རབ་ཏུ་ཟླུམ་པོ་བྲི་བར་བྱ་ནི་སྤྲོས་པའི་གྲྭ་ཟུར་དང་བྲལ་ཞིང་ཆོས་ཅན་ཀུན་ལ་ཁྱབ་པའི་ཆོས་ཉིད་རྟོགས་པའོ། །གསུམ་པ་ནི། རྡོ་རྗེ་རྩེ་ལྔ་པའི་ངེས་དོན་ནི་ཟུང་འཇུག་པའི་རྒྱུད་ཀྱི་ཡེ་ཤེས་ལྔའོ། །འཇིགས་བདག་ཀྱང་རབ་འཇིགས་བྱེད་ནི་ཡེ་ཤེས་དེས་འ ཁོར་བའི་བག་ཆགས་མ་ལུས་པ་འཇོམས་ནུས་པའོ། །འཁོར་ལོ་ཆེན་པོ་སོགས་ན ི་ཟུང་འཇུག་པའི་རྒྱུད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས། དེ་བཞིན་དུ་རིན་ཆེན་ཆེན་པོ་སོགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། པདྨ་ཆེན་པོ་སོགས་ནི་་སོ་སོར་རྟོག་པའི་ཡེ་ཤེས། རལ་གྲི་ཆེན་པོ་སོགས་ནི་བྱ་བ་གྲུབ་པའི་ཡེ་ཤེས། དབུས་ན་སྤྲིན་དང་སོགས་ནི་བྱམས་པ་ཚད་མེད། མཱ་མ་ཀི་ཡི་སོགས་ནི་སྙིང་རྗེ་ཚད་མེད། པདྨ་ཁ་བྱེ་སོགས་ནི་དགའ་བ་ཚད་མེད། ཨུཏྤལ་སོགས་ནི་བཏང་སྙོམས་ཚད་མེད་དོ། །ཐ་ོབ་འབར་སོགས་ནི་སྦྱིན་པ། རྡོ་རྗེ་འབར་་སོགས་ནི་སྙན་པར་སྨྲ་བ། པདྨ་འབར་སོགས་ནི་དོན་སྤྱོད་པ། བདུད་རྩི་འཁྱིལ་བ་སོགས་ནི་དོན་མཐུན་པའོ། །གཉིས་པ་ལ་གསུམ། ལུས་ངག་ཡིད་གསུམ་གྱི་མཆོད་པའི་ངེས་དོན་གྱི་དབེན་པ་གསུམ་དང་སྒྱུ་ལུས་བསྟན་པ། ནང་གི་མཆོད་པའི་ངེས་དོན་གྱིས་འོད་གསལ་བསྟན་པ། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པའི་ངེས་དོན་གྱིས་གཉིས་སྣང་འོད་གསལ་དུ་བསྡུས་པས་ལྷ་རྣམས་མཉེས་པར་བྱེད་པ་བསྟན་པའོ། །དང་པོ་ནི། ལུང་ངག་སེམས་གསུམ་གྱི་ངེས་དོན་གྱི་རིམ་པ་བཞིན་དུ་ལུས་དབེན་ངག་དབེན་སེམས་དབེན་གསུམ་དང་། མཆོད་པ་བྱེད་མཁན་གྱི་ངེས་དོན་གྱིས་མ་དག་པའི་སྒྱུ་མའི་སྐུ་སྟོན་ནོ། །གཉིས་པ་ནི། བུད་མེད་ཅེས་པའི་ངེས་དོན་ནི་འོད་གསལ་གྱི་ཡེ་ཤེས་སོ། །དེ་ལ་རྩེ་གཅིག་ཏུ་སྙོམས་པར་བཞག་པ་ནི་རབ་ཏུ་མདངས་བཟང་བའོ། །ཡེ་ཤེས་དེས་ཡུལ་སྟོང་ཉིད་བཅུ་དྲུག་རྟོགས་པ་ནི་ལོ་གྲངས་བཅུ་དྲུག་ལོན་པའོ། །འོད་གསལ་ལས་སྒྱུ་ལུས་སུ་ལྡང་བའི་འཕེན་པ་ནི་དྲི་དང་ཞེས་པའོ། །ཡེ་ཤེས་རྒྱས་པ་ནི་མེ་ཏོག་ཕྲེང་བས་བརྒྱན་པའོ། །ཡེ་ཤེས་དེ་སྙིང་པོ་ཡིན་པས་དབུས་སོ། ཡུལ་སྟོང་པ་ཉིད་རྟོག་པའི་ཚེ་གཉིས་སྣང་ཕྲ་མོས་ཀྱང་མཆོད་པ་ནི་བྱིན་གྱིས་བརླབས་པའོ། །སངས་རྒྱས་ཞི་བའི་གནས་སྤྲོས་པས་ནི་འོད་གསལ་གྱི་ཡེ་ཤེས་་སོ། །ཡེ་ཤེས་དེས་ནམ་མཁའ་ལྟ་བུའི་དེ་ཁོ་ན་ཉིད་རྟོགས་པ་ནི་ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན་པའོ། །གསུམ་པ་ནི། གཤང་བ་ནི་ཡུལ་དྲུག་གོ །དེས་མཆོད་པ་ནི་དེ་དྲུག་འོད་གསལ་དུ་སྡུད་པའོ། །གཅི་བ་ནི་དབང་པོ་དྲུག་དང་། དེས་མཆོད་པ་ན ི་དེ་དྲུག་གིས་གཉིས་སྣང་འོད་གསལ་དུ་སྡུད་པའོ། ཁུ་བ་ནི་རང་བཞིན་རྣམ་དག་གོ །ཡེ་ཤེས་ཀྱིས་དེ་མངོན་སུམ་དུ་རྟོགས་པ་ནི་ཁུ་བས་མཆོད་པའོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་ཆགས་པའི་འོད་གསལ་གྱི་ཡེ་ཤེས་ནི་ཁྲག་དང་། དེས་མཆོད་པ་ནི་ཁྲག་གིས་མཆོད་པའོ། །ལྷ་རྣམས་ནི་སྒྲུབ་པ་པོའི་ཕུང་པོ་རྣམས་སོ། །དེ་རྣམས་ཡང་ཡང་འོད་གསལ་དུ་སྡུད་པ་ནི་དབུལ་བར་བྱ་བའོ། །དེ་ལྟར་བྱས་ན་ཟུང་འཇུག་འགྲུབ་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས་ཞེས་པ་སྟེ་ངེས་དོན་ནོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཞེས་པ་ནས། ཐུགས་ཀྱི་་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ། །ཞེས་པའི་བར་ཏེ་སླའོ།། །། ༈ ལྔ་པ་ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་དྲུག །སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། བླ་ན་མེད་པའི་ཐེག་པའི་ཆེ་བ་བསྟན་པ། ཐེག་པ་་དེས་འགྲོ་བའི་གང་ཟག་འགལ་བའི་ཚིག་གིས་བསྟན་པ། སྤྱོད་པ་བྱ་ཚུལ་ཕན་ཡོན་དང་བཅས་པ། མ་་འོངས་པའི་དབང་དུ་བྱས་པའི་རྩོད་པ་སྤོང་བ། དེ་ལྟར་བཤད་པ་ལ་འཁོར་རྣམས་ཀྱིས་བསྟོད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནི། ནས། སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ། །ཞེས་པའི་བར་ཏེ། དེ་ནས་དེ་བཞིན་གཤེགས་པ་ནི་ཀུན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་བའི་རྒྱལ་པོ་ནི་ས་འོག་ལ་སོགས་པ་གསུམ་རྗེས་སུ་སྟོན་པས་ན་གནས་ཀྱི་དབང་ཕྱུག །ཚངས་པ་ལ་སོགས་པ་འཇིག་རྟེན་པ་དང་ཉན་རང་ལ་སོགས་པ་འཇིག་རྟེན་ལས་འདས་པ་ཀུན་གྱི་མཆོག་གིས་ནི་སེམས་ཅན་གྱི་དོན་དུ་སྤྱོད་པ་ཀུན་དང་། ཁྱད་པར་དུ་ཆོས་ཀྱི་མཆོག་རྡོ་རྗེ་འཆང་སྒྲུབ་པར་བྱ་པའི་དོན་དུ་སྤྱོད་པའི་སྤྲོས་བཅས་སོགས་སྤྱོད་པ་གསུམ་གྱི་མཚན་ཉིད་དམ་རང་བཞིན་བཀའ་སྩལ་ཏོ། །གཉིས་པ་ལ་བཞི། རྒྱུད་ཉོན་མོངས་ཤིན་ཏུ་ཆེ་བས་ཀྱང་བསྒྲུབས་ན་འགྲུབ་པའི་ཆེ་བ། རིགས་དང་བྱ་བ་དམན་པས་ཀྱང་བསྒྲུབས་ན་འགྲུབ་པའི་ཆེ་བ། མཚམས་མེད་སོགས་སྡིག་པ་ཆེན་པོ་བྱས་པས་ཀྱང་བསྒྲུབས་ན་འགྲུབ་པའི་ཆེ་བ། བླ་མ་ལ་སྨོད་པས་བསྒྲུབས་ཀྱང་འགྲུབ་མི་སྲིད་པར་བསྟན་པའོ། །དང་པོ་ནི། རྣམ་པར་མི་རྟོག་ནས། སྒྲུབ་པར་བྱེད། ཅེས་པའི་བར་ཏེ། རྣམ་པར་མི་རྟོག་པ་འོད་གསལ་དང་དེའི་དོན་ལས་བྱུང་བ་སྒྱུ་མའི་སྐུ་དེ་ནི་རྒྱུད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཤིན་ཏུ་ཆེ་བས་ཀྱང་ཉམས་སུ་་བླངས་ན་ཐེག་པ་མཆོག་འདི་ལ་ནི། བླ་ན་མེད་པའི་དངོས་གྲུབ་རབ་མཆོག་སངས་རྒྱས་ཚེ་འདི་ལ་སྒྲུབ་པར་བྱེད་དོ། །གཉིས་པ་ནི། རིགས་ངན་ནས། འགྲུབ་པར་འགྱུར་ཞེས་པའི་བར་ཏེ། རིགས་ཀྱིས་སྨད་པ་རིགས་ངན་དང་། ལས་ཀྱིས་སྨད་པ་སྨིག་མ་མཁན་དང་ལ་སོགས་ཏེ་ལྷྭམ་མཁན་དང་། རྔོན་པ་་སོགས་གསོད་དོན་དོན་དུ་གཉེར་བར་སེམས་པ་རྣམ་ཀྱང་། ཐེག་ཆེན་བླ་ན་མེད་པ་ཡི་ཐེག་པ་མཆོག་ནི་འདུས་པའི་ལམ་འདི་ལ་ཞུགས་ནས་རིམ་གཉིས་ཀྱི་དོན་ཉམས་སུ་བླངས་ཚེ་འདི་ལ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གསུམ་པ་ནི། སེམས་ཅན་མཚམས་མེད་ནས། འགྲུབ་པའི་བར་ཏེ། སེམས་ཅན་ཕ་མ་གསོད་པ་སོགས་མཚམས་མེད་ལྔ་དང་ལ་སོགས་ཏེ་ཉེ་བའི་མཚམས་མེད་པ་ལྔ་དང་། རྩ་བའི་ལྟུང་བ་བཞི་ཀ་ལྟ་བུའི་སྡིག་པ་ཆེན་པོ་བྱེད་པ་དེ་ཡང་རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ་ཐེག་པ་མཆོག་ནི་འདི་ལ་ཞུགས་ན་ཚེ་འདིར་མཆོག་འགྲུབ་པར་འགྱུར་རོ། །བཞི་པ་ནི། སྙིང་ནས་སློབ་དཔོན་ནས། ཡོང་མི་་འགྱུར་བའི་བར་ཏེ། དེ་ལྟ་ནའང་ཐེག་པ་འདིའི་ལམ་ལེགས་པར་སྟོན་པའི་སློབ་དཔོན་ལ་སྙིང་ཐག་པ་ནས་སྨོད་པ་དག་གིས་ནི། ལམ་འདི་བསྒྲུབས་ཀྱང་འགྲུབ་པར་ཡོང་སྟེ་གཏན་ནས་མི་འགྱུར་རོ་ཞེས་པ་རྣམས་ནི་སྒྲ་ཇི་བཞིན་པའོ། །གསུམ་པ་ནི། སྲོག་གཅོད་པ་ཡི་སེམས་ཅན་གང་། ནས། དེ་དག་སྒྲུབ་པའི་སྣོད་དུ་འགྱུར། ཞེས་པའི་བར་ཏེ། སློབ་དཔོན་མ་བརྟེན་པར་རྒྱུད་ལ་འཇུག་པ་དགག་པའི་ཕྱིར། སྲོག་གཅོད་པ་ཡི་སེམས་ཅན་གང་ཞེས་པ་ནི། སེམས་ཅན་དུ་གདགས་པའི་གཞི་ཕུང་པོ་འོད་གསལ་དུ་སྡུད་པའོ། །བརྫུན་དུ་སྨྲ་ལ་དགའ་བ་དང་ནི་ཆོས་རྣམས་བདེན་སྟོང་སྒྱུ་མ་ལྟ་བུའི་བརྫུན་པའི་བདག་ཉིད་ཅན་དུ་སྟོན་པའོ། །གཞན་གྱི་ནོར་ལ་ཆགས་པ་དང་ནི་རྡོ་རྗེ་འཆང་གི་གོ་འཕང་མ་བྱིན་པར་ལེན་པའི་ཚུལ་གྱི་དོན་དུ་གཉེར་བའོ། །རྟག་ཏུ་འདོད་ལ་སྤྱོད་གང་དང་ནི་ཡུལ་སྟོང་ཉིད་ལ་ཡུལ་ཅན་ཡེ་ཤེས་ཀྱིས་སྙོམས་པར་འཇུག་པའོ། །གཤང་གཅི་ཟས་སུ་ཟབ་སྟེ་ནི་གཤང་བ་ཡུལ་ལྔ་དང་གཅི་བ་དབང་པོ་ལྔའི་སྦྲོས་པ་འོད་གསལ་དུ་སྡུད་པའོ། །དེ་ལྟ་བུའི་དོན་ཉམས་སུ་ལེན་པར་བྱེད་པ་དེ་དག་སྒྲུབ་པའི་སྣོད་དུ་འགྱུར་རོ་ཞེས་པ་ནི་དགོངས་པས་བཤད་པའོ། །བཞི་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། མ་དང་སྲིང་མོ་ནས། དང་འགྱུར། ཞེས་པའི་བར་ཏེ། འདི་ལ་གཉིས། སྤྲོས་བཅས་བསྡུས་པའི་སྤྲོས་མེད་ཀྱི་སྤྱོད་པ་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་འཕྲོས་དང་བཅས་པའོ། །དང་པོ་ནི། མ་ལྟར་བྱམས་པ་དང་སྲིང་མོ་ལྟར་བརྩེ་བ་དང་བུ་མོ་ལྟར་གདུང་སེམས་ཆེ་བའི་ཕྱག་རྒྱ་མ་ལ་འདོད་པ་སྤྱད་པས་ནི་མཉེས་པར་བྱས་ན། ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི་དངོས་གྲུབ་རྒྱ་ཆེན་པོ་དེས་འཐོབ་པར་འགྱུར་བའོ། གཉིས་པ་ནི། གལ་ཏེ་ལས་རྒྱ་མ་རྙེད་ན་སངས་རྒྱས་གཙོ་བོའི་ཡུམ་ཤེར་ཕྱིན་འོད་གསལ་གྱི་ཡེ་ཤེས་དག་གང་ནས་འཆར་བའི་གནས་སྙིང་ག་ནས་རང་རིགས་ཀྱི་རིག་མ་བྱུང་སྟེ། དེ་དང་སྙོམ་པར་འཇུག་པས་མཉེས་པར་བྱས་ཀྱང་ཉོན་མོངས་པའི་ཉེས་པས་མི་གོས་ཏེ། སྒྲུབ་པ་པོ་དེ་ནི་སངས་རྒྱས་འགྲུབ་པར་འགྱུར་རོ། ཉེས་པས་མི་གོས་པའི་རྒྱུ་མཚན་ནི་བློ་སྟེ་ཤེས་རབ་མ་དེ་འདྲ་གང་ལ་ཡོད་པ་ཅན་གྱི་སྒྲུབ་པ་པོས་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་སྟོབས་ཀྱིས་ཉོན་མོངས་རྣམས་འཇོམས་པར་བྱེད་པའི་ཕྱིར་རོ། །གཉིས་པ་ངེས་དོན་ནི། སངས་རྒྱས་གཙོ་བོའི་ཡུམ་ནི་ཡུལ་གྱི་ཆོས་སྐུ་འོད་གསལ་སྟོང་པ་ཉིད་དོ། །སྲིང་མོ་ནི་ཟུང་འཇུག་གི་ལོངས་སྐུའི་འོད་གསལ་གྱི་ཡེ་ཤེས་སོ། །བུ་མོ་ནི་དེ་སྦྲུལ་སྐུར་བསྒྱུར་ནས་བསྒོམས་པའི་འོད་གསལ་གྱི་ཡེ་ཤེས་སོ། །འདོད་པ་པས་ནི་མཉམ་བྱས་ན་ནི་དེའི་ཚེ་བདེ་སྟོང་སྦྱོར་བའོ། །རྣམ་པར་མི་རྟོག་བློ་ཅན་གྱི་མཉེས་པར་བྱས་ནི་ཟུང་འཇུག་པའི་ལོངས་སྤྲུལ་གྱི་རྟེན་ལ་བསྒོམས་པའི་འོད་གསལ་གྱི་ཡེ་ཤེས་སོ། །ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི། དངོས་གྲུབ་རྒྱ་ཆེན་དེས་འཐོབ་པོ། །ཞེས་དང་། དེ་ནི་སངས་རྒྱས་འགྲུབ་པར་འགྱུར། ཞེས་པ་གཉིས་ཀའང་ཚེ་འདིར་སངས་རྒྱས་འགྲུབ་པར་འགྱུར་བ་སྟེ་ངེས་པའི་དོན་ནོ། །ལྔ་པ་ལ་གསུམ། འཁོར་རྣམས་ཀྱིས་ཞུས་པ་དང་། སྟོན་པའི་དེའི་ལན་བཏབ་པ་དང་། ལན་གྱི་དོན་རྟོགས་པའི་འབྲས་བུའོ། །དང་པོ་ནི། དེ་ནས་སྒྲིབ་པ་ཐམས་ཅད་ནས། གསོལ་ཏོའི་བར་ཏེ། དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། རིགས་ངན་ལ་སོགས་པས་ཀྱང་ཚེ་འདིར་སངས་རྒྱས་འགྲུབ་པར་ཐོབ་པས་ངོ་མཚར་དུ་གྱུར། མཚན་མེད་སོགས་བྱས་པས་ཀྱང་འགྲུབ་པར་་ཐོས་པས་རྨད་དུ་གྱུར་ཏེ། སྲོག་གཅོད་སོགས་བྱེད་པའི་དགོངས་པ་ཅན་གྱི་གསུང་ཐོས་ནས་སྒྲ་ཇི་བཞིན་དུ་ཞེན་པ་ལྟར་བཅོས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། རྒྱུ་མཚན་ཅིའི་སླད་དུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་འདི་ལྟ་བུའི་་དོན་དམ་པའི་ཚིག་ངན་པ་གསུངས་ཞེས་གསོལ་ཏོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། ཞེས་པའི་བར་ཏེ། དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ཀྱིས་སྟོན་པའི་དགོངས་པ་མཁྱེན་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱེད་རྣམས་འདི་ལྟ་བུའི་ཚིག་ངན་པ་གསུངས་ཞེས་སྨྲ་བ་ཐོད་ལ། དེ་སྐད་མ་ཟེར་ཅིག །སྲོག་གཅོད་པ་ཡི་སེམས་ཅན་གང་། ཞེས་སོགས་ནི་དགོངས་པ་ཅན་ཡིན་གྱི། སྒྲ་ཇི་བཞིན་པ་མིན་ནོ། །ཇི་ལྟར་ཞེ་ན། ཆོས་ཉིད་དག་པ་འདིི་ནི་རང་བཞིན་རྣམ་དག་དོན་དམ་པའི་བདེན་པའོ། །སྙིང་པོ་ཆོས་ནི་དེ་དང་རོ་གཅིག་པའི་་འོད་གསལ་གྱི་ཡེ་ཤེས་སོ། །དེའི་དོན་ནི་ཀུན་རྫོབ་བདེན་པ་སྒྱུ་མའི་སྐུའོ། །དེ་ལས་བྱུང་ནི་སློབ་པའི་ཟུང་འཇུག་གོ །བྱང་ཆུབ་སྤྱོད་པའི་གནས་ནི་མི་སློབ་པའི་ཟུང་འཇུག་ཡིན་ལ། །སློབ་པའི་ཟུང་འཇུག་འདི་ལ་ཡང་དེའི་མིང་གིས་བསྟན་ཅིང་། དགོངས་གཞི་དེ་ལྟ་བུ་དགོངས་ནས་སྲོག་གཅོད་པ་ཡི་སེམས་ཅན་གང་། ཞེས་སོགས་དགོངས་པ་ཅན་གྱི་ཚིག་དེ་ལྟ་བུ་སངས་རྒྱས་ཀྱིས་གསུངས་སོ། །གདུལ་བྱ་གང་ལ་གསུངས་པ་ནི། སྙིང་པོ་མི་གནས་པའི་མྱང་འདས་དེ་ཤེས་ཤིང་ཁོང་དུ་ཆུད་ནུས་པའི་ཡེ་ཤེས་ཅན་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་དབང་དུ་བྱས་ནས་གསུངས་སོ། །གསུམ་པ་ལ་གཉིས། ལན་གྱི་་དོན་རྟོགས་ནས་བརྒྱལ་བ་དང་། དེ་ལས་བསླང་པའོ། །དང་པོ་ནི། དེ་ནས་ཡང་བརྗོད་ཀྱི་མི་ལང་པའི་ནས། བརྒྱལ་བར་གྱུར་ཏོ་ཞེས་པའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། དེ་ནས་ཡང་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་སྲོག་གཅོད་སོགས་བྱ་བ་གསུངས་པ་ལྟར་བྱས་ན་ངན་སོང་དུ་ལྟུང་བས་འཇིགས་ཤིང་། དེ་མ་བྱས་ན་རྡོ་རྗེ་འཆང་གི་བཀའ་ལས་འདས་པའི་ཉེས་པས་སྐྲག་པར་གྱུར་པ་ལ་ཕྱིས་དེ་དག་གི་དགོངས་དོན་ཁྱད་པར་ཅན་བཤད་པ་རྟོགས་ནས་ཡིད་དགའ་བའི་དབང་དུ་གྱུར་ཏེ་རྟོགས་པའི་དོན་ལ་ཡིད་རྩེ་གཅིག་ཏུ་ཞུགས་པའི་སྒོ་ནས་བརྒྱལ་བར་གྱུར་ཏོ། །གཉིས་པ་ནི། སྤྲུལ་པ་པོའི་ལུས་ལ་བཀོད་པའི་དེ་བཞིན་གཤེགས་པ་ལྔའི་མིང་ཅན་གྱི་ཕུང་པོ་དང་། བྱང་ཆུབ་སེམས་དཔའི་མིང་ཅན་གྱི་སྐྱེ་མཆེད་རྣམས་འོད་གསལ་དུ་བསྡུས་པ་ནི་བརྒྱལ་བའོ། །གཉིས་པ་ལ་གཉིས། བསླང་བར་གསོལ་བ་དང་། བསླང་བ་དངོས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བསླང་བར་གསོལ། ཞེས་པའི་བར་ཏེ། དེ་ནས་འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་བརྒྱལ་བར་གྱུར་པ་གཟིགས་ནས། བཅོམ་ལྡན་འདས་ནས། བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བརྒྱལ་བ་ལས་བསླང་བར་གསོལ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས། སྟན་ལ་གནས་པར་གྱུར་ཏོ་ཞེས་པའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ངོ་། །ནམ་མཁའ་ནི་ཡུལ་སྟོང་བ་ཉིད་དོ། །དེ་དང་མཉམ་པ་ནི་དེ་ཅི་འདྲ་བར་ཞུགས་པའོ། །གཉིས་སུ་མེད་པ་ནི་ཡུལ་ཡུལ་ཅན་གཉིས་རོ་གཅིག་ཏུ་སོང་བའི་ཡེ་ཤེས་སོ། །རྡོ་རྗེ་ནི་དེ་ཉིད་རྣམ་རྟོག་གིས་མི་ཕྱེད་པ་སྟེ། དེ་འདྲ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ནས། འོད་ཀྱིས་རེག་པ་ཙམ་གྱིས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བརྒྱལ་བ་ལས་ལངས་ཏེ་རང་རང་གི་སྟན་ལ་གནས་པར་གྱུར་ཏོ། །གཉིས་པ་ནི། ནམ་མཁའ་ནི་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་སོ། །དེ་དང་མཉམ་པ་ནི་དེ་དང་འདྲ་བའི་འོད་གསལ་གྱི་ཡེ་ཤེས་སོ། །གཉིས་སུ་མེད་པ་ནི་ཟུང་འཇུག་གོ །རྡོ་རྗེ་ནི་དེའི་སྐུ་གསུང་ཐུགས་དབྱེར་མེད་པའི་དོན་ཏེ། དེ་འདྲ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ནི་འོད་གསལ་དུ་ཞུགས་པའོ། །བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བདག་པོའི་འོད་ཀྱི་ནི་འོད་གསལ་གྱི་ཡེ་ཤེས་ཀྱི་བཞོན་པའི་རླུང་ངོ་། །རེག་པ་ཙམ་གྱིས་ནི་རླུང་དེ་གཡོས་པ་ཙམ་གྱིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནས། སྟན་ལ་གནས་པར་གྱུར་ཏོ་ནི་རླུང་གཡོས་ནས་འོད་གསལ་ལས་སྒྱུ་མའི་སྐུར་ལངས་ཏེ་རང་རང་གི་ཞིང་དུ་སེམས་ཅན་གྱི་དོན་བྱེད་པའི་སྒོ་ནས་གནས་པའོ། །དྲུག་པ་ལ་གཉིས། ཆོས་བསྟན་པའི་སྒོ་ནས་དང་། རིགས་ལྔའི་སྒོ་ནས་བསྟོད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཆོས་དོན་དག་པ་བདག་མེད་པ་ཞེས་པའི་བར་ཏེ། དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཟབ་མོ་སྟོན་པར་མཁས་པས་ངོ་མཚར་དུ་གྱུར། སྔོན་མང་དུ་མ་བྱུང་བའི་ཆོས་བྱུང་བས་རྨད་དུ་གྱུར། གདུལ་བྱས་སྟོན་པས་གསུངས་པའི་དོན་རྟོག་ནས་འོད་ཟུང་ཐོབ་པར་འགྱུར་བ་ལ་དགྱེས་པས་ཁྱབ་པར་གྱུར་ནས། ཆོས་ཀྱི་དབྱིངས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་གསུམ་ནི་ངོ་མཚར་དུ་གྱུར་པའོ། །ཆོས་སྔ་མ་བརྗོད་བྱེད་ཀྱི་ཚིག་དང་། ཕྱི་མ་ནི་བརྗོད་བྱའི་དོན་ནོ། །ཆོས་ཀྱི་དོན་འབྱུང་བ་ནི་བརྗོད་བྱ་དང་བརྗོད་བྱེད་ལ་དམིགས་ནས་འབྱུང་བའམ་བྱུང་བ་སྟེ། དེ་ཡང་ཆོས་ནི་ཐོབ་པ་ལས་བྱུང་བའི་ཤེས་རབ། དོན་དག་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ། བདག་མེད་པ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་བོ། །དེས་ནི་རྒྱུད་སྡེ་ཟབ་མོའི་ཚིག་དོན་ལ་དམིགས་པའི་ཤེས་རབ་གསུམ་རིམ་གྱིས་སྐྱེ་བར་བསྟན་པའོ། །གཉིས་པ་ནི། རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད། ནས། སྤྱོད་པའི་གནས་ལ་ཕྱག་འཚལ་འདུད་ཅེས་པའི་བར་ཏེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་དེ་དག་རྒྱལ་པོ་རྡོ་རྗེ་འཆང་ལ་ཕྱག་འཚལ་ཞིང་འདུད་པའོ། །ཕྱག་འཚལ་བ་དང་འདུད་པ་གཉིས་བྱུང་བ་ནི་སྐུ་དག་པ་སྒྱུ་མའི་སྐུ་དང་ཐུགས་འོད་གསལ་གྱི་ཡེ་ཤེས་གཉིས་ཡོད་པའི་དབང་དུ་མཛད་པ་སྟེ། ཕྱི་མ་རྣམས་ལའང་འདྲའོ། །སྐུ་དང་གསུང་ཐུགས་རབ་ཏུ་དག་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའོ། །ནམ་མཁའ་དང་ནི་མཉམ་ཉིད་གནས་ནི་འོད་གསལ་ལ་དུས་རྟག་ཏུ་གནས་པའོ། །རྣམ་པར་མི་འབྱུང་ནི་སྐྱེ་འཆི་སོགས་མེད་པའོ། །སྣང་བ་མེད་ནི་མ་རིག་པའི་བག་ཆགས་ཀྱིས་མ་བསླད་པའོ། །རྡོ་རྗེ་ནི་རིགས་འདྲ་སྐད་ཅིག་ཀྱང་རྒྱུན་མི་ཆད་པ་སྟེ་དེ་ལྟ་བུའི་སྐུ་ལ་ཕྱག་འཚལ་འདུད་དོ། །ཐུགས་ནི་ཡོན་ཏན་ཐམས་ཅད་བསགས་པའོ། །དེ་བཞིན་གཤེགས་པའི་གཙོ་ནི་དེ་རྣམས་འབྱིན་པ་པོའོ། །དུས་གསུམ་་དག་གི་ལམ་དུ་བྱུང་ནི་དུས་གསུམ་དུ་ཁྱབ་པའི་རང་བཞིན་རྣམ་དག་བདེ་སྟོང་གི་ངོ་བོར་གནས་པའོ། །ནམ་མཁའ་ཆེན་པོའི་དབྱིངས་གྱུར་པ་ནི་ཁམས་གསུམ་ལ་ཁྱབ་པའི་རང་བཞིན་རྣམ་དག་གི་ངོ་བོར་གྱུར་པའོ། །ནམ་མཁའ་ལམ་ནི་རྫུ་འཕྲུལ་གྱི་དབང་ཕྱུག་བརྙེས་པ་སྟེ་དེ་ལ་ཕྱག་འཚལ་འདུད་དོ། །ནམ་མཁའི་སྐུ་ནི་མེ་ལོངས་ལྟ་བུའི་ཡེ་ཤེས་དང་དེ་ལས་ཡང་དག་པར་བྱུང་བ་ནི་རྣམ་སྣང་ངོ་། །ནམ་མཁའི་ལམ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་དེ་ལས་བྱུང་ཏེ་གནས་པ་ནི་རིན་འབྱུང་ངོ་། །ནམ་མཁའི་ཐུགས་ནི་དེ་དང་འདྲ་བའི་ཆོས་དབྱིངས་ཡེ་ཤེས་ཏེ། དེའི་བདག་ཉིད་དུ་གྱུར་པ་ནི་མི་བསྐྱོད་པའོ། །ཆོས་ཀྱི་མཆོག་ནི་སོར་རྟོག་ཡེ་ཤེས་དང་། དེའི་བདག་ཉིད་དུ་གྱུར་པ་ནི་འོད་དཔག་མེད་དོ། །སྤྱོད་པའི་གནས་ནི་སེམས་ཅན་གྱི་དོན་བྱེད་པའི་གཞི་བྱ་གྲུབ་ཡེ་ཤེས་དང་། དེའི་བདག་ཉིད་དུ་གྱུར་པ་ནི་དོན་གྲུབ་སྟེ། རིགས་ལྔ་པོ་ཡང་རྡོ་རྗེ་་འཆང་གི་ངོ་བོ་ཡིན་པས། རིགས་ལྔའི་བདག་ཉིད་དུ་གྱུར་པ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་འདུད་དོ། །གཉིས་པ་ནི་དེ་བཞིན་གཤེགས་པ་ནས། ལེའུ་སྟེ་ལྔ་པའོ།། །།༈ དྲུག་པ་སྐུ་གསུང་ཐུགས་བྱིན་གྱིས་བརློབ་པའི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། ལེའིུ་མཚན་དོན་བཤད་པའོ། །དང་པོ་ལ་ལྔ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། མཆོད་པའི་ཆོ་ག །རྫོགས་རིམ་མེད་ན་མཆོག་མི་འགྲུབ་པ། ཕྲ་མོའི་རྣལ་འབྱོར། སྤྱོད་པའི་ཆོ་གའོ། །དང་པོ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ལ་གཉིས། མདོར་བསྟན་པ། དེ་ཉིད་གསལ་བར་བསྟན་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། བཱ་ཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ་ཞེས་པའི་བར་ཏེ། དེ་ནས་སྔོན་བྱུང་ལ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་གསུངས་སོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་བསྐྱོད་པ་སྟེ། དེའི་གསང་བ་རྡོ་རྗེ་ནི་སྒྲུབ་པ་པོའི་ཐུགས་མི་བསྐྱོད་པ་དེར་བསྐྱེད་ཅིང་བྱིན་གྱིས་བརློབ་པའི་སྔགས་སོ། །དེ་བཤད་པར་བྱའོ་སྙམ་དུ་དགོངས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་བྱིན་གྱིས་རློབ་པར་བྱེད་པའི་སྔགས་འདི་གསུངས་སོ། །ༀ་སརྦ་ནས། ཀཽ་ཧཾ་ནི་ༀ་ནི་བཤད་ཟིན་ལ། སརྦ་ནི་ཐམས་ཅད་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ། ཙིཏྟ་ནི་ཐུགས། བཛྲ་ནི་རྡོ་རྗེ། སྭ་བྷཱ་ཝ་ནི་རང་བཞིན། ཨཏྨ་ཀཾ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་སྟེ་མདོར་ན་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དེ་ངའོ་ཞེས་བྱའོ། །དེ་བཞིན་་དུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དེ་ཉིད་རྡུལ་དང་བྲལ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའོ། །རྣམ་སྣང་དེའི་གནས་རྡོ་རྗེ་ནི་སྒྲུབ་པ་པོའི་སྐུ་དེར་བསྐྱེད་ཅིང་བྱིན་གྱིས་རློབ་པའི་སྔགས་སོ། །དེ་བཤད་པར་བྱའོ་སྙམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ༀ་ནས་ཀོ་ཧཾ་ནི། ༀ་སོགས་གཞན་ནི་སྔར་ལྟར་ལ། ཀཱ་ཡ་ནི་སྐུའོ། །དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དེ་ཉིད་མཉམ་པ་ཉིད་མི་གཉིས་པ་ནི་གཉིས་སྣང་ཐམས་ཅད་དང་བྲལ་བའི་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའོ། །འོད་དཔག་མེད་དེའི་གནས་རྡོ་རྗེ་ནི་སྒྲུབ་པ་པོའི་གསུང་འོད་དཔག་མེད་དེར་བསྐྱེད་ཅིང་བྱིན་གྱིས་རློབ་པའི་སྔགས་སོ། །དེ་བཤད་པར་བྱའོ་སྙམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསུང་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ༀ་ནས་ཀོ་ཧཾ། གཞན་སྔར་བཞིན་ལ། ཝ་ཀ་ནི་གསུང་ངོ་། །གཉིས་པ་ནི། རྡོ་རྗེ་གསུམ་པོ་ནས། བསྒྲུབ་པ་ཉིད་དུ་བྱ་བའི་བར་ཏེ། རྡོ་རྗེ་གསུམ་པོ་ནི་སྐུ་གསུང་ཐུག་རྡོ་རྗེ་གསུམ་མོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེའི་གསང་བ་ནི་ཉན་རང་ལ་སོགས་པའི་ཡུལ་མ་ཡིན་པའོ། །སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི། གནས་ནི་ཡི་གེ་གསུམ་འགོད་པའི་གཞི་རང་གི་ལུས་སོ། །གནས་ཀྱི་ནི་་སྤྱན་མ་གོས་དཀར་མཱ་མ་ཀཱིའོ། །རྣམ་པར་བསྒོམ་པར་བྱ་ནི་རྣམ་སྣང་སྣང་མཐའ་མི་བསྐྱོད་པ་རྣམས་སྤྱན་་འདྲེན་པའི་ཕྱིར་ལྷ་མོ་གསུམ་སྤྲོ་བའོ། །སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་བྱས་ལ་ནི། རང་གི་སྤྱི་བོར་ༀ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ཡིག་དཀར་པོ་དང་། རང་གི་ལྕེའམ་མགྲིན་པར་ཨཱཿལས་པདྨ་་དམར་པོ་འདམ་བརྒྱད་ཀྱི་སྟེང་དུ་ཨཱཿཡིག་དམར་པོ་དང་། སྙིང་གར་ཧཱུཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་་དུ་ཧཱུཾ་ཡིག་སྔོན་པོ་རྣམས་བཀོད་ཅིང་། དེ་རྣམས་འོད་ཟེར་ཁ་དོག་ལྔ་འཕྲོ་བ་དང་། ཡི་གེ་གསུམ་ལས་རིམ་པ་བཞིན་སྤྱན་མ་གོས་དཀར་མཱ་མ་ཀཱིའི་ཚོགས་ནམ་མཁའ་གང་བ་སྤྲོས་ཏེ། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པའི་ལྷའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་ཏེ། གསོལ་བ་བཏབ་པའི་མཐར་འོད་ཀྱི་རྣམ་པར་རང་གི་སྤྱི་བོ་མགྲིན་པ་སྙིང་ཀ་གསུམ་དུ་རིམ་པར་ཞུགས་པས་བྱིན་གྱིས་རློབ་པའོ། །དེ་ལྟ་བུའི་མཆོག་རབ་་འདི་ཡིས་སྒྲུབ་པ་ཉིད་དུ་བྱ་ནི་སྒོ་གསུམ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བྱིན་གྱིས་རློབ་ཅིང་སྒྲུབ་པར་བྱེད་པའོ། །གཉིས་པ་ངེས་དོན་ལ་གཉིས། བྱིན་གྱིས་རློབ་བྱེད་སྔགས་གསུམ་གྱི་ངེས་དོན་དང་། བྱིན་གྱིས་རློབ་པའི་ཆོ་གའི་ངེས་དོན་ནོ། །དང་པོ་ནི། མི་བསྐྱོད་པས་ཐུགས་དང་། རྣམ་སྣང་གིས་སྐུ་དང་། ཚེ་དཔག་མེད་ཀྱིས་གསུང་བྱིན་གྱིས་རློབ་པའི་སྔགས་གསུངས་པ་གསུམ་གྱི་ངེས་དོན་ནི། སྒྱུ་ལུས་ཐོབ་པའི་སྒྲུབ་པ་པོས་སྐུ་གསུང་ཐུགས་ཀྱི་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་སྒོམ་པའོ། །ཏིང་ངེ་འཛིན་གསུམ་ནི་འོད་གསལ་གྱི་ཡེ་ཤེས་སོ། །བྱིན་གྱིས་བརླབ་པ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་དུ་བསྐྱེད་པའོ། །བྱིན་གྱིས་རློབས་པའི་ཐབས་ནི་སྔགས་གསུམ་གྱི་ངེས་དོན་བཤད་པས་སྟོན་ཏེ། དེ་ཡང་ༀ་ནི་སྒྱུ་ལུས་བསམ་གཏན་གཉིས་ཀྱི་སྒོ་ནས་ཕུང་པོ་ལྔ་འོད་གསལ་དུ་བཅུག་པའི་དོན་གྱི་འོད་གསལ་དེས་ཐུགས་ཕུང་དག་པར་བྱས་པའི་ཆ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ངེས་དོན་གྱི་རྣམ་སྣང་། དེ་བཞིན་དུ་སརྦ་ཏ་ཐཱ་ག་ཏ་ནི་ཚོར་ཕུང་འོད་གསལ་དུ་དག་པར་བྱས་པའི་ཆ་མཉམ་ཉིད་ཡེ་ཤེས་ཏེ་ངེས་དོན་གྱི་དོན་རིན་འབྱུང་། ཙིཏྟ་ནི་འདུས་ཤེས་ཀྱི་ཕུང་པོ་འོད་གསལ་དུ་དག་པར་བྱས་པའི་ཆ་སོར་རྟོག་ཡེ་ཤེས་ཏེ་ངེས་དོན་གྱི་ཚེ་དཔག་མེད། བཛྲ་ནི་འདུ་བྱེད་ཀྱི་ཕུང་པོ་འོད་གསལ་དུ་དག་པར་བྱས་པའི་ཆ་བྱ་གྲུབ་ལ་ཤེས་ཏེ་དེས་ངན་གྱི་དོན་གྲུབ། སྭ་བྷཱ་ཝ་ཨཏྨ་ཀ་ནི་རྣམ་ཤེས་ཀྱི་ཕུང་བོ་འོད་གསལ་དུ་དག་པར་བྱས་པའི་ཆ་ཆོས་དབྱིངས་ཡེ་ཤེས་ཏེ་ངེས་དོན་གྱི་མི་བསྐྱོད་པ། ཨ་ཧཾ་ནི་ཡེ་ཤེས་ལྔ་པོ་གང་ལ་ལྡན་པའི་འོད་གསལ་གྱི་ཡེ་ཤེས་ཏེ་དེ་ཉིད་ངེས་་དོན་གྱི་རྡོ་རྗེ་འཆང་ཆེན་པོའོ། །སྔགས་གསུམ་དུ་བཅད་པའི་ༀ་སརྦ་ཏ་ཐཱ་ག་ཏ་དང་། ཙིཏྟ་བཛྲ་དང་། སཱ་བྷཱ་ཝ་ཨདྨ་ཀོ་ཧཾ་གསུམ་གྱིས་སྒྱུ་ལུས་ཐོབ་པའི་འོད་གསལ་གྱི་ཡེ་ཤེས་དེ་ལ་ལྡོག་པས་ཕྱེ་ན་རིམ་བཞིན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དབྱེ་བ་ཡོད་པར་སྟོན། དེ་བཞིན་དུ་སྔགས་འོག་མ་གཉིས་ལའང་ཀཱ་ཡ་དང་ཝཱ་ཀའི་ཁྱད་པར་ཕྱེ་ནས་གསུམ་དུ་སྦྱར་བར་བྱུའོ། །གཉིས་པ་ནི། རྡོ་རྗེ་གསུམ་པོ་ནི་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་ཡིན་ལ། དེ་གསུམ་ཀ་དེ་བཞིན་གཤེགས་པའི་མིང་ཅན་གྱི་རླུང་འོད་ཟེར་ལྔ་ལས་བྱུང་བའོ། །གསང་བ་ནི་དེ་ཉིད་བསྐྱེད་རིམ་པས་རང་དུས་སུ་མྱོང་སྟོབས་ཀྱིས་ངེས་མི་ནུས་པའོ། །གནས་ནི་་དཔེའི་འོད་གསལ་དང་། གནས་ཀྱི་ནི་མ་དག་པའི་སྒྱུ་ལུས་སྟེ། དེ་ཉིད་དོན་གྱི་འོད་གསལ་དུ་བཅུག་པའི་ཚུལ་གྱིས་བསྒོམ་པར་བྱ་བའོ། །མཆོག་རབ་ནི་ཟུང་འཇུག་རྡོ་རྗེ་འཆང་སྟེ། འདི་ཡིས་སྒྲུབ་པ་ཉིད་དུ་བྱ་ནི་སྟོང་བ་བཞི་པོ་འདིས་ཟུང་འཇུག་གི་སྐུ་དེ་བསྒྲུབ་པར་བྱ་བའོ། །ཇི་ལྟར་བྱ་ན། སྔགས་ཀྱི་ནི་ཟུང་་འཇུག་གོ །མཚན་གྱིས་ནི་སྐུ་དེ་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་འཇའ་ཚོན་ལྟ་བུ་སྟེ། དེ་འདྲ་བའི་མཚན་ཉིད་ཀྱིས་ཤིན་ཏུ་མཚན་པར་བྱས་ལ་བསྒྲུབ་པར་བྱའོ། །གཉིས་པ་ལ་གསུམ། རྗེས་ཆགས་ཀྱི་སྦྱོར་བ། བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ། རྫོགས་རིམ་པའི་མཆོད་པ་གཞན་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། ཨཏྨ་ཀོ་ཧཾ་ཞེས་པའི་བར་ཏེ། སྔོན་བྱུང་ལ་དེ་ནས་བཅོམ་ལྡན་་འདས་དེ་བཞིན་གཤེགས་པ་ དཀོནམཆོགདཔལ་རིན་འབྱུང་ནི། ལེའུ་དང་པོར་བཤད་པ་ལྟར་ཡེ་ཤེས་སྒྲོན ་མེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྗེས་ཆགས་ཀྱི་ང་རྒྱལ་འཛིན་པའི་སྔགས་འདི་གསུངས་སོ། །ༀ་སརྦ་ནས། ཀོ་ཧཾ། དེའི་ཨ་ནུ་ནི་རྗེས་སུ། རཱ་ཀ་ནི་ཆགས་པ། གཞན་ནི་སྔར་ལྟར་རོ། །འདིའི་ངེས་དོན་ནི་མཐའ་གཅོད་དུའོ། །གཉིས་པ་ནི། དེ་ནས་ནས། མཆོད་པར་བྱ་ཞེས་པའི་བར་ཏེ། སྔོན་བྱུང་ལ་གྲུབ་པ་གདོན་མི་ཟ་བ་དོན་གྲུབ། ལེའུ་དང་པོར་བཤད་པ་བཞིན་གདོན་མི་ཟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་ཏེ། མཆོད་པའི་ང་རྒྱལ་འཛིན་པའི་སྔགས་འདི་གསུངས་སོ། །ༀ་ནས། ཀོ་ཧཾ། དེའི་པཱུ་ཛ་ནི་མཆོད་པ། གཞན་ནི་སྔར་ལྟར་རོ། །རྗེས་འཇུག་ལ་གྲུབ་པ་པོས་གང་རིན་འབྱུང་དང་དོན་གྲུབ་ཀྱི་ང་རྒྱལ་གྱིས་དེ་ལྟར་བྱ་དགོས་པར་སྟོན་ནོ། །དེ་ལྟར་རྟག་ཏུ་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་སྒོ་ནས་བདེ་ཆེན་གྱི་མཆོད་པས་སངས་རྒྱས་དཀྱིལ་་འཁོར་བའི་ལྷ་རྣམས་ཚུལ་བཞིན་མཆོད་པར་བྱའོ། །གསུམ་པ་ནི། མཆོད་པ་རྣམ་པ་ལྔ་ནས། གསུངས་སོའི་བར་ཏེ། མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། ཞེས་པ་ནི། འདིར་ཕུང་པོ་ལྔ་འོད་གསལ་དུ་བཅུག་པའི་ཡེ་ཤེས་ལྔའོ། །ལྔ་པོ་དེ་གང་ལ་ཡོད་པའི་འོད་གསལ་གྱི་ཡེ་ཤེས་དེ་ཉིད་སྡུད་རིམ་གྱིས་མྱུར་དུ་་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཐོབ་པར་འགྱུར་རོ། །ཞེས་པ་ནས། རྡོ་རྗེ་འཆང་བས་གསུངས་སོ། །གསུམ་པ་ལ་གཉིས། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། །གསུངས་སོའི་བར་ཏེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས། བདག་པོ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་གསང་བ་འོག་ཏུ་འཆད་པ་འདི་གསུངས་སོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྔགས་ལ་དམིགས་པའི་ནས། བསྒྲུབ་པར་བྱ། ཞེས་པའི་བར་ཏེ། འདི་ལ་པ་ཚབ་ཀྱི་འགྱུར་དུ། སྔགས་ལ་ངེས་རྟོག་ལུས་ཀྱི་ནི། ངག་གིས་ཡིད་ལ་བསྐུལ་གྱུར་པས། །བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང་། ཡིད་ནི་དགའ་ཞིང་མགུ་བའོ། །ཞེས་འབྱུང་བ་བདེ་བས་དེ་ལྟར་ན། སྔགས་ལ་ངེས་རྟོག་ནི། རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་རྡོར་བཟླས་ལ་རྩེ་གཅིག་ཏུ་དམིགས་པའོ། །ལུས་ཀྱིས་ནི་ནི་ལུས་དབེན་སྔོན་དུ་སོང་བའི་སྒོ་ནས་རྡོར་བཟླས་བྱ་དགོས་པའོ། །ངག་གིས་ཡིད་ལ་བསྐུལ་གྱུར་པས་ནི། ངག་དབེན་རྡོར་བཟླས་ཀྱིས་ཡིད་སྙིང་གའི་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ཐིག་ལེ་ལ་བསྐུལ་བར་གྱུར་པའི་སྒོ་ནས་བསྒྲུབ་པའོ། །གང་བསྒྲུབ་པར་བྱ་ན། དེ་ལྟར་བསྐུལ་བ་ལ་བརྟེན་ནས་རླུང་ཐམས་ཅད་མི་ཤིགས་པ་ལ་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་སྣང་བ་གསུམ་་འོད་གསལ་དང་བཅས་པའི་སེམས་དབེན་བསྒྲུབ་བར་བྱ་བའོ། །རབ་མཆོག་ནི་ངག་དབེན་ལས་སེམས་དབེན་མཆོག་ཏུ་སྟོན་པའོ། །དངོས་གྲུབ་ནི་སེམས་དབེན་ལས་གྲུབ་པའི་མ་དག་པའི་སྒྱུ་མའི་སྐུ་དང་། སྒྱུ་ལུས་དེ་འོད་གསལ་དུ་བཅུག་ནས་དག་པ་ལས་ཡིད་ནི་དགའ་ཞིང་སྟེ་ལྷན་སྐྱེས་ཀྱི་དགའ་བ་ཆེན་པོའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་བསྒྲུབ་པར་བྱ་ལ་དེ་ནས་འོད་གསལ་རླུང་དང་བཅས་པ་དེ་ལས་མགུ་བ་ཏེ་ཡིད་དུ་འོང་བའི་ཟུང་འཇུག་བསྒྲུབ་པར་བྱའོ་ཞེས་པའོ། །གཉིས་པ་ལ་གསུམ། སེམས་དམིགས་ལ་སོགས་པའི་རིམ་པ་བཤད་པ། ཡེ་ཤེས་ཀྱི་སྐུ་བསྐྱེད་པ་མེད་ན་ཚེ་འདིར་མཆོག་མི་འགྲུབ་པར་བསྟན་པ། ཟུང་འཇུག་གི་རིམ་པ་བཤད་པའོ། །དང་པོ་ནི། སེམས་ལ་དམིགས་པ་བདག་མེད་པ། ནས། དམིགས་སུ་མེད་པའི་བར་ཏེ། སེམས་ལ་དམིགས་པ་བདག་མེད་པ་ནི་སེམས་དབེན་གྱི་ཡེ་ཤེས་གསུམ་གྱིས་སེམས་ཀྱི་གནས་ལུགས་བདག་མེད་ལ་དམིགས་པ་དེར་མ་ཟད་ལུས་དང་ངག་ཀྱང་བདག་མེད་པར་རྣམ་པར་བསྒོམ་པར་བྱའོ། །དེས་སེམས་དབེན་བསྟན་ལ། སེམས་དབེན་རྟོགས་ནས་གང་བསྒྲུབ་པར་བྱ་སྙམ་ན། ནམ་མཁའ་བཞིན་དུ་མཉམ་པའི་གནས་ནི་ནམ་མཁའ་ལྟ་བུའི་དོན་གྱི་འོད་གསལ་དེ་ཉིད་གང་ལས་འབྱུང་བའི་གནས་མ་དག་པའི་སྒྱུ་ལུས་བསྒྲུབ་པར་བྱའོ། །ཇི་ལྟར་བགྲུབ་ན། སེམས་དབེན་གྱི་ཡེ་ཤེས་རྣམ་པ་གསུམ་པོ་སྔ་མ་ཕྱི་མ་ལ་ཐིམ་པའི་སྒོ་ནས་གཅིག་ཏུ་སྦྱོར་བའི་ཚུལ་གྱིས་བསྒྲུབ་པར་བྱའོ། །ལུས་སྐུ་སྣང་བ་དང་ངག་གསུང་མཆེད་པ་དང་སེམས་ཐུགས་ཉེར་ཐོབ་རྣམས་དམིགས་པ་སྟེ་བསྒོམས་པ་ལ་བཏེག་ནས་མ་དག་པའི་སྒྱུ་མའི་སྐུ་བསྒྲུབས་ནས། སྐུ་དེའི་ངོ་བོ་ཉིད་ཕུང་ཁམས་སྐྱེ་མཆེད་རྣམ་ནི་དོན་གྱི་འོད་གསལ་དུ་སྦྱངས་པ་ན་དམིགས་སུ་མེད་པར་འགྱུར་རོ། །གཉིས་པ་ནི། སྔགས་ཀྱི་ལུས་སུ་ནས། སྒོམ་པའང་མེད་པའི་བར་ཏེ། གལ་ཏེ་སྒྱུ་ལུས་མ་ཐོབ་ཀྱང་གཟུགས་སྐུའི་རིགས་འདྲའི་རྒྱུ་བ་བསྐྱེད་རིམ་གྱི་ལྷ་བསྒོམ་པ་ཙམ་གྱི་ཆོག་གམ་སྙམ་ན། ས་བོན་སྔགས་ཀྱིས་ལྷའི་ལུས་སུ་བསྐྱེད་པའི་བསྐྱེད་རིམ་པའི་སྦྱོར་བ་སྟེ་རྣལ་འབྱོར་ཙམ་ལ་ནི་བྱང་ཆུབ་གཟུགས་སྐུ་མེད་དེ། འདི་ཡིད་ཀྱིས་བསམ་པའི་རྗེས་སུ་བྱེད་ཅིང་འགྱུར་བའི་ཕྱིར་དང་། བསྒོམ་བཞིན་པའི་ཚེ་ཡིད་ངོར་ལྷར་སྣང་བ་ཙམ་ཡིན་གྱི། རང་གི་ལུས་ལྷར་སོང་བའང་མེད་པའི་ཕྱིར་རོ། །གསུམ་པ་ནི། སྐུ་གསུང་ཐུགས་ཀྱི་ནས། བསྒོམ་པར་བྱ་བའི་བར་ཏེ། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ནི་ཞེས་པ་སེམས་དབེན་གྱི་ཡེ་ཤེས་གསུམ་པོ་་འདི་ནི་རྣམ་པར་དཔྱད་པ་སྟེ་རྟོག་པར་བྱས་པའི་རྗེས་སུ་མ་དག་པའི་སྒྱུ་ལུས་སུ་ལངས་པ་དེ་ཉིད་འོད་གསལ་་དུ་བཅུག་པའི་སྒོ་ནས་མདོར་བསྡུས་ན་ཏེ་གཅིག་ཏུ་བྱས་པའོ། །སྔགས་ཀྱི་བརྟགས་པའི་ཏིང་ངེ་འཛིན་ཞེས་པའི་སྔགས་ནི་དོན་གྱི་འོད་གསལ་གྱི་བཞོན་པའི་རླུང་ཡིན་ལ། བརྟགས་པ་ནི་རླུང་དེ་བསྐྱེད་པའོ། །གང་ན་ཏིང་ངེ་འཛིན་ཏེ་དག་པའི་སྒྱུ་ལུས་སོ། །བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ་ཞེས་པའི་བྱང་ཆུབ་ནི་དོན་གྱི་འོད་གསལ། སྦྱོར་བ་ནི་དེ་དང་སྒྱུ་མའི་སྐུ་ངོ་བོ་གཅིག་ཏུ་སྦྱོར་བ། བསྒོམ་པར་བྱ་ནི་བསྐྱེད་པར་བྱ་བ་སྟེ་་དགོངས་པས་བཤད་པའོ། །བཞི་པ་ལ་བཞི། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྟེན་གང་གིས་བསྒོམ་པ། དཀྱིལ་འཁོར་བཞིའི་རྡོར་བཟླས་བྱ་བ། རྣལ་འབྱོར་བ་གཉིས་ཀའི་ཕྲ་མོའི་རྣལ་འབྱོར་གཞན་བསྟན་པའོ། །དང་པོ་ནི། དེ་ནས་དཔལ་ལྡན་ནས། བཀའ་སྩལ་ཏོའི་བར་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་ཅེས་པ་ལ་ཚུལ་བཞི་སྟེ། རྡོ་རྗེ་རྩེ་ལྔ་ཕྱག་ཏུ་འཛིན་པ་ནི་ཡིག་དོན། རྣམ་རྟོག་གིས་མི་ཕྱེད་པའི་ཡེ་ཤེས་ལྔ་རང་གི་བ དག་ཉིད་དུ་འཛིན་པ་ནི་སྤྱི་དོན། རྡོ་རྗེ་མ་དག་པའི་སྒྱུ་མའི་སྐུ་རང་གི་ངོ་བོར་འཛིན་པ་ནི་སྦས་དོན། བདེན་གཉིས་དབྱེེར་མི་ཕྱེད་པའི་ཟུང་འཇུག་གི་སྐུ་རང་གི་བདག་ཉིད་དུ་འཛིན་པ་ནི་མཐར་ཐུག་གོ །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད་ནི་སྤྱན་སོགས་ཀྱིས་མཆོད་པའོ། །སངས་རྒྱས་ཀུན་མཆོག་ཀུན་མཁྱེན་གྱིས་ནི་རྣམ་སྣང་ལ་སོགས་པ་ཀུན་གྱི་གཙོ་བོ་དང་། ཆོས་འཆད་དམ་མཁྱེན་པའོ། །དེ་ལྟ་བུའི་རྡོ་རྗེ་འཆང་གིས་སྒོམ་པའི་མཆོག་འོག་ནས་འབྱུང་བ་འདི་བཀའ་སྩལ་ཏོ། །གཉིས་པ་ལ་གཉིས། ཕྲ་མོ་སྒོམ་པའི་རྟེན་ལྷའི་རྣལ་འབྱོར་དང་། ཕྲ་མོ་ཉིད་བཤད་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ནས། ཀུན་དུ་བརྩམ་པའི་བར་ཏེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནི་བསྐྱེད་རིམ་པས་ལྷག་མོས་འོད་གསལ་དུ་བསྡུས་པ་དང་། རྫོགས་རིམ་པས་སྒྱུ་ལུས་འོད་གསལ་དུ་བཅུག་པའོ། །ཟླ་བའི་དཀྱིལ་འཁོར་ནི་བསྐྱེད་རིམ་པའི་ཟླ་བ་ལས་བྱང་ཆུབ་པ་དང་། རྫོགས་པའི་དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ཤར་བའི་སྣང་བ་གསུམ་མོ། །བསྒོམ་པར་བྱ་ནི་བསྐྱེད་རིམ་པས་དང་པོའི་མགོན་པོ་བསྒོམ་པ་དང་། རྫོགས་རིམ་པས་ཟུང་འཇུག་ལོངས་སྐུ་བསྐྱེད་པའོ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས་ཞེས་བསྐྱེད་རིམ་པས་དང་པོའི་མགོན་པོ་རྡོར་སེམས་སུ་བསྒྱུར་བ་དང་། རྫོགས་རིམ་པས་ཟུང་འཇུག་ལོངས་སྐུ་བསྐྱེད་པའི་རྗེས་སུ་རགས་པའི་སྤྲུལ་སྐུ་བཟུང་ནས་རྟེན་དེ་ལ་ཕྲ་མོའི་སྦྱོར་བ་ཀུན་ཏུ་རྩམས་་པར་བྱའོ། །གཉིས་པ་ནི། སྣ་ཡི་རྩེ་མོ་ནས། ཀྱིས་བརྟགས་བསྒོམ་པའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། བསྐྱེད་རིམ་པས་ཕྱག་རྒྱ་དང་སྦྱོར་ཏེ་བྱང་སེམས་ཞུ་བ་ཡུམ་གྱི་པདྨའི་སྣ་ཡི་རྩེ་མོར་ལྷུང་བའི་ཐིག་ལེ་ཡུངས་ཀར་གྱི་སྒྲས་བསྟན་པ་དེ་ཉིད་བསམ་པར་བྱའོ། །ཡུངས་ཀར་ལྟ་བུའི་ཐིག་ལེ་དེའི་ནང་དུ་འགྲོ་བ་དཀྱིལ་འཁོར་བའི་ལྷ་དང་མི་འགྲོ་བ་ལྷའི་གནས་བསྒོམ་མོ། །ཡེ་ཤེས་ཀྱི་གནས་ཐིག་ལེ་ནི་ཉམས་དགའ་བ་སྟེ་དེ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །གསང་བའི་གནས་སུ་ཡེ་ཤེས་ཏེ་ཡིད་ཀྱིས་བརྟགས་ནས་བསྒོམ་པར་བྱའོ། །གཉིས་པ་ནི། ཁྱབ་བྱེད་མ་གཏོགས་པའི་རྩ་བའི་རླུང་བཞི་པོ་སྟེང་གི་སྣ་ཡི་རྩེ་མོའི་སྒོར་འབྱུང་འཇུག་བྱེད་པ་ལ་དམིགས་ནས་རླུང་སྔགས་དབྱེར་མེད་དུ་སྦྱར་བའི་རྡོར་བཟླས་བྱེད་པ་ནི་ཡུངས་ཀར་བསམ་པའོ། །འགྲོ་བ་སྣང་བ་གསུམ་གྱི་བཞོན་པའི་རླུང་དང་། མི་འགྲོ་བ་རླུང་ལ་ཞོན་པའི་ཡེ་ཤེས་ཡིན་ལ། ཡུངས་ཀར་ནི་རླུང་དང་ཡེ་ཤེས་གཉིས་རྟེན་དང་བརྟེན་པར་ངོ་བོ་གཅིག་ཏུ་གྱུར་པའོ། །དེ་ལྟ་བུའི་རླུང་སེམས་ལས་གྲུབ་པའི་སྒྱུ་ལུས་ནི་འོད་གསལ་གྱི་ཡེ་ཤེས་ཀྱི་འབྱུང་གནས་ཏེ། སྐུ་དེ་ནི་འཇའ་ཚོན་ལྟ་བུའི་སྐུ་འོད་ཟེར་རྣམ་པ་ལྔ་དང་ལྡན་པས་ཉམས་དགའ་བའོ། །བསྐྱེད་རིམ་པའི་ཡུལ་མིན་པས་གསང་བའོ། །འོད་གསལ་གྱི་ཡེ་ཤེས་ལས་བྱུང་བ ས་ན་ཡེ་ཤེས་ཀྱིས་བརྟགས་པ་སྟེ་བསྐྱེད་ནས་བསྒོམ་མོ། །གསུམ་པ་ལ་ལྔ། གྱེན་རྒྱུ་འོད་དཔག་མེད་ཀྱི་རྡོར་བཟླས། སྲོག་འཛིན་མི་བསྐྱོད་པ། ཐུར་སེལ་རིན་འབྱུང་། མཉམ་གནས་དོན་གྲུབ་ཀྱི་རྡོར་བཟླས། རླུང་གི་གཙོ་བོ་རེ་རེ་རྒྱུ་བ་ན་འཁོར་གྱི་རྒྱུ་ཚུལ་བཟླས་པའི་གྲངས་དང་བཅས་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ནས། གནས་བཞག་གོ །ཧཱུཾ་གི་བར་ཏེ། ནམ་མཁའི་དབྱིངས་ནི་་འདིར་མི་ཤིག་པའི་ཐིག་ལེའོ། །དེའི་དབུས་ན་གནས་པར་ནི་དེ་ལས་བྱུང་བའོ། །ཉི་མའི་དཀྱིལ་འཁོར་ནི་མེ་རླུང་གྱེན་རྒྱུ་སྟེ། དེས་གཙོ་བོ་བྱས་ནས་གཞན་གསུམ་འཁོར་དུ་བྱས་ཏེ་སྣ་བུག་གཡས་ཁོ་ན་ནས་རྒྱུ་བའི་ཚེ་བསྒོམ་པར་བྱའོ། །ཇི་ལྟར་ན་རླུང་ནང་དུ་འཇུག་པ་སངས་རྒྱས་རྣམ་སྣང་གི་གནས་ༀ་གྱི་གདང་དང་། གནས་པའི་གདངས་འདིར་སྐུ་འོད་དཔག་མེད་ཀྱི་གནས་ཨཱཿའི་གདངས་སུ་བསྒོམས་ཏེ། དེ་་ཡི་སྟེང་དུ་མི་བསྐྱོད་པའི་གནས་ཧཱུཾ་བཞག་སྟེ་རླུང་ཕྱིར་འབྱུང་བའི་གདངས་ཧཱུཾ་གི་གདངས་སུ་བསྒོམ་པར་བྱའོ། །གཉིས་པ་ནི། ནམ་མཁའི་ནས། རྣམ་པར་བསྒོམ་པའི་བར་ཏེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནི་སྔར་ལྟར་རོ། །གསལ་བའི་དཀྱིལ་འཁོར་ནི་ཆུ་རླུང་སྲོག་འཛིན་ཏེ། དེས་གཙོ་བོ་བྱས་ནས་སྔར་བཞིན་སྣ་བུག་གཉིས་ནས་མཉམ་དུ་དལ་བར་རྒྱུ་བའི་ཚེ་བསྒོམ་པར་བྱའོ། །སྲོག་འཛིན་དེ་ཇི་ལྟ་བུ་ཞེ་ན། སྤྱན་གྱི་ཚུལ་དུ་སྦྱོར་བ་ལ་ཞེས་སྤྱན་མདོག་དཀར་ཞིང་འགྲོས་དལ་བ་ལྟར། རླུང་དེ་ན ི་ཁ་དོག་དཀར་ཞིང་་དལ་བར་རྒྱུའོ། །ཇི་ལྟར་བསྒོམ་ན། ༀ་གྱི་གདངས་ཀྱི་རླུང་ནང་དུ་ཞུགས་པའི་རྗེས་སུ་པདྨོ་སྟེ་ཨཱཿ་ཡི་གདངས་ཀྱིས་ནང་དུ་གནས་པ་དང་། རྡོ་རྗེ་སྟེ་ཧཱུཾ་གྱི་གདངས་ཀྱིས་ཕྱི་འབྱུང་བར་རྣམ་པར་བསྒོམ་པར་བྱའོ། །གསུམ་པ་ནི། ནམ་མཁའི་ནས། ཡོངས་སུ་བསྒོམ་པའི་བར་ཏེ། ནམ་མཁའི་དབྱིངས་སོགས་སྔར་བཞིན་ནོ། །རིན་ཆེན་དཀྱིལ་འཁོར་ནི་ས་རླུང་ཐུར་སེལ་ཏེ། དེས་གཙོ་བོ་བྱས་ནས་སྔར་ལྟར་སྣ་བུག་གཉིས་ནས་རྒྱུ་བའི་ཚེ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ན་རླུང་དེ་ཡི་སྟེང་དུ་མཆོག་གི་སྦྱོར་བ་སྟེ་རླུང་སྔགས་་དབྱེར་མེད་དུ་སྦྱོར་བ་ལ་ནན་ཏན་གྱིས་ཡོངས་སུ་བསྒོམ་པར་བྱའོ། །བཞི་པ་ནི། ནམ་མཁའི་ནས། ཞི་བ་སྤྲོའི་བར་ཏེ། ནམ་མཁའི་སོགས་སྔར་བཞིན། འོད་ཀྱི་དཀྱིལ་འཁོར་ནི་རླུང་གི་རླུང་མཉམ་གནས་ཏེ། དེས་གཙོ་བོ་བྱས་ནས་སྔར་ལྟར་སྣ་བུག་གཡོན་ཁོ་ན་ནས་རྒྱུ་བའི་ཚེ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ན། ༀ་གྱི་གདངས་ཀྱིས་རླུང་ནང་དུ་ཞུགས་ཤིང་ཨཱའི་གདངས་ཀྱིས་ནང་དུ་གནས་པའི་རྗེས་སུ་སངས་རྒྱས་མི་བསྐྱོད་པའི་ཚུལ་ཧཱུཾ་ནི་ཞི་བ་སྟེ་ཐུང་ངུའི་གདངས་ཀྱི་རླུང་ཕྱིར་སྤྲོའོ། །རྡོ་རྗེ་འཕྲེང་བར་ཧུཾ་རིང་བོ་ཡང་བཤད་པས་གང་རུང་ངོ་། །ལྔ་པ་ནི། འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། ཞེས་གསུངས་ཏེ། རླུང་རེ་རེས་གཙོ་བོ་བྱས་ནས་རྒྱུ་བ་ན་གཞན་གསུམ་ཡང་འཁོར་དུ་ཆུད་པར་བྱས་ནས་རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་རྡོར་བཟླས་བྱས་པའི་ཚུལ་གྱི་ཁྱད་པར་དག་ཏུ་སྤྲོ་བར་བྱའོ། །བཞི་པ་ལ་གཉིས། རྫོགས་རིམ་པས་གསང་བའི་སྣ་རྩེར་ཕྱག་མཚན་ཕྲ་མོ་སྒོམ་པ་དང་། དེ་བསྒོམ་པའི་རིམ་པའོ། །དང་པོ་ནི། ཨུཏྤལ་མཐིང་གའི་ནས། དེར་ནི་བརྟག་པར་བྱ། །ཞེས་པའི་བར་ཏེ། ཨུཏྤལ་མཐིང་གའི་མདོག་དང་འདྲ་བའི་རྡོ་རྗེ་རྩེ་མོ་ལྔ་པ་ནས་ཀྱི་འབྲུ་ཚད་ཙམ་རང་གི་གསང་གནས་ཀྱི་སྣ་ཡི་རྩེ་མོར་ཏེ་རྡོ་རྗེ་ནོར་བུའི་བུ་གར་ཁྱད་པར་དུ་སྟེ་ནན་ཏན་གྱིས་རྣམ་པར་བསམ་པར་བྱའོ། །བུད་མེད་ཀྱིས་ནི་ཙ་ན་ཀ་སྟེ་སྲན་མའི་འབྲུ་ཚད་ཙམ་གྱི་པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་དང་བཅས་གསང་ནས་ཀྱི་པདྨའི་སྣ་ཡི་རྩེ་མོར་སྒོམ་པ་འདི་ཤིས་པ་ཡིན་ཏེ། དེ་ལྟར་བསྒོམས་པས་བྱང་ཆུབ་ཏུ་གཞོལ་བར་འགྱུར་བའི་ཕྱིར་རོ། །གསང་བའི་སྣ་རྩེ་དེར་ནི་འཁོར་ལོ་དང་ལོ་སོགས་པས་རིན་པོ་ཆེ་དང་རྡོ་རྗེ་སྒོམ་པའང་མེ་ཏོག་ཕོག་པའི་ལྷའི་རིགས་ཀྱི་དབྱེ་བས་ཁྱད་པར་དུ་བརྟག་པར་བྱའོ། །གཉིས་པ་ནི། དངོས་གྲུབ་ཐམས་ཅད་ནས། རབ་ཏུ་བརྗོད་པའི་བར་ཏེ། དངོས་གྲུབ་ཐམས་ཅད་ནི་ཞི་སོགས་ཀྱི་ལས་འགྲུབ་པ་འཇིག་རྟེན་པའི་དངོས་གྲུབ་དང་ཡོན་ཏན་གནས་ནི་མཆོག་གི་དངོས་གྲུབ་དང་། བྱང་ཆུབ་ནི་ཟུང་འཇུག་དང་། དེའི་གནས་ནི་དོན་གྱི་འོད་གསལ་་དང་། ཉམས་དགའ་བ་ནི་ཡེ་ཤེས་དེས་ཉོན་མོངས་སྦྱོང་བ་སྟེ། མདོར་ན་དེ་ལྟ་བུའི་འོད་གསལ་གྱི་ཡེ་ཤེས་འགྲུབ་པར་འགྱུར་རོ། །སངས་རྒྱས་བྱང་ཆུབ་གནས་རྣམས་ནི་ཞེས་པ་འོད་གསལ་དུ་ཞུགས་རྒྱུའི་ཕུང་ཁམས་སྐྱེ་མཆེད་དོ། །མདོར་ན་ནི་སེམས་དབེན་གྱི་སྣང་བ་གསུམ་གྱི་ཡེ་ཤེས་རྣམས་ཐིམ་པ་ལས་མ་དག་པའི་སྒྱུ་ལུས་ནི་འོད་གསལ་དེ་རུ་སྤྲོ་བ་སྟེ་ཞུགས་པར་བྱའོ། །སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཟུང་འཇུག་གོ །ཆོས་ཀྱི་ཚིག་ནི་རབ་ཏུ་བརྗོད་ཅེས་པའི་ཆོས་ནི་འོད་གསལ་དང་། དེའི་ཚིག་ནི་གནས་སམ་རྒྱུད་སྟེ་འོད་གསལ་ལས་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་བ་རབ་ཏུ་བརྗོད་དེ་དགོངས་པས་བཤད་དོ། །ལྔ་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྤྱོད་པ་དངོས་བཤད་པ། ཁ་ཟས་ཀྱི་ཁྱད་པར། དེ་དག་གི་ཕན་ཡོན་བསྟན་པའོ། །དང་པོ་ནི། དེ་ནས་དཔལ་ལྡན་ནས། བཀའ་སྩལ་ཏོའི་བར་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཀྱི་དོན་ཀུན་སྟོན་པ་པོས་སྤྲོས་བཅས་ལ་སོགས་པའི་སྤྱོད་པ་ཀུན་གྱི་མཆོག་ཤིན་ཏུ་སྤྲོོས་མེད་ཀྱི་སྤྱོད་པ་རྡོ་རྗེ་འཆང་མྱུར་དུ་ཐོབ་པར་བྱེད་པའི་ཐབས་ལེགས་ཤིང་དག་པ་གསང་བར་བྱ་བའི་གནས་དམ་པ་འདི་བཀའ་སྩལ་ཏོ། །གཉིས་པ་ནི། གཟུགས་སྒྲ་ནས། བསྒོམ་པར་བྱ་བའི་བར་ཏེ། གཟུགས་དང་སྒྲ་དང་རོར་ལྡན་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་་འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་ཤེས་རབ་ཅན་གྱིས་དུས་ནི་ཟླ་བ་དྲུག་ཏུ་བསྒོམ་པར་བྱའོ། །ཅི་ཞིག་བསྒོམ་ན། གསང་བའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་དོན་གྱི་འོད་གསལ་གྱིས་ལེགས་པར་མཆོད་ནས་བསྒོམ་པར་བྱའོ། །གསུམ་པ་ནི། དངོས་གྲུབ་འབྲས་བུ་ནས། མ་ཟོས་ནའི་བར་ཏེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་ཚེ་དངོས་གྲུབ་ཀྱི་འབྲས་བུ་འདོད་པ་ཡིས་ཟས་སུ་གཤང་གཅི་བདུད་རྩི་ལྔ་ཟོས་ན་ནི་ལུས་དང་དབང་པོ་རྒྱས་ནས་ཁམས་འཕེལ་བའི་སྒོ་ནས་བདེ་ཆེན་བསྐྱེད་དེ། སངས་རྒྱས་བྱང་ཆུབ་སྐྱོན་མེད་པ་ཡང་དག་བླ་ན་མེད་པ་མྱུར་དུ་འགྲུབ་པར་འགྱུར་རོ། །དེའི་ཁ་ཟས་ཀྱི་ཁྱད་པར་གཞན་ལ་རང་རང་གི་རིགས་ཀྱི་ཁྲོ་བོ་ལ་བརྟེན་པའི་དྲག་ལས་བསྒྲུབ་པའི་ཚེ། མི་བསྐྱོད་པའི་རིགས་ཀྱི་སྒྲུབ་པ་པོས་ཟས་སུ་ཤ་རྣམས་ཟ་བ་དང་། གཏོར་མ་ལ་མིའི་ཤ་ཆེན་དག་ནི་རབ་ཏུ་བརྟགས་ན། སྐུ་དང་གསུང་དང་་ཐུགས་ཀྱི་གསང་བ་གསང་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འགྲུབ་བར་འགྱུར་རོ། །དེ་བཞིན་དུ་རྣམ་སྣང་གི་རིགས་ཀྱི་སྒྲུབ་པ་པོས་གླང་པོའི་ཤ་དང་། རི་འབྱུང་གི་དེས་རྟ་ཡི་ཤ་དང་། དེ་བཞིན་དུ་འོད་་དཔག་མེད་ཀྱི་དེས་དམ་པ་བ་གླང་གི་ཤ་དང་། དོན་གྲུབ་ཀྱི་རིགས་ཀྱི་སྒྲུབ་པ་པོས་ཁྱི་ཡི་ཤ་རྣམས་ཟས་ཀྱི་ཕྱིར་ནི་བཟའ་བར་བྱ་ཞིང་གཏོར་མ་ཡང་དབུལ་བར་བྱའོ། །དེའི་ཚེ་འབྲས་ཆན་དང་རྩམ་པ་ལ་སོགས་པ་ཟས་གཞན་དག་ནི་མ་ཟོས་ན་ཏེ་བཟའ་བར་མི་བྱའོ། །བཞི་པ་ནི། བྱང་ཆུབ་སེམས་དཔའ་ནས། སེམས་ལས་འདས་བའོ། །ཞེས་པའི་བར་ཏེ། དེ་ལྟར་བྱས་ན་རིགས་དེ་དང་དེར་འབྲེལ་བའི་བྱང་ཆུབ་་སེམས་དཔའ་རྣམས་དང་། བློོ་ཅན་ཏེ་རང་གི་ཕྱག་རྒྱ་མ་དང་། སངས་རྒྱས་མི་བསྐྱོད་པ་ལ་སོགས་པ་རྣམས་ནི་མཉེས་པར་འགྱུར་ཞིང་། དེ་ལ་བརྟེན་ནས་འདི་ལྟ་བུའི་གཏོར་མ་སོགས་ཀྱི་སྦྱོར་བ་འདི་ཡིས་མྱུར་་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་ལ། འདོད་པའི་ཁམས་ནི་དེའི་ཁྱད་པར་བུད་མེད་རྣམས་ལ་ལོངས་སྤྱོད་པའི་དབང་ཕྱུག་ཏུ་འགྱུར་བ་དང་། འཇིག་རྟེན་འཛམ་གླིང་འདི་ན་ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་ནས་སེམས་ཅན་སྨིན་གྲོལ་ལ་འགོད་པའི་ལས་ནི་བྱེད་པར་འགྱུར་རོ། །བསྐྱེད་རིམ་ལས་མཆོག་ཏུ་གྱུར་པས་ན་གཙོ་བོའོ། །སྡུག་བསྔལ་སོགས་ཟིལ་གྱི་གནོན་པས་ན་གཟི་བརྗིད་ཅན་ནོ། །ཆོས་བརྒྱད་ཀྱིས་མི་བརྫི་བས་ན་སྟོབས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལྡན་པས་ན་མདངས་བཟང་བའོ། །རབ་ཏུ་དགའ་བར་འགྱུར་བས་ན་མཐོང་ན་ཡིད་དུ་འོང་བའོ། །མཐོང་བ་ནི་ཤེས་པ་སྟེ། དེ་ཙ མ་གྱིས་འཇིག་རྟེན་ཏེ་སྐྱེ་གནས་སྣ་ཚོགས་པས་རྣམ་པར་ཕྱེ་བའི་འཇིག་རྟེན་ཏེ་འགྲོ་བ་འདི་དག་དབང་དུ་བྱེད་པར་འགྱུར་རོ། །ཟུང་འཇུག་ཐོབ་ནས་བསྐུལ་མེད་པར་ཏེ། ཕྱིའི་བྱ་བ་སྔགས་དང་ཕྱག་རྒྱ་སོགས་ལ་མི་ལྟོས་པར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བའོ། །བཤད་མ་ཐག་པའི་སྤྲོས་མེད་ཀྱི་སྤྱོད་པ་འདི་ནི་བསྐྱེད་རིམ་པའི་རྣལ་འབྱོར་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་སངས་རྒྱས་ཏེ་རྫོགས་རིམ་པའི་སྒྲུབ་པ་པོ་་ཐམས་ཅད་ཀྱི་སྤྱོད་པའོ། །གསང་བ་ནི་བསྐྱེད་རིམ་པ་ལའང་རེ་ཞིག་མི་སྟོན་པའོ། །བྱང་ཆུབ་དམ་པ་ནི་་སྤྱོད་པ་མཆོག་སྟེ། །དེས་ཡང་དག་པའི་སྔགས་ཀྱི་གསང་བ་སློབ་པའི་ཟུང་འཇུག་འདི་ཐོབ་ནས། ཐ་མལ་བའི་ལུས་ངག་སེམས་ལས་འདའ་བར་འགྱུར་ཏེ་རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །འདི་རྣམས་དྲང་དོན་་དུ་བཤད་པ་ནི་ཕལ་ཆེར་ལ་ཡིན་གྱི་ཐམས་ཅད་ནི་མིན་ཏེ། ཕྱི་མ་འདི་དག་ངེས་དོན་དུ་བཤད་དགོས་པའི་ཕྱིར་རོ། །གཉིས་པ་དེ་རྣམས་ཀྱི་ངེས་དོན་ལ། སྔར་ལྟར་བཞི་ལས། དང་པོ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཀྱི་དོན་ཀུན་སྟོན་པ་པོ་སྤྱོད་པ་ཀུན་གྱི་མཆོག་རྫོགས་རིམ་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསང་བའི་དམ་པ་བཀའ་སྩལ་ཏོ། །གཉིས་པ་ནི། གཟུགས་སྒྲ་རོ་གསུམ་ནི་་སེམས་དབེན་གྱིས་ཡེ་ཤེས་གསུམ་བཞོན་པ་དང་བཅས་པའོ། །ཡེ་ཤེས་གསུམ་དང་བཞོན་པའི་རླུང་གསུམ་སོ་སོར་བགྲང་བ་ནི་ཟླ་བ་དྲུག་གི་དོན་ནོ། དེ་ལས་སྐད་ཅིག་གིས་སྒྱུ་ལུས་སུ་འགྲུབ་པ་ནི་ལྡན་པའོ། །དེ་ནས་ཤེས་རབ་ཅན་གྱི་སྒྲུབ་པ་པོས་སྒྱུ་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས་བསྒོམ་པར་བྱའོ། །དེ་ལྟར་འོད་གསལ་དུ་བཅུག་པའི་མཆོད་ཆེན་གྱི་ལེགས་པར་མཆོད་པ་སྟེ་བསྐྱེད་ནས་གསང་བའི་དེ་ཁོ་ན་ཉིད་ཟུང་འཇུག་བསྒོམ་པར་བྱའོ། །གསུམ་པ་ནི། གཤང་གཅི་ནི་ཡུལ་ལྔ་དང་དབང་པོ་ལྔ་་སྟེ། ཟོས་པ་ནི་དེ་རྣམས་འོད་གསལ་དུ་བསྡུས་པའོ། །དེ་ལྟར་བྱས་ན་དངོས་གྲུབ་འབྲས་བུ་འདོད་པ་ཡིས་སངས་རྒྱས་བྱང་ཆུབ་སྐྱོན་མེད་པ་ཡང་དག་པ་བླ་ན་མེད་པ་འགྲུབ་པར་འགྱུར་རོ། །ཟས་སུ་ཤ་རྣམས་ནི་འདིར་ཟུང་འཇུག་ཏེ། ཟ་བ་ནི་དེ་ལ་དགའ་བས་ལོངས་སྤྱོད་པའོ། །ཤ་ཆེན་ལ་སོགས་པའི་ཤ་ལྔ་དང་རབ་ཏུ་བརྟགས་པ་ནི་རིགས་ལྔའི་ངོ་བོ་ཟུང་འཇུག་གི་ཕུང་བོ་ལྔ་བ་བསྐྱེད་པའོ། །དེ་ལྟ་བུའི་ཟུང་འཇུག་གི་སྐུ་དེ་ཟས་ཀྱི་ཕྱིར་ནི་བཟའ་བ་སྟེ་གོམས་པར་བྱས་ན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་མི་སློབ་པའི་ཟུང་འཇུག་གི་དངོས་གྲུབ་ཐམས་ཅད་ཚེ་འདིར་འགྲུབ་པར་འགྱུར་རོ། །ཟས་གཞན་དག་ནི་མ་ཟོས་ན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མའི་ཏིང་ངེ་འཛིན་ཙམ་ལ་མཆོག་ཏུ་མི་འཛིན་པའོ། །བཞི་པ་ནི། བྱང་ཆུབ་སེམས་དཔའ་བློ་ཅན་དང་ནས། འཇིག་རྟེན་འདི་དག་དབང་དུ་འགྱུར་ཞེས་པའི་བར་ནི་སྔར་ལྟར་རོ། །ཟུང་འ ཇུག་གི་གོ་འཕང་འདི་ན ི་སངས་རྒྱས་ཏེ་རྫོགས་རིམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་རིམ་ལས་ཕུལ་དུ་བྱུང་བའི་གསང་བའོ། །བྱང་ཆུབ་ནི་འདིར་སྤྱོད་པ་སྟེ། དེ་འདྲ་བའི་ཡང་དག་པའི་སྔགས་ཀྱི་གསང་བ་འདི་ནི། ཐ་མལ་པའི་ལུས་ངག་སེམས་ལས་འདའ་བ་སྟེ་འདི་ནས་མཐར་ཐུག་གི་ཟུང་འཇུག་མྱུར་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ལེའུ་སྟེ་དྲུག་པའོ།། །།༈ བདུན་པ་སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་དོན་ནོ། དང་པོ་ལ་ལྔ། སྡུད་པ་པོའི་ཚིག་གི་སྟོན་པའི་གསང་ལ་འཇུག་པ། སྤྱོད་པ་གསུམ་བསྟན་པ། རྗེས་དྲན་དྲུག་གིས་དག་པའི་ལྷའི་སྐུ་བསྐྱེད་པ། རྣལ་འབྱོར་བ་ཐམས་ཅད་ཀྱི་སྤྱོད་པའི་ཆོ་ག །རྗེས་དྲན་བཅུ་དྲུག་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། གསུངས་སོ་ཞེས་པའི་བར་ཏེ། དེ་ནས་སོགས་ལས། དམ་ཚིག་ཆེན་པོ་སྟེ་དེའི་ཁོ་ན་ཉིད་ནི་འཆད་པར་་འགྱུར་བའི་རྗེས་དྲན་སོགས་ཀྱི་ཡན་ལག་དྲུག་གི་སྔགས་ཀྱི་སྤྱོད་པ་བསྐྱེད་རིམ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཐོབ་བྱ་མཆོག་ཟུང་འཇུག་གི་གོ་འཕང་ཐོབ་པའི་ཐབས་བརྗོད་བྱར་སྟོན་པའི་ལེའུ་འདི་གསུངས་སོ། །གཉིས་པ་ལ་གསུམ། འདོད་ཡོན་ལ་ཆགས་པ་ལམ་བྱེད་ཀྱི་སྤྱོད་པས་བྱང་ཆུབ་སྒྲུབ་དགོས་པར་བསྟན་པ། ལམ་འདི་ལ་བརྟེན་ནས་བྱོན་ཟིན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སྤྱོད་པ་འདིས་འབྲས་བུ་ཐོབ་པར་བསྟན་པ། འདོད་ཡོན་ལ་ལོངས་སྤྱོད་པའི་སྤྱོད་པའི་དུས་ཀྱི་སྒོམ་བསམ་བསྟན་པའོ། །དང་པོ་ལ་གསུམ། སྤྲོས་བཅས་ཀྱི་སྤྱོད་པ་ནས་འདོད་ཡོན་མི་དགག་པར་བསྟེན་པ། སྤྲོས་མེད་ཀྱི་སྤྱོད་པ་ནས་འདོད་ཡོན་བསྟེན་ཅིང་ལུས་གདུང་བ་དགག་པ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པས་འདོད་ཡོན་བསྟེན་ནས་སྒོ་གསུམ་བདེ་བར་གནས་པའོ། །དང་པོ་ནི། འདོད་པའི་ལོངས་སྤྱོད་ནས། ཐོབ་པར་འགྱུར་བའི་བར་ཏེ། གང་ལ་སྤྱོད་ན་རང་གི་དབང་བོ་རྟེན་བཅས་རྒྱས་པར་འགྱུར་བའི་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཇི་ལྟར་འདོད་པར་བསྟེན་ནས་སྤྲོས་བཅས་ཀྱི་སྤྱོད་པ་སྤྱད་ན་ནི་སྤྱོད་པ་ཁྱད་པར་ཅན་འདི་ལྟ་བུའི་སྦྱོར་བ་ཡིས་ཚེ་འདིར་སངས་རྒྱས་རྡོ་རྗེ་འཆང་མྱུར་དུ་ཐོབ་པར་འགྱུར་རོ། །གཉིས་པ་ནི། འདོད་པའི་ནས། འགྲུབ་པར་འགྱུར་བའི་བར་ཏེ། སྤྲོས་མེད་ཀྱི་སྤྱོད་པ་དེས་ཀྱང་འདོད་པའི་ལོངས་སྤྱོད་ཐམས་ཅད་ནི་ཇི་ལྟར་འདོད་པར་བསྟེན་པར་བྱ་སྟེ། དེ་ཡང་རང་གི་ལྷ་ཡི་སྦྱོར་བ་སྟེ་རྣལ་འབྱོར་ལ་གནས་པ་ཡེ་སྒོ་ནས་བྱ་ཞིང་། མཆོད་པས་བདག་དང་གཞན་ལྷ་རྣམས་ལའང་མཆོད་པར་བྱའོ། །ཐེག་པ་འདིར་ལུས་ངལ་ཞིང་གདུང་བར་བྱེད་པའི་དཀའ་ཐུབ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་དང་། ཟས་གཅོད་པ་དང་མེར་་འཆོང་བ་ལ་སོགས་པའི་ལས་མི་བཟད་པ་དེ་རྣམས་བསྟེན་ཀྱང་དངོས་གྲུབ་མཆོག་འགྲུབ་པར་མི་འགྱུར་གྱི། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་དེའི་རང་བཞིན་ཤེས་པའི་སྒོ་ནས་བསྟེན་ན་མྱུར་དུ་འགྲུབ་པར་འགྱུར་རོ། །གསུམ་པ་ནི། སློང་མོ་ཟ་ཞིང་ནས། སྲེག་པར་འགྱུར་བའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། ཟས་ལ་ཧ་ཅང་སྲེད་པས་སློང་མོ་སློང་བ་དང་ཞིང་ལས་དང་ཚོང་སོགས་བྱས་པ་ལས་བྱུང་བའི་ཟས་ཟ་ཞིང་སྔགས་མི་བཟླ་བ་སྟེ། ཚུལ་དེ་ལྟ་བུའི་སྒོ་ནས་སློང་བ་སོགས་ལའང་དགའ་བར་མི་བྱའོ། །དབང་པོ་རྟེན་བཅས་རྒྱས་པར་འགྱུར་བའི་འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། སྔགས་ཀྱི་ཡན་ལག་ལྷའི་རྣལ་འབྱོར་མ་ཉམས་པར་བཟླས་པ་སྟེ་བསྒོམ་མོ། །ཚུལ་དེ་ལྟར་ལུས་དང་ངག་དང་སེམས་རྣམས་ནི་བདེ་བར་གནས་ན་ལྷན་སྐྱེས་ཀྱི་བདེ་བ་འཕེལ་ན་རྫོགས་པའི་བྱང་ཆུབ་རྡོ་རྗེ་འཆང་འཐོབ་པར་འགྱུར་ཞིང་། དེ་ལས་གཞན་དུ་མུ་སྟེགས་ཀྱི་དཀའ་སྤྱད་དང་འདྲ་བར་ལམ་འདིར་དཀའ་ཐུབ་བསྟེན་ན་དུས་མ་ཡིན་པར་འཆི་བ་དང་དམྱལ་བར་ངེས་པར་སྲེག་པར་འགྱུར་རོ། །གཉིས་པ་ནི། སློང་མོ་ནི་རླུང་སྔགས་ངོ་བོ་ཐ་དད་དུ་ཞེན་པའོ། །ཟས་ནི་དེ་ལྟར་བཟུང་ནས་སྔགས་བཟླ་བ་མི་ཟློ་སྟེ་སློང་ལ་དགའ་བར་མི་བྱའོ་ནི་སྔར་ལྟར་མི་བྱེད་པར་རླུང་སྔགས་དབྱེར་མེད་དུ་སྦྱར་བའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་སྔགས་ཀྱི་་ཡན་ལག་མ་ཉམས་བཟླས་ནི། འདོད་ཡོན་ལ་ལོངས་སྤྱོད་པའི་སྒོ་ནས་ལྷའི་རྣལ་འབྱོར་དང་ལྡན་པས་རླུང་ལྡང་འཇུག་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་སྦྱར་ནས་བཟླ་བའོ། །གཉིས་པ་ནི། སངས་རྒྱས་ནས། བསྟེན་པས་སོའི་བར་ཏེ། སངས་རྒྱས་རིན་པོ་ཆེ་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་པད་དཀར་ལྟ་བུ་ལ་སོགས་གང་ཟག་རིགས་བཞི་དང་། སྔགས་གྱི་སྤྱོད་པ་ནི་རྒྱུད་སྡེ་འོག་མ་གསུམ་གྱི་སྤྱོད་པ་སྟེ་དེ་དག་ལས་མཆོག་ཏུ་གྱུར་པའི་བླ་མེད་ལ་སྤྱོད་པ་རྣམས་ཀྱིས། ཆོས་ཏེ་སྒྱུ་ལུས་དང་། མི་གཡོ་བ་སྟེ་འོད་གསལ་གྱི་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་གོ་འཕང་མཆོག་བརྙེས་པ་ནི། འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་པ་བསྟེན་ནས་བྱུང་བས་སོ་ཞེས་པ་ནི་དགོངས་མིན་དུ་བཤད་པའོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཆགས་ཅན་ནས། ཆགས་པར་བྱ་བའི་བར་ཏེ། ཆགས་ཅན་འདོད་ཡོན་ལ་ལོངས་སྤྱོད་པར་དགའ་བ་ཟུང་འཇུག་གི་ཡེ་ཤེས་ཚེ་འདིར་ཐོབ་པར་འདོད་པའི་དབང་བོ་རྣོན་པོ་ཡིས། རྟག་ཏུ་སྟེ་སྤྱོད་ལམ་ཐམས་ཅད་དུ་འདོད་ཡོན་ལྔ་རྣམས་བསྟེན་པར་བྱའོ། །དགོས་པ་ནི་བྱང་ཆུབ་སེམས་དཔའ་སྟེ་མིག་ལ་སོགས་པའི་དབང་པོ་རྣམས་མཉེས་པར་ཏེ་ཚིམ་པར་བྱ་ཞིང་། དེ་ལ་བརྟེན་ནས་བྱང་ཆུབ་སྟེ་ལུས་ཀྱི་འབྱུང་བ་བཞི་དང་། ཉི་མ་སྟེ་ཕུང་པོ་ལྔ་རྣམས་རྒྱས་པར་བྱ་ལ། དེ་ལ་བརྟེན་ནས་ཆགས་པར་བྱ་བ་ལྷན་སྐྱེས་ཀྱི་བདེ་ཆེན་རྒྱས་པར་འགྱུར་རོ། །གཉིས་པ་ལ་གསུམ། སྤྱི་དོན་གྱིས་སྤྲོས་བཅས་ཀྱི་སྒོམ་བསམ། སྦས་དོན་གྱིས་སྤྲོས་མེད་ཀྱི་སྒོམ་བསམ། མཐར་ཐུག་གིས་ཤིན་ཏུ་སྤྲོས་མེད་ཀྱི་སྒོམ་བསམ་བསྟན་པའོ། །དང་པོ་ལ་གསུམ། གཟུགས་སོགས་ཐབས་ཀྱི་ལྷར་བསྒོམ་པ། ཤེས་རབ་ཀྱི་ལྷར་བསྒོམ་པ། ཐམས་ཅད་ཀྱང་རྡོ་རྗེ་འཆང་གི་བདག་ཉིད་དུ་བལྟ་བའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། ནས། མི་བསྐྱོད་པ་ཡི་ཚུལ་བརྙེས་པའོ། །ཞེས་པའི་བར་ཏེ། གཟུགས་ལ་མཆོག་དམན་བར་མ་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རིགས་ཀྱི་སྤྲུལ་པའི་གཞི་རྣམ་པར་སྣང་མཛད་ཀྱི་ངོ་བོར་མོས་ནས་མཆོད་པ་སྟེ་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པས་ལྷ་རྣམས་མཆོད་པར་བྱའོ། །སྒྲ་ལའང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་ལྷ་རྣམས་ལ་ནི་དབུལ་བར་བྱ་སྟེ། གསུམ་པོ་དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པ་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་ངོ་བོར་ཡོས་ནས་དེས་གཙོ་མཛད་པ་རྣམས་ལའོ། །དྲིལ་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་སངས་རྒྱས་འོད་དཔག་མེད་སོགས་ཏེ་འཁོར་བཅས་ལ་དབུལ་བར་བྱ་སྟེ། དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པ་འདོད་ཆགས་ཆོས་ཀྱི་འབྱུང་གནས་འོད་དཔག་མེད་ཀྱི་ངོ་བོར་མོས་ནས་དེས་གཙོ་མཛད་པ་རྣམས་ལའོ། །རོ་ལའང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་དོན་གྲུབ་ཀྱི་རིགས་ཀྱི་ལྷ་རྣམས་ལ་ནི་དབུལ་བར་བྱ་སྟེ། དེ་ཉིད་སངས་རྒྱས་སྣ་ཚོགས་པའི་བདག་ཉིད་ཅན་སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན་དོན་གྲུབ་ཀྱི་ངོ་བོར་མོས་ནས་དེས་གཙོ་མཛད་པ་རྣམས་ལའོ། །རེག་ལའང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་བདག་གི་རིགས་ཏེ་རྡོ་རྗེའི་རིགས་ཀྱི་ལྷ་རྣམས་ལ་དབུལ་བར་བྱ་སྟེ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་ཅན་མི་བསྐྱོད་པའི་ཚུལ་བརྙེས་པ་སྟེ་ངོ་བོར་མོས་ནས་དེས་གཙོ་མཛད་པ་རྣམས་ལ་དབུལ་བར་བྱའོ། །གཉིས་པ་ནི། གཟུགས་སྒྲ་ནས། བཏུས་པའོ་ཞེས་པའི་བར་ཏེ། གཟུགས་སྒྲ་དྲི་རོ་ལ་སོགས་ལྔ་རིགས་ལྔའི་ངོ་བོར་མོས་ནས་ལོངས་སྤྱོད་པ་ལ་རྟག་ཏུ་་སེམས་ནི་སྦྱར་བར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི་གསང་ཞིང་སྦས་པ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའི་ཐབས་ཀྱི་སྙིང་པོ་བཏུས་པའོ། །གཉིས་པ་ནི། གཟུགས་སྒྲ་ནས། རྣམ་པར་བསྒོམ་པའི་བར་ཏེ། གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས་ཤེས་རབ་ཀྱི་ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ་པར་བྱ་སྟེ། དེ་་ཡང་གཟུགས་སོགས་ལྔ་སྤྱན་སོགས་ལྔའི་ངོ་བོར་བསྒོམ་པར་བྱའོ། །ཡང་ན་དེ་ལ་སྒོམ་པ་ནི་རྣམ་སྣང་ལ་་སོགས་པའི་རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་པར་བྱ་སྟེ། གཟུགས་གཟུགས་རྡོ་རྗེ་མ་ནས། རེག་རེག་རྡོ་རྗེ་མའི་ངོ་བོར་བསྒོམ་མོ། །གསུམ་པ་ནི། འགྲེལ་བས་ཁ་བསྐང་བ་སྟེ། ལུས་ལྔ་པོ་ཐམས་ཅད་རྡོ་རྗེ་འཆང་གི་ངོ་བོར་བལྟས་ནས་ལོངས་སྤྱོད་པ་སྟེ་སྤྱི་དོན་ནོ། །གཉིས་པ་སྦས་དོན་ལ་གསུམ། རྒྱས་པར་བཤད་པ། ཉམས་སུ་ལེན་ཚུལ་གསལ་བར་བསྟན་པ། ཡེ་ཤེས་གསུམ་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། གཟུགས་ལ་རྣམ་གསུམ་སོགས་ནི། གཟུགས་ཡིད་དུ་འོང་མི་འོང་བར་མ་གསུམ་རིམ་པ་བཞིན་དུ་སྣང་མཆེད་ཐོབ་གསུམ་གྱི་རང་བཞིན་བརྒྱད་ཅུའི་ཡུལ་དུ་ཤེས་པར་བྱས་ནས་རྗེས་སུ་མྱོང་བ་ནི་མཆོད་པ་སྟེ། དེས་བདག་ཉིད་ལ་མཆོད་པར་བྱའོ། །ཇི་ལྟར་ནས་མཆོད་པའི་འཁོར་གསུམ་རང་རྡོ་རྗེ་འཆང་དུ་བྱས་པའི་ངོ་བོར་ལྟ་བའི་སྒོ་ནས་སྣ་ཚོགས་པ་སྟེ་རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་གཞི་རྡོ་རྗེ་འཆང་རྣལ་འབྱོར་བ་རང་ཉིད་ལའོ། །དེ་བཞིན་དུ་སྒྲ་སོགས་བཞི་ལའང་སྦྱར་ཏེ། སངས་རྒྱས་རིན་ཆེན་འབྱུང་གནས་དང་། འདོད་ཆགས་ཆོས་ཀྱི་འབྱུང་གནས་འོད་དཔག་མེད་ཀྱི་གཙོ་བོ་རྡོ་རྗེ་འཆང་དང་། ཐོགས་མེད་རྡོ་རྗེ་ཅན་ནི་དོན་གྲུབ་དང་། མི་བསྐྱོད་པའི་ཚུལ་བརྙེས་པ་སྟེ་སྐྱེད་པར་བྱེད་པའི་རྡོ་རྗེ་འཆང་གི་ངོ་བོ་རྣལ་འབྱོར་པ་དེ་ལ་མཆོད་པའོ། །མདོར་ན་དེ་རྣམས་ཀྱིས་སྒྲུབ་པ་པོ་རང་ཉིད་རིགས་ལྔའི་བདག་ཉིད་རྡོ་རྗེ་འཆང་དུ་བསྐྱེད་པའི་ཚུལ་བསྟན་ནོ། །གཉིས་པ་ནི། གཟུགས་སྒྲ་རོ་ལ་སོགས་པ་སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་ངོ་བོར་སྒོམ་པ་ལ་རྟག་ཏུ་སེམས་ནི་སྦྱར་བར་བྱ་ཞིང་། བཤད་མ་ཐག་པའི་ཚུལ་འདི་དེ་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོ་བསྡུས་པའོ། །གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས་སྣང་བའི་ཡེ་ཤེས་གསུམ་གྱི་ངོ་བོ་ཉིད་དུ་ནི་རྟག་ཏུ་བསྒོམ་པར་བྱའོ། །གསུམ་པ་ནི། ཡང་ན་་དེ་ལ་སྒོམ་པ་ནི་ཞེས་པ་ནི་གཟུགས་སོགས་ཕྱི་རོལ་ཐ་མལ་བའི་ཡུལ་དུ་ཞེན་པ་བཟློག་ནས་མཉམ་གཞག་ཏུ་སྣང་བ་གསུམ་གྱི་ཡེ་ཤེས་ཉམས་སུ་མྱོང་བ་ལས་རྗེས་ཐོབ་ཏུ་རང་བཞིན་གྱི་རྟོག་པ་རྣམས་ཉམས་སུ་མྱོང་བའི་ཚེ་ན་ཡུལ་རྣམས་ཡེ་ཤེས་གསུམ་གྱི་ངོ་བོར་ཤེས་པར་བྱ་བའི་དོན་ནོ། །གསུམ་པ་ནི། ཚིགས་བཅད་ལྔའི་རྐང་བ་དང་པོའི་གཟུགས་སྒྲ་སོགས་རྣམ་པ་གསུམ་དུ་ཤེས་པར་བྱ་བ་ནི་འོད་གསལ་དུ་གཞུག་རྒྱུ་ངོས་བཟུང་བའོ། །རྐང་བ་གཉིས་པའི་མཆོད་པ་་དང་དབུལ་བའི་དོན་ནི་གཟུགས་སྒྲ་སོགས་འོད་གསལ་དུ་བཅུག་པའོ། །རྐང་བ་གསུམ་པ་དང་བཞི་བ་རྣམས་ཀྱི་དོན་ནི་བཅུག་ནས་སྐྱེས་པའི་དོན་གྱི་འོད་གསལ་གྱི་ཡེ་ཤེས་སོ། །འདིར་ཡིག་དོན་ཟུར་དུ་མ་བྱུང་ཀྱང་དང་པོའི་སྤྱི་དོན་གྱིས་སྒོ་དོན་ཡང་བཤད་པ་ཡིན་ནོ། །གསུམ་པ་ནི། སངས་རྒྱས་རྗེས་སུ་དྲན་པར་སྦྱོར། ནས། འཐོབ་པར་འགྱུར་བའི་བར་ཏེ། སྐུ་སྒོམ་པ་ནི་རིགས་བརྒྱ་སོགས་ཀྱི་ལུས་དབེན་གྱིས་སངས་རྒྱས་རྗེས་སུ་དྲན་པར་སྦྱོར་བ་དང་།གསུང་སྒོམ་པ་ན ི་རླུང་སྔགས་དབྱེར་མི་ཕྱེད་པའི་ཆོས་ནི་རྗེས་སུ་དྲན་པ་སྒོམ་པ་་དང་། ཐུགས་སྒོམ་པ་ནི་རྡོ་རྗེ་སྟེ་སེམས་དབེན་གྱི་སྣང་བ་གསུམ་གྱི་ཡེ་ཤེས་རྗེས་སུ་དྲན་པ་སྒོམ་མོ། །རིགས་ནི་ཞེས་པ་སྒྱུ་ལུས་པའི་ལུས་ངག་ཡིད་གསུམ་གྱི་དེ་ཁོ་ན་ཉིད་དོ། །དེའི་རྗེས་སུ་དྲན་པ་ནི་ཡེ་ཤེས་གསུམ་གྱིས་རང་གི་ཡུལ་་དེ་དག་སོ་སོར་ཤེས་པ་དང་སྦྱོར་བ་ནི་དེ་གསུམ་རིམ་གྱིས་ཐིམ་ནས་འོད་གསལ་་དང་གཅིག་ཏུ་གྱུར་བའོ། ཁྲོ་བོ་ནི་མ་དག་པའི་སྒྱུ་མའི་སྐུའོ། །དེའི་རྗེས་སུ་དྲན་སྒོམ་པ་ནི། དེ་ནི་འོད་གསལ་ལས་བར་མ་ཆོད་པའི་ཚུལ་གྱིས་སྐྱེ་བའོ། །ལྷ་ནི་མ་དག་པའི་སྒྱུ་ལུས་སོ། །རྗེས་སུ་དྲན་པ་ནི་དེ་ཉིད་ཆུ་ཟླ་སོགས་དང་འདྲ་བར་བསམ་པའོ། །སྦྱོར་བ་ནི་དེ་དོན་གྱི་འོད་གསལ་དུ་དག་པ་སྟེ། དེ་ལྟར་བསྒོམས་ན་བྱང་ཆུབ་པ་ཟུང་འཇུག་གི་སྐུ་འཐོབ་པར་འགྱུར་རོ་ཞེས་པ་ནི་དགོངས་བཤད་དོ། །བཞི་བ་ལ་གཉིས། རིམ་གཉིས་ཐུན་མོང་བའི་སྙོམས་འཇུག་གི་ཆོ་ག །བསྐྱེད་རིམ་པའི་སྙོམས་འཇུག་གི་ཆོ་ག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བུད་མེད་རབ་ཏུ་མདངས་བཟང་བ། ནས། འཐོབ་པར་འགྱུར་བའི་བར་ཏེ། བུད་མེད་གཟུགས་རབ་ཏུ་མདངས་བཟང་བ། ན་ཚོད་ལོ་གྲངས་བཅུ་དྲུག་ལོན་པ་རྙེད་ནས་རེག་བྱ་རྡོ་རྗེ་མར་བསྐྱེད་དེ་བྱིན་གྱིས་བརླབས་པའི་གནས་ཏེ་ཡུལ་ཡིད་དུ་འོང་བ་ཆེ་འབྲིང་ཆུང་ངུ་གསུམ་གྱི་དབེན་པར་བདག་ཉིད་ལ་མཆོད་པ་རབ་ཏུ་བརྩམ་པར་བྱའོ། །རྣམ་སྣང་གི་སྒྲུབ་པ་པོས་ནི་རིག་མ་དེ་བཞིན་གཤེགས་པའི་བཙུན་མོའི་མཆོག་སྤྱན་མར་བསྒོམ་མོ། །ལ་སོགས་པས་ནི་རིན་འབྱུང་འོད་དཔག་མེད་དོན་གྲུབ་ཀྱི་རིགས་ཀྱི་སྒྲུབ་པ་པོ་རྣམས་ཀྱིས་མཱ་མ་ཀི་གོས་དཀར་མོ་སྒྲོལ་མར་བསྐྱེད་པར་བསྟན་ནོ། །དེའི་ཚེ་ཕོ་མོའི་དབང་བོ་གཉིས་ནི་མཉམ་པར་སྦྱར་བ་སོགས་ཀྱི་སྒོ་ནས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཚེ་འདིར་ཐོབ་པར་འགྱུར་རོ། །གཉིས་པ་ནི། ཡི་གེ་ཧཱུཾ་དང་ནས། བསྒོམ་པར་བྱ་བའི་བར་ཏེ། ཡི་གེ་ཧཱུཾ་དང་ༀ་དག་དང་། ཨཱཿདང་ཕཊ་ཀྱང་རབ་བ རྟག་བྱ་ནི། རང་གི་གསང་གནས་མི་དམིགས་པ་ལས་ཧཱུཾ་དང་་དེ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་བ་ནོར་བུ་ༀ་གྱིས་མཚན་ཞིང་བུ་གར་ཕཊ་ཡིག་སེར་བོས་བཀག་པ་དང་། ཡུམ་གྱི་གསང་གནས་ཨཱཿདང་དེ་ལས་པདྨ་དམར་པོ་འདབ་བརྒྱད་ཀྱི་བུ་གར་ཕཊ་སེར་པོས་བཀག་པར་བསམ་པའོ། །རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་ཁྱབ་པར་བསྒོམ་པར་བྱ་ཞིང་། དེའི་ཚེ་སྤྱན་མ་ནི་ཟླ་བའི་འོད་བཞིན་དུ་དཀར་པོ་འབར་དང་བཅས་པ་ཡིད་དུ་འོང་བ་བསྒོམ་པར་བྱ་ལ། དེས་གཞན་གྱི་མདོག་ཀྱང་རིགས་འགྲོས་ཀྱིས་མཚོན་ནོ། །ལྔ་པ་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དེ་དག་གི་འབྲས་བུ་བསྟན་པའོ། །དང་པོ་ནི། སངས་རྒྱས་སོགས་རྐང་བ་གཉིས་ཏེ། སངས་རྒྱས་རྗེས་སུ་དྲན་པར་སྦྱོར་བ་ལ་སོགས་པ་ནི་བྱང་ཆུབ་ཐོབ་པར་འདོད་པས་བསྒོམ་པར་བྱའོ། །གཉིས་པ་ལ་དྲུག་སངས་རྒྱས་རྗེས་དྲན་སོགས་ཀྱིས་ཟུང་འཇུག་པའི་དང་པོ་སྦྱོར་བ་བསྟན་པ། དམ་ཚིག་རྗེས་དྲན་གྱི་ལྕེ་ཆུང་གི་བདུད་རྩི་བཏུང་ཚུལ། དཀྱིལ་འཁོར་རྗེས་དྲན་གྱིས་ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་བསྟན་པ། སྐུ་རྗེས་དྲན་སོགས་ལྔས་རིམ་གཉིས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། དམ་ཚིག་རྗེས་དྲན་གྱིས་དོན་དམ་པའི་་དཀྱིལ་འཁོར་དུ་འཇུག་ཚུལ། དེ་ལས་ལྡང་བའི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ལ་སངས་རྒྱས་ནས། ཁྲོ་བོའི་སྤྲིན་རྣམས་སྤྲོ་བའི་བར་ཏེ། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་ག་ནི་འོད་གསལ་ལོ། །ལིངྒ་ནི་སྒྱུ་ལུས་སོ། །བཞག་པ་ནི་སྒྱུ་ལུས་འོད་གསལ་དུ་བཅུག་པའོ། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ་ནི་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པའོ། །བ་སྤུ་རྣམས་ཀྱི་བུ་ག་ནས་སྟེ་ཟུང་འཇུག་པའི་ཡུམ་གྱི་པདྨ་ནས། །མཁས་པས་སངས་རྒྱས་རྣམ་སྣང་གི་སྤྲིན་རྣམས་སྤྲོ་བར་བྱའོ། །གཞན་རྣམས་ནི་སྔར་ལྟར་ལ། །ཆོས་རྗེས་སུ་དྲན་པ་དང་རྡོ་རྗེ་ཆོས་སོགས་ཀྱི་རང་རང་གི་ཁྱད་པར་དང་། ཆོས་ཀྱི་སྤྲིན་རྣམས་སྤྲོ་སོགས་རྐང་བ་ཐ་མ་རྣམས་ཀྱི་དོན་ནི་ཆོས་འོད་དཔག་མེད། རྡོ་རྗེ་མི་བསྐྱོད་པ། རིགས་རིན་འབྱུང་། ཁྲོ་བོ་དོན་གྲུབ་རྣམས་སྤྲོ་བའོ། །གཉིས་པ་ནི། དེ་ལ་དམ་ཚིག་ནས། རྡོ་རྗེ་སེམས་དཔའ་མཆོད་ཀྱི་བར་ཏེ། བདག་གི་རྡོ་རྗེ་ནི་འདིར་ལྕེའོ། །པདྨ་ནི་རྐན་ནོ། །དབང་བོ་གཉིས་ནི་མཉམ་པར་སྦྱར་བ་ནི་ལྕེ་རྩེ་དང་ལྕེ་ཆུང་གི་རྩེ་མོ་གཉིས་སྦྱར་ནས་དྲུད་པའོ། །དེའི་སྟོབས་ཀྱིས་རང་གི་ཀླད་རྒྱ་ན་གནས་པའི་ཁུ་བའི་ཐིག་པ་ལྕེ་ཆུང་གི་ལམ་ནས་བརྒྱུད་དེ། ལྕེའི་སྟེང་དུ་བབ་པ་ཡིས་སང་རྒྱས་རང་གི་ཕུང་པོ་ལྔ་དང་རྡོ་རྗེ་སེམས་དཔའ་སེམས་དང་སེམས་བྱུང་རྣམས་མཆོད་དེ་ཚིམ་པར་བྱའོ། །གསུམ་པ་ནི། དེ་ལ་དཀྱིལ་འཁོར་ནས། ཚུལ་དུ་བྱ་བའི་བར་ཏེ། དཀྱིལ་འཁོར་ནི་ཕྱུང་བའི་དཀྱིལ་འཁོར་ཏེ། ཟུང་འཇུག་པ་གནས་པའི་སྒྲུབ་པ་པོས་ཕྱིའི་ཕྱག་རྒྱ་དང་དབང་བོ་གཉིས་ནི་མཉམ་པར་གཞག་པ་སྟེ་སྙོམས་འཇུག་བྱེད་པའི་ཚེ། འདོད་པའི་སྒྱུ་རྩལ་ལ་མཁས་པ་ལ་བརྟེན་ནས། བདག་རང་གི་ཁོ་བ་དག་རྣལ་འབྱོར་བས་ན ི་རྟག་ཏུ་ཡུམ་གྱི་པདྨ་རང་བྱུང་ཞིང་། དེ་ལས་དཀྱིལ་འཁོར་བུ་དང་ཚ་བོ་དང་ཡང་ཚའི་ཚུལ་དུ་སྤྲོ་བར་བྱའོ། །དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་ཏེ་སྙིང་པོ་ལེན་པའི་ཚུལ་ཏེ་ཐབས་སུ་བྱའོ་ཞེས་པ་ནི་དགོངས་བཤད་དོ། །བཞི་པ་ལ་གཉིས། སྐུ་རྗེས་དྲན་སོགས་གསུམ་གྱིས་བསྐྱེད་རིམ་པའི་སྒོ་གསུམ་བྱིན་གྱིས་བརླབ་པ་་དང་། སེམས་རྗེས་དྲན་སོགས་གཉིས་ཀྱིས་རྫོགས་རིམ་པའི་སྒོ་གསུམ་བྱིན་གྱིས་བརླབ་པ་བསྟན་པའོ། །དང་པོ་ནི། དེ་ལ་སྐུ་རྗེས་སུ་དྲན་པ་ནས། སེམས་ཀྱང་དེ་འདྲར་འགྱུར་བའི་བར་ཏེ། རྣལ་འབྱོར་བཞིར་བྱས་ནས། རྣལ་འབྱོར་ཆེན་པོའི་སྐབས་སུ། ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་ནས་་འབྱུང་བ་ལྟར་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་གསོལ་བ་བཏབ་སྟེ་བསྟིམ་པའི་རྗེས་སུ། དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གང་ཡིན་པ་རྣམ་པར་སྣང་མཛད་དང་འབྲེལ་བའི་ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས་པར་སྤྲུལ་བའི་སྐུ་གང་ཞིག་ཡོད་པ་ལྟར། བདག་གི་ལུས་ཀྱང་སངས་རྒྱས་ཀྱི་སྐུ་ཡི་རང་བཞིན་གྱི་རྣམ་སྣང་དེ་དང་འདྲ་བར་གྱུར་ཅིག དེ་ལ་གསུང་ནས། རྡོ་རྗེ་ཆོས་འོད་དཔག་མེད་ཀྱི་གསུང་གང་ཡིན་པའི་གསུང་དེ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པ་རིག་པས་སོ། ཁྱད་པར་དུ་བྱས་པའི་ངག་ཕུན་སུམ་ཚོགས་པ་ཡིན་ལ། བདག་གི་ཚིག་ཀྱང་དེ་དང་་འདྲ་བར་གྱུར་ཅིག །དེ་ལ་ཐུགས་ནས། གསང་བ་པ་རྣམས་ཀྱི་བདག་པོ་བློ་སྟེ་རེག་བྱ་རྡོ་རྗེ་མ་དང་ལྡན་པ་ཀུན་ཏུ་བཟང་པོ་མི་བསྐྱོད་པའི་ཐུགས་གང་ཡིན་པ་དེ་ལྟ་བུར་ནི་བདག་གི་སེམས་ཀྱང་དེ་དང་འདྲ་བར་གྱུར་ཅིག །གཉིས་པ་ནི། དེ་ལ་སེམས་ཅན་ནས། མཉམ་གྱུར་ཅིག་གི་བར་ཏེ། དེ་ལ་ནས། སེམས་ཅན་ཀུན་གྱི་ནི་མངལ་སྐྱེས་ལ་སོགས་པའོ། །དེ་འདོགས་པའི་གཞི་མཐར་ཐུག་ནི་དེ་རྣམས་ཀྱི་སེམས་གང་ཡིན་པ་སྟེ། དེ་སེམས་ཅན་རྣམས་ཀྱི་འདི་ནི་སྐུ་སྟེ་ལུས་སོ། །འདི་ནི་གསུང་སྟེ་ངག་གོ །འདི་ནི་ཐུགས་ཏེ་ཡིད་དོ་ཞེས་མཚོན་པར་བྱེད་པའི་མཚན་ཉིད་སེམས་དེ་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་འགྱུར་རོ། །ཇི་ལྟར་འགྱུར་ན་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་འདིར་མཁས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྟོགས་པར་བྱས་པ་ལས། དེ་ཁོ་ན་ཉིད་ཀྱི་ནམ་མཁའ་དང་བདག་གི་སེམས་གཉིས་རོ་གཅིག་ཏུ་མཚུངས་པར་སྤྱོད་པར་གྱུར་ཅིག །དེས་རྫོགས་རིམ་པའི་ཐུགས་བྱིན་གྱིས་བརླབ་པ་བསྟན་ཏོ། །སྐུ་དང་གསུང་བྱིན་བརླབ་བྱ་བ་ནི། དེ་ལ་སྔགས་ཐམས་ཅད་ནི་ངག་རྣམས་སོ། །གཟུགས་ནི་ཚོགས་པའི་དོན་ཏེ་ངག་གི་ཚོགས་སོ། །དེའི་ཚེ་སྐུ་འདི་དང་འདི་ལྟ་བུའི་ཞེས་བརྗོོད་པ་ནི་གསུ ང་དང་། བརྗོད་བཞིན་པའི་ཚེ་ན་ཐུགས་ཏེ་སེམས་ཀྱང་ཇི་ལྟར་བརྗོད་པའི་སྐུའི་རྣམ་པར་ཡོངས་སུ་གྱུར་པ་ནི་སྐུ་དང་གསུང་དང་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བྱ་ཞེ་ན། སྔགས་ཀྱི་རྡོ་རྗེ་ནི་གསུང་གི་རྡོ་རྗེའོ། སྐུ་གང་ཡིན་ནི་ལུས་གང་ཡིན་པ་སྟེ་འདིར་ལུས་ནི་ཚོགས་པའི་དོན་ཏེ་སེམས་ཅན་གྱི་ངག་གི་ཚོགས་སོ། །གསུང་གིས་སྐུ་ཡང་རྣམ་པ་སྒོམ་པ་ནི། སྐུའི་དོན་ཚིག་ཏུ་བརྗོད་བཞིན་པའི་ཚེ་ཡིད་ཀྱིས་སྐུ་ཞེས་བསམས་པའོ། །སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་དེ་ཁོ་ན་ཉིད་དང་། རྡོ་རྗེ་་འཆང་གི་སྐུའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པ་དེ་དང་འདྲ་བར་བདག་གི་ལུས་ངག་གཉིས་ཀྱང་། རྟག་ཏུ་སྔགས་འཛིན་པ་རྡོ་རྗེ་འཆང་དང་མཉམ་པར་གྱུར་ཅིག །འདིས་རྫོགས་རིམ་པའི་སྒོ་གསུམ་བྱིན་བརླབ་བྱ་ཚུལ་བསྟན་ཏེ། དགོངས་པས་བཤད་པའོ། །ལྔ་པ་ནི། དེ་ལ་དམ་ཚིག་ནས། འཐོབ་པར་འགྱུར་བའི་བར་ཏེ། དམ་ཚིག་ནི་འདིར་འོད་གསལ་ལོ། །དེ་རྗེས་སུ་དྲན་པ་ལ། དམ་ཚིག་ནི་མཉམ་པ་ཉིད་དེ་ཕོ་མོ་གཉིས་མཉམ་པར་སྦྱོར་བའོ། །དེའི་ཚེ་ཕའི་ཁུ་བ་མའི་མངལ་དུ་ཕྱུང་བ་ལ་རིམ་གྱིས་གྲུབ་པའི་ཕུང་སོགས་ནི་དོན་དམ་པའི་་འོད་གསལ་དུ་གཞུག་པར་བྱ་རྒྱུའོ། །བཏུང་བར་བྱ་ནི་དེ་རྣམས་འོད་གསལ་དུ་བཅུག་པའོ། །ཚུལ་ཇི་ལྟར་གཞུག་ན། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་འབྱུང་བ་ལྟར་རགས་པ་ཉེར་ལྔ་རིམ་གྱིས་ཐིམ་པའི་སྒོ་ནས་འཇུག་ཚུལ་གསུངས་པའི་ཆོ་ག་བཞིན་དུའོ། །དགོས་པ་གང་ན། དོན་གྱི་འོད་གསལ་གྱི་འབྲས་བུ་ཟུང་འཇུག་ཐོབ་པར་འདོད་པས་སོ། །དེ་བཞིན་གཤེགས་པའི་ཚོགས་ནི་རྣམ་སྣང་གི་མིང་ཅན་གྱི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །བསད་ན་ནི་སྲོག་གི་མིང་ཅན་གྱི་རླུང་དྷཱུ་ཏཱིར་ཐིམ་པའི་ཚུལ་གྱི་རླུང་འབྱུང་འཇུག་བཅད་དེ་འོད་གསལ་དུ་ཞུགས་པའོ། །དེས་ཅིར་འགྱུར་བ་ནི་འབྲས་བུ་ཟུང་འཇུག་གི་དངོས་གྲུབ་རབ་ཏུ་ཐོབ་པར་འགྱུར་བའོ་ཞེས་པ་ནི་དགོངས་བཤད་དེ། འདི་ལ་གཞི་་དུས་ཀྱི་འཆི་བ་འོད་གསལ་དུ་སྡུད་པ་དང་། བསྐྱེད་རིམ་གྱི་ལྷག་མོས་འོད་གསལ་དུ་སྡུད་ཚུལ་དང་། རྫོགས་རིམ་པའི་འོད་གསལ་དུ་འཇུག་ཚུལ་གསུམ་་ཀ་བསྟན་ཏོ། །དྲུག་པ་ལ་གཉིས། ཤེར་ཕྱིན་དང་མ་སྐྱེས་པ་རྗེས་དྲན་གྱིས་་འོད་གསལ་དུ་ཞུགས་ནས་ཟུང་འཇུག་ཏུ་ལྡང་ཚུལ་དང་། མཆོད་པ་རྗེས་དྲན་གྱིས་དཀྱིལ་འཁོར་རྒྱལ་མཆོག་གི་སྦྲུལ་སྐུར་དང་བའི་གཞི་དགོད་པའོ། །དང་པོ་ནི། དེ་ལ་ཤེས་རབ་ཀྱི་ནས། ནམ་མཁའ་བཞིན་གྱི་བར་ཏེ། དེའི་ཤེས་རབ་སྣང་བ་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་ནི་འོད་གསལ་ལོ། །སེམས་ཅན་ཐམས་ཅད་མཐར་འོད་གསལ་དུ་འཇུག་པ་ལས་མི་འདའ་བས་ན་དམ་ཚིག །འོད་གསལ་དེར་བསམ་གཏན་གཉིས་ཀྱི་སྒོ་ནས་རྗེས་སུ་དྲན་པ་ཇི་ལྟར་སྒོམ་ཞེ་ན། སྣང་བ་གསུམ་ལ་སོགས་པ་རང་བཞིན་བརྒྱད་ཅུ་དང་བཅས་པ་ཐམས་ཅད་ཀྱང་རང་བཞིན་གྱིས་ནི་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱི་ངོ་བོར་རྣམ་པར་དག་པའོ། །འོད་གསལ་ལས་སྒྱུ་མ་ལྟ་བུའི་ལུས་སུ་བྱུང་བས་ན་ཡང་སྲིད་ཕྱི་མར་མ་སྐྱེས་པའོ། དོན་གྱི་འོད་གསལ་གྱི་ངོར་གཉིས་སྣང་གི་སྤྲོས་པ་མེད་པས་ན་ཟག་པ་མེད་པའོ། །ཟུང་འཇུག་གི་གནས་སྐབས་ན་བྱང་ཆུབ་དག་པའི་སྒྱུ་ལུས་དང་། མངོན་རྟོགས་འོད་གསལ་གཉིས་ངོ་བོ་ཐ་དད་དུ་མངོན་པར་ཞེན་པ་མེད་དོ། ཁམས་ནི་འདིར་འཛིན་པ་སྟེ་སྣོད་ཀྱི་འཇིག་རྟེན་ནོ། །འབྱུང་བ་ནི་བཅུད་ཀྱི་སེམས་ཅན་ནོ། །འང་མེད་ནི་དེ་གཉིས་ཀྱི་སྣང་བའང་དོན་གྱི་འོད་གསལ་གྱི་ངོར་མེད་པ་སྟེ་དགོངས་མིན་དུ་བཤད་པའོ། །དེ་ལ་མ་སྐྱེས་པ་ནི་དོན་གྱི་འོད་གསལ་ལས་ལུག་ཟློག་ཏུ་ལངས་པ་འཛིན་པའི་ཡན་ལག་་སྟེ། དེ་རྗེས་སུ་དྲན་པའི་སྒོ་ནས་ཟུང་འཇུག་ཇི་ལྟར་སྒོམ་ན། ཐམས་ཅད་ནི་འདིར་དེ་ནས་སུ་འགྱུར་བ་ལྟར་སྔར་གྱི་འོད་གསལ་དེ་ནས་བར་མ་ཆད་པར་བྱུང་བ་སྟེ། དེ་གང་ན་རང་བཞིན་ནི་དག་པའི་སྒྱུ་ལུས་སོ། །འོད་གསལ་བ་ནི་དེའི་ཡ་གྱལ་གྱི་ཡེ་ཤེས་སོ། །འོད་ཟུང་གཉིས་ངོ་བོ་ཐ་དད་དུ་མེད་པས་ན་མཚན་མ་མེད་པའོ། །དེ་སྐད་ཅིག་ཀྱང་རིགས་འདྲ་རྒྱུན་མི་ཆད་པས་ན་མི་འགྱུར་བའོ། །ནམ་མཁའ་ན་ཡོད་པའི་འཇའ་ཚོན་བཞིན་ཏེ་དེ་དང་འདྲ་བའོ། །ཟུང་འཇུག་གི་འོད་ཟུང་གཉིས་ངོ་བོ་ཐ་དད་པ་མིན་པས་ན་གཉིས་སུ་མེད་པའོ། །ཡ་གཉིས་ཟུང་དུ་འཇུག་པས་ན་གཉིས་སུ་མེད་པའང་མིན་ནོ། །སྡུག་བསྔལ་ཉེ་བར་ཞི་བས་ན་ཞི་བའོ། །ཉོན་མོངས་པའི་ཟག་པ་མེད་པས་ན་ཤིན་ཏུ་དྲི་མ་མེད་པའོ། །གཟུགས་ཅན་རགས་པ་ལྟར་ལུས་ཀྱིས་རེག་པར་བྱ་བའི་ཡུལ་མ་་ཡིན་པས་ན་ནམ་མཁའ་བཞིན་ཏེ་དགོངས་བཤད་དོ། །གཉིས་པ་ནི། དེ་ལ་ཞེ་སྡང་ནས། ཁུ་བས་མཆོད་པར་བྱ་བའི་བར་ཏེ། ཞེ་སྡང་ནི་མི་བསྐྱོད་པ་་དང་། དེའི་རིགས་ནི་མི་བསྐྱོད་པའི་རིགས་ཀྱི་ལྷ་མོ་རྣམས་སོ། །སོགས་པ་ནི་རྣམ་སྣང་སོགས་ཀྱི་རིགས་གཞན་སྟོན་པའི་ཚིག་གོ །མཆོད་པ་ནི་ཕྱག་རྒྱ་་དང་འབྲེལ་བའི་རེག་བྱའི་མཆོད་པའོ། །རྗེས་སུ་དྲན་པ་ནི་དེ་ལ་བརྟེན་ནས་་ཡེ་ཤེས་གསུམ་སྐྱེ་བ་ཤེས་པའོ། །དེ་ཇི་ལྟར་སྒོམ་ན། བུད་མེད་སེམས་ནི་རབ་ཏུ་བརྟན་པ་ན་ཚོད་ལོ་གྲངས་བཅུ་གཉིས་ལོན་པ་རྙེད་པ་ན། དེ་ཡང་པདྨ་ཅན་ལ་སོགས་པའི་རིགས་ཀྱི་དབྱེ་བས་མཉམ་པར་སྦྱོར་བས་རབ་ཏུ་བསྒོམས་ཏེ་སྒྲུབ་པ་པོ་བདག་གི་ཁུ་བ་སྟེ། ལྷན་སྐྱེས་ཀྱི་དགའ་བས་བདག་ཉིད་ལ་མཆོད་པར་བྱའོ། །གསུམ་པ་ལ་གཉིས། མཆོག་འགྲུབ་པ། དངོས་གྲུབ་དམན་པ་འགྲུབ་པའོ། །དང་པོ་ནི། འདིས་ནི་ནས། ཐུགས་ཀྱང་འགྲུབ་པའི་བར་ཏེ། རྗེས་དྲན་བཅུ་དྲུག་པོ་འདིས་འབྲས་བུ་དེ་བཞིན་གཤེགས་པ་རྣམ་སྣང་གི་སྐུ་རྡོ་རྗེ་དང་རྡོ་རྗེ་འཛིན་པའི་ཐུགས་དང་ཆོས་འཛིན་མཆོག་འོད་དཔག་མེད་ཀྱི་གསུང་རྡོ་རྗེ་དག་ཀྱང་། ཆ་འདི་ཉིད་ལ་ཐོབ་པར་འགྱུར་ཞིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཉིད་ཀྱང་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། གང་གཞན་ནས། དེ་འགྲུབ་འགྱུར་ཞེས་པའི་བར་ཏེ། དངོས་གྲུབ་གང་སྔར་བཤད་པ་ལས་གཞན་ཕྲ་མོ་སྟེ་དངོས་གྲུབ་དམན་པ་བསྐྱེད་རིམ་དང་འབྲེལ་བའི་འཇིག་རྟེན་པའི་དངོས་གྲུབ་ཏུ་བཤད་པ་རྣམས་ཀྱང་། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ་ཞེས་པའི་རྡོ་རྗེ་ནི་འདིར་ཁམས་གསུམ་མོ། །མི་ཕྱེད་པ་ནི་ངང་དང་ཁམས་གསུམ་གྱི་དེ་ཁོ་ན་ཉིད་ངོ་བོ་དབྱེར་མེད་པ་སྟེ། དེ་ལྟར་བསྒོམས་ནས་བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར་བ་ནི། རྡོ་རྗེ་བཟླས་པ་བྱས་པ་ལས་དེ་རྣམས་མྱུར་དུ་འགྲུབ་པར་་འགྱུར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས་སྔགས་ཀྱི་སྤྱོད་པ་མཆོག་ནི་སྤྱོད་པ་གསུམ་སྟེ་དེ་སྟོན་པའི་ལེའུ་བདུན་པའོ།། །། ༈ བརྒྱད་པ་གཤང་གཅིའི་དམ་ཚིག་གི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། མཚན་དོན་ནོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་གསོལ་བ་བཏབ་པ། བསྟོད་ཅིང་གསོལ་བ་བཏབ་པ། གསོལ་བ་བཏབ་པའི་དོན་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བཏབ་པོའི་བར་ཏེ། དེ་ནས་སོགས་ལས་དཀོན་མཆོག་ནི་འདིར་ཀུན་ལྟ་བུའི་བྱང་སེམས་རིན་པོ་ཆེའོ། །དཔལ་ནི་བྱང་སེམས་དེས་ཡིད་དགའ་བར་བྱེད་པའོ། །དབང་ཕྱུག་ནི་གཙོ་བོ་་སྟེ། དམ་པ་ནི་སྤྱན་ལ་སོགས་པའི་གཙོ་བོར་གྱུར་པའོ། །རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལ་བསྟོད་པའི་རྒྱལ་པོ་འདིས་ནི་འཆད་པར་འགྱུར་བ་་འདི་ཉིད་ཀྱིས་གསོལ་བ་བཏབ་པོ། །གཉིས་པ་ལ་གཉིས། སྤྱོད་པའི་སྒོ་ནས་བསྟོད་པ། ལམ་སྟོན་པའི་སྒོ་ནས་བསྟོད་པའོ། །དང་པོ་ནི། རྡོ་རྗེ་་སེམས་དཔའ་ནས། བཤད་དུ་གསོལ་བའི་བར་ཏེ། འོད་ཟུང་གཉིས་ངོ་བོ་་དབྱེར་མི་ཕྱེད་པའི་ཚུལ་གྱིས་མཛེས་པས་ན་རྡོ་རྗེ་སེམས་དཔའོ། །དེ་ཉིད་ནི་་སངས་རྒྱས་སུ་བགྲོད་པར་བྱེད་པའི་ཐབས་ཆེན་པོ་ཡིན་པས་ན་ཐེག་པ་ཆེན་པོའོ། །ནམ་མཁའ་ནི་འོད་གསལ་ལོ། །དོན་དམ་དེས་རྣམ་པར་དག་པར་བྱས་པའི་་སྤྱོད་པ་ནི་ནམ་མཁའི་སྤྱོད་པའོ། །དེས་རྣལ་འབྱོར་བའི་རྒྱུད་སྤྱོད་པས་ན་རྣམ་་སྤྱོད་པའོ། །རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྱོད་པ་ཡིན་པས་ན་ཀུན་ཏུ་བཟང་པོའི་སྤྱོད་པའོ། །ཉན་རང་དགྲ་བཅོམ་པའི་ཉོན་མོངས་པ་ལས་གྲོལ་བས་ན་རྒྱལ་བ་སྟེ། དེ་དག་ལ ས་མཆོག་ཏུ་གྱུར་པའི་ཁྱོད་ཀྱིས་མཆོད་པ་དེ་བཤད་དུ་གསོལ་བའོ། །གཉིས་པ་ནི། འདོད་ཆགས་ནས། རྡོ་རྗེ་ཐེག་པ་ལའོ། །ཞེས་པའི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། འདོད་ཆགས་ཞེ་སྡང་གཏི་མུག་རྣམ་པར་སྦྱོང་བར་བྱེད་པའི་ཐབས་རྡོ་རྗེ་ཐེག་པ་རབ་ཏུ་སྟོན་པར་མཛད་ཅིང་། ཆོས་ཐམས་ཅད་ནམ་མཁའི་དབྱིངས་དང་མཚུངས་པར་བདེན་སྟོང་དུ་སྟོན་པའི་མཆོག །རྒྱལ་བ་རྣམས་བསྐྱེད་པའི་གཞིར་གྱུར་པ་ཁྱོད་ཀྱིས་མཆོད་པ་དེ་བཤད་དུ་གསོལ། ཐར་བ་ནི་འཁོར་བའི་བག་ཆགས་མ་ལུས་པ་སྤངས་པའི་ཡེ་ཤེས་སོ། །ལམ་ནི་་དེ་ཐོབ་བྱེད་ཀྱི་ཐབས་སོ། །དེ་ཉིད་རབ་ཏུ་སྟོན་པ། ཐེག་པ་གསུམ་གྱི་ཡོན་ཏན་རྫོགས་པའི་ལམ་ལ་གནས་ཤིང་། སངས་རྒྱས་ནི་རྣམ་སྣང་ལ་སོགས་པའོ། །སྐལ་མཆོག་ནི་དེ་རྣམས་ཀྱི་བདག་པོར་གྱུར་པའོ། །དེས་ན་དག་པའི་བདག་ཉིད་ཅན་གྱི་མི་མཆོག་ཁྱོད་ཀྱིས་མཆོད་པ་བཤད་དུ་གསོལ། །འོད་གསལ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དུ་བཞུགས་ཤིང་། སེམས་དེ་ནི་རྒྱས་པའི་་སྤྱན་ཏེ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གཟིགས་པའོ། །དེ་དང་ལྡན་པས་ཆོས་ཀྱི་་འཁོར་ལོ་རབ་ཏུ་བསྐོར་བ། སྐུ་དང་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པས་ཤིན་ཏུ་དག་པའི་རྡོ་རྗེ་ཐེག་པ་ལ་ཕྱག་འཚལ་ལོ། །གཉིས་པ་ངེས་དོན་ནི། འདོད་ཆགས་མཆེད་པ། ཞེ་སྡང་སྣང་བ། གཏི་མུག་ཉེར་ཐོབ་སྟེ་ཡེ་ཤེས་གསུམ་གྱི་སྒོ་ནས་བསྟོད་པའོ། །རྡོ་རྗེ་སྟེ་འོད་གསལ་གྱི་ཡེ་ཤེས་སོ། །དེས་སྣང་བ་སུམ་དང་དེའི་རང་བཞིན་ཀུན་རྟོག་རྣམས་སྦྱོང་བས་ན་ཐེག་པའོ། །དེ་རབ་ཏུ་སྟོན་པ་ནི་བཅོམ་ལྡན་འདས་སོ། །ཡེ་ཤེས་ཀྱི་མིག་དང་ལྡན་པ་ཁོ་ནས་བལྟ་བར་བྱ་བའི་ཡུལ་ཡིན་པས་ན་ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག་གོ །རྒྱལ་གཞི་ནི་རྣམ་སྣང་སོགས་གང་དུ་ཐིམ་པར་འགྱུར་བའི་གཞི་འོད་གསལ་ལོ། །མཆོད་ནི་འོད་གསལ་དེ་ལས་ཟུང་འཇུག་ཏུ་ལངས་པ་སྟེ། དེ་ཉིད་བཤད་དུ་གསོལ་ལོ། །ཐར་བ་ནི་མི་སློབ་པའི་ཟུང་འཇུག་གོ །ལམ་ནི་་དེ་ཐོབ་བྱེད་ཀྱི་ཐབས་སོ། །རབ་སྟོན་པ་ནི་དེ་ཉིད་སྟོན་པར་མཛད་པའོ། །ཐེག་པ་གསུམ་གྱི་ལམ་ལ་གནས་ནི་སྣང་བ་གསུམ་གྱི་ཡེ་ཤེས་ལ་གནས་པའོ། །སངས་རྒྱས་སྐལ་མཆོག་ནི་བདེ་བ་ཐམས་ཅད་ཀྱི་བདག་ཉིད་སྒྲུབ་པར་མཛད་པའོ། །དག་པའི་བདག་ནི་བདེན་གཉིས་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཡིན་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མི་མཆོག་ཁྱོད་ཀྱིས་མཆོད་པ་བཤད་དུ་གསོལ་ལོ། །བྱང་ཆུབ་ནི་དོན་གྱི་འོད་གསལ་ལོ། །སེམས་ནི་དག་པའི་སྒྱུ་ལུས་སོ། །རྒྱས་པའི་སྤྱན་ནི་ཟུང་འཇུག་པའི་སྤྱན་ལྔའོ། །ཆོས་ཀྱི་་འཁོར་ལོ་རབ་བསྐོར་བ་ནི་བདེན་པ་གཉིས་ཀྱི་ཆོས་ལེགས་པར་སྟོན་པའོ། །སྐུ་དང་གསུང་ཐུགས་ཤིན་ཏུ་དག་ནི་འོད་གསལ་གྱིས་སྦྱངས་བར་བྱས་པའི་རྡོ་རྗེ་་ཐེག་པའི་བདག་ཉིད་ཅན་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་ངེས་དོན་ནོ། །གསུམ་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། མཆོད་པའི་ཆོ་ག །གསང་བའི་ཆོ་གའོ། །དང་པོ་ནི། དེ་ནས་རྒྱལ་པོ་ནས། འགྱུར་བར་བཤད་པའི་བར་ཏེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ནི་རྡོ་རྗེ་་འཆང་ངོ་། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ་ནི་ཐམས་ཅད་སྟོང་བའི་འོད་གསལ་ཏེ། དེ་ཉིད་མི་འགྱུར་བ་དང་ཆེན་པོ་ཡིན་པའོ། །ཐམས་ཅད་ཀྱི་དབང་འདི་ལ་བསྐུར་བར་གྱུར་ཅིང་། སེམས་ཅན་ཀུན་གྱི་ཡིད་ཀྱི་འདོད་དོན་རྫོགས་པར་མཛད་པ་དང་འཇིག་རྟེན་པ་ཀུན་གྱི་དབང་པོའོ། །རྡོ་རྗེ་ནི་དོན་དམ་པ་བདེན་པ་དང་། རིན་ཆེན་ནི་ཀུན་རྫོབ་བདེན་པ་སྟེ་དེ་གཉིས་ཟུང་དུ་འཇུག་པའི་ཚུལ་གྱིས་འཛིན་པའོ་ཞེས་པ་ནི་དགོངས་མིན་དུ་བཤད་པའོ། །དེ་བཞིན་གཤེགས་པ་དང་འབྲེལ་བའི་མཆོད་པ་བསྐྱེད་རིམ་པ་དང་ཐུན་མོང་མ་ཡིན་པའི་མཆོག །གདོད་ནས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ལ་གནས་པ། ཁམས་གསུམ་པ་རྣམས་རྡོ་རྗེ་འཆང་རང་ཉིད་ཀྱི་སྐུ་གསུང་ཐུགས་སུ་རང་བཞིན་གྱི་སྒོ་ནས་འདུས་པར་མཛད་པས་ན་སྐུ་དང་གསུང་དང་ཐུགས་སྐལ་མཆོག་གོ །རྒྱལ་བ་རྣམས་འདི་ལས་འབྱུང་བས་ན་རྒྱལ་བ་འབྱུང་བར་འགྱུར་བའི་མཆོད་པར་བཤད་དེ། །དགོངས་བཤད་དོ། །གཉིས་པ་ལ་གསུམ། རྫོགས་རིམ་པའི་མཆོད་པ། བསྐྱེད་རིམ་པའི་མཆོད་པ། རིམ་གཉིས་ཐུན་མོང་བའི་མཆོད་པའི་ཡན་ལག་གོ །དང་པོ་ནི། ན་ཆུང་ནས། རབ་ཏུ་བརྟག་པའི་བར་ཏེ། ན་ཆུང་གཞོན་ནུ་ནི་འདིར་ཡིད་དུ་འོང་བའོ། །མིག་ཡངས་པ་ནི་འོང་ཟུང་གི་བདེན་པ་གཉིས་སོ། །གཟུགས་བཟང་ནི་མཚན་དཔེས་སྤྲས་པའོ། །གཞོན་པས་བརྒྱན་པ་ནི་ལང་ཚོ་དར་ལ་བབ་པའོ། །ལོ་གྲངས་ཉི་ཤུ་ལྔ་ལོན་ནི། ཟུང་འཇུག་གི་ལྷའི་ཕུང་བོ་ལྔ་ཁམས་ལྔ་དབང་བོ་ལྔ་ཡུལ་ལྔ་ཡེ་ཤེས་ལྔ་སྟེ་ཉེར་ལྔའོ། །རྙེད་ནི་སྐུ་དེ་ལྟ་བུ་ཐོབ་པའི་ཚུལ་གྱིས་མཆོད་པའོ། །བྱོལ་སོང་ནི་ལོགས་ན་ཡོད་པའི་དོན་ཏེ། གཙོ་བོ་ལས་ལོགས་སུ་ཡོད་པའི་འཁོར་གྱི་ལྷ་རྣམས་ཀྱང་རབ་ཏུ་བརྟག་པ་སྟེ་མཆོད་པར་བྱ་བའོ་ཞེས་པ་དགོངས་བཤད་དོ། །གཉིས་པ་ལ་གཉིས། གནས་སྦྱངས་ཤིང་མཆོད་པའི་ཡོ་བྱད་བསྒྲུབ་པ་དང་། ཏིང་ངེ་འཛིན་དང་པོ་གཉིས་སྒོམ་ཚུལ་ལོ། དང་པོ་ནི། ས་ཕྱོགས་ནས། རབ་བརྟག་བྱ་བའི་བར་ཏེ། ས་བརྟག་པ་སོགས་བྱས་པའི་སྒོ་ནས་ས་ཕྱོགས་གཙང་ཞིང་འདུ་འཛིས་རྣམ་པར་དབེན་པའམ། ཡང་ན་ས་ཆོག་མི་དགོས་པ། རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱི་རིགས་སུ་སྐྱེས་པའི་སྔགས་པ་དང་། ཞི་བ་ནི་སྐྱེས་བུ་དམ་པ་གཞན་གྱི་གནས་དང་། ཞི་བའི་གནས་ཏེ་ལྷའི་ཁང་བ་རྣམས་སུ། བའི་གཤང་གཅིས་མཆོད་པའི་བ་བྱུང་ལྔ་དང་། ཆུ་གཙང་མ་དང་དྲི་བཟང་ལ་་སོགས་པས་བྱུག་པ་དང་། འམ་གྱི་སྒྲས་མེ་ཏོག་ལ་སོགས་པའི་མཆོད་པ་གཞན་ཡང་བསྡུས་ཏེ་བསྟན་ལ། དཀྱིལ་འཁོར་དེར་རྒྱལ་བ་རྣམས་མཆོད་པའི་ཕྱིར་རྟག་པར་ཏེ་ཉིན་རེ་བཞིན་རབ་ཏུ་འབད་པར་བྱའོ། །གཉིས་པ་ལ་བཞི། དང་པོ་སྦྱོར་བ་བྱེད་ཚུལ། དཀྱིལ་འཁོར་རྒྱལ་མཆོག་བྱེད་ཚུལ་འགལ་སྤོོང་དང་བཅས་པ། དང་པོ་སྦྱོར་བའི་སྐབས་སུ་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་ཚུལ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྦྲོ་བའི་ཚུལ་ལོ། །དང་པོ་ནི། ནུ་མའི་དབུས་ནས། དགོད་པར་རབ་ཏུ་བྱ་བའི་བར་ཏེ། ནུ་མའི་དབུས་བར་ནི་མ་གིན་པ་ནས་ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གའི་བར་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་སྔོན་པོ་ལས་མི་བསྐྱོད་པ་དང་། སྤྱི་གཙུག་མཐའ་ནི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་གཟུགས་ཀྱི་ཕུང་བོའི་ངོ་བོ་ༀ་དཀར་པོ་ལས་རྣམ་སྣང་། བར་ཞེས་པས་སྐྲ་མཚམས་ནས་མགྲིན་པའི་བར་འདུ་ཤེས་ཀྱི་ངོ་བོ་ཨཿ དམར་བོ་ལས་འོད་དཔག་མེད་དང་། བསྐྱེེད་རིམ་གྱི་ཆོ་ག་ཤེས་པས་ཡ་མཐའ་རླའི་རྩ་བ་ནས་མ་མཐའ་རྐང་བའི་བར་དུའང་འདུ་བྱེད་ཀྱི་ངོ་བོ་ཧཱ་ལྗང་ཁུ་ལས་དོན་གྲུབ་དང་། །ཡ་མཐའ་ལྟེ་བ་དང་རྐེད་པ་ནས་མ་མཐའ་གསང་གནས་ཀྱི་བར་དུ་ཚོར་བའི་ངོ་བོ་སྭ་་སེར་བོ་ལས་རིན་འབྱུང་སྟེ་རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱའོ། །ཡང་ན་ནི་འདིར་ནི་ཞེས་པར་འགྱུར་བ་བདེའོ། །རིགས་ལྔ་འ གོད་ཚུལ་འདི་ལ་མདོར་བྱས་ཅུང་ཟད་མི་འདྲ་བ་ཡོད་ཀྱང་མི་འགལ་ཏེ། གང་བྱས་ཀྱང་རུང་བའི་དོན་ཡིན་པའི་ཕྱིར་རོ། །འདིར་ལྷ་དང་རང་གི་མཚན་དངོས་སུ་མ་སྨོས་ཀྱང་། རྒྱལ་བ་ནི་རྣམ་སྣང་སོགས་རིགས་ལྔ་དང་། སྲས་ཞེས་པས་དེའི་རིགས་ཀྱི་ལྷ་རྣམས་བསྡུས་ནས་སྟོན་ཏེ། མདོར་ན་རིགས་ལྔས་བསྡུས་པའི་ལྷ་རྣམས་ནི་རབ་ཏུ་དགོད་པར་བྱའོ། །གང་ལ་འགོད་པ་ནི་རང་དང་ཕྱག་རྒྱའི་ལུས་ལ་འགོད་ཅིང་། ཡུམ་གྱི་ལུས་ལ་འགོད་པའི་ཚེ་ཁྲོ་མོ་བཅུ་དགོད་པར་བྱ་བའི་ཁྱད་པར་རོ། །གཉིས་པ་ནི། ནམ་མཁའི་དབྱིངས་ཀྱི་ནས། རབ་ཏུ་བྱ་བའི་བར་ཏེ། ནམ་མཁའི་དབྱིངས་ནི་ཡུམ་གྱི་ཆོས་འབྱུང་ངོ་། །དེའི་དབུས་སུ་གནས་པའི་ཡེ་ཤེས་ནི་ཐིག་ལེའོ། །རྒྱ་མཚོ་ནི་ཐིག་ལེ་མང་པོ་བསྒོམ་པར་བྱ་བའོ། །ཟླ་བ་ནི་ཐིག་ལེ་དང་དེ་དག་གི་དབུས་གནས་པ་ནི་དེ་རྣམས་ལས་བྱུང་བའི་ལྷ་སོ་གཉིས་གནས་པར་ཏེ་བཞུགས་པར་བསམ་པའོ། །ལྷ་དེ་་སོ་སོ་ལའང་བདག་ཉིད་ཀྱི་ང་རྒྱལ་བཞག་ཅིང་། །མཁས་པས་ཡུམ་གྱི་པདྨ་ནས་ཡབ་ཀྱི་རྡོ་རྗེའི་ལམ་ནས་རང་གི་སྙིང་གར་དྲངས། མཚན་སྔགས་རྣམས་བརྗོད་དེ་ཕྱི་སྤྲོས་སྤྱི་སྒོས་ཀྱི་མཛད་པ་རྣམས་མཛད་ནས་ཡེ་ཤེས་པ་དང་འདྲེན་ཏེ། བྱོན་ནས་རང་རང་གི་གནས་སུ་འཁོད་པར་བསྒོམ་པར་བྱའོ། །ཞི་བ་ནི་སེམས་རྩེ་གཅིག་པའོ། །རྡོ་རྗེ་འཛིན་འདོད་ན་ནི་སེམས་རྡོ་རྗེ་ལྟར་བརྟན་པར་འཛིན་པའི་སྒྲུབ་པ་པོས་འདོད་ན་ཐུན་མཚམས་ཀྱི་ཚེ་དཀྱིལ་འཁོར་སྙིང་གར་བསྡུ་བ་དག་ཀྱང་རབ་ཏུ་བྱའོ། །དེས་ནི་དེ་འདྲ་བ་གཞན་ཡང་མཚོན་པས་གཅིག་ཁོ་ནར་མི་བཟུང་ངོ་། །གསུམ་པ་ནི། རིན་ཆེན་སྣ་བཞིའི་ནས། །རྣམ་པར་བསམ་པའི་བར་ཏེ། རིན་ཆེན་སྣ་བཞི་ནི་ཁམས་བཞི་འདུས་པའི་རང་གི་ལུས་་སོ། །མཆོད་རྟེན་ནི་ལུས་རྟེན་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པའོ། །དཀྱིལ་འཁོར་དེ་ལ་འོད་ཟེར་འཕྲེང་བས་རྣམ་པར་བརྒྱན་པར་བསྒོམ་ཞིང་། དུས་གསུམ་གྱི་སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཐམས་ཅད་བཞུགས་པའི་གནས་ནི་གཞི་དེ་ཡིན་པར་རྣམ་པར་བསམ་པར་བྱའོ། །བཞི་པ་ནི། བདག་གི་ཞེས་་སོགས་རྐང་བ་གཉིས་ཏེ་མཁས་པས་སྙིང་གར་བསྒོམ་པར་བྱ། ཞེས་པའི་དོན་རྒྱས་པར་འཆད་པ་ཡིན་ཏེ། བདག་གི་བ་སྤུ་སྟེ་རྡོ་རྗེ་བུ་ག་ནས་སྙིང་གར་དྲངས་ཏེ་བསྐྱེད་རིམ་ལ་མཁས་པས་མཆོད་པ་སྟེ་འདོད་དོན་རྫོགས་པར་བྱེད་པའི་ལྷའི་སྤྲིན་རྣམས་སྤྲོ་བར་བྱའོ། །གསུམ་པ་ནི། མཁས་པས་ནས། རབ་ཏུ་བརྟག་པའི་བར་ཏེ། འདི་ལ་དྲང་ངེས་གཉིས་ཀྱི་དང་པོ་ནི། ལྷའི་རིགས་ཀྱི་་དབྱེ་བ་ཤེས་པའི་མཁས་པས་ཨུཏྤལ་དག་ལ་དཀར་སྔོ་དམར་སེར་ལྗང་ཁུའི་རྣམ་པ་ལྔར་ཕྱེ་སྟེ། དེ་ཡང་རྣམ་སྣང་སོགས་རིག་ལྔའི་ཁ་དོག་དང་མཐུན་པར་རིམ་པར་དབུལ་བར་བྱ་བ་དང་། པདྨ་ལའང་རྣམ་པ་ལྔར་ཤེས་པར་བྱ་ཞིང་སྔར་ལྟར་དབུལ་བར་བྱའོ། ཛ་ཏི་ལ་ཡང་སྔོ་དཀར་དམར་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་ཁ་དོག་དང་མཐུན་པའི་མི་བསྐྱོད་པ་སོགས་རྡོ་རྗེ་གསུམ་གྱི་ལྷ་རྣམ་ལ་ནི་དབུལ་བར་བྱའོ། །དེ་བཞིན་དུ་མེ་ཏོག་ཀརྞི་ཀཱ་ར་དང་། མ་ལི་ཀཱ་དང་། ཡཱུ་ཐི་ཀ་དང་། མེ་ཏོག་ཀ་ར་བཱི་ར་བཞི་ནི་བསམ་གཏན་གྱིས་ལྷ་རྣམས་ཐམས་ཅད་ལ་མཆོད་པ་རབ་ཏུ་བརྟག་པ་སྟེ་བསྒོམ་པར་བྱའོ། །གཉིས་པ་ནི། ཨུཏྤལ་ལྔ་ནི་རྩ་བའི་རླུང་ལྔ་དང་། པདྨ་ལྔ་ནི་ཡན་ལག་གི་རླུང་ལྔའོ། །ཛཱ་ཏི་རྣམ་གསུམ་ནི་ལྡང་འཇུག་གནས་གསུམ་དང་སྦྱར་བའི་རྡོར་བཟླས་བྱེད་པའོ། །མེ་ཏོག་ཀརྞི་ཀཱ་ར་སོགས་བཞི་ནི་དཀྱིལ་འཁོར་བཞིའི་རླུང་ངོ་། །ལྷ་རྣམས་ལ་་དབུལ་བ་ནི་རྡོར་བཟླས་ཀྱིས་སྟོང་བ་བཞི་དྲངས་པའི་མཐར་ཟུང་འཇུག་ཏུ་ལྡང་བའོ། །གསུམ་པ་ལ་བཞི། བླ་མའི་བྱ་བ་དཀྱིལ་འཁོར་བསྐྱེད་པ། སློབ་མའི་བྱ་བ་ལྷ་དང་བླ་མ་ལ་མཆོད་པ། བླ་མས་གསང་དབང་བསྐུར་བའི་ཆོ་ག །གསང་དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ནི། དཔག་ཚད་བརྒྱ་ནས། གནས་སུ་བསྒོམ་པའི་བར་ཏེ། དཀྱིལ་འཁོར་གྱི་རྩིག་པའི་ངོས་རེ་རེ་ལ་དཔག་ཚད་ཉི་ཤུ་རྩ་ལྔ་རྩ་ལྔ་སྟེ་བརྒྱའི་ཁྱོན་ཙམ་དུ་བསྒོམ་ཞིང་། དེར་འཁོར་ལོའི་དཀྱིལ་འཁོར་བསྒོམས་བྱས་ལ་ནི་རྣམ་སྣང་ལ་སོགས་པའི་ལྷ་རྣམས་སོ། །ལྷ་མཚན་དགོད་པ་ལ་རྣམ་པར་མཁས་པས་ནི་རྟག་པར་འདི་རྣམ་སྣང་གི་དཀྱིལ་འཁོར་ཡིན་པས་ཤར་དུ་མི་བསྐྱོད་པ་སོགས་རིགས་ལྔ་དང་དེའི་རིགས་ཀྱི་ལྷ་རྣམས་རབ་ཏུ་དགོད་པར་བྱའོ། །དེ་བཞིན་དུ་པདྨོའི་རིགས་འོད་དཔག་མེད་ཀྱིས་གཙོ་བྱས་པ་དང་། རྡོ་རྗེ་མི་བསྐྱོད་པ་དང་། རལ་གྲི་དོན་གྲུབ་དང་། ཨུཏྤལ་རིན་འབྱུང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་རྣམས་ཀྱང་མཁས་པས་བསྒོམ་པར་བྱའོ། །དཀྱིལ་འཁོར་དེ་ཡང་དཔག་ཚད་བརྒྱའི་ཁྱོན་ཚད་ཙམ་དུ་མ་ཟད་ཀྱི། དཔག་ཚད་བྱེ་བའི་ཁྱོན་ཙམ་དུ་ཡང་གྲུ་བཞི་ཤིན་ཏུ་མཛེས་པ་ཡི་མཆོད་རྟེན་ཏེ་གཞལ་ཡས་ཁང་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་གསལ་ཞིང་རང་བཞིན་དྲི་མ་མེད་པ འི་ཤེལ་ལྟ་བུ་རིགས་ལྔ་དང་འབྲེལ་བའི་ལྷ་ཐམས་ཅད་ཀྱི་གནས་སུ་བསྒོམ་པར་བྱ་སྟེ། གང་གིས་ན་དབང་བསྐུར་བ་ལ་མཁས་པའི་ཤེས་རབ་ཅན་གྱིས་སོ། །དགོས་པ་ནི། མཆོད་པ་སྟེ་གསང་དབང་བསྐུར་བའི་ཕྱིར་དུའོ། །དཔག་ཚད་བརྒྱ་ཡི་ཞེས་སོགས་འདིས་ས་ཕྱོགས་གཙང་ཞིང་ཞེས་་སོགས་ཀྱི་བསྟན་པའི་དཀྱིལ་འཁོར་རྒྱས་པར་འཆད་པར་མཛད་དོ། །གཉིས་པ་ལ་གཉིས། ལྷ་དང་བླ་མ་ལ་ཐུན་མོང་གི་མཆོད་པ། བླ་མ་ལ་ཁྱད་པར་གྱི་མཆོད་པའོ། །དང་པོ་ནི། འདོད་པའི་ནས། །མཉེས་པར་བྱ་བ འི་བར་ཏེ་གཟུགས་སྒྲ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་ལྷ་དང་བླ་མ་དེ་ལ་མཆོད་པ་རྒྱ་མཚོ་སྟེ་མང་པོ་བརྩམ་པར་བྱ་ཞིང་། རིན་པོ་ཆེ་དང་ན་བཟའ་ལ་་སོགས་པས་རྟག་ཏུ་མཆོད་པར་བྱའོ། །དགོས་པ་ནི་བྱང་ཆུབ་སྟེ་གསང་དབང་་འདོད་པས་སོ། །མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་རྣམ་པ་ལྔའི་མཆོག་ཏུ་གྱུར་པ་རྣམས་ཀྱི་རྟག་ཏུ་ལྷ་རྣམས་མཉེས་པར་བྱའོ། །གཉིས་པ་ལ་གཉིས། རིག་མའི་མཆོད་པ་དང་། ཁྱད་པར་གྱི་རྫས་ཀྱི་མཆོད་པའོ། །དང་པོ་ནི། རིན་འབྱུང་གནས་ནས། དབུལ་བར་བྱ་བའི་བར་ཏེ། རིན་ཆེན་ཏེ་བདེ་བ་ཆེན་པོའི་འབྱུང་གནས་སུ་གྱུར་པའི་ན་ཆུང་བུད་མེད་གཞོན་ནུའི་མཆོག་རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན་ནས་དབུལ་བར་བྱའོ། །དགོས་པ་ནི། སྒྲུབ་པ་པོ་ལ་ཐུན་མོང་གི་དངོས་གྲུབ་དང་། རབ་ཏུ་གྲུབ་པ་མཆོག་གི་དངོས་གྲུབ་ཀྱི་ཕྱིར་དུའོ། །གང་ལ་ན་སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་ལའོ། །གཉིས་པ་ནི། ཞིང་འདི་རིན་ཆེན་སྣ་བདུན་ནས། ཤེས་རབ་ཅན་གྱིས་དབུལ་བའི་བར་ཏེ། ཞིང་འདི་པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་ནམ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་ཚོགས་གསོག་པ་ལ་མཁས་པ་དག་གིས་ཡོངས་སུ་བཀང་ལ། མཆོག་གི་དངོས་གྲུབ་འདོད་པས་དེ་སྦྱིན་པའི་ཕྱིར་་དུ་ཉིན་རེ་བཞིན་ཤེས་རབ་ཅན་གྱིས་བླ་མ་ལ་དབུལ་ལོ། །གསུམ་པ་ལ་གཉིས། །བླ་མས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བ་དང་། གསང་དབང་བསྐུར་བ་དངོས་སོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བདག་པོའི་ཕྱག་རྒྱར་ནས། དབུལ་བར་བྱ་བའི་བར་ཏེ། བླ་མས་རང་ཉིད་དཀྱིལ་འཁོར་གྱི་བདག་པོ་གཙོ་བོའི་སྐུ་ཕྱག་རྒྱ་ཆེན་པོར་མཉམ་པར་བཞག་པ་སྟེ་བསྒོམས་ལ། སློབ་མས་ཕུལ་བའི་རིག་མ་བླངས་ཏེ། སངས་རྒྱས་ཀྱི་དཀྱིལ་འཁོར་བསྒོམས་པའི་དབུས་དག་ཏུ་འདོད་ཆགས་ཏེ་བདེ་བ་ཆེན་པོའི་བློ་ཅན་གྱི་སངས་རྒྱས་རྣམས་ལ་རིག་མ་རེག་བྱ་རྡོ་རྗེ་མར་བསྐྱེད་པ་དང་མཉམ་པར་སྦྱར་བའི་རེག་པའི་སྦྱོར་བ་དབུལ་བར་བྱའོ། །གཉིས་པ་ནི། ནམ་མཁའི་དབྱིངས་ཀྱི་ནས། རབ་ཏུ་བརྟག་པའི་བར་ཏེ། ནམ་མཁའི་དབྱིངས་ཀྱི་ནི་ཡེ་ཤེས་ཀྱིས་བསྐྱེད་པའི་སྟོང་ཉིད་བསྒོམས་པའོ། །དབུས་གནས་པར་ནི་དེའི་ངང་ལས་ལྷག་མོས་ཀྱི་དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ་ཞིང་། ལྷག་མོས་འོད་གསལ་དུ་བསྡུས་ན ས་མངོན་བྱང་ལྔ་ལས་བདག་ཉིད་དང་པོའི་མགོན་པོར་བསྐྱེད་པ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་ལུས་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀོད་པའི་བླ་མར་རིག་མའི་བཤད་པ་སྟེ་ཡུལ་ལྔ་དང་གཅི་བ་སྟེ་དབང་པོ་ལྔས་མཆོད་པར་བྱའོ། །རེག་བྱ་་འབུལ་ཚུལ་ནི་བཞིན་བཟང་ཤིན་ཏུ་མཛེས་པ་ཡིན་ལ་ཆུང་སྟེ་རིག་མ་སྐལ་མཆོག་དང་ལྡན་པའི་ལུས་ལ། བྱིན་གྱིས་རླབས་ཀྱིིས གནས་ཏེ་ༀ་ལ་སོགས་པའི་ལྷའི་ས་བོན་རྣམས་ལས་ལྷ་བསྐྱེད་པ་སོགས་བྱའོ། །དེ་ལྟར་བསམ་པ་སྟེ་སྙོམས་པར་ཞུགས་པ་ལས་སྟོང་བ་གསུམ་དང་ཐམས་ཅད་སྟོང་བ་འོད་གསལ་མངོན་དུ་མཛད་ནས། སངས་རྒྱས་ཏེ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རབ་ཏུ་བརྟག་པར་བྱའོ། །གཉིས་པ་ལ། གསང་དབང་མཆོག་དང་། གསང་བ་ཙམ་བསྐུར་བ་གཉིས་ལས་འདིར་དང་པོ་སྟེ། དེ་ཡང་མིག་བཟང་སོགས་རྐང་བ་གཉིས་ཀྱིས་སྟོན་པས། མིག་བཟང་ནི་རིག་མའོ། །དེའི་པདྨར་གནས་པའི་་བླ་མ་ཡབ་ཡུམ་གྱི་བྱང་སེམས་ཁུ་བ་དཀར་དམར་འདྲེས་པ་དེ། བརྟན་པའི་བློ་དང་ལྡན་པའི་སློབ་མས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ་བླངས་ནས་བཟའ་བ་སྟེ་སྤྱད་པར་བྱའོ། །འདི་རྒྱས་པར་ནི་རྒྱུད་ཕྱི་མ་ནས་་འཆད་པར་མཛད་དོ། །བཞི་བ་ནི། འདི་ནི་སྔགས་རྣམས་ནས། བྱེད་པར་གསུངས། ཞེས་པའི་བར་ཏེ། གསང་དབང་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་སྟེ། དེ་རྣམས་ཀྱིས་གསུངས་པའི་དོན་ནོ། །སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ་ནི་འབྲས་བུ་རྡོ་རྗེ་གསུམ་དབང་འདིས་བསྐྱེད་པ་སྟེ། གཙོ་བོའི་དབང་དུ་བྱས་ན་སྒྱུ་ལུས་རྡོ་རྗེའི་སྐུ་བསྐྱེད་པའོ། །དེ་ནི་འདིའི་སྒྲུབ་པ་པོ་ཡེ་ཤེས་རྡོ་རྗེ་ཅན་གྱི་ཆོས་ཡིན་གྱི། རྒྱུ་སྡེ་འོག་མ་གསུམ་གྱི་གདུལ་བྱ་རྣམས་ལ་གསང་ཞིང་སྦ་བར་བྱའོ། །སྔགས་རྣམས་དངོས་གྲུབ་བྱེད་བར་གསུངས། ཞེས་པ་ནི། ཐུན་མོང་བའི་དངོས་གྲུབ་རྣམས་ཀྱང་དབང་འདིས་འགྲུབ་པའི་རྒྱུད་བྱེད་པའི་དོན་ཏེ་སྒྲ་ཇི་བཞིན་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ལེའུ་སྟེ་བརྒྱད་པའོ་ཞེས་པའི་བར་རོ། །དགུ་པ་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། མཚན་དོན་ནོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྨད་དུ་བྱུང་བའི་དམ་ཚིག་བསྟན་པ། དེ་ལ་མ་འོངས་པ་ལ་ལྟོས་པའི་ཀླན་ཀ་སྤོང་བའོ། །དང་པོ་ནི། དེ་ནས་རྒྱལ་བོ་རྡོ་རྗེ་འཛིན། །ནས། རབ་ཏུ་བཤད། ཅེས་པའི་བར་ཏེ། ལེའུ་བརྒྱད་པར་གསང་བ་བསྐུར་ཚུལ་བཤད་པ་དེ་ནས། རྒྱལ་པོ་རྡོ་རྗེ་འཛིན་ནི་བཤད་ཟིན་ཏོ། །མི་སློབ་ལམ་ན་སྟོང་བ་བཞི་ལུགས་མཐུན་དང་ལུགས་ལྡོག་ཏུ་འགྲོ་བ་མེད་ཀྱང་དེའི་རྒྱུན་འདིར་ཐམས་ཅད་ནམ་མཁའི་ནི་འབྲས་དུས་ཀྱི་འོད་གསལ་ཐམས་ཅད་སྟོང་བའོ། །དེ་ཉིད་མི་གཡོ་བས་མི་འགྱུར་ཆེའོ། །ཐམས་ཅད་དབང་བསྐུར་ན ི་རྒྱུད་སྡེ་འོག་མ་གསུམ་གྱི་དབང་བསྐུར་བའི་སྤྱོད་པ་་ཐམས་ཅད་དོ། །དེའི་ནི་དེ་རྣམས་ལས་མཆོག་ཏུ་གྱུར་པས་ན་སྤྱོད་པའི་མཆོག་གོ །དབང་ཕྱུག་དམ་པ་ནི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་རྡོ་རྗེ་འཆང་་སྟེ། ཀུན་དོན་གྱིས་ནི་རྣམ་སྣང་ལ་སོགས་པ་ཀུན་འདུས་པའི་བདག་ཉིད་ཅན་ལ་དགོས་པའི་ཆེད་དུ་གསོལ་བ་འདེབས་པའོ། །སྐུ་གསུང་ཐུགས་ལ་ལོངས་་སྤྱོད་པ་ནི་རྡོ་རྗེ་འཆང་དེ་རང་གི་བདག་ཉིད་དུ་གྱུར་པའི་རྡོ་རྗེ་གསུམ་གྱི་དཀྱིལ་འ ཁོར་ལ་ལོངས་སྤྱོད་པའོ། །རྡོ་རྗེེ་མི་ཕྱེད་གསུམ་དཀྱིལ་འཁོར་ནི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་རོ། །སངས་རྒྱས་ཡེ་ཤེས་ཅན་གྱི་གསང་ནི་འདིར་སངས་རྒྱས་ཐེག་པ་ཅན་ཐེག་པ་དམན་པ་ལ་གསང་བར་བྱའོ།།ཉམས་དགའ་མཆོག་ནི་་ཡིད་དུ་འོང་བ་འདོད་བྱའི་གནས་མཆོག་གོ །དེ་ཉིད་རབ་ཏུ་བཤད་དོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །གཉིས་པ་ལ་གཉིས། དྲང་པའི་དོན་དང་། ངེས་པའི་དོན་ནོ། །དང་པོ་ལ་གཉིས། དམ་ཚིག་ལྔ་བཤད་པ་དང་། དེ་རྣམས་ཉེ་བར་སྡུད་པའོ། །དང་པོ་ལ་ལྔ། ཞེ་སྡང་གི་རིགས་ཀྱིས་སྲོག་གཅོད་པ། གཏི་མུག་གི་རིགས་ཀྱིས་གཞན་གྱི་ནོར་འཕྲོག་པ། འདོད་ཆགས་ཀྱི་རིགས་ཀྱིས་གཞན་གྱི་བུད་མེད་བསྟེན་པ། ལས་ཀྱི་རིགས་ཀྱིས་རྫུན་སྨྲ་བ། རིན་པོ་ཆེའི་རིགས་ཀྱིས་ཚིག་རྩུབ་སྨྲ་བའོ། །དང་པོ་ལ་གཉིས། ལས་སྦྱོར་དངོས་དང་། ཕན་ཡོན་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ནས། ཕྱེར་བརླག་མེད་གྱུར་པ། ཞེས་པའི་བར་ཏེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནི་ལྷག་མོས་འོད་གསལ་དུ་བསྡུས་པའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ནི་མངོན་བྱང་ལྔ་ལས་རྡོར་སེམས་སུ་བསྐྱེད་དེ་སེམས་དཔའ་སུམ་བརྩེགས་བྱས་པའོ། །རྡོ་རྗེ་མི་སྐྱོད་རབ་བསྒོམས་ནས་ནི་རྡོ་རྗེ་འཆང་དེ་མི་བསྐྱོད་པ་དྲག་པོར་བསྒྱུར་བའོ། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ་ན ི་དེའི་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་འཛིན་པའོ། །འོད་འཕྲོ་མང་བོ་་འབར་བ་དང་འོད་ཟེར་སྣ་ལྔས་རབ་ཏུ་གང་ནི་རྡོ་རྗེ་ལ་འོད་ཟེར་སྣ་ལྔ་འཕྲོ་ཞིང་་འབར་བའོ། །དུས་གསུམ་པ་ཡི་སངས་རྒྱས་རྣམས་བསྒོམས་ནས་ནི་གསད་པར་བྱ་བའི་དུས་གསུམ་གྱི་དགྲ་རྣམས་བསམ་པའོ། །རྡོ་རྗེས་ཕྱེ་མར་བརླག་ནི་ཕྱག་གི་རྡོ་རྗེ་དེས་དགྲ་རྣམས་ལ་ཕྱེ་མར་བརླག་པར་བསམ་པར་བྱ་ཞིང་། དགྲ་བོའི་སྐུ་གསུང་ཐུགས་ཏེ་ལུས་ངག་ཡིད་གསུམ་གྱི་ཡོངས་སྤྱོད་ཀྱི་ཚོགས་ནི་རྡོ་རྗེ་་དེས་ཕྱེ་མར་བརླགས་ནས་མེད་པར་གྱུར་པར་བསྒོམ་པར་བྱའོ། །གཉིས་པ་ནི། བསམ་གཏན་མཆོག་ནས། །ཤེས་བར་བྱའོ་ཞེས་པའི་བར་ཏེ། གསད་ལས་ཀྱི་བསམ་གཏན་མཆོག་བཤད་པ་དེ་བསྒོམས་ན་ནི་ཐུགས་ཀྱི་དངོས་གྲུབ་སྟེ་སེམས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་རོ། །རྡོ་རྗེ་གསང་བ་གསད་ལས་བྱ་ཚུལ་འདི་ལྟ་བུས་གསད་བྱའི་སེམས་ཅན་ཐམས་ཅད་བསད་ན་ནི། གསད་བྱ་་དེ་ཤི་བས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་རོ། །འདི་ནི་ཞེ་སྡང་གི་རིགས་མི་བསྐྱོད་པའི་དམ་ཚིག་གི་དེ་ཁོ་ན་སྟེ་རིགས་ཐམས་ཅད་ཀྱི་རྒྱ་མཚོ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། ལས་སྦྱོར་དངོས། ཕན་ཡོན་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། དེ་ནས་རྒྱལ་བོ་ནས། བཀའ་སྩལ་ཏོའི་བར་ཏོ། །དང་པོ་ནི་བཤད་ཟིན་ལ། མི་ཤེས་པ་གཏི་མུག་གི་རིགས་ཀྱིས་ཡང་དག་པའི་ཡེ་ཤེས་ཀྱི་ཐར་བ་རབ་ཏུ་སྒྲུབ་པར་མཛད་པ་སྟེ། ངོ་བོ་ཉིད་དག་པ་ནི་རང་བཞིན་གྱི་རྣམ་པར་དག་པའོ། །གོས་པ་མེད་ནི་གློ་བུར་གྱི་དྲི་མས་མ་གོས་པའོ། །བྱང་ཆུབ་སྤྱོད་པ་རབ་སྟོན་པས་ནི་སེམས་ཅན་རྣམས་ཀྱི་སེར་སྣ་དང་གཏི་མུག་སྤྱོད་པའོ། །སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པ་སྟེ་བསྐྱེད་པར་བྱེད་པ་ཡི་ཡང་དག་པའི་རྫས་འགུག་པའི་དམ་ཚིག་བཀའ་སྩལ་ཏེ། གཉིས་པ་ནི། ནམ་མཁའི་ནས། རྣམ་བསྒོམས་ནའི་བར་ཏེ། ནམ་མཁའི་སོགས་རྐང་བ་གཉིས་ཀྱི་དོན་སྔར་ལྟར་ལ། རྣམ་པར་སྣང་མཛད་རབ་བསྒོམས་ཏེ་ནི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས་རྣམ་སྣང་དུ་བསྒོམས་ཏེ། སངས་རྒྱས་ཐམས་ཅད་རྣམ་པར་བསྒོམས་ནི་རྣམ་སྣང་གཙོ་བོ་བྱས་པའི་དཀྱིལ་་འཁོར་རྒྱལ་མཆོག་སྒོམ་པའོ། །ལས་རྒྱལ་མཆོག་གི་དུས་སུ་རིན་པོ་ཆེ་ཀུན་་འགུགས་པའི་སྦྱོར་བ་ཡིས། རྡོ་རྗེ་རིགས་ལྔའི་གཟུགས་ནི་རབ་ཏུ་བརྟག་ཅིང་བསྒོམས་ནས། རིན་པོ་ཆེ་སྔོ་སེར་དམར་དཀར་ལྗང་ཁུ་ལ་རིམ་པ་བཞིན་དུ་མི་བསྐྱོད་པ་རིན་འབྱུང་འོད་དཔག་མེད་རྣམ་སྣང་དོན་གྲུབ་རྣམས་བཏང་ཏེ་བཀུག་ནས་ནོར་རྣམས་ཐམས་ཅད་ཕྲོགས་ནས་སུ། རྡོ་རྗེ་གསུམ་དུ་རྣམ་བསྒོམས་ན་ཞེས་པ་ནི། སྐུ་བསྒོམ་པ་ནི་རང་གི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་འགུག་བྱའི་ནོར་གྱི་ཁ་དོག་དང་མཐུན་པའི་འོད་ཟེར་བཏང་སྟེ་ནོར་འདྲེན་པ་དང་། གསུང་ལ་ལྕེ་པདྨར་བསྐྱེད་པའི་འདབ་མ་ལས་བྱུང་བའི་ཧྲཱིཿའི་དམར་བོའི་འོད་ཟེར་གྱིས་ནོར་འདྲེན་པ་དང་། ཐུགས་ལ་ནོར་རང་གི་ནང་དུ་བཞག་པར་བསྒོམ་པར་བྱའོ། །གསུམ་པ་ནི། ནོར་གྱི་རྒྱ་མཚོ་ནས། ཤེས་རབ་བྱའོ་ཞེས་པའི་བར་ཏེ། བསྒོམ་ཚུལ་དེ་ལྟར་བྱས་ན་གནས་སྐབས་སུ་ནོར་གྱི་རྒྱ་མཚོས་གང་བ་ཡི་ཡིད་བཞིན་ནོར་བུ་འདྲ་བར་གྱུར་ཞིང་། མཐར་སངས་རྒྱས་་ཀུན་གྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་། ཐུབ་པའི་སྐྱེས་བུ་མཆོག་ཏུ་་འགྱུར་རོ། །འདི་ནི་རིགས་ནས། ཤེས་པར་བྱའོ། །གསུམ་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། ལས་སྦྱོར་དངོས། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྒྱལ་པོ་ནས། བཀའ་སྩལ་ཏོའི་བར་ཏེ། དེ་ནས་རྒྱལ་པོ་སོགས་ནི་སྟར་བཞིན་ལ། འདོད་ཆགས་ཏེ་འོད་དཔག་མེད་ཀྱི་སྒོ་ནས་ཐར་བ་རབ་ཏུ་སྒྲུབ་པར་མཛད་པ་སྟེ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་གསང་བ་དག་པའོ། །མི་གནས་པའི་མྱང་འདས་ལ་གནས་པས་དམིགས་པ་མེད་པ་སྟེ། དེས་དཀྱིལ་འཁོར་འདི་རབ་ཏུ་བཀའ་སྩལ་ཏོ། །གཉིས་པ་ནི། ནམ་མཁའི་དབྱིངས་ནས། ཉེ་བར་སྤྱད་པའི་བར་ཏེ། ནམ་མཁའི་དབྱིངས་སོགས་ནི་སྔར་བཞིན་ལ། དཔག་མེད་ཚེ་ནི་རབ་བསྒོམས་ཏེ་ནི་རྡོ་རྗེ་འཆང་དེ་ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་དུ་སྒོམ་པའོ། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་དགང་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷས་གཞལ་ཡས་ཁང་གང་བའོ། །དེའི་ཚེ་རང་མ་གཏོགས་པའི་དཀྱིལ་འཁོར་བའི་ལྷ་དེ་ཐམས་ཅད་བུད་མེད་ལྟ་བུ་སྟེ་ལྷ་མོའི་རྣམ་པར་སྦྱར་བས་བསྒོམ་པར་བྱའོ། །དེ་ཡང་དང་པོ་སྦྱོར་བའི་སྐབས་སུ་དམ་ཚིག་བཞི་སྟེ་རྣལ་་འབྱོར་བཞི་ཡི་སྦྱོར་བ་ཡིས་དང་དཀྱིལ་འཁོར་རྒྱལ་མཆོག་གི་ཚེ་ལྷ་ཐམས་ཅད་ལྷ་མོའི་རྣམ་པ་དེ་རུ་བསྒོམ་པར་བྱའོ། །བསམ་གཏན་འདི་ནི་རྡོ་རྗེ་ཐེག་པའི་ཚུལ་ལ་འདོད་པའི་དབང་ཕྱུག་མཆོག་གོ །དང་པོ་སྦྱོར་བའི་ཚེ་རིག་མ་འདུ་བྱ་བའི་སྐབས་སུ་དབང་དུ་བྱ་རྒྱུའི་བུད་མེད་དེ་ཉིད་གོས་དཀར་མོར་བསྒོམ་པར་བྱ་ཞིང་། དབང་དུ་བྱས་པས་བུད་མེད་དེ་དང་དབང་བོ་གཉིས་ནི་མཉམ་པར་སྦྱོར་བ་ཡི་སྒོ་ནས་བུད་མེད་དེ་དག་ཐམས་ཅད་ཉེ་བར་སྤྱད་པར་བྱའོ། །གསུམ་པ་ནི། འདི་ནི་རྡོ་རྗེ་ནས། བསྒོམ་པར་བྱའོ་ཞེས་པའི་བར་ཏེ། བཤད་མ་་ཐག་པ་འདི་ནི་རྡོ་རྗེ་སྒྲུབ་པ་པོ་ཐམས་ཅད་ཀྱི་མི་ཕྱེད་པའི་ཆོས་ལོངས་སྐུ་སྤྲུལ་སྐུ་་སྟེ་སྐུ་གསུམ་སྒྲུབ་པའི་བསྒོམ་པའོ། །འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་ནས། བསྒོམ་པར་བྱའོ། །བཞི་བ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། ལས་སྦྱོར་དངོས། མཇུག་བསྡུ་བའོ། །དང་པོ་ནི་དེ་ནས་རྒྱལ་པོ་ནས། བཀའ་སྩལ་ཏོའི་བར་ཏེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་་དེས། རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པ་ནི་རྡོར་བཟླས་ཀྱི་སྒོ་ནས་གཞན་གྱི་དོན་མཛད་པའོ། །བདག་མེད་ཡེ་ཤེས་ན ི་ཆོས་ཀྱི་སྐུའོ། །དེ་ལས་བྱུང་བའི་གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི། ནམ་མཁའི་དབྱིངས་ནས། བསླུ་བར་བྱ་ཞེས་པའི་བར་ཏེ། ནམ་མཁའི་སོགས་སྔར་ལྟར་ལ། རྡོ་རྗེ་ཐོགས་མེད་རབ་བསྒོམས་ཏེ་ནི་རྡོ་རྗེ་འ ཆང་དེ་དོན་གྲུབ་ཏུ་བསྒྱུར་བོ། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྒོམ་པའོ། །ཐམས་ཅད་གཟུགས་སུ་རྣམ་བསྒོམས་ནས་ནི་སེམས་ཅན་ཐམས་ཅད་རང་གི་མདུན་དུ་གནས་པར་བསྒོམས་ནས། རྡོ་རྗེ་ཚིག་གིས་བརྫུན་སྨྲ་བས་ནི་ཆོས་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུའི་དོན་ཡིད་ལ་བྱས་ཏེ། རྒྱལ་བ་ཀུན་གྱི་གནས་ཏེ་འབྱུང་གནས་སེམས་ཅན་རྣམས་དང་། རྒྱལ་བ་ཐམས་ཅད་བསླུ་བར་བྱ་བ་སྟེ། གང་ལ་སྨྲ་དགོས་པའི་ཡུལ་དེ་ལ་བརྫུན་སྨྲ་བར་བྱའོ། །གསུམ་པ་ནི། འདི་ནི་སངས་རྒྱས་ནས། སྤྲོ་བར་བྱའོ་ཞེས་པའི་བར་ཏེ། བཤད་མ་ཐག་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་མེད་པ་ནམ་མཁའ་ལྟ་བུའི་གསུང་སྟེ་དྲི་མ་མེད་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་མོས་པའི་བློ་ཅན་ཀུན་གྱི་གསང་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བར་བཤད་དོ། །འདི་ནི་རང་གི་དམ་ཚིག་བརྫུན་གྱི་ཚིག་གིས་སེམས་ཅན་ཐམས་ཅད་འགུགས་པའི་རིགས་ཀྱི་ནས། སྤྲོ་བ་སྟེ་ཡང་དང་ཡང་དུ་བསླབ་པར་བྱའོ། །ལྔ་པ་ལ་གསུམ། བསྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། ལས་སྦྱོར་དངོས། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། དེ་ནས་རྒྱལ་པོ་ནས། བཀའ་སྩལ་ཏོའི་བར་ཏེ། དང་པོ་ནི་སྔར་ལྟར་ལ། རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རྒྱལ་བ་རྣམས་ཀྱི་འབྱུང་གནས་ཏེ། རྡོ་རྗེ་དངོས་གྲུབ་རབ་སྟོན་པས་ནི་རྡོ་རྗེ་འཆང་གི་དངོས་གྲུབ་སྟོན་པར་མཛད་པ་སྟེ་དེས་གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི། ནམ་མཁའི་དབྱིངས་ནས། འདི་དག་གང་ཞེས་པའི་བར་ཏེ། དང་པོ་གཉིས་ནི་སྔར་ལྟར་ལ། དཀོན་མཆོག་དཔལ་ནི་རབ་བསྒོམས་ཏེ་ནི་རྡོ་རྗེ་འཆང་དེ་རིན་འབྱུང་དུ་བསྒྱུར་བའོ། །གཟུགས་རྣམས་ཀུན་གྱི་འདི་དག་དགང་ནི་དཀྱིལ་འ ཁོར་རྒྱལ་མཆོག་གི་ལྷས་གཞལ་ཡས་ཁང་གི་ནང་འདི་གང་བའོ། །གསུམ་པ་ནི། རྩུབ་པའི་ངག་སོགས་རྐང་བ་གཉིས་ཏེ། ཐབས་དེ་དང་དེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཚིག་རྩུབ་པའི་ངག་དང་ཕྲ་མ་ལ་སོགས་པ་ནི་སྨྲས་པའི་སྒོ་ནས་རྡོ་རྗེ་འཆང་ཆེན་པོ་བསྟེན་ཅིང་མཉེས་པར་བྱའོ། །དེ་ལྟར་བྱས་ན་ཕན་ཡོན་གཉིས་་སུ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། །འདིར་ལས་སྦྱོར་དང་ཕན་ཡོན་གྱི་འགོའི་གཅོད་མཚམས་མི་འདྲ་བ་ཞིག་སྣང་ཡང་དོན་འདི་བཞིན་པ་དེའོ། །གཉིས་པ་ནི། བཅོམ་ལྡན་འདས་ནས། བཀའ་སྩལ་ཏོའི་བར་ཏེ་གོ་སླའོ། །གཉིས་པ་ལ་ལྔ། མི་བསྐྱོད་པ། རྣམ་སྣང་། འོད་དཔག་མེད། དོན་གྲུབ། རིན་འབྱུང་གི་དམ་ཚིག་གི་ངེས་དོན་ནོ། །འདི་རྣམས་ཀྱི་གཞུང་ནི་སྔ་མ་རྣམས་ཡིན་པས། དང་པོ་ལ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནི་དཔེའི་འོད་གསལ་ལོ། །སངས་རྒྱས་དཀྱིལ་འཁོར་སོགས་རྐང་བ་གཉིས་ཀྱིས་སྒྱུ་ལུས་སྟོན་ནོ། །ལག་ཏུའི་ལག་པ་ནི་སྒྱུ་ལུས་ཉེ་བར་ལེན་པའི་ཉེར་ཐོབ་བོ། །རྡོ་རྗེ་ནི་དོན་གྱི་འོད་གསལ་ལོ། །འོད་འཕྲོ་མང་བོ་ནས་རབ་ཏུ་གང་བའི་བར་ནི་དོན་གྱི་འོད་གསལ་ལས་བྱུང་བའི་དག་པའི་སྒྱུ་ལུས་སོ། །སངས་རྒྱས་རྣམས་ནི་གང་འོད་གསལ་དུ་གཞུག་རྒྱུའི་མ་དག་པའི་སྒྱུ་ལུས་པའི་ཕུང་ཁམས་རྣམས་སོ། །དུས་གསུམ་པ་ནི་དེའི་སྒོ་གསུམ་མོ། །བསྒོམས་ནས་སོགས་རྐང་པ་གསུམ་ནི་དག་པའི་སྒྱུ་ལུས་ཐོབ་པའི་ཚེ་དེས་མ་དག་པའི་ཕུང་སོགས་བཤིག་པའོ། །དེ་ནས་བསམ་གཏན་མཆོག་དེ་སོགས་རྐང་བ་དྲུག་ནི་དེ་ལྟར་བསྐྱེད་ནུས་ན་མཆོག་གི་དངོས་གྲུབ་འཐོབ་བར་འགྱུར་ཞེས་པའོ། །འདི་ནི་ཞེས་སོགས་ནི་རྫོགས་རིམ་གྱི་དབང་དུ་བྱས་པའི་དམ་ཚིག་སྟེ་གཞན་འདྲའོ། །གཉིས་པ་ནི། མི་ཤེས་ཞེས་པ་ནི་སྣང་བ་གསུམ་ཐིམ་པ་སྟེ་དེ་ལས་འོད་གསལ་གྱི་ཡེ་ཤེས་ཀྱིས་ཐར་བ་རབ་ཏུ་སྒྲུབ་པའོ། །ངོ་བོ་ཉིད་དག་གོས་པ་མེད་ནི་སྔར་ལྟར་རོ། །བྱང་ཆུབ་སྤྱོད་པ་གདུལ་བྱ་ལ་རབ་ཏུ་སྟོན་པ་དེས་སངས་རྒྱས་ཀྱིས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡི་ཡང་དག་པའི་དམ་ཚིག་འདི་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་སོགས་ཀྱི་དང་པོ་ནི་དཔེའི་འོད་གསལ་ལས་བྱུང་བའོ། །དེ་ནས་རྐང་བ་གཉིས་ནི་སྒྱུ་ལུས་སོ། །སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ་ནི་གང་འོད་གསལ་དུ་གཞུག་རྒྱུ་སྟེ་སྔར་ལྟར་རོ། །རིན་ཆེན་ཀུན་ནི་དོན་གྱི་འོད་གསལ་ལོ། །དེར་མ་དག་པའི་སྒྱུ་ལུས་བཅུག་པའི་སྦྱོར་བ་ཡིས་རྡོ་རྗེའི་གཟུགས་དག་པའི་སྒྱུ་ལུས་རབ་ཏུ་བརྟག་པ་སྟེ་བསྐྱེད་པར་བྱའོ། །ནོར་རྣམས་་ཐམས་ཅད་འཕྲོག་ནས་སུ་ནི་མ་དག་པའི་སྒྱུ་ལུས་ཀྱིས་ཐ་མལ་བའི་ཕུང་སོགས་བཤིག་པའོ། །རྡོ་རྗེ་གསུམ་དུ་ནས་མཆོག་ཏུ་འགྱུར་བའི་བར་ནི་དེ་ལྟར་བསྐྱེེད་པ་ཡིད་བཞིན་ནོར་བུ་དང་འདྲ་བར་གདུལ་བྱའི་རེ་བ་སྐོང་བའི་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་བའོ། །གསུམ་པ་ནི། ནམ་མཁའི་དབྱིངས་སོགས་གཅིག་དང་། པདྨའི་དཀྱིལ་འཁོར་སོགས་རྐང་བ་གཉིས་ནི་འོད་གསལ་དང་སྒྱུ་ལུས་སོ། །སངས་རྒྱས་རྣམས་ཀྱི་ཐམས་ཅད་དགང་ནི་དེའི་ཕུང་སོགས་སོ། །བུད་མེད་ལྟ་བུ་ནི་དོན་གྱི་འོད་གསལ་ལོ། །སྦྱར་བ་ནི་དམ་ཚིག་བཞི་ཡི་སྦྱོར་བ་ཡིས་ནི་སྟོང་བ་བཞི་ཐིམ་པ་ལས་མ་དག་པའི་སྒྱུ་ལུས་འོད་གསལ་དུ་དག་པའོ། །ཐམས་ཅད་དེ་རུ་བསྒོམ་པར་བྱ་སོགས་རྐང་བ་གསུམ་ནི་དོན་གྱི་འོད་གསལ་ལས་གྲུབ་པའི་བདེན་གཉིས་མཉམ་པར་སྦྱར་བའི་ཟུང་འཇུག་གི་སྐུའོ། །དེ་དག་ཐམས་ཅད་ཉེ་བར་སྤྱད་ནི་ཟུང་འཇུག་ལ་རྟག་ཏུ་མཉམ་པར་འཇོག་པའོ། །འདི་ནི་རྡོ་རྗེ་སོགས་རྐང་བ་གཉིས་ནི་དེ་ལྟར་བསྐྱེད་ན་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བའོ། །བཞི་བ་ནི། ནམ་མཁའི་་སོགས་དང་། སངས་རྒྱས་དཀྱིལ་འཁོར་སོགས་རྐང་བ་གཉིས་ནི་སྔར་ལྟར་རོ། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ་ཞེས་པ་ཡང་རྒྱུ་ལུས་པའི་ཕུང་སོགས་སོ། །ཐམས་ཅད་གཟུགས་སུ་རྣམ་བགོམས་ནས་སོགས་རྐང་བ་བཞི་ནི་རང་གཞན་ཐམས་ཅད་སྒྱུ་མའི་སྐུ་དང་འདྲ་བ་ལྟ་བའོ། །འདི་ནི་སོགས་ཀྱང་སྔར་ལྟར་རོ། །ལྔ་པ་ནི། ནམ་མཁའི་སོགས་དང་། དམ་ཚིག་སོགས་རྐང་བ་གཉིས་ནི་སྔར་ལྟར་རོ། །རྩུབ་པའི་ངག་ལ་སོགས་པ་ནི་ཞེས་པ་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པའི་ཚིག་གི་ནི་གཞན་གྱི་རྣ་བར་གོ་མི་འདོད་པའི་ཐ་ཚིག་གོ །བསྟེན་ན་ཡེ་ཤེས་འཐོབ་པར་འགྱུར་ཞེས་པ་ནི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་བསྒོམས་ན་སངས་རྒྱས་མྱུར་དུ་འཐོབ་པར་འགྱུར་བའོ། །བཅོམ་ལྡན་་འདས་ཞེས་སོགས་ནི་སྔར་ལྟར་རོ། །གསུམ་པ་ལ་གཉིས། འཁོར་རྣམས་ཀྱིས་ཐེ་ཚོམ་སྐྱེད་པ་ལྟར་བཅོམ་ནས་ཞུས་པ་དང་། སྟོན་པས་དེའི་ལན་བཏབ་པའོ། །དང་པོ་ནི། དེ་ནས་ཡང་ནས། ཅིའི་སླད་དུ་གསུང་ཞེས་པའི་བར་ཏེ། དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་སྟེ། རྡོ་རྗེ་་དཔལ་ནི་རྡོ་རྗེ་འཛིན་པའི་ཕྱག་ན་རྡོ་རྗེའོ། །དེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སྔར་འཇིག་རྟེན་དང་འགལ་བའི་ཚིག་སྲོག་གཅོད་སོགས་བྱེད་པ་ལྟར་བསྟན་པས། དེ་ལ་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་རྡོ་རྗེའི་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། ཁམས་གསུམ་ལས་འདས་ཤིང་འཇིག་རྟེན་ཐམས་ཅད་ལས་འདས་པའི་རྡོ་རྗེ་འཆང་ཆེན་པོས། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་འཁོར་གྱིི་ནང་དུ་སྲོག་གཅོད་བྱས་པ་སོགས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར་ཞེས་པ་འདི་ལྟ་བུའི་ཡང་དག་པ་མ་ཡིན་པའི་ཚིག་གི་ལམ། རྡོ་རྗེའི་ཚིག་འདི་ཅིའི་སླད་དུ་གསུངས་མ་་འོངས་པའི་གདུལ་བྱའི་དོགས་པ་བཅད་པའི་ཕྱིར་དུ་སྟོན་པའི་དགོངས་པ་མ་རྟོགས་པ་ལྟར་བཅོས་ནས་ཞུས་སོ། །གཉིས་པ་ལ་གཉིས། སྤྱོད་པ་གཉིས་ཀྱི་སྒོ་ནས་བསྔགས་པ་དང་། བདེན་པ་གཉིས་ཀྱི་སྒོ་ནས་དེ་བསྒྲུབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས། དེ་བཞིན་གཤེགས་པའི་བར་ཏེ། དེ་ནས་སོགས་ལས། དམ་ཚིག་གི་རྡོ་རྗེ་དཔལ་ཕྱག་རྡོར་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ལ་སོགས་པའི་རིགས་སུ་སྐྱེས་པའི་རིགས་ཀྱི་བུ་ཞེས་བོས་ནས་ཁྱེད་རྣམས་ཀྱིས་ཇི་སྐད་བཤད་པའི་ཚུལ་དེ་ལ་ཐེ་ཚོམ་ཟ་བའི་སྒོ་ནས་དོན་ངན་པ་དམན་པའི་་འདུ་ཤེས་དང་། འཇིག་རྟེན་གྱིས་སྨད་པར་འགྱུར་སྙམ་པའི་སྨད་པའི་འདུ་ཤེས་དེ་ལྟ་བུ་ཡང་མ་སྐྱེད་ཅིག །རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་ཉན་ཐོས་སོགས་ཀྱི་སྤྱོད་པ་ལ་ལྟོས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་མཛད་པས་ན་སྤྱོད་པའི་མཆོག་གོ །རྫོགས་རིམ་པའི་སྔགས་ཀྱི་སྤྱོད་པ་ནི་རྗེས་ཐོབ་ཀྱི་ཚེ་འཇིག་རྟེན་དང་འགལ་བར་སྤྱད་ཀྱང་ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པས་ན་དེ་བཞིན་གཤེགས་པའི་སྤྱོད་པའོ། །གཉིས་པ་ལ་གསུམ། དོན་དམ་འོད་གསལ་དུ་འཇུག་པ་་ཡང་སྔགས་ཀྱི་སྤྱོད་པས་བྱེད་པ་དང་། ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་པ་ཡང་སྔགས་ཀྱི་སྤྱོད་པས་བྱེད་པ་དང་། བདེན་པ་གཉིས་ཀྱི་སྒོ་ནས་བསྟན་པ་ལ་ཆེད་བརྗོད་མཛད་པའོ། །དང་པོ་ནི། རིགས་ཀྱི་བུ་ནས། རྗེས་སུ་རིག་པར་བྱའོ་ཞེས་པའི་བར་ཏེ། རིགས་ཀྱི་བུ་ཞེས་བོས་ནས་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་དོ། །ཆོས་ཐམས་ཅད་ནི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པ་རྣམས་སོ། །རྗེས་སུ་སོང་བ་ནི་བདེན་སྟོང་དེ་ཆོས་ཐམས་ཅད་ལ་ངོ་བོ་གཅིག་པའི་ཚུལ་གྱིས་ཁྱབ་པའོ། །ཆོས་ཐམས་ཅད་ཀྱང་ནམ་མཁའི་ཁོངས་སུ་གཏོགས་པའོ་ནི་དགག་ཕྱོགས་རེ་ཙམ་མ་ཡིན་པར་ཐམས་ཅད་ཀྱང་བདེན་པས་སྟོང་བའི་ཁོངས་སུ་འདུས་པའོ། །ཆོས་དེ་དག་ཐམས་ཅད་ཀྱང་བདེན་སྟོང་ལས་ངོ་བོ་ཐ་དད་པའི་ཚུལ་གྱི་འདོད་པའི་ཁམས་ན་མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མེད་པའི་ཁམས་ན་མི་གནས། དེར་མ་ཟད་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་ཏེ། ཐམས་ཅད་ཀྱང་བདེན་སྟོང་དུ་མཚུངས་པས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་བདེན་པས་སྟོང་བའི་ཚུལ་དེ་ལྟར་དུ་རྗེས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པས་ནི་ཆོས་རྣམས་རང་བཞིན་གྱིས་སྟོང་བ་དང་། ཐ་སྙད་དུ་རྟེན་འབྲེལ་འཐབ་བའི་དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང་། སེམས་ཅན་མཆོག་དམན་རྣམས་ཀྱི་བསམ་པ་མཁྱེན་ནས་དེ་དང་མཐུན་པར་ཆོས་་འཆད་པར་མཛད་དོ། །རིགས་ཀྱི་བུ་དེ་ལྟར་ནམ་མཁའ་ལྟ་བུའི་བདེན་སྟོང་་སྟོན་པའི་ཚིག་ངེས་པར་བརྗོད་པས། དེ་བཞིན་གཤེགས་པའི་དམ་ཚིག་བཤད་མ་ཐག་པ་དེ་དག་རྗེས་སུ་རིག་པ་སྟེ་ཤེས་པར་བྱའོ། །གཉིས་པ་ནི། རིགས་ཀྱི་བུ་ནས་རིག་པར་བྱའོ་ཞེས་པའི་བར་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཀུན་རྫོབ་ཏུ་གཙུབ་ཤིང་ནི་འདིས་གཙུབ་པར་བྱེད་པའི་ཤིང་དང་། གཙུབ་སྟན་ནི་འདི་ལ་གཙུབ་པར་བྱས་པས་མི་འབྱུང་བའི་གཞིའི་ཤིང་དང་། མིའི་ལག་པས་བཟུང་ནས་བསྐྱོད་པའི་རྐྱེན་གྱིས་ཐ་སྙད་དུ་དང་པོར་དྲོད་འབྱུང་། དེ་ནས་དུ་བ་བྱུང་ཞིང་། དེ་ནས་མེ་ལྕེ་གསལ་བར་འབྱུང་བར་འགྱུར་མོད་ཀྱི། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱི་ངེས་ངོར་མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པ་བསྐྱོད་པ་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་དཔེ་དེ་བཞིན་དུ་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་འོད་གསལ་ཀྱི་ཡེ་ཤེས་སོ། །རྡོ་རྗེ་ནི་ཉེར་ཐོབ་བོ། །དམ་ཚིག་ནི་མཆེད་པའོ། །རྗེས་སུ་རིག་པར་བྱ་བ་ནི་སྣང་བའི་ཡེ་ཤེས་སོ། །འགྲོ་བ་ནི་ལམ་དུས་སུ་སྟོང་བ་བཞི་ལུགས་འབྱུང་དུ་འཇུག་པ་དང་། འོང་བ་ནི་ལུགས་ལྡོག་ཏུ་ལྡང་བ་ཡོད་ཅིང་། ལ་སོགས་པས་ནི་སངས་རྒྱས་ཀྱི་ས་ན་དེ་ལྟར་མེད་པར་སྟོན་ནོ། །རྗེས་སུ་རིག་པར་བྱའོ་ནི་དཔེ་དེ་བཞིན་དུ་སྟོང་བ་བཞི་འགྲོ་འོང་ཐ་སྙད་དུ་འཐད་པའི་ཚུལ་ཤེས་པ་དང་། དོན་དམ་བར་འགྲོ་འོང་མེད་པར་ཡང་བསྟན་ཏོ། །གསུམ་པ་དེ་ནས་བྱང་ཆུབ་ནས། བཤད་པ་མཚར་ཞེས་པའི་བར་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་སྐད་ཅིག་དེ་ཉིད་ལ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་སྐྱེས་བས་ངོ་མཚར་དུ་གྱུར། འོད་གསལ་སྐྱེས་པས་རྨད་དུ་གྱུར་ནས། དམ་ཞིག་མིག་གདངས་པ་ནི་ཟུང་འཇུག་སྐྱེས་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །རྨད་བྱུང་ཆེན་པོའི་ཆོས་རྣམས་ནི་ཞེས་པ་བདེན་པས་སྟོང་བའི་སྟོང་ཉིད་དོ། །ནམ་མཁའ་དང་ནི་མཚུངས་པ་དང་ཞེས་པ་ནི་སྟོང་ཉིད་དེས་ནམ་མཁའ་ལྟར་ཆོས་ཐམས་ཅད་ལ་ཁྱབ་པའོ། །རྣམ་པར་མི་རྟོག་ཅེས་པ་ནི་ངེས་དོན་གྱི་ལུང་དང་བྲལ་བའི་རྟོག་གེ་ཙམ་གྱིས་ལེགས་པར་རྟོགས་མི་ནུས་པའོ། །དག་པ་ནི་འོད་གསལ་གྱི་ཡེ་ཤེས་ཀྱི་ངོར་སྒྱུ་ལུས་ཀྱང་་དག་པའོ། །ཀུན་རྫོབ་ཏུ་ཡང་ནི་འོད་གསལ་ལས་སླར་ཟུང་འཇུག་གི་སྐུར་སྣང་བར་གྱུར་པའོ། །བཤད་པ་མཚར་ནི་དེ་ལྟར་བཤད་པ་ལ་ངོ་མཚར་དུ་གྱུར་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ལེའུ་སྟེ་དགུ་བའོ་ཞེས་པའི་བར་ཏེ། དོན་དམ་པ་ནི་འོད་གསལ་ལོ། །དག་པ་ནི་དེས་མ་དག་པའི་སྒྱུ་མའི་སྐུ་དག་པར་བྱས་པའོ། །དོན་དམ་པའི་དག་པ་ཡང་ཡིན་ལ་དེ་ཁོ་ན་ཉིད་ཀྱི་དོན་ཀྱང་ཡིན་པས་ན་རྡོ་རྗེ་འཆང་སྟེ། དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་སྟོན་པའི་གཞུང་ལ་དེའི་མིང་གིས་བརྗོད་པའི་ཚུལ་གྱིས་བཤད་བའི་ལེའུ་སྟེ་དགུ་བའོ།། །།༈ བཅུ་བ་སྙིང་བོ་བསྐུལ་བའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། མཚན་དོན་ནོ། དང་པོ་ལ་གཉིས། བསྐྱེད་རིམ་པའི་སྙིང་བོ་བསྐུལ་བ་དང་། རྫོགས་རིམ་པའི་སྙིང་བོ་བསྐུལ་བའོ། །དང་པོ་ལ་གསུམ། འཁོར་གྱིས་གསོལ་བ་བཏབ་པ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྟོན་པས་ལན་བཏབ་པོ། དང་པོ་ནི། དེ་ནས་བཅོམ་ལྡན་ནས། བཤད་དུ་གསོལ་བའི་བར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ཏེ། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་སྟེ་རྡོ་རྗེ་འཆང་ངོ་། །རྡོ་རྗེ་འཆང་་དེའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཟུང་འཇུག་གོ །དེ་ཉིད་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་གསང་བ་ཡིན་པས་ན་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའོ། །གདུལ་བྱའི་བསམ་པའི་བྱེ་བྲག་ཇི་ལྟ་བ་བཞིན་མཁྱེན་པས་ན་འདིར་དེ་བཞིན་གཤེགས་པ་སྟེ་དེ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །སྔགས་ནི་སྦྲུལ་དང་མགོ་མེད་ལ་སོགས་པ་བཞིའོ། །བཞི་བོ་དེ་རྣམས་ཀྱི་གཙོ་བོ་ནི་ༀ་ཨཱཿཧཱུཾ་སྟེ། དེ་ཉིད་སྔགས་རྣམས་ཀྱི་སྙིང་བོ་ཀུན་བསྡུས་པའོ། །སྐུ་དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །ཡི་གེ་གསུམ་པོ་དེ་དག་དེ་རྣམས་ཀྱི་གསང་བར་བསྒྲགས་ཤིང་། དངོས་གྲུབ་ཆེན་པོའི་ཚུལ་ཏེ་ཐབས་སོ། །མཆོག་ནི་ཐབས་ཀྱི་ཕུལ་དུ་བྱུང་བའོ། །ཡང་དག་ནི་མི་སླུ་བ་སྟེ་དེ་བཅོམ་ལྡན་བཤད་དུ་གསོལ་ཞེས་པ་ནི་སྔགས་གང་གིས་སྙིང་བོ་བསྐུལ་བ་དེ་བཤད་པར་གསོལ་བའོ། །གཉིས་པ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་ནི། དེ་ནས་རྒྱལ་པོ་ནས། བཀའ་སྩལ་ཏོ་ཞེས་པ་སྟེ། ཞུས་པ་དེ་ནས་འོད་གསལ་གྱི་ངོ་བོ་ཡིན་པས་ན་རྒྱལ་བོའོ། །ཐབས་ཤེས་ཟུང་་འཇུག་པའི་སྐུའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་འཛིན་པའོ། །ཉོན་མོངས་་ཀུན་ནི་འདོད་ཆགས་སོགས་གསུམ་མོ། །དེ་གསུམ་ལས་རྒྱས་པར་ཕྱེ་ན་ཤིན་ཏུ་མང་བས་ན་དེ་ཀུན་གྱི་རྒྱ་མཚོའོ། །ཉོན་མོངས་དང་དེ་ལས་བྱུང་བའི་སྡུག་བསྔལ་རྣམས་ཟིལ་གྱིས་མནན་ནས་འདོད་རྒུར་རོལ་བས་ན་གཙོ་བོ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་བསྲེག་པར་མཛད་པས་ན་འབད་པའོ། །དེ་ཉིད་ཀྱིས་ན་དྲག་པོ་སྟེ་ཁྲོ་བོའི་རྣམ་པར་འབྱུང་བའོ། །དྲག་པོའི་སྤྱན་བགྲད་པར་མཛད་པས་ན་སྤྱན་ཡངས་པའོ། །དེ་ལྟ་བུ་དེས་གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་སྟོན་པས་ལན་བཏབ་པ་ལ་དྲུག །རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཚུལ་གྱི་སྒོམ་པ། སྙིང་པོ་བསྐུལ་དགོས་པའི་རྒྱུ་མཚན། དེ་བསྐུལ་བའི་ཐབས་དངོས། བསྐུལ་བའི་ཡུན་ཚད། བསྐུལ་བའི་ཕན་ཡོན། མ་བསྐུལ་བའི་ཉེས་དམིགས་སོ། །དང་པོ་ནི། ལུས་དང་ནས་རྡོ་རྗེར་སྒོམ་ཞེས་སོ། །ལུས་དང་ངག་དང་སེམས་རྣམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བགོམ་པར་བྱ་བ་སྟེ། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཚལ་གྱིས་བསྒོམ་པར་བྱ་བ་ཡིན་ལ། དེ་ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་པ་ནི་དོན་དམ་པར་རྡོ་རྗེ་གསུམ་གྱི་དབྱེ་བ་བྱར་མེད་པའོ། །མི་དམིགས་པ་ནི་དེ་གསུམ་ངོ་བོ་ཉིད་ཀྱིས་མ་གྲུབ་པའོ། །གང་ནའང་མི་གནས་པ་ནི། ངོ་བོ་ཉིད་ཀྱིས་གྲུབ་པའི་ཚུལ་གྱིས་གང་ནའང་མི་གནས་པའོ། །མཉམ་པ་ཉིད་ནི་་དོན་དམ་པར་རང་བཞིན་དབྱེར་མེད་ཅིང་མཉམ་པ་སྟེ། དགོངས་མིན་གྱིས་བཤད་པའོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས། མི་འཚོ་སྟེ་ཞེས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རིགས་དྲུག་པ་དེ། རང་བཞིན་གྱིས་དག་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྤྱན་མ་ལ་སོགས་པའོ། །སྔགས་ནི་རྣམ་སྣང་སོགས་ཏེ། དེ་དག་གི་ཚུལ་ནི་ཕན་ཚུན་ཀུན་ཏུ་ཆགས་པའོ། །དེ་ཉིད་ནི་མི་ཟད་པས་ན་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ནི། རིག་པ་སྟེ་ལྷ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ། གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་རོལ་བ་སྟོན་པར་མཛད་དེ་ཅེས་པ་ནི་བསམ་པ་དང་མཐུན་པའི་ཚུལ་གྱིས་བྱང་ཆུབ་ལ་འགོད་པའི་ཆེད་དུ། རོལ་བ་་སྟེ་སྤྲུལ་བ་སྣ་ཚོགས་ཞིག་སྟོན་ལ། དེ་ཡང་ཕྱོགས་རེ་ཙམ་མིན་གྱི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཀླས་པ་ནི་མཐར་ཐུག་པ་རྣམས་སུ་ཡང་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཀྱིས་རོལ་ཅིང་། ལྷ་མོ་རྣམས་དང་ལྷན་ཅིག་དགའ་བས་དགྱེས་པར་མཛད་དོ། །ཡོངས་སུ་སྤྱོད་པ་ནི་ཡབ་ཡུམ་ཕན་ཚུན་དགའ་བ་བསྐྱེད་པར་མཛད་པའོ། །དེ་ལྟ་བུ་མཐའ་ཡས་པ་ཡོད་ཀྱང་། ཡོད་པ་དེ་དག་གིས་ནི་སྔགས་ཀྱི་མིང་སྤྲུལ་ལ་སོགས་པ་དང་དོན་དང་སྤེལ་བ་དང་ཡིད་བཟླས་བྱ་བ་སོགས་ཀྱི་སྒོ་ནས་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ། ཀྱེ་མ་སྒྲུབ་པ་པོ་འདི་དག་ནི་དེ་བཞིན་གཤེགས་པ་་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་རྫོགས་པར་གྱུར་པ་ནི། འདིར་ཆོས་ལས་ཕྱི་རོལ་ཏུ་གྱུར་པ་སྟེ། བྱིན་གྱིས་རློབ་པའི་རྒྱུ་བདེ་སྟོང་གི་ཡེ་ཤེས་ལས་ཕྱི་རོལ་དུ་གྱུར་ཏོ་སྙམ་དུ་དགོངས་ནས། སྤྱན་རས་ཀྱིས་མི་འཚོ་བ་སྟེ་མངོན་དུ་ཕྱོགས་ནས་དངོས་གྲུབ་ཆེན་པོ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབ་པའི་ཆེད་དུ་མི་གཟིགས་པའོ། །གསུམ་པ་སྙིང་བོ་སྐུལ་བའི་ཐབས་ལ་གཉིས། སྙིང་བོ་བསྐུལ་བའི་སྔགས་དང་། བསྐུལ་བའི་ཏིང་ངེ་འཛིན་ཏོ། །དང་པོ་ནི། དེ་བས་ན་ནས། རྗེས་སུ་དྲན་ཞེས་སོ། །རྒྱུ་མཚན་སྔར་བཤད་པ་དེ་བས་ན། སྒྲུབ་པ་པོའི་སྐྱེས་བུ་དམ་པ་དེ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་སྤྱན་རས་ཀྱིས་བཙའ་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་སྔགས་ཐམས་ཅད་ཀྱི་སྙིང་པོ་སྟེ། སྔགས་གང་གིས་ལྷ་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་བསྐུལ་བར་བྱེད་པ་ཞེས་བྱ་བ། རབ་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པའི་ཡི་གེ་ༀ་དང་། སྔ་མ་བཞིན་དུ་རྡོ་རྗེ་འཛིན་མི་བསྐྱོད་པའི་རིགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་་དམ་ཚིག་ལ་དམིགས་པ་ཧཱུཾ་དང་། ཆོས་འཛིན་པ་འོད་དཔག་མེད་ཀྱི་རིགས་་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ཨཱཿསྟེ། འདི་དག་རྡོ་རྗེ་འཆང་ཉིད་ཀྱི་སྐུ་སྤྱི་བོ་དང་གསུང་མགྲིན་པ་དང་ཐུགས་རྡོ་རྗེ་ཐུགས་ཀ་ལས་རིམ་པ་བཞིན་དུ་ཕྱུང་ངོ་། །ཚིག་གི་ལམ་ནི་རྡོ་རྗེ་འཆང་གི་ཞལ་ཏེ། དེ་ནས་ངེས་པར་བརྗོད་པ་ནི་ཡི་གེ་གསུམ་པོ་ཞལ་ནས་གསུངས་པའོ། །དབྱངས་གསལ་རྣམས་ལས་བཏུས་པའི་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ༀ་ཨཱཿ་ཧཱུཾ། །དེ་ནས་ཡི་གེ་གསུམ་པོ་འདི་ནི་གསུངས་པ་ཙམ་གྱིས་མི་བསྐྱོད་པ་ལ་་སོགས་པའི་སངས་རྒྱས་དང་། སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཀུན་དུ་རབ་ཏུ་འདར་ཞིང་བརྒྱལ་བར་གྱུར་པའི་རྣམ་པ་བསྟན་པ་ནི་དགའ་བ་རྒྱ་ཆེན་པོ་ཐོབ་པའོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་ནི། སེམས་ཅན་་ཐམས་ཅད་རྗེས་སུ་འཛིན་པར་ཤེས་པའོ། །གཉིས་པ་བསྐུལ་བའི་ཏིང་ངེ་ལ་གསུམ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། བསྡུས་པ་ཡིན་ཞེས་སོ། །དེ་ནས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དམ་ཚིག་འོག་ནས་འབྱུང་བ་འདི་གསུངས་སོ། །ནམ་མཁའ་ནི་དེ་བཞིན་ཉིད་དེ་འོད་གསལ་ལོ། །དབྱིངས་ནི་འདིར་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་ངོ་། །དབུས་ནི་དེའི་སྙིང་ག་སྟེ་དེ་ལ་གནས་པར་བཀོད་པའི་དཀྱིལ་་འཁོར་ཡེ་ཤེས་སེམས་དཔའ་དམར་པོ་ཡུམ་བཅས་བསྒོམ་པར་བྱ་བའོ། །ཡེ་ཤེས་སེམས་དཔའ་དེ་ཡི་དབུས་སུ་སྟེ་སྙིང་གར་གནས་པའི་ཡི་གེ་ཧཱུཾ་ལ། ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་སྟེ་དེ་བསམ་པར་བྱའོ། །ཡི་གེ་གསུམ་པོ་དེ་དག་རང་གི་གཟུགས་ཀྱི་དབྱིབས་སུ་རབ་ཏུ་བརྟག་པ་སྟེ་བསྒོམ་པར་བྱའོ། །དེའི་ནང་ནས་ཏིང་ངེ་འཛིན་སེམས་དཔའ་ནི་རྡོ་རྗེའི་འོད་ཟེར་ཆེར་འབར་ཞིང་རྣམ་པར་འཕྲོ་བ་བསམ་པར་བྱའོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ནུས་པ་ཐམས་ཅད། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་དྲངས་པར་སྒྲུབ་པ་པོ་དེ་ཡིས་རྣམ་པར་བསྒོམས་ཤིང་། དམ་ཚིག་སེམས་དཔའ་ལ་བཅུག་པ་ཙམ་གྱིས་དེ་མ་ཐག་ཏུ་རྡོ་རྗེ་འཆང་དེ་དང་འདྲ་བར་འགྱུར་རོ། །དེ་མ་ཐག་ནི་འགྲེལ་བའི་འགྱུར་ལྟར་ན་སྐད་ཅིག་གིས་སྤྱན་དྲངས་པ་དང་སྦྱར་དགོས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་་འཛིན་ནི་རྡོ་རྗེ་གསུམ་ངོ་བོ་དབྱེར་མི་ཕྱེད་པའོ། །རྡོ་རྗེ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱལ་བོ་ཆེའོ། །ཀུན་ནི་སྣོད་བཅུད་དེ་དེའི་གཙོ་བོ་ཚངས་པ་ལ་སོགས་པ་སྟེ། དེ་རྣམ་ཀྱི་ཡང་གཙོ་བོ་དང་དབང་ཕྱུག་མཆོག་ནི་རྡོ་རྗེ་འཆང་ངོ་། །རང་གི་དཀྱིལ་འཁོར་ནི་རང་རྡོ་རྗེ་ཆང་དུ་བསྒོམས་པའི་རང་གི་ལུས་ཀྱི་དཀྱིལ་འཁོར་རོ། །རང་གི་རྡོ་རྗེས་ཏེ་རང་གི་སེམས་ཀྱིས་སྐྱེད་པར་བྱེད་པའི་ཆོ་གའི་ཚུལ་དུ་འགྱུར་བ་ནི་འདི་ཉིད་དོ། །བཤད་མ་ཐག་པ་འདི་ནི་་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིའོ། །སྙིང་བོ་ནི་བརྟན་པར་གྱུར་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ། །བསྡུས་པ་ནི་སངས་རྒྱས་བྱང་སེམས་ཀྱི་ནུས་མཐུ་བཀུག་པ་ཡིན་ཞེས་པའོ། །གཉིས་པ་ནི། རང་སྔགས་ནས། བཀའ་སྩལ་ཏོ་ཞེས་སོ། །རང་ཉིད་སྔགས་ཀྱི་སྐྱེས་བུ་རྡོ་རྗེ་འཆང་བསྒོམས་ནས་ནི་བདག་ཉིད་ཀྱི་གནས་བཞི་སྟེ་ཤར་ལ་སོགས་པ་རྣམས་སུ་ཏེ་ཕྱོགས་བཞིར་རྣམ་སྣང་སོགས་གཟུགས་ཀྱི་ཚུལ་ཏེ་སྐུ་མདོག་ཕྱག་མཚན་སོགས་དང་ལྡན་པར་བསྒོམ་མོ། །ཞལ་གསུམ་ལྟ་བུར་སྦྱོར་བ་ཡིས་ནི་འདིར་སྣང་བ་གསུམ་པོ་དེས་ཞལ་གསུམ་མཚོན་པའོ། ཁ་དོག་སྟེ་ཡི་གེ་གསུམ་གྱི་རྣམ་སྣང་སོགས་བཞི་རང་གི་གནས་ཕྱོགས་བཞིར་རབ་ཏུ་བསྒོམ་མོ། །དེས་ལྷ་གཞན་གྱི་གནས་ཀྱང་མཚོན་ནོ། །བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་་འཆང་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་བའོ། །ཞེས་སོ། །གསུམ་པ་ལ་བཞི། ལྷ་ཐམས་ཅད་སེམས་དཔའ་སུམ་བརྩེགས་སུ་བྱ་བ། ཐུགས་བསྐུལ་བའི་ཆོ་ག་དངོས། དེ་རིགས་ཀུན་གྱི་ཟློས་པ་པོས་བྱ་བར་བསྟན་པ། དོན་བསྡུས་པའོ། །དང་པོ་ནི། དེ་ལ་འདི་ནི་ནས། བསྒོམ་པར་བྱ་ཞེས་སོ། །ཐུགས་བསྐུལ་བ་དེ་ལ་འོག་ནས་འཆད་པ་འདི་ནི་མཆོག་དམ་པའོ། །རྡོ་རྗེ་གསང་བ་ནི་དེ་བཞིན་གཤེགས་པའི་གསང་བའོ། །དཀྱིལ་འཁོར་བའི་ལྷ་རྣམས་རེ་རེའི་སྙིང་གའི་དབུས་སུ་ཕྲ་མོ་ཡི་སྟེ་ཕྲ་བའི་ཡེ་ཤེས་སེམས་དཔའ་ནི་བསམ་པར་བྱའོ། །ཡི་གེ་མཆོག་ཏུ་གྱུར་པའི་ཚིག་སྟེ་ཧཱུཾ་ཡིག་ནི་ཡེ་ཤེས་སེམས་་དཔའ་དེ་ཡི་དབུས་སུ་བསམ་པར་བྱའོ། །ཧཱུཾ་དེ་ལས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པའི་རྟག་ཏུ་སྦྱོར་བའི་ཏིང་ངེ་སེམས་དཔའ་བསྒོམ་པར་བྱའོ། །གཉིས་པ་ནི། རྡོ་རྗེ་ཀྱོ་བའི་ནས། བསྐུལ་བར་བྱ་ཞེས་སོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །ཀྱོ་བའི་སྦྱོར་བ་ཡིས་ནི་ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་རྡོ་རྗེ་གསུམ་སྟེ་སེམས་དཔའ་སུམ་བརྩེགས་བྱས་པ་རྣམས་གསལ་བར་བྱས་པ་རྣམ་པར་བསྒོམ་པར་བྱའོ། །དེ་ཡིས་ནི་སེམས་དཔའ་སུམ་བརྩེགས་ཀྱི་འོད་ཟེར་གྱིས་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་ལྷ་རྣམས་ཀྱི་སྙིང་གར་བརྡབ་པར་བྱས་ཏེ་བསྐྱོད་ཅིང་། ལྷ་རྣམས་ཀྱི་ཚོགས་ཇི་སྙེད་པ་བསྐུལ་བར་བྱའོ། །གསུམ་པ་ནི། འདི་ནི་རྡོ་རྗེ་ནས། བསྒོམ་ཞིང་ཞེས་སོ། །བཤད་མ་ཐག་པ་འདི་ནི་རྡོ་རྗེ་ཅན་ཐམས་ཅད་ཀྱི་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱིའོ། །སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་སོ། །བྱང་ཆུབ་ནི་དེ་རྣམས་ཀྱི་ཐུགས་སོ། །རབ་ཏུ་སྒྲུབ་པ་ནི་ཐུགས་ཀྱི་བྱིན་རླབས་སམ་ནུས་པ་འགུགས་པའོ་རྡོ་རྗེ་ཀྱོ་བ་རྣམ་པར་སྒོམ་པ་འདི་ནི། རྡོ་རྗེའི་རིགས་དང་པདྨའི་རིགས་དང་ལ་སོགས་ཏེ་དེ་བཞིན་གཤེགས་པ་དང་རིན་པོ་ཆེ་དང་ལས་ཀྱི་རིགས་ཀྱི་སྒྲུབ་པ་པོས་ཀྱང་ཉམས་སུ་བླང་ངོ་། །བཞི་བ་ནི་སྙིང་ཁ་རུ་ནས་འབྱུང་བ་སྟེ་ཞེས་སོ། །བཤད་མ་ཐག་པའི་སྙིང་ཁ་རུ་ནི་སྟེ་ཐུགས་བསྐུལ་བར་བཤད་པ་འདི་ནི། རོལ་མོ་སྟེ་སྒྲུབ་ཚུལ་སྣ་ཚོགས་སུ་འབྱུང་བས་སོ། །བཞི་བ་ཡུན་ཚད་ནི། རྡོ་རྗེ་ཡི་ནི་ནས། བྱས་ན་ནི་ཞེས་སོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་ཡི་ནི་ཚུལ་ནི་ཐུགས་བསྐུལ་བའི་ཆོ་གའོ། །དེ་ནི་ཕུལ་དུ་བྱུང་བས་ན་མཆོག་གོ །འདི་ནི་ཉིན་ཞག་བདུན་གྱི་བར་དུ་བྱས་ན་ནི་འགྲུབ་ཀྱི་དེའི་གོང་དུ་ནི་མིན་ནོ། །ལྔ་པ་ནི། ཡེ་ཤེས་རྡོ་རྗེ་ནས། མཆོག་བསྒྲུབས་པས་ཞེས་སོ། །ཡེ་ཤེས་རྡོ་རྗེ་ཅན་ནི་སྒྲུབ་པ་པོའོ། །གསང་བ་ནི་བླ་མའི་མན་ངག་གོ །བསྒོམས་པས་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུག་འགྲུབ་པར་འགྱུར་ལ། ཐུགས་རྗེས་སྒྲུབ་པ་པོ་ལ་མཆོག་སྩོལ་བ་དག་རྣམ་པར་གཟིགས་སོ། །སངས་རྒྱས་རྣམས་ཀྱིས་ཡིད་ནི་རང་གིས་དམ་བཅས་པ་ལས་འགལ་བས་འཇིགས་ཤིང་སྐྲག་པར་གྱུར་ནས་ཡིད་ལ་མགུ་ཞིང་དགའ་བར་འགྱུར་བའི་དངོས་གྲུབ་རྒྱ་ཆེན་པོ་ཐམས་ཅད་སྟེང་བར་འགྱུར་རོ། །གང་གིས་སྟེར་ན་སངས་རྒྱས་་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྔགས་ཀྱི་སྤྱོད་པ་མཆོག་སྒྲུབ་པའི་སྐྱེས་བུ་ལ་དངོས་གྲུབ་དེ་རྣམས་སྟེར་རོ། །དྲུག་པ་ནི། རྨོངས་པས་ནས། དེར་ཟད་འགྱུར་ཞེས་སོ། །སྙིང་པོ་བསྐུལ་བར་མི་འདོད་པའི་རྨོངས་པས་དུས་འདབ་བར་བྱས་ན་ནི། དངོས་གྲུབ་ཆེན་པོ་མི་འགྲུབ་པས་སྒྲུབ་པ་པོ་དེ་ཡི་སྲོག་ནི་སྐབས་དེར་ཟད་པར་འགྱུར་རོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །གཉིས་པ་ལ་བཞི། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྫོགས་རིམ་པའི་སྙིང་པོ་བསྐུལ་བ། བསྐུལ་བས་འགྲུབ་པའི་རྣལ་འབྱོར་བ་རྣམས་ཀྱི་ཀུན་་སྤྱོད་བསྟན་པ། མཐར་ཐུག་གི་འབྲས་བུ་བཤད་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་ནས། བཀའ་སྩལ་ཏོ་ཞེས་སོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་རྡོ་རྗེ་གསུམ་གྱི་སྟོན་པ་མཆོག་དང་འཇིག་རྟེན་གསུམ་གྱི་མཆོག་རྡོ་རྗེ་གཙོ་བོ་དེས་གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ལ་གསུམ། གང་གིས་་དོན་དུ་སྙིང་པོ་བསྐུལ་བའི་ཟུང་འཇུག །དེའི་ཐབས་སྙིང་བོ་བསྐུལ་བ། བསྐུལ་བའི་དགོས་པ་གྲུབ་ནས་ཅི་ཞིག་བྱ་བར་བསྟན་པའོ། །དང་པོ་ནི། སྔགས་ཀྱི་ནས། བསྒོམ་པའོ། །སྔགས་ཀྱི་སྐྱེས་བུ་ནི་རྫོགས་རིམ་པོ། །ཇི་སྙེད་པ་ནི་སྙིང་པོ་བསྐུལ་དགོས་པ་རྣམས་སོ། །རྡོ་རྗེ་གསུམ་ནི་སྣང་བ་གསུམ་མོ། །ཡེ་ཤེས་ནི་དེས་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པའོ། །ཡོངས་སུ་རྫོགས་པ་ན ི་སྣང་བ་གསུམ་ལས་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་རྫོགས་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་ནི་སྒྱུ་ལུས་དེ་དབང་པོ་གཉིས་སྦྱོར་ལས་སྒྲུབ་ཀྱི་་དེ་མེད་མིན་པའོ། །དངོས་པོ་ཐམས་ཅད་ནི་སྒྱུ་ལུས་སྒྲུབ་བྱེད་ཀྱི་གཞི་ཐབས་རྣམས་སོ། །བརྟག་པ་ནི་དེས་སྒྱུ་ལུས་བསྐྱེད་པར་བྱ་བའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་ཞེས་པ་འདིས་ཟུང་འཇུག་ཀྱང་སྟོན་ནོ། །བཤད་མ་ཐག་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་བསྒོམ་པའོ། །གཉིས་པ་ནི། རིག་མའི་ནས། བསྒོམ་ཞིག་ཞེས་སོ། །རིག་མའི་དབང་ཕྱུག་ནི་་འོད་གསལ་ལོ། །ཞུགས་པ་ནི་ཕུང་སོགས་མི་སྣང་བར་བྱས་ནས་འཇུག་པའོ། །རྡོ་རྗེའི་སྦྱོར་བ་ནི་བདེན་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་ཟུང་འཇུག་གཅིག་ཏུ་སྦྱོར་བ་བསྐྱེད་དེ་རབ་ཏུ་བསྒོམ་པའོ། གསུམ་པ་ནི། ཆགས་ལ་ནས། དཀྱིལ་འཁོར་རོ་ཞེས་སོ། །ཆགས་ལ་ཞེས་པ་ནི་ཟུང་འཇུག་པས་སྤྲུལ་སྐུར་བསྒྱུར་ནས་སེམས་ཅན་གྱི་དོན་ལ་ཆགས་པ་དང་། ཆགས་པས་བལྟ་བར་བྱ་ནི་གདུལ་བྱའི་སེམས་ཀྱིས་ཟུང་འཇུག་ལོངས་སྤྲུལ་ལ་གུས་པས་བལྟ་བའོ། །འདི་ནི་དམ་ཚིག་གི་དཀྱིལ་འཁོར་ཏེ་དམ་ཚིག་ནི་རྡོ་རྗེ་འཆང་ངོ་། །གསུམ་པ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང་། རྣལ་་འབྱོར་བ་དེས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། དེ་ནས་རྒྱལ་པོ་ནས་བཀའ་སྩལ་ཏོ་ཞེས་སོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ངོ་། དེ་བཞིན་གཤེགས་པ་ནི་དེའི་མིང་ཅན་གྱི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་རྣམས་འོད་གསལ་དུ་བཅུག་པ་ལས་སྐྱེས་པས་ན་དེ་ཀུན་གྱི་སྲས་ཏེ་ཟུང་འཇུག་རྡོ་རྗེ་འཆང་ངོ་། །དེ་ལ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བས་ན་སངས་རྒྱས་ཀྱི་གཙོ་བོ་སྟེ། དེས་གསུང་འདི་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི། འཇིག་རྟེན་ནས་བཀའ་སྩལ་ཏོ་ཞེས་སོ། །འཇིག་རྟེན་གྱི་ཁམས་ནི་ཐམས་ཅད་ན་བུད་མེད་ཇི་སྙེད་ཡོད་པར་གྲགས་པ་ཀུན་གཟུགས་རྡོ་རྗེ་མ་ལ་སོགས་པར་བསྒོམ་ནས་ཡུལ་དེ་དག་ཐམས་ཅད་ལ་ཉེ་བར་སྤྱད་པར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའོ། །སོགས་ནི་འདིར་དང་པོ་སྟེ་སྦྱོར་བ་དང་པོ་དེ་ཁོ་ན་ཉིད་ལ་དམིགས་པའོ། །བྱེ་བ་གྲངས་མེད་པའི་སངས་རྒྱས་ཀྱི་གནས་ཏེ་སྤྲུལ་བ་ནི་རྡོ་རྗེ་འཛིན་གྱི་ལོངས་སྐུ་་དེར་ཏེ་དེ་ནས་སྤྲོ་བར་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་དམ་ཚིག་གིས་་དེ་སྐད་ཅེས་བཀའ་སྩལ་ཏོ། །བཞི་པ་ནི། རྡོ་རྗེ་གསུམ་པོ་ནས་ཚེ་དེས་འཐོབ་ཞེས་སོ། །རྡོ་རྗེ་གསུམ་པོ་མཁའ་འདྲ་བའི་ཞེས་པ་ནི། སྐུ་རྡོ་རྗེ་ལ་་སོགས་གསུམ་ནི་རེག་པར་བྱར་མེད་པས་ནམ་མཁའ་ལྟ་བུ་སྟེ། དེ་འདྲ་བའི་་འབྲས་བུའི་བྱང་ཆུབ་ཟུང་འཇུག་གི་སྦྱོར་བ་འདི་ཡིས་ཐོབ་པར་འགྱུར་རོ། །སློབ་བཞིན་པའི་བྱང་ཆུབ་སེམས་དཔའ་རྣམས་རྒྱལ་བའི་ཡོན་ཏན་འབྱུང་བའི་གནས་ཡིན་པས་རྒྱལ་ཞེས་བྱ་སྟེ། དཔེར་ན་རྒྱ་མཚོ་རིན་པོ་ཆེའི་འབྱུང་གནས་་སུ་གྱུར་བ་བཞིན་ནོ། །ཟུང་འ ཇུག་ཐོབ་ན་བྱང་ཆུབ་སེམས་དཔའ་དེ་དག་གིས་རྡོ་རྗེ་སེམས་དཔའ་ལྟ་བུའི་བདེ་བ་དང་ནད་མེད་པ་དང་ཚེ་རིང་བ་ལ་སོགས་པའི་་ཡོན་ཏན་རྣམས་འཐོབ་པར་འགྱུར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ལེའུ་སྟེ་བཅུ་པའོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནས་སྙིང་པོ་བསྐུལ་བའི་ལེའུ་སྟེ་བཅུ་པའོ།། །།༈ བཅུ་གཅིག་པ་རྡོ་རྗེ་རིག་པའི་སྐྱེས་བུའི་ལེའུས་བཤད་ཚུལ་ལ་གཉིས། །ལེའུའི་གཞུང་བཤད་པ་དང་། མཚན་དོན་ནོ། །དང་པོ་ལ་བཞི། རིག་པའི་སྐྱེས་བུ་མཆོག་གི་སྐུ་སྐྱེད་ཚུལ། མངོན་ཤེས་སྒྲུབ་ཚུལ། རྫོགས་རིམ་པའི་ཏིང་ངེ་འཛིན་གཞན་བསྟན་པ། དབང་ཐོབ་ནས་རྒྱུད་ཀློག་པ་སོགས་ཀྱི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས། སྔགས་ཀྱི་སྐུ་བསྐྱེད་པ་དང་། ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ལེའུ་ལ་སྐབས་དགོད་པ། སྟོན་པའི་གསུང་གིས་སྐྱེད་ཆོག་ཐུན་མོང་དུ་བསྟན་པ། རིགས་བཞིའི་ཏིང་ངེ་འཛིན་སོ་་སོར་རྒྱས་པར་བཤད་པ། རིགས་ལྔའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས། གསུངས་སོ་ཞེས་སོ། །དེ་ནས་བཅོམ་ལྡན་འདས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྔགས་ནི་ༀ་ལ་སོགས་པ་གསུམ་མོ། །དེས་བསྐྱེད་པའི་སྐྱེས་བུ་མཆོག་ནི་ལྷ་སྟེ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་ཏེ། གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་རྡོ་རྗེའི་རིག་པ་ནི་ཡི་གེ་གསུམ་མོ། །སྐྱེས་བུའི་ལེའུ་ནི་ལྷ་བསྐྱེད་པའི་ལེའུ་ཏེ་འདི་གསུངས་སོ། །གཉིས་པ་ལ་ཡི་གེ་གསུམ་གྱི་སྔགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་ཚུལ་དང་། དེའི་ངེས་དོན་བཤད་རྒྱུད་ལས་གསུངས་ཚུལ་གཉིས་ཡོད་ཀྱང་། དང་པོ་ཙམ་ནི། རྡོ་རྗེ་གསུམ་ཡིག་ནས། བཀའ་སྩལ་ཏོ་ཞེས་སོ། །རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེའོ། །དེ་བསྐྱེད་པའི་ཡི་གེ་ནི་ༀ་ལ་སོགས་པ་སྟེ། དེ་ནི་སྔགས་ཐམས་ཅད་ཀྱི་མཆོག་གོ །སྔགས་དེ་ལ་བརྟེན་ནས་ལྷ་སྐུ་ཕྱག་ཆེན་པོ་རྣམ་པར་བསྒོམ་པར་བྱའོ། །བྱང་ཆུབ་ཐམས་ཅད་ནི་མངོན་བྱང་ལྔ་སྟེ། འཐོབ་པ་ནི་དེ་རྣམས་འདྲེན་པའོ་ཐོབ་བྱའི་ཕྱིར་ནི་ཐོབ་བྱེད་པ་ཞེས་འབྱུང་བ་བདེའོ། །ཡེ་ཤེས་རྡོ་རྗེ་ནི་སྒྲུབ་པ་པོ་སྟེ་དེ་དག་གིས་བྱ་བའོ། །ༀ་ནི་ཡེ་ཤེས་ཏེ་རྣམ་སྣང་གི་སྙིང་པོ་སྟེ། མི་ཕྱེད་པའི་རྡོ་རྗེའི་སྐུ་ནི་ཐོབ་པར་བྱེད་པའོ། །ཨཱཿནི་བྱང་ཆུབ་འོད་གསལ་བས་བྱུང་བའི་བདག་མེད་པ་སྟེ་འོད་་དཔག་མེད་པའི་ངོ་བོ་སྟེ་མི་ཕྱེད་པའི་རྡོ་རྗེའི་གསུང་ནི་ཐོབ་པར་བྱེད་པའོ། །ཧཱུཾ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་མི་བསྐྱོད་པ་སྟེ། རྡོ་རྗེ་མི་ཕྱེད་གསུམ་གྱི་ངོ་བོ་མི་བསྐྱོད་པ་ཐོབ་པར་བྱེད་པའོ། །བཅོམ་ལྡན་འདས་ནས་སྔགས་ཀྱི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་ཚུལ་དང་། བརྟེན་པ་ལྷ་བསྐྱེད་ཚུལ་ལོ། །དང་པོ་ནི། ནམ་མཁའ་རྡོ་རྗེའི་ནས་བསྒོམ་པར་བྱ། ཞེས་སོ། །ནམ་མཁའ་རྡོ་རྗེ་ནི་སྟོང་ཉིད་བསྒོམ་པ་སྟེ་ཡེ་ཤེས་ཀྱི་སའོ། །དེའི་དབུས་སུ་ཆོས་འབྱུང་གནས་པར་དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་པར་བསམ་པར་བྱ་སྟེ། དེ་ཡང་རྡོ་རྗེ་་ཀུན་ནི་ལྷ་མོ་བཞིའི་ངོ་བོར་གྱུར་པའི་འབྱུང་བཞི་དང་། དཀྱིལ་འཁོར་ནི་འདིར་སྣ་ཚོགས་རྡོ་རྗེ་བསམ་པའོ། །རྡོ་རྗེའི་སྟེང་དེ་རུ་ཡི་གེ་བྷྲུཾ་བསམ་ཞིང་། དེ་ལས་རྡོ་རྗེའི་སྤྲིན་ཏེ་དེ་བཞིན་གཤེགས་པའི་ཚོགས་རྣམས་ནི་འཕྲོ་བར་བསྐྱེད་པ་སྟེ་བསམ་མོ། །དེ་ལ་བཤད་མ་ཐག་པ་འདི་ནི་ཡེ་ཤེས་རྡོ་རྗེ་རྣམ་སྣང་གི་སྙིང་པོ་སྟེ་ས་བོན་སྟོན་པས་བྷྲུཾ་མོ། །རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡི་གེ་ཧཱུཾ་ཞེས་བྱ་བ་རབ་ཏུ་གནས་པར་བསྒོམ་པར་བྱ་བ་སྟེ། ཧཱུཾ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་པའོ། །དེ་བཞིན་དུ་གསལ་བ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་ཡི་གེ་ༀ་ནི་རྣམ་པར་བསམ་པ་་སྟེ་ༀ་ལས་ཟླ་བ་དང་། ཆོས་ཀྱི་དཀྱིལ་འཁོར་པདྨའི་དཀྱིལ་འཁོར་གྱི་དབུས་་སུ་གནས་པར་ཡི་གེ་ཨཱཿནི་རབ་ཏུ་བསྒོམ་པར་བྱ་བ་ནི་ཨཱཿལས་པདྨ་དམར་པོ་སྐྱེད་པའི་ཚུལ་ལོ། །ཡི་གེ་བྷྲུཾ་གྱི་གནས་པ་བསྒོམས་ཏེ་ནི་སྔར་ལྟར་དཀྱིལ་འཁོར་བཞི་ལས་རྡོ་རྗེ་བསྐྱེད་ཅིང་། དེའི་རྗེས་སུ་རྡོ་རྗེ་གསུམ་འབྱུང་སྟེ་རྡོ་རྗེ་གསུམ་གྱི་ས་བོོན་སོགས་རིམ་གྱིས་བསྒོམ་པར་བྱའོ། །གཉིས་པ་ལ་བཞི། རྡོ་རྗེ་འཆང་གི་དྲན་པ་གཅིག་པ་དང་། རྣམ་སྣང་གི་དང་། འོད་དཔག་མེད་ཀྱི་དང་། མི་བསྐྱོད་པའི་དྲན་པ་གཅིག་པའོ། །དང་པོ་ལ་གསུམ། རྣལ་་འབྱོར་གྱི་རིམ་པ། དེའི་དོན་བསྡུ་བ། གནས་ཀྱི་མཚན་ཉིད་ཕན་ཡོན་དང་བཅས་པའོ། །དང་པོ་སྙིང་པོ་དུས་གསུམ་ནས། རྫོག་པར་འགྱུར་ཞེས་སོ། །སྙིང་བོ་ནི་མཚན་མ་དང་ཡི་གེ་གསུམ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་སྒོམ་པའོ། །དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ནི་ཡི་གེ་གསུམ་མོ། །དེས་དེ་གསུམ་མཉེས་པར་བྱེད་པ་སྟེ་འབྱུང་བའི་གཞིའོ། །ཟླ་བ་དེར་བསྐྱེད་པའི་ༀ་ནི་སངས་རྒྱས་ཀྱི་སྐུའི་མཆོག་སྟེ་ༀ། ཨཱཿནི་སངས་རྒྱས་ཀྱི་གསུང་གི་ལམ་སྟེ་ཨཱཿ། ཧཱུཾ་ནི་ཡེ་ཤེས་ཐུགས་ཀྱི་འཇིང་སྟེ་ཧཱུཾ་མོ། །བྱང་ཆུབ་ནི་འབྲས་བུའི་སྐབས་སོ། །ཚུལ་ནི་དེར་འཁྲིད་པའི་ཐབས་སོ། །དེ་གང་ཞེ་ན། མངོན་བྱང་ལྔ་མཚོན་པའི་རྡོ་རྗེ་དཀར་བོ་རྩེ་ལྔ་བའོ། །རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རྡོ་རྗེ་འཆང་གི་རྣལ་འབྱོར་བ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྒྲུབ་པར་བྱེད་པའོ། །ཡེ་ཤེས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་་སྟེ་དེས་ཕྱག་རྒྱ་ཆེན་པོའི་སྐུ་འདི་རྣམས་སྤྲུལ་བ་སྟེ་བསྟན་ཏོ། །སངས་རྒྱས་ནི་རིན་པོ་ལྟ་བུའི་གང་ཟག་གོ །རྒྱུ་ནི་ལམ་དུས་ཀྱི་འོད་གསལ་གྱི་སྒྱུ་ལུས་སོ། །འབྲས་བུ་ནི་དོན་གྱི་འོད་གསལ་ལོ། །འབྱུང་བ་ནི་སྒྱུ་ལུས་དང་འོད་གསལ་ངོ་བོ་དབྱེར་མེད་པའི་ཟུང་འཇུག་གི་སྐུ་འགྲུབ་པའི་ཕྱིར་བསྟན་ནོ། །འདི་དག་སངས་རྒྱས་སྐྱེས་བུ་སྟེ་ནི་ཡིད་ཀྱིས་བསྒོམས་པའི་ལྷ་རྣམས་སོ། །སྔགས་ཀྱི་རིག་པ་ནི་ལྷའི་སྐུ་ཐུན་བཞིར་བསྒོམ་པ་དང་། དམ་ཚིག་བསྲུང་བ་སོགས་ཀྱང་བསྒྲགས་པ་སྟེ་བཤད་དོ། །དམ་ཚིག་ནི་བསྲུང་བ་དང་བཟའ་བ་ལ་སོགས་པ་དེ་དག་གོ །རྫོགས་པར་འགྱུར་བ་ནི་ལྷའི་སྐུར་རྫོགས་པར་བྱས་ཏེ་སྔོན་དུ་བསྙེན་པ་དང་བཅས་པ་བྱས་པས་སོ། །གང་གིས་བསྒྲགས་པ་ནི་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའི་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བཤད་དོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ནི་ཡིད་གསུམ་མོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་སོགས་གསུམ་མོ། །དེ་ཁོ་ན་ཉིད་ནི་པདྨའི་སྟེང་གི་ཡི་གེ་གསུམ་མོ། །ཡེ་ཤེས་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་རྡོ་རྗེ་དཀར་བོ་རྩེ་ལྔ་བའོ། །བྱིན་གྱིས་རློབ་པའི་དབལ་ནི་དང་པོའི་མགོན་པོར་བསྐྱེད་པའི་རྒྱུད་སྟེ་དེ་སྟོན་པའི་ཏིང་ངེ་འཛིན་ཏོ། །གསུམ་པ་ནི། དབེན་ཞིང་ནས་འགྲུབ་ཅེས་སོ། །དབེན་པ་ནི་འདུ་འཛིར་བྲལ་བའོ། །རབ་ཏུ་ཉམས་དགའ་བ་ནི་མེ་ཏོག་སོགས་ཀྱིས་བརྒྱན་པའོ། །དེ་འདྲ་བའི་གནས་སུ་མངོན་བྱང་ལྔས་རྡོ་རྗེ་འཆང་དུ་བསྐྱེད་པའི་སྦྱོར་བ་འདི་ནི་ཀུན་དུ་བརྩམ་པར་བྱ་་སྟེ། དེས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ནི། ཟླ་བ་ཕྱེད་ཀྱིས་ཏེ་ཡིད་ཆེས་དང་ལྡན་པས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་བརྟེན་ནས་རྫོགས་རིམ་བསྐྱེད་པར་བྱས་ན་ཚེ་འདི་ལ་རྡོ་རྗེ་འཆང་ངེས་པར་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། རྣལ་འབྱོར་དང་། ཕན་ཡོན་དང་། མཇུག་བསྡུ་བའོ། །དང་པོ་ནི། གསལ་བའི་དཀྱིལ་འཁོར་ནས་བསྒོམ་ཞེས་་སོ། །གསལ་བའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །ཞེས་པ་ནི་ཡེ་ཤེས་ཀྱི་ནས་རིམ་གྱིས་བསྐྱེད་དེ། ལྷག་མོས་འོད་གསལ་དུ་བཅུག་པ་ལས་ཡི་གེ་གསུམ་ལས་ཉི་ཟླ་པད་གསུམ་བསྐྱེད་པའི་སྟེང་དུ་་ཡི་གེ་གསུམ་བཀོད་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་པ་ནི་འདིར་གསལ་བའི་དཀྱིལ་འཁོར་རོ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་བཀོད་པ་ལས་ལྷའི་འཁོར་ལོ་བསྒོམ་ལ། དེ་ནས་རྣམ་སྣང་གི་དམ་ཚིག་སེམས་དཔའ་དང་། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཆང་དམར་བོ འམ་རང་འདྲ་ཞལ་གཅིག་ཕྱག་གཉིས་པ་བསྒོམས་ལ། ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ༀ་ནི་་དེའི་སྙིང་གར་བཞག་སྟེ་འོད་ཟེར་ལྔ་འཕྲོ་བར་བསམ་མོ། །རྣམ་པར་སྣང་མཛད་མཆོག་ཏུ་བསྒོམས་པ་ནི་ཡི་གེ་ༀ་ལས་རྣམ་སྣང་གི་སྤྲིན་ཆེན་པོ་སྟེ་ཚོགས་སྤྲོ་བར་བྱའོ། །གཉིས་པ་ནི། འདི་ཡི་ནས་བཀའ་སྩལ་ཏོ་ཞེས་སོ། །ཏིང་ངེ་འཛིན་འདི་ཡིས་ནི་སངས་རྒྱས་ཏེ་བསྐྱེད་རིམ་ཤེས་པ་རྣམས་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་རྒྱ་མཚོ་དང་འདྲ་བ་རང་གི་རིགས་རྣམས་འབྱུང་བར་འགྱུར་རོ། །ཡེ་ཤེས་ལྔ་ལྡན་བསྟེན་ན་ནི་ཞེས་པ་མིང་གི་རྣམ་ཤེས་སོགས་ལྔ་གང་ལ་གནས་པའི་གཟུགས་སོགས་ཡུལ་ལྔ་སྟེ་དེ་བསྟེན་པ་བྱ་བའོ། །སངས་རྒྱས་སྐུ་ནི་འདྲ་བའི་མདོག་ནི་མཚན་དཔེ་དང་ལྡན་པའི་སྐུ་དང་དེ་འདྲ་བའི་རྫུ་འཕྲུལ་གྲུབ་པའོ། །རྡོ་རྗེ་བསྐལ་བ་གསུམ་དུ་གནས་ནི་གཙོ་བོ་རྡོ་རྗེ་སེམས་དཔར་གྱུར་ནས་བསྐལ་བ་གྲངས་མེད་པ་དེ་གསུམ་དུ་བཞུགས་པའོ། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར་བ་ནི་སྔར་ལྟར་ཡིད་ཆེས་ཀྱི་འགྲུབ་པར་འགྱུར་བའོ། །བཅོམ་ལྡན་འདས་སྐུ་རྡོ་རྗེ་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟླ་བའི་དཀྱིལ་འཁོར་རོ། །སྐུ་རྡོ་རྗེ་ནི་མི་ཕྱེད་པའི་འཁོར་ལོའོ། །འོད་ཟེར་བཀོད་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེ་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གསུམ་པ་ལ་གསུམ། རྣལ་འབྱོར། ཕན་ཡོན། མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཀྱི་དཀྱིལ་འཁོར་ནས་ལྔ་ཡི་མཆོག་ཅེས་སོ། །ཟླ་བ་ལ་བྱང་ཆུབ་པའི་བར་སྔར་ལྟར་བྱ་བ་ནི་ནམ་མཁའི་རྡོ་རྗེའི་་དབུས་སུ་བསམ་ཞེས་པ་བསྡུས་ནས་བསྟན་ལ། ཆོས་ཀྱི་དཀྱིལ་འཁོར་དམ་པ་ནི་ཟླ་བ་ལ་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམ་པ་སྟེ། རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད་པ་ནི་འོད་དཔག་མེད་བསྒོམ་པའོ། །ཨཱཿནི་ངག་གི་ལམ་སྟེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་བཞག་པར་བྱའོ། ཁ་དོག་ལྔ་ཡི་པདྨའི་རིགས་ཀྱི་གཙོ་བོ་ཆེན་པོ་འཇིག་རྟེན་དབང་ཕྱུག་ཆོག་བསྒོམ་པ་ཡིས་ཏེ། རང་འོད་དཔག་མེད་དུ་བསྐྱེད་ལ། དམ་ཚིག་སེམས་དཔའ་དང་། ཡེ་ཤེས་སེམས་དཔའ་རྫོགས་པར་བྱས་པ་སྟེ་བསྐྱེད་ནས་ཚིག་གི་དམ་ཚིག་ནི་ཏིང་ངེ་འཛིན་སེམས་དཔའ་ཡང་བསྒོམས་ཏེ་སེམས་དཔའ་སུམ་བརྩེགས་བྱ་བའོ། །ལྔ་ཡི་མཆོག་ནི་རིགས་ལྔ་པོ་ལས་སེམས་དཔའ་སུམ་བརྩེགས་བྱ་བའི་དོན་ནོ། །གཉིས་པ་ནི། ཆོས་ཀྱི་ཚིག་ནས་བཀའ་སྩལ་ཏོ་ཞེས་སོ། །ཆོས་ཀྱི་ཚིག་གི་ལམ་ནི་འོད་དཔག་མེད་ཀྱི་ཏིང་ངེ་འཛིན་ཏོ། གནས་པ་ནི་ཐོབ་པའོ། །རྡོ་རྗེ་ནི་ཀུན་རྫོབ་དང་ཆོས་ནི་དོན་དམ་སྟེ་དེ་དང་ལྡན་པ་ནི་རྡོ་རྗེ་ཆོས་ཞེས་པ་སྟེ་རྡོ་རྗེ་་འཆང་གི་གོ་འཕང་འཐོབ་པར་འགྱུར་པས་ན་དེ་དང་མཚུངས་པར་འགྱུར་བའོ། །ཡེ་ཤེས་ལྔ་ལྡན་སོགས་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་གསུང་རྡོ་རྗེའི་དམ་ཚིག་གང་དུ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །བཞི་པ་ལ་གཉིས། རྣལ་འབྱོར་གྱི་རིམ་པ་དང་། ཕན་ཡོན་ནོ། །དང་པོ་ནི། རྡོ་རྗེའི་དཀྱིལ་འཁོར་ནས་དག་གིས་བྱ་ཞེས་སོ། །རྡོ་རྗེའི་དཀྱིལ་འཁོར་སོགས་རྐང་བ་གཉིས་ཀྱི་དོན་ནི་རྡོ་རྗེ་རྩེ་ལྔ་བ་ཡན་རྡོ་རྗེ་འཆང་གི་སྐབས་ལྟར་བསྐྱེད་ལ། དེ་ལས་མི་བསྐྱོད་པར་བསྐྱེད་དོ། །རང་སྔགས་སྐྱེས་བུ་རྫོགས་པར་བྱས་པ་ནི་དམ་ཚིག་པ་དང་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱའོ། །དེ་ཡི་སེམས་ཏེ་ཡེ་ཤེས་སེམས་དཔའ་ལ་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུཾ་གནས་པ་སྟེ་བསམ་མོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་མི་བསྐྱོད་པའི་བདག་ཉིད་ཅན་གྱི་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ། །རྡོ་རྗེའི་རིགས་ཀུན་བསྡུས་པའི་རྒྱལ་བ་མི་བསྐྱོད་པའི་གནས་ནི་རང་མི་བསྐྱོད་པར་བསྐྱེད་པའི་ཕྱག་རྒྱ་ཆེན་པོའི་གཟུགས་་སོ། །དེ་རྣམས་ཡེ་ཤེས་རྡོ་རྗེ་སྟེ་མི་བསྐྱོད་པའི་སྒྲུབ་པ་པོ་དག་གིས་བྱ་བའོ། །གཉིས་པ་ནི། སྟོན་པ་རྡོ་རྗེ་ནས་ཏིང་ངེ་འཛིན་ཏོ། །ཞེས་སོ། །དེ་ལྟར་བསྒོམས་ན་སྟོན་པ་ནི་རྡོ་རྗེ་འཆང་ངོ་། །རྡོ་རྗེ་ནི་དོན་དམ་པའི་བདེན་པ་དང་་ཐུགས་ནི་ཀུན་རྫོབ་ཀྱི་བདེན་པའོ། །འདྲ་བ་ནི་དེ་གཉིས་ལས་བསྒྲུབས་པའོ། །ཡེ་ཤེས་ཡོན་ཏན་ནི་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ཏོ། །རྒྱ་མཚོར་གྱུར་པ་ནི་་དེ་རྣམས་ཀྱི་འབྱུང་གནས་ཡིན་པའོ། །ཡེ་ཤེས་ལྔ་ལྡན་སོགས་ནི་སྔར་ལྟར་རོ། །རྡོ་རྗེ་ནི་དམ་ཚིག་པ་དང་ཐུགས་ནི་ཡེ་ཤེས་དཔའ་དང་གསང་བ་ནི་ཏིང་ངེ་འཛིན་་སེམས་དཔའ་སྟེ། དེ་གསུམ་གྱི་བདག་ཉིད་ཅན་གྱི་དེ་སྐད་ཅེས་བཀའ་སྩལ་ཏོ། །བཞི་པ་ནི། དེ་བཞིན་གཤེགས་པ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ངོ་། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྣམ་སྣང་སོགས་གསུམ་མོ། །དམ་ཚིག་ནི་དོན་གྲུབ་བོ། །རྡོ་རྗེ་ནི་རིན་འབྱུང་སྟེ། དེ་རྣམས་པའི་ཐབས་ཀྱི་ཏིང་ངེ་འཛིན་ཏོ། །གཉིས་པ་ལ་བཞི། རྗེས་གཞིག་གི་བསམ་གཏན་གྱིས་འོད་གསལ་དུ་གཞུག་པ། དེ་ལས་ལྡང་བའི་་དམ་ཚིག འོད་ཟུང་གི་དེ་ཉིད་རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ཡེ་ཤེས་དཀྱིལ་འཁོར་ནས་བཀའ་སྩལ་ཏོ་ཞེས་སོ། །ཡེ་ཤེས་ཏེ་ཤེས་བྱ་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་སྣོད་དོ། །སྣོད་བཅུད་དེའི་དཀྱིལ་འཁོར་ནི་འཇིག་རྟེན་གསུམ་མོ། །གསུམ་པོ་དེའི་དབུས་སུ་རྡོ་རྗེ་འཆང་ཆེན་པོ་སྟེ་རང་གི་ལུས་སྒྱུ་མའི་སྐུར་བསྒོམ་པར་བྱ་སྟེ། ལུས་རྣམས་ཀུན་ཏེ་སྣོད་བཅུད་ལ་ཡི་གེ་ཁཾ་དམིགས་པ་ནི་སྣོད་བཅུད་སྒྱུ་ལུས་རྣམས་རིམ་གྱིས་འོད་གསལ་དུ་གཞུག་པའོ། །དེ་ལྟར་བྱས་ན་འོད་གསལ་གྱི་རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་མཉམ་པ་་སྟེ་དེ་དང་འདྲ་བ་འགྱུར་བ་ནི། སྒྱུ་ལུས་དང་འོད་གསལ་གཉིས་ངོ་བོ་གཅིག་ཏུ་འགྱུར་བའོ། ཁཾ་ནི་འོད་གསལ་མཚོན་པའོ། །འོད་གསལ་དེ་ལ་ཡང་སངས་རྒྱས་རྣམ་སྣང་སོགས་ཀྱི་མིང་གིས་བཏགས་པའི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། བྱང་ཆུབ་སེམས་དཔའ་སྟེ་ས་སྙིང་ལ་སོགས་པར་བཏགས་པའི་མིང་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དང་ཡང་དུ་སྟེ། རྡོ་རྗེ་འཕྲེང་བ་ལས། གཟུགས་ཕུང་གཏོགས་དང་ཞེས་སོགས་འོད་གསལ་དུ་འཇུག་པར་བཤད་པའི་རིམ་པས་མཆོད་པ་དང་། སྐལ་བ་གསུམ་ནི་ཡེ་ཤེས་གསུམ་མོ། །དམ་ཚིག་གནས་ནི་འོད་གསལ་དུ་ཞུགས་པའོ། །དེར་གནས་པ་ནི་སངས་རྒྱས་ཀྱིས་ཏེ་ཡེ་ཤེས་གསུམ་པོ་དེས་ཀྱང་གཟིགས་པ་སྟེ་མཐོང་བར་མི་འགྱུར་ཏེ། སྣང་མེད་དུ་ཞུགས་པས་སོ། །བཅོམ་ལྡན་འདས་ནམ་མཁའ་རྡོ་རྗེ་ནི་འོད་གསལ་ལོ། །རྡོ་རྗེ་དམ་ཚིག་ནི་ཟུང་འཇུག་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི། སྐུ་དང་གསུང་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །སྐུ་དང་གསུང་དང་ཐུགས་ནི་མ་དག་པའི་སྒྱུ་མའི་སྐུའོ། །མི་སྣང་བ་ནི་དེ་འོད་གསལ་དུ་ཞུགས་པའོ། །འབྱུང་བ་ནི་འོད་གསལ་ལས་སྐྱེ་བའོ། །བཀོད་པ་ནི་རླུང་སེམས་ལས་གྲུབ་པའི་ཟུང་འཇུག་གོ །འཕྲེང་བ་ནི་སྐུ་དེའི་སྤྲུལ་བ་རྣམ་སྣང་སོགས་གཞན་དོན་ལ་འཇུག་པའོ། །དེ་འདྲ་བའི་ཏིང་ངེ་འཛིན་ལ་དམིགས་པས་དེ་སྐད་ཅེས་བྱའོ། །གསུམ་པ་ནི། རྡོ་རྗེའི་དཀྱིལ་་འཁོར་ནས་དེར་འགྱུར་རོ་ཞེས་སོ། རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི་ཞེས་པ་ནི་འོད་གསལ་གྱི་དབུས་ཏེ་དེ་ལས་བྱུང་བའོ། །རང་སྔགས་སྐྱེས་བུ་ན ི་ལོངས་སྐུར་རབ་ཏུ་བསྐྱེད་ཅིང་བསམ་པའོ། །དེས་ལུས་རགས་པའི་སྤྲུལ་སྐུ་འཛིན་པ་་ཡང་སྡུད་དོ། །ལུས་རགས་པ་བཟུང་སྟེ་སྙིང་གར་རྡོ་རྗེ་སྟེ་མི་ཤིགས་པའི་ཡི་གེ་ཧཾ་ཞེས་པ་བཞག་སྟེ་འོད་ཟེར་འཕྲོ་བ་རྣམ་པར་བསྒོམ་པར་བྱའོ་ཧཾ། འཇམ་པ་ནི་མི་འཇིགས་པའོ། །དབལ་ན ི་འོད་གསལ་ལ་ལོ། །དམ་ཚིག་ནི་འོད་གསལ་ལས་བྱུང་བའི་ཟུང་འཇུག་གོ །ལོངས་སྤྱོད་ནི་འཕགས་པའི་སྤྱོད་ཡུལ་་དུ་གྱུར་པ་ཁོ་ནའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་སྤྲུལ་བའི་རྡོ་རྗེ་གསུམ་མངའ་བའོ། །ས་བཅུ་ནི་རླུང་བཅུའོ། །དེ་དག་ལ་གནས་པ་ནི་རླུང་ལ་དམིགས་ནས་རྡོར་བཟླས་བྱེད་པའོ། །བྱང་ཆུབ་ན ི་དོན་་དམ་པའི་བདེན་པ་འོད་གསལ་ལོ། །སེམས་དཔའ་ན ི་ཀུན་རྫོབ་སྒྱུ་ལུས་ཏེ་རྡོར་བཟླས་བྱས་ན་ཟུང་འཇུག་གི་སྐུ་དེར་འགྱུར་རོ། །བཞི་པ་ནི། བྱང་ཆུབ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི་ཟུང་འཇུག་གོ །དམ་ཚིག་ཀྱང་དེ་ཉིད་ལ། ཚིམ་པར་བྱེད་པས་ན་ཟླ་བའོ། སེམས་ཅན་གྱི་དོན་རྟག་ཏུ་མཛད་པས་ན་རྡོ་རྗེ་སྟེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །གཉིས་པ་ལ་གཉིས། བསྐྱེད་རིམ་པའི་མངོན་ཤེས་་དང་། རྫོོགས་རིམ་པའི་མངོན་ཤེས་སྒྲུབ་ཚུལ་ལོ། །དང་པོ་ལ་གཉིས། བྱང་ཆུབ་སེམས་དཔའ་ལྔའི་སྒོ་ནས་དེ་སྒྲུབ་ཚུལ་དང་། དེ་བཞིན་གཤེགས་པ་ལྔའི་སྒོ་ནས་དེ་སྒྲུབ་ཚུལ་ལོ། །དང་པོ་ལ་ལྔ། མིག་ས་སྙིང་གི །རྣ་བ་ཕྱག་རྡོར་གྱི། སྣ་ནམ་སྙིང་གི །ལྕེ་འཇིག་རྟེན་དབང་ཕྱུག་གི །ལུས་སྒྲིབ་སེལ་གྱི་སྒོ་ནས་མངོན་ཤེས་སྒྲུབ་ཚུལ་ལོ། །དང་པོ་ནི། འོད་ཟེར་འབར་ནས་སྒྲུབ་པའོ་ཞེས་སོ། །མངོན་བྱང་ལྔས་རྡོ་རྗེ་འཆང་དུ་བསྐྱེད་པ་དེ་ཉིད་སྤྲུལ་སྐུར་བསྒྱུར་ནས། མིག་སྟོང་བར་སྦྱངས་ཏེ་དེའི་དབུས་སུ་འོད་ཟེར་ཤིན་ཏུ་འབར་བའི་ཡི་གེ་ཐླྷཱིཾ་བསྒོམ་པར་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ་པ་ནི་སྔར་ལྟར་རོ། །འོད་ཟེར་ནི་མཚོན་ཆ་སྟེ་མཆོག་ནི་བརྒྱ་བྱིན་ལ་སོགས་པ་དང་བགེགས་རྣམས་འཇོམས་པར་བྱེད་པའོ། །ཐླྷཱིཾ་དེ་རྡོ་རྗེའི་ལུས་དག་གིས་ཏེ་སའི་སྙིང་པོའི་ངོ་བོར་བསྒོམ་པར་བྱའོ། །རྡོ་རྗེའི་སྐུ་དང་འདྲ་བར་འགྱུར་ཞེས་པ་ནི་རྡོ་རྗེ་འཆང་དང་འདྲ་བར་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་གཟིགས་པར་འགྱུར་པའོ། །ཐླྷཱིཾ་ནི་ས་སྙིང་མཚོན་པའི་ས་བོན་ནོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ངོ་། །བཀོད་པ་ནི་དེའི་ཕྱག་ཆེན་ནོ། །གནས་ནི་ས་སྙིང་བྱུང་བའི་གནས་ཏེ། དེ་སྟོན་པའི་ཏིང་ངེ་འཛིན་ཏོ། །སངས་རྒྱས་ནི་དུས་གསུམ་གྱི་རྒྱལ་བ་རྣམས་སོ། །མངོན་ཤེས་དམ་ཚིག་མཆོག་ནི་མངོན་ཤེས་ལྔའོ། །མངོན་ཤེས་དེའི་སྒོ་ནས་ཕྱོགས་གཅིག་གིས་རྡོ་རྗེ་འཆང་དང་དྲ་བར་འགྱུར་བའོ། །ལྷའི་མིག་གི་མངོན་ཤེས་འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་གཞིའོ། །སངས་རྒྱས་ནི་རང་གི་སེམས་སོ། །དེ་ཇི་ལྟ་བ་བཞིན་ཤེས་པའི་མངོན་ཤེས་ནི་དངོས་གྲུབ་ཀྱི་མཆོག་ཡིན་ལ་དེ་སྒྲུབ་པར་བྱེད་པའོ། །གཉིས་པ་ནི། ནམ་མཁའི་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནི་རྣ་བ་སྟོང་བར་བསྒོམས་པའི་དབུས་སུ་བསྒོམ་པ་སྟེ། སངས་རྒྱས་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དམ་པ་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་བས་བསམ་མོ། །རྡོ་རྗེ་སེམས་དཔའ་དེ་རབ་ཏུ་བསྒོམ་ཞིང་བསྐྱེད་པར་བྱ་ལ། ཡེ་ཤེས་ཏེ་ཕྱག་རྡོར་དེ་བསྐྱེད་པའི་ཡི་གེ་ༀ་ནི་རྣ་བར་བསྒོམ་བར་བྱའོ། །རྡོ་རྗེ་དམ་ཚིག་གསུམ་ནི་ཕྱག་རྡོར་ཏེ་དེའི་ངོ་བོ་ༀ་བསྒོམས་པས་རྡོ་རྗེ་མི་བསྐྱོད་གསུམ་ནི་རྡོ་རྗེ་འཆང་སྟེ་དེ་དང་འདྲ་བར་སྒྲ་ཐམས་ཅད་ཐོས་པར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་སྟེ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཕན་ཡོན་ནི་མི་བསྐྱོད་པ་ཡི་སྐུ་དང་འདྲ་བ་་དང་གསུང་དང་ཐུགས་ཀྱི་མཆོག་འདྲ་བའང་འཛིན་ལ། འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་དུ་མི་བསྐྱོད་རྡོ་རྗེ་སྟེ་ཕྱག་རྡོར་གྱི་མཆོད་པ་སྟེ་དངོས་གྲུབ་སྟེར་བར་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་མི་བསྐྱོད་པའི་སྐུ་དང་མཉམ་པར་མངོན་པར་འབྱུང་བའི་དམ་ཚིག་གི་རྡོ་རྗེ་ནི་ཕྱག་རྡོར་དང་འདྲ་བར་འགྱུར་བ་་དང་དེ་བསྐྱེད་པའི་ཏིང་ངེ་འཛིན་ཏོ། །གསུམ་པ་ནི། ནམ་མཁའི་དབྱིངས་ནས་ཏིང་ངེ་འཛིན་ཏོ་ཤེས་སོ། །དམ་མཁའི་དབྱིངས་ཀྱི་དབུས་སུ་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དེ་ནས་མངོན་བྱང་ལྔས་དང་པོའི་མགོན་པོར་བསྐྱེད་པ་སྤྲུལ་སྐུར་བསྒྱུར་ཏེ། སངས་རྒྱས་དཀྱིལ་འཁོར་འོད་བཟང་ནི་རྡོ་རྗེ་འཆང་གི་སྐུའི་དཀྱིལ་འཁོར་བསམ་པར་བྱའོ། །ནམ་མཁའི་རྡོ་རྗེ་རབ་བསྒོམས་ལ་ནི། རྡོ་རྗེ་འཆང་གི་གཟུགས་ཀྱི་སྣའི་དབང་པོར་ནམ་མཁའ་རྡོ་རྗེ་སྟེ་འོད་གསལ་བསྒོམ་པའོ། །རིན་ཆེན་ནི་ནམ་མཁའི་སྙིང་པོ་སྟེ་སྐྱེད་པར་བྱེད་པའི་ༀ་ནི་བསམ་པར་བྱའོ། །ༀ། རྡོ་རྗེ་གསུམ་ནི་དྲི་ཡིད་དུ་འོང་མི་འོང་བར་མ་གསུམ་སྟེ། དེ་གསུམ་དང་མཉམ་པར་གྱུར་པར་མཛད་པའི་རྡོ་རྗེ་དམ་ཚིག་ནི་ནམ་སྙིང་ངོ་། །ༀ་ཡིག་དེ་ནམ་མཁའི་སྙིང་པོའི་ངོ་བོར་བསྒོམས་པས་རྡོ་རྗེ་གསུམ་ཏེ་རྡོ་རྗེ་འཆང་དང་འདྲ་བར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་དྲི་ལ་སྤྱོད་པར་འགྱུར་རོ། །ལུས་དང་ངག་དང་སེམས་ཀྱི་རྡོ་རྗེ་ཡིས་དེ་ལྟར་བསྒོམས་པས། དཀོན་མཆོག་དཔལ་གྱི་འོད་དེ་རིན་འབྱུང་དང་་འདྲ་བར་འ གྱུར་རོ། །སྒྲུབ་པ་པོ་དེ་ནི་བདག་མེད་བྱང་ཆུབ་ནི་འོད་གསལ་དང་་ཡེ་ཤེས་ནི་སྟོང་བ་བཞིའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། དམན་པ་ལ་གསང་བར་བྱ་བ་དང་དེ་དང་མཉམ་པའི་གནས་སུ་འགྱུར་བའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དཀོན་མཆོག་དབལ་ཏེ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །རིན་པོ་ཆེའི་དམ་ཚིག་ནི་དྲི་རྣམ་པ་གསུམ་་སྟེ་དེ་ལ་ལོངས་སྤྱོད་པའི་རྡོ་རྗེའི་ཚུལ་ནི་ནམ་སྙིང་ངོ་། །དེ་སྐྱེད་པའི་ཏིང་ངེ་་འཛིན་ལ་དེ་སྐད་ཅེས་བྱའོ། །བཞི་པ་ནི། ནམ་མཁའི་དབྱིངས་ནས་ཏིང་ངེ་་འཛིན་ཏོ་ཞེས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ་ནི་ནམ་མཁའི་སྙིང་པོའི་སྐབས་སུ་བཤད་པ་ལྟར་རྡོ་རྗེ་འཆང་དུ་བསྐྱེད་ལ། དེའི་ལྕེའི་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་ནི་སྟོང་ཉིད་རབ་ཏུ་བསྒོམས་ལ། ཆོས་ནི་སྤྱན་རས་གཟིགས་ཏེ། དེ་སྐྱེད་པར་བྱེད་པའི་་ཡི་གེ་ༀ་ནི་དེའི་ངོ་བོར་བསྒོམ་པར་བྱའོ། །ༀ། རྡོ་རྗེ་གསུམ་ནི་རོ་རྣམ་པ་གསུམ་མོ། །རྡོ་རྗེ་དམ་ཚིག་གསུམ་ནི་རོ་རྣམ་པ་གསུམ་དང་མཉམ་པར་གྱུར་པའི་འཇིག་རྟེན་དབང་ཕྱུག་སྟེ་ལྕེ་ལ་ༀ་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒོམས་པའི་སྒོ་ནས་རོ་རྣམ་པ་གསུམ་ལ་ལོངས་སྤྱོད་བའོ། །རྡོ་རྗེ་གསུམ་དཔག་མེད་ནི་རྡོ་རྗེ་འཆང་སྟེ་འཇིག་རྟེན་ཁམས་ཐམས་ཅད་ཀྱི་རོ་མྱང་བ་ལ་དེ་དང་འདྲ་བར་འགྱུར་ཞིང་། ལུས་དང་ངག་དང་སེམས་རྡོ་རྗེ་ཡི་གཟི་བརྗིད་འོད་དཔག་ཏུ་མེད་པ་དང་འདྲ་བར་འགྱུར་རོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཐེག་པ་ཆེན་པོའི་ལམ་ནི་འབྱུང་བ་སྟེ་སྐྱེད་པར་གྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འོད་དཔག་མེད་པ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ངོ་། ཁམས་གསུམ་གྱི་རོ་ལ་སྤྱོད་པ་ནི་རྡོ་རྗེ་འོད་ཀྱི་དཔལ་འཇིག་རྟེན་དབང་ཕྱུག་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ལྔ་པ་ནི། ནམ་མཁའི་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །ནམ་མཁའི་དབྱིངས་ཞེས་སོགས་རྐང་བ་གཉིས་སྔར་ལྟར་དང་པོའི་་སྦྱོར་བར་བྱས་ཏེ། རྡོ་རྗེ་པདྨ་ལ་བསྒོམས་ལ་ནི་རྡོ་རྗེ་ཨུཏྤལ་རབ་བསྒོམས་ལ་ཞེས་པ་ཞིག་ཐོབ་པར་སྣང་སྟེ། དམ་ཚིག་ༀ་ནི་རབ་ཏུ་བསྒོམས་ནས་རྡོ་རྗེ་ཨུཏྤལ་ཁ་ཟུམ་པའི་རྣམ་པ་ཅན་དུ་བསྒོམ་པར་བཤད་པས་སོ། །ༀ། རྡོ་རྗེ་གསུམ་ནི་རེག་བྱ་རྣམ་པ་གསུམ་དང་། དམ་ཚིག་ནི་སྒྲིབ་སེལ་ཏེ་དེ་སྐྱེད་པར་བྱེད་པའི་ༀ་ནི་ལུས་དབང་གི་གནས་རྡོ་རྗེ་འོད་གསལ་དུ་སྦྱངས་པའི་ཚུལ་གྱིས་བསྒོམས་པས། རྡོ་རྗེ་གདོན་མི་ཟ་བར་གྲུབ་པ་རྡོ་རྗེ་འཆང་དང་འདྲ་བར་འཇིག་རྟེན་ཁམས་ཀྱི་རེག་བྱ་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་རོ། །ལུས་་དང་ངག་དང་སེམས་རྡོ་རྗེ་ཡི་སྒོ་ནས་རྡོ་རྗེ་ཐོགས་མེད་དོན་གྲུབ་དང་འདྲ་བའི་འོད་དུ་འགྱུར་ཞིང་། སྒྲུབ་པ་པོ་དེ་ནི་དགའ་བ་དེའི་དཔལ་དང་ལྡན་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོ་མངའ་བའི་དོན་གྲུབ་ལྟ་བུར་སེམས་ཅན་ཀུན་གྱི་དོན་བྱེད་པར་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་གདོན་མི་ཟ་བ་སྟེ་རྡོ་རྗེ་་འཆང་གིས་དེ་སྐད་བཀའ་སྩལ་ཏོ། །གདོན་མི་ཟ་བའི་དམ་ཚིག་ནི་དོན་གྲུབ་བོ། །དེ་ལས་སྐྱེས་པ་ནི་སྒྲིབ་སེལ་ཏེ། འོད་ཟེར་གྱི་ཡེ་ཤེས་མཆོག་འབྱུང་བ་ནི་འོད་ཟེར་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྟེ། དེ་གང་དུ་འབྱུང་བའི་ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་པ་ལ་གསུམ། མིག་ཏུ་རྣམ་སྣང་བཀོད་ནས་མངོན་ཤེས་སྒྲུབ་ཚུལ། མངོན་ཤེས་སོགས་སྒྲུབ་པའི་གནས་བསྟན་པ། མིག་སོགས་ལ་དེ་བཞིན་གཤེགས་པ་བཞི་བཀོད་ནས་མངོན་ཤེས་སྒྲུབ་ཚུལ་ལོ། །དང་པོ་ནི། ནམ་མཁའི་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དབུས་སུ་ནི་དེའི་ངང་ནས་མངོན་བྱང་ལྔས་རིམ་གྱིས་ལྷའི་སྐུར་བསྐྱེད་པའི་སངས་རྒྱས་དཀྱིལ་འཁོར་དམ་པ་རྡོ་རྗེ་འཆང་གི་སྐུར་བསམ་ཞིང་བསྒོམས་པའི་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་གི་བར་དེ་བཞིན་གཤེགས་པ་གཞན་་དགོད་པ་ལའང་འདྲ་ལ། ལས་རྒྱལ་མཆོག་ནི་རྡོ་རྗེ་འཆང་དེའི་མིག་གི་གནས་་སུ་རྡོ་རྗེ་རྣམ་པར་སྣང་མཛད་རབ་ཏུ་བསྒོམས་ལ། སྐུ་གསུམ་ནི་རྣམ་སྣང་སྟེ་ༀ་ནི་དེའི་ངོ་བོར་རབ་ཏུ་བསྒོམ་པར་བྱ་སྟེ་ༀ་ལས་རྣམ་སྣང་བསྐྱེད་བའི་ཚུལ་ལོ། །ༀ་རྡོ་རྗེ་གསུམ་ནི་གཟུགས་རྣམ་པ་གསུམ་མོ། །རྡོ་རྗེ་དམ་ཚིག་ནི་ཡུལ་གསུམ་་དང་མཉམ་པར་གྱུར་པའི་རྣམ་སྣང་ངོ་། །དེ་མིག་ཏུ་བསྒོམས་པས་རྣམ་པར་སྣང་མཛད་དེ་རྡོ་རྗེ་འཆང་དང་མཉམ་པར་འགྱུར་རོ། །དེ་ལྟར་བསྒོམས་པས་ལུས་དང་ངག་དང་ཡིད་རྡོ་རྗེ་ཡི་སྒོ་ནས་རྣམ་པར་སྣང་མཛད་དང་འདྲ་བའི་འོད་དེ་གཟི་བརྗིད་མཉམ་པར་འགྱུར་རོ། །དེ་ནི་ཡེ་ཤེས་ཀྱི་ལུས་ཅན་གྱི་རྫོགས་པའི་བྱང་ཆུབ་སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པར་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་བཀའ སྩལ་ཏོ། །ལུས་དང་ངག་དང་ཡིད་ཀྱིས་གཟུང་བྱའི་རྡོ་རྗེ་འཆང་དམིགས་ཤིང་། གཟུགས་རྣམ་པ་གསུམ་མངོན་པར་རྟོགས་པས་ན་མངོན་པར་བྱང་ཆུབ་པའོ། །དེ་ཉིད་མི་ཟློག་པས་རྡོ་རྗེ་སྟེ་དེ་སྐྱེེད་པར་བྱེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གཉིས་པ་ལ་དྲང་ངེས་གཉིས་ལས། དང་པོ་ནི། རྣམ་པར་དབེན་ནས་བསྒོམ་ཞེས་སོ། །འདུ་འཛིས་རྣམ་པར་དབེན་པའི་གནས་རི་བོ་དང་ཀླུང་དང་འབབ་ཆུ་རྣམས་དང་ནི་དུར་ཁྲོད་ལ་སོགས་པར་ཡང་བསམ་གཏན་བསྡུས་པ་སྟེ་བཤད་མ་ཐག་པའི་ཏིང་ངེ་འཛིན་གྱི་ཚོགས་འདི་དག་བསྒོམ་པར་བྱའོ། །གཉིས་པ་དེའི་ངེས་དོན་ནི་ཕྱག་རྒྱ་མ་སྟོན་པ་སྟེ། རྣམ་པར་དབེན་པའི་རི་བོ་ནི་སྐྱེས་པ་གཞན་མི་བརྟེན་པའི་བུད་མེད་དོ། །ཀླུང་དང་འབབ་ཆུ་ནི་སྨད་འཚོང་མ་ལ་སོགས་པ་དང་འདྲ་བའོ། །དུར་ཁྲོད་ནི་རིགས་ངན་གྱི་བུ་མོའོ། །དེ་རྣམས་དང་ལྷན་ཅིག་འདི་དག་བསྒྲུབ་པར་བྱའོ། །གསུམ་པ་ནི། མི་བསྐྱོད་ཡེ་ཤེས་ནས་བཀའ་སྩལ་ཏོ་ཞེས་སོ། །མི་བསྐྱོད་པའི་ཡེ་ཤེས་བསྐྱེད་པའི་ས་བོན་ༀ་སྟེ། དེ་ལས་བྱུང་བ་ནི་མི་བསྐྱོད་པའོ། །དག་ལ་སོགས་ནི་རིན་འབྱུང་དང་སྣང་མཐའ་དང་དོན་གྲུབ་སྟེ། དེ་རྣམས་ཀྱང་རང་རང་གི་ས་བོན་ལས་བསྐྱེད་ནས་རྣ་བ་སོགས་ལ་འགོད་པའོ། །རྡོ་རྗེ་ནམ་མཁའི་དཀྱིལ་དུ་བསམ་ནི་སྔར་ལྟར་དབང་བོ་རྟེན་བཅོས་འོད་གསལ་དུ་སྟོང་བར་སྦྱངས་ནས། མངོན་ཤེས་ལྔ་བོའི་སྦྱོར་བ་ཡིས་ཏེ། རྡོ་རྗེ་འཆང་གི་རྣལ་་འབྱོར་གྱིས་མིག་ལ་སོགས་པའི་གནས་སུ་སངས་རྒྱས་གཞན་བཞི་བསྒོམས་པའི་ཚུལ་སྔར་བཞིན་བྱ་བའོ། །བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་ནི་རྡོ་རྗེ་་འཆང་གི་མི་ཕྱེད་པའི་དམ་ཚིག་གོ །དམ་ཚིག་དེ་མངོན་པར་མཁྱེན་པའི་རྡོ་རྗེ་་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ལ་གཉིས། ཡན་ལག་གི་རླུང་གིས་མངོན་ཤེས་སྒྲུབ་ཚུལ་དང་། དེ་ལྟར་སྒྲུབ་པའི་རྟེན་བསྟན་པའོ། །དང་པོ་ནི། རྡོ་རྗེ་ཆེན་པོ་ནས་འདྲ་བར་འགྱུར་ཞེས་སོ། །རྫོགས་རིམ་པའི་མངོན་ཤེས་ལ། རྡོ་རྗེ་ཆེན་པོ་ནི་དབང་པོ་ལྔ་ཡུལ་ལ་འཇུག་པ་ནི་མི་བཟློག་པའོ། །རྩེ་ལྔ་བ་ནི་དབང་བོ་ལྔས་ཡུལ་རྣམས་འབིགས་པའོ། །འབར་བ་ལྔ་ནི་ཡན་ལག་གི་རླུང་ལྔའོ། །རྣམ་པར་བརྒྱད་ནི་རླུང་ལྔ་བ་རང་གི་ཡུལ་ལ་འཇུག་པ་དང་སྡུད་པའོ། །གནས་ལྔ་ནི་གཟུགས་སོགས་ལུས་ལྔའོ། །དག་ཏུ་སྦྱོར་བ་ཡིས་ནི་ཡུལ་དེ་དག་ཏུ་རྣམ་ཤེས་རབ་ཏུ་སྦྱོར་བ་སྟེ་འབྱུང་དང་ལྡོག་པ་ལ་རྡོར་བཟླས་བྱས་པས། རྡོ་རྗེ་མངོན་ཤེས་ཏེ་རྡོ་རྗེ་འཆང་གི་མངོན་ཤེས་དང་་འདྲ་བར་འགྱུར་རོ། །མེ་སྟག་མང་བོ་འཁྲུགས་པ་ཡི་ནི་ཡན་ལག་གི་རླུང་རེ་རེ་་ཡང་འོད་ཟེར་ལྔ་འཕྲོ་བའི་བདག་ཉིད་ཅན་ནོ། །རང་སྔགས་འཁོར་ལོ་ནི་རང་གི་ངང་གིས་ནང་དུ་འཇུག་པ་དང་གནས་པ་དང་ཕྱིར་སྡང་བའི་རང་གདངས་གསུམ་ཡི་གེ་གསུམ་གྱི་གདངས་སུ་ཟློ་བའི་ཚུལ་དུ་བསྒོམ་པར་བྱ་བའོ། །རྡོ་རྗེ་ལྔ་ནི་ཡན་ལག་གི་རླུང་གི་ཁ་དོག་ལྔ་སྟེ། རླུང་དེ་རྣམས་ཀྱི་སྦྱོར་བ་ཡི་སྟོབས་ཀྱིས་རྡོར་བཟླས་བྱས་པས་རྡོ་རྗེ་མངོན་ཤེས་དང་འདྲ་བར་འགྱུར་རོ། །གཉིས་པ་ནི། རྡོ་རྗེ་ནམ་མཁའི་ནས་འདྲ་བར་འགྱུར་ཞེས་སོ། །རྡོ་རྗེ་ནམ་མཁའ་ནི་འོད་གསལ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུའོ། །དཀྱིལ་ཉིད་དུ་ཆུད་པ་ནི་སྐུ་་དེའི་མིག་ལ་སོགས་པའོ། །འཁོར་ལོ་སངས་རྒྱས་ནི་རྣམ་སྣང་ལ་སོགས་པའོ། །འབར་བའི་འོད་ནི་དཀར་པོ་ལ་སོགས་པའི་འོད་ཟེར་ཏེ། ལྔ་བོ་དེ་རྣམས་དང་་འདྲ་བའི་མདོག་ཅན་གྱི་རླུང་མིག་ལ་སོགས་པའི་སྒོ་ནས་རྒྱུ་བར་ཤེས་པའོ། །སངས་རྒྱས་ནི་ཡུལ་ལྔའོ། །ཡུལ་ལྔ་ལ་རླུང་ལྔ་འཇུག་པར་རབ་ཏུ་བསྒོམ་པ་ནི་རླུང་སྔགས་དབྱེར་མེད་དུ་སྦྱོར་བའོ། །དེས་སངས་རྒྱས་ནི་མི་སློབ་པའི་ཟུང་འཇུག་གི་ཕུང་པོ་ལྔ་དང་། དེའི་གནས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བར་འགྱུར་རོ། །གསུམ་པ་ལ་གསུམ། རྡོ་རྗེ་གསུམ་གྱི་རིལ་འཛིན་གྱི་ཏིང་ངེ་འཛིན་དང་། དེའི་ཕན་ཡོན་དང་། རྡོ་རྗེ་གསུམ་གྱི་རྗེས་གཞིག་གི་ཏིང་ངེ་་འཛིན་བཤད་པའོ། །དང་པོ་ནི། སངས་རྒྱས་ནས་གྱུར་པར་བཞག་ཅེས་སོ། །འདིར་སངས་རྒྱས་ནི་རྟོགས་བྱ་སྟེ་ཤེས་བྱའི་དཀྱིལ་འཁོར་རོ། །དེའི་དབུས་སུ་གནས་པ་སྟེ་ནང་དུ་གཏོགས་པའི་བདག་གི་ལུས་ནི་ཁམས་གསུམ་པའི་ལུས་ཀྱི་ངོ་བོར་མོས་ནས། རྣམ་པར་སྣང་མཛད་བཞག་པ་ནི་དེང་བསྒོམ་པའོ། །དེའི་སྙིང་གར་ཡི་གེ་ༀ་ནི་ཡེ་ཤེས་སེམས་དཔའི་ཚུལ་དུ་བ་སེམས་ལ། སྔགས་ལ་ཏེ་ཡེ་ཤེས་སེམས་དཔའ་ༀ་གྱི་མགོར་རྣམ་པར་ཤེས་པ་ཐིག་ལེའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པར་བྱའོ། །དེ་ནས་འགོག་པའི་རྡོ་རྗེ་སྟེ་་འོད་གསལ་གྱི་ངོ་བོར་སེམས་ཉིད་ཞུགས་པར་གྱུར་པ་གང་གི་ཚེ། སྒྲུབ་པ་པོ་་དེ་ལ་སྐྱེ་བར་འགྱུར་པ་དེའི་ཚེ། སངས་རྒྱས་ཀུན་གྱི་མཆོག་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་སྒྲུབ་པར་བྱེད་པར་འགྱུར་ཞིང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་ཚོགས་གཉིས་ཀྱི་དཔལ་ལྡན་དེ་ལྟ་བུར་འགྱུར་རོ། །ཡང་སངས་རྒྱས་ཤེས་བྱའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་རང་གི་སེམས་ཁམས་གསུམ་པའི་སེམས་དང་ངོ་བོ་དབྱེར་མེད་པའི་རྡོ་རྗེ་མི་བསྐྱོད་པར་རབ་ཏུ་བསྒོམ་པར་བྱའོ། །དེའི་སྙིང་གར་ཡེ་ཤེས་སེམས་དཔའ་ཡི་གེ་ཧཱུཾ་བསྒོམས་ནས་རང་གི་སེམས་ཐིག་ལེའི་གཟུགས་སུ་གྱུར་པ་ཧཱུཾ་གི་མགོར་བཞག་པར་བྱའོ། །སྔར་ལྟར་སངས་རྒྱས་དཀྱིལ་འཁོར་དབུས་གནས་པར་ངག་ཁམས་གསུམ་པའི་ངག་གི་ངོ་བོར་མོས་ལ། དེ་ཚེ་དཔག་ཏུ་མེད་པར་རབ་ཏུ་བསྒོམས་ནས། དམ་ཚིག་སེམས་་དཔའ་དེའི་སྙིང་གར་ཡེ་ཤེས་སེམས་དཔའ་ཡི་གེ་ཨཱཿ བསམས་ཏེ། རྡོ་རྗེ་་སྟེ་རང་གི་སེམས་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེར་གྱུར་པའི་ཚུལ་དུ་བཞག་པར་བྱའོ། །གཉིས་པ་ནི། འདི་ནི་དམ་ཚིག་ནས་ཐོབ་པར་འགྱུར་ཞེས་སོ། །བཤད་པ་འདི་ནི་དམ་ཚིག་མཆོག་སྟེ་བསྐྱེད་རིམ་བསྒོམ་པའི་ནང་ནས་མཆོག་གོ །རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་མོ། །དེ་རང་གི་སྒོ་གསུམ་་དང་དབྱེར་མེད་པ་བྱེད་པ་ནི་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའོ། །འགོག་པའི་་དམ་ཚིག་ནི་འཛིན་པའི་ཡན་ལག་འོད་གསལ་ཏེ་ཡེ་ཤེས་ནི་དེ་ཤེས་པའོ། །སངས་རྒྱས་ནི་ཕུང་པོ་ལྔའོ། །དེ་རྣམས་ཀྱི་དངོས་གྲུབ་ནི་ཐ་མལ་བའི་ལུས་སྤངས་ནས་ཡེ་ཤེས་ཀྱི་ལུས་སུ་བསྒྱུར་བ་སྟེ་དེ་ཐོབ་པར་འགྱུར་བའོ། །གསུམ་པ་ནི། རྡོ་རྗེ་ནམ་མཁའ་ནས་བཀའ་སྩལ་ཏོ་ཞེས་སོ། །རྡོ་རྗེ་ནམ་མཁའ་ནི་་འོད་གསལ་ལོ། །དབྱིངས་ནི་ཁམས་གསུམ་པོ་དེར་གནས་པ་སྟེ་སྡུད་པའོ། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ་ནི་སྐུ་རྡོ་རྗེའོ། ཁམས་གསུམ་པའི་ལུས་དང་ངག་དང་སེམས་ལ་ཡི་གེ་ༀ་གྱི་ཡེ་ཤེས་སེམས་དཔའ་བསམས་ན། དེ་ནི་སྐལ་བ་སྟེ་རེ་བའི་རྟོག་པ་རྫོགས་པར་བྱས་ཏེ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །དེ་བཞིན་དུ་གསུང་དང་ཐུགས་ཀྱི་ཏིང་ངེ་འཛིན་གཉིས་ལ་ཡང་སྦྱར་བར་བྱ་སྟེ། དེ་ཡང་ཆོས་ཀྱི་དཀྱིལ་འཁོར་ནི་གསུང་རྡོ་རྗེ་དང་། ཡི་གེ་ཨཱཿདང་། རྡོ་རྗེའི་དཀྱིལ་འཁོར་ཐུགས་རྡོ་རྗེ་དང་། ཡི་གེ་ཧཱུཾ་རྣམས་བསྒོམ་པ་སྟེ། དེ་རྣམས་ཀྱང་སེམས་དཔའ་སུམ་བརྩེགས་སུ་བྱ་བའོ། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་ནི་སྐུ་རྡོ་རྗེ་སོགས་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བཞི་པ་ནི། རྡོ་རྗེ་ནམ་མཁའི་ནས་བཀའ་སྩལ་ཏོ་ཞེས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡི་སྟེ་རྡོ་རྗེ་འཆང་གི་རིམ་གཉིས་ཀྱི་རྣལ་འབྱོར་འདིར་དབང་ལ་སོགས་པ་ཐོབ་པར་གྱུར་ཕྱིན་ཆད་ནི་རྒྱུད་འདི་ཀློག་གམ་སྟོན་པ་དང་། དོན་སེམས་ཀྱང་རུང་སྟེ་དེ་ཡང་རྡོ་རྗེ་འཛིན་དང་འདྲ་བར་འགྱུར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས་ལེའུ་སྟེ་བཅུ་གཅིག་པའོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཡི་གེ་གསུམ་དང་། དམ་ཚིག་ནི་རྡོ་རྗེ་འཆང་ངོ་། །དེ་ཁོ་ན་ཉིད་རྡོ་རྗེ་ཡང་དེ་ཉིད་དོ། །རིག་པ་ནི་འོད་གསལ་ལོ། །སྐྱེས་བུ་ནི་ཟུང་འཇུག་གོ །དེ་ཉིད་ལ་མཆོག་ཅེས་བྱ་སྟེ། དེ་སྟོན་པའི་ལེའུ་་སྟེ་བཅུ་གཅིག་པའོ།། །།བཅུ་གཉིས་པ་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་ལྔ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། དོན་དམ་པའི་དམིགས་པས་ཟིན་པའི་ངང་ནས་སྤྲོས་པ་རྣམས་བྱ་བར་བསྟན་པ། དངོས་གྲུབ་བསྒྲུབ་པའི་གནས་བསྟན་པ། གནས་དེར་དངོས་གྲུབ་སྒྲུབ་པའི་ཆོ་ག་བསྟན་པ། དངོས་གྲུབ་ཀྱི་ཐབས་བསྙེན་པའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་སྟོན་པ་ནས་བཀའ་སྩལ་པ། ཞེས་སོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་ཆེན་པོ་དཀྱིལ་འཁོར་བ་རྣམས་འབྱིན་པ་པོ་ཡིན་པས་ན་སྐྱེད་པ་པོའོ། །ཡེ་ཤེས་མཆོག་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །དེ་ནི་ཟུང་འཇུག་སྒྲུབ་པར་བྱེད་པ་པོའོ། །དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ངོ་། །དེ་ཉིད་ནི་དོན་དམ་པའི་བདེན་པ་སྟེ། སྟོན་པའི་རྡོ་རྗེའི་གསུང་གིས་འདི་ལྟར་བཀའ་སྩལ་པའོ། །གཉིས་པ་ནི། མཁའ་དང་ནས་བསྒོམ་ཞེས་སོ། །མཁའ་ནི་ནམ་མཁའོ། །དེ་དང་མཚུངས་པ་ནི་སྟོང་བ་ཉིད་དོ། །སྟོང་ཉིད་དེ་ནམ་མཁའ་དེ་དང་འདྲ་བ་མཉམ་པར་གྱུར་པ་སྟེ། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དོ། །དེ་ལྟར་ཆོས་རྣམས་གདོད་མ་ནས་རང་བཞིན་གྱིས་དག་པར་གྱུར་པ་ལས། ཟློས་གར་གྱི་རོལ་མོ་མཁན་གཅིག་ཉིད་སྣ་ཚོགས་སུ་འགྱུར་བ་ལྟར། རང་བཞིན་གྱིས་སྟོང་པའི་ངང་ལ་ཀུན་རྫོབ་ཏུ་ལྷའི་སྐུ་ལ་སོགས་པ་འདི་དག །རབ་ཏུ་བསྒོམ་པར་བྱའོ། །གསུམ་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། དགོན་པ་ནས་བསྒྲུབ་ཞེས་སོ། །དགོན་པ་ཆེན་པོ་ནི་གྲོང་ལས་དཔག་ཚད་བཅོ་ལྔ་འདས་པའི་ས་ཕྱོགས་སོ། །དེ་ཡང་མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པའི་རི་བོ་དང་། དེར་མ་ཟད་སྐྱེ་བོའི་འདུ་འཛིས་རྣམ་པར་་དབེན་པའི་ས་ཕྱོགས་སུ་ཡང་། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བསྡུས་པ་སངས་རྒྱས་ཉིད་བསྒྲུབ་པར་བྱའོ། །གཉིས་པ་ནི། དགོན་པ་ཆེན་པོ་ནི་ཕུང་པོ་རྣམས་འོད་གསལ་དུ་བཅུག་པའོ། །དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་ནི་ས་ཕྱོགས་སོ། །སྒྱུ་མའི་སྐུ་ནི་ཤིང་ལྗོན་པ་སྟེ། དངོས་གྲུབ་སྣ་ཚོགས་མེ་ཏོག་ལྟ་བུའོ། །འབྲས་བུ་ནི་ལོངས་སྐུས་རགས་པའི་སྤྲུལ་སྐུ་བཟུང་བའོ། །འོད་གསལ་ཆོས་སྐུ་ནི་རི་བོའོ། །སྤྲོས་པའི་དངོས་པོ་མེད་པ་ནི་དབེན་པའོ། །འབྲས་བུའི་དངོས་གྲུབ་རྡོ་རྗེ་འཆང་དབེན་གནས་དེར་བསྒྲུབ་པར་བྱའོ། །བཞི་པ་ལ་གསུམ། རྫོགས་རིམ་པའི་དངོས་གྲུབ་སྒྲུབ་པའི་རྒྱུའི་གཙོ་བོ། བསྐྱེད་རིམ་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་ཚུལ། རྫོགས་རིམ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་ཚུལ་ལོ། །དང་པོ་ལ་གཉིས་སྒྱུ་མའི་སྐུ་སྒྲུབ་པ་དང་། དེ་ཉིད་འོད་གསལ་དུ་བཅུག་ནས་ཟུང་འཇུག་ཏུ་ལྡང་བའོ། །དང་པོ་ནི། མཾ། ལུས་དང་ངག་ནས་ཏིང་ངེ་འཛིན་ཏོ་ཞེས་་སོ། །མཾ་ནི་འཆད་བྱའི་འཇམ་དཔལ་གྱི་ཏིང་ངེ་འཛིན་གྱི་ས་བོན་མཚོན་པའོ། །རང་གི་ལུས་དང་ངག་དང་སེམས་ཀྱི་རྡོ་རྗེ་ལ་རྡོ་རྗེ་འཇམ་པ་སྟེ་སྒྱུ་མའི་སྐུ་རབ་ཏུ་བསྒོམ་པར་བྱའོ། །རང་གི་སྒོ་གསུམ་དུ་མ་ཟད། ཁམས་གསུམ་པའི་ལུས་་དང་ངག་དང་སེམས་ལ་སྤྲོས་པས་ཏེ། དེ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཁྱབ་པར་བསྒོམས་ན། དེ་རྣམས་རྡོ་རྗེ་འཇམ་པ་དང་འདྲ་བར་འགྱུར་རོ། །དཔག་ཚད་བརྒྱའི་ཁྱོོན་ཙམ་དུ་ཆེ་ཞིང་གྲངས་མེད་པར། རྡོ་རྗེ་འབར་བ་སྟེ་སྒྱུ་མའི་སྐུ་དེའི་འོད་དག་གིས་སྣང་བར་བྱེད་པའོ། །སྒྱུ་མའི་སྐུ་དེ་མཚན་དཔེའི་རྒྱན་རྣམ་ཀུན་གྱིས་བརྒྱན་པ་ཡི་དག་པའི་བདག་ཉིད་ཅན་དང་། དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡང་སྣང་བར་འགྱུར་ཞིང་། སྐུ་དེ་ཚངས་པ་དང་དྲག་པོ་ལ་སོགས་པའི་ལྷས་ཀྱང་ནམ་ཡང་མི་མཐོང་བར་མི་ནུས་ན། །སོ་སྐྱེ་གཞན་གྱིས་མཐོང་ནུས་པ་ལྟ་ཅི་སྨོས་སོ། །རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་ནི་སྒྱུ་མའི་སྐུའོ། །དེ་ནི་སྒྱུ་ལུས་མ་ཐོབ་པའི་སོ་སྐྱེས་མི་མཐོང་བས་ན་མི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། རྡོ་རྗེ་མི་ཕྱེད་ནས་དེ་་འགྱུར་རོ་ཞེས་སོ། །རྡོ་རྗེ་མི་ཕྱེད་གསུམ་ནི་འདིར་སེམས་སོ། །སེམས་དེ་ལས་བྱུང་བ་ནི་ཡུལ་ལྔ་དང་དབང་བོ་ལྔ་རྣམས་ཏེ། དེ་ལ་གཤང་གཅི་ཞེས་བྱའོ། །དམ་ཚིག་ལྔ་རྣམས་ནི་ཞེས་པ་ཡུལ་ལྔ་གཟུགས་རྡོ་རྗེ་མ་སོགས་དང་། དབང་བོ་ལྔ་ས་སྙིང་སོགས་ཀྱི་ལྷར་མཉམ་པ་ཉིད་དུ་ལྟ་བའོ། །ལྕགས་གསུམ་ལས་བྱུང་ནི་སྣང་བ་གསུམ་གྱི་རླུང་སེམས་ལས་སྒྱུ་མའི་སྐུར་སྐྱེས་པའོ། ཁར་བཅུག་ནས་ནི་བསྒོམ་པར་བྱ་ནི། སྒྱུ་ལུས་འོད་གསལ་དུ་བསམ་གཏན་གཉིས་ཀྱིས་བཅུ་གནས་བསྒོམ་པའོ། །སངས་རྒྱས་ཀུན་གྱིས་མི་ཕྱེད་པ་ནི་འོད་གསལ་དེ་རྟོག་གེ་བ་ཐམས་ཅད་ཀྱིས་མི་ཕྱེད་པ་སྟེ་ཡུལ་མ་ཡིན་པ་དེར་ཐུགས་ཏེ་སྒྱུ་ལུས་ཞུགས་པར་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ན་ནི་དེ་མ་ཐག་ཏུ་འོད་གསལ་ལས་ལངས་པ་དང་མཉམ་དུ་ཟུང་འཇུག་གི་སྐུ་རྡོ་རྗེ་འཇམ་པའི་འོད་དང་འདྲ་བར་འགྱུར་རོ། །གཉིས་པ་ལ་བཞི། རང་དོན་ཕུན་ཚོགས་སྒྲུབ་པ། གདུལ་བྱའི་སེམས་འདུན་པར་བྱ་བ། ལས་ཀྱི་དབྱེ་བས་ཟས་ལ་ལོངས་སྤྱོད་པའི་ཆོ་ག །ལྷ་རྣམས་ཚིམ་པར་བྱ་བའི་ཆོ་གའོ། །དང་པོ་ལ་གཉིས། དངོས་གྲུབ་སྒྲུབ་པའི་ཆོ་ག་དང་། དེའི་ཐབས་སུ་རིག་མ་བསྟེན་དགོས་པར་བཤད་པའོ། །དང་པོ་ལ་གསུམ། ཕྱི་རོལ་གྱི་ཕྱག་མཚན་ལ་བརྟེན་ནས་རིག་འཛིན་སྒྲུབ་ཚུལ། སྔགས་ཀྱི་རིལ་ལུ་ལ་བརྟེན་ནས་རིག་འཛིན་གྲུབ་ཚུལ། ཕྱག་རྒྱ་ཆེན་པོའི་སྐུ་བསྒོམས་ནས་རིག་འཛིན་སྒྲུབ་ཚུལ་ལོ། །དང་པོ་ལ་བཞི། འཁོར་ལོའི་དང་། རྡོ་རྗེའི་དང་། པདྨའི་དང་། རལ་གྲིའི་རིག་འཛིན་སྒྲུབ་པའོ། །དང་པོ་ལ་གཉིས། སྒྲུབ་པའི་ཚུལ་དང་། ཕན་ཡོན། མཇུག་སྡུད་དང་བཅས་པའོ། །དང་པོ་ནི། འཁོར་ལོ་འོད་འཕྲོ་ནས་འདྲ་བར་འགྱུར་ཞེས་སོ། །འཁོར་ལོ་རྩིབས་བརྒྱད་པ་དཀར་བོ་འོད་ཟེར་འཕྲོ་བའི་མདངས་མཆོག་ཅན་བྱ་ཞིང་། དེ་དྲི་ཆུས་བསང་བ་སོགས་བྱས་ཏེ། དཀྱིལ་་འཁོར་གྱི་དབུས་སུ་བཞག་ལ། གསང་སྦྱངས་ཏེ་རང་གི་སྔགས་རྣམ་སྣང་གི་ས་བོན་ༀ་ལས་འཁོར་ལོ་བསྐྱེད་དེ་རབ་ཏུ་བསྒོམས་ནས། དེའི་ལྟེ་བ་རྣམ་སྣང་གི་རིགས་ཅན་གྱི་སངས་རྒྱས་ཐམས་ཅད་བཞུགས་པའི་གནས་སུ་བསྒོམས་པ་སྟེ་དེར་རྣམ་སྣང་གཙོ་བོ་བྱས་པའི་དཀྱིལ་འཁོར་བསྒོམ་པའོ། །དེ་ལྟར་བསྒོམས་པས་རྟགས་འཁོར་ལོ་དེ་དྲོ་བ་དང་དུ་བ་འཐུལ་བ་སོགས་འབྱུང་ལ། དེ་བྱུང་བ་་དང་དེ་ལག་ཏུ་བླངས་ནས་འདུག་པའི་སྒྲུབ་པ་པོ་དེ་ནི། སངས་རྒྱས་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །གཉིས་པ་ནི། རི་རབ་སུམ་ཅུ་ནས་ཏིང་ངེ་་འཛིན་ཏོ་ཞེས་སོ། །དེ་ལྟར་གྲུབ་པའི་མཐུས་རི་རབ་སུམ་ཅུ་རྩ་དྲུག་གི་ཚད་ཀྱི་རྡུལ་ཕྲན་ཇི་ཉེད་ཡོད་པ་ཡི་ཚད་ཀྱི་འཁོར་ལོའི་རིག་པ་འཛིན་པ། རྡོ་རྗེ་འཛིན་པའི་འཁོར་དང་འདྲ་བ་ཀུན་འཁོར་ལོའི་རིག་པ་འཛིན་པ་དེའི་རྗེས་སུ་འབྲང་བར་འགྱུར་རོ། །འཁོར་ལོའི་རིག་འཛིན་རྣམས་དང་མཉམ་པར་འགྲོགས་པའི་་འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ལ་གཉིས། སྒྲུབ་ཚུལ་དང་ཕན་ཡོན་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། རྡོ་རྗེ་ཆེན་པོ་ནས་འདྲ་བར་འགྱུར་ཞེས་སོ། །རྡོ་རྗེ་ཆེན་པོ་ནི་འདིར་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པ་ལས་རྒྱལ་མཆོག་གི་དུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བསང་སྦྱངས་ཀྱི་བར་བྱ་བ་འདྲའོ། །རང་གི་སྔགས་ནི་ཧཱུཾ་སྟེ་དེ་ལས་རྡོ་རྗེར་བསྐྱེད། རྡོ་རྗེ་དེ་དཀྱིལ་འཁོར་གྱི་དབུས་སུ་རབ་ཏུ་བསྒོམས་ནས། རྡོ་རྗེ་ལྟེ་བའི་ནང་དུ་མི་བསྐྱོད་པའི་རིགས་ཀྱི་ལྷ་རྣམས་བསྒོམ་པ་ནི་རྡོ་རྗེ་ཀུན་གྱི་གནས་་ཡིན་པར་བསམས་ན་ཞེས་པ་སྟེ། དེ་ལྟར་བསྒོམས་པས་སྔར་བཞིན་རྟགས་བྱུང་བ་ན་ལག་ཏུ་བླངས་པས་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །གཉིས་པ་ནི། རི་རབ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི་དེ་སྙེད་ཀྱི་ནི་བུད་མེད་རྣམས་ཡོན་ཏན་ཅན་གྱི་གནས་སུ་་འགྱུར་བ་ནི་དབང་ཕྱུག་ཆེན་པོ་དང་འདྲ་བར་བུད་མེད་ཐམས་ཅད་ལ་ལོངས་སྤྱོད་ནུས་པར་འགྱུར་བ་དང་། ཁམས་གསུམ་གྱི་བདག་པོ་དྲག་པོ་དབང་ཕྱུག་གིས་ཀྱང་ཕྱག་བྱས་པ་སྟེ་དེའི་ཕྱག་གི་གནས་སུ་འགྱུར་བས། ཁམས་གསུམ་གྱིས་ཕྱག་བྱ་བའི་གནས་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །དམ་ཚིག་ནི་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་རྣམས་དང་མཉམ་པར་འཇུག་ཅིང་ལྷན་ཅིག་སྤྱོད་པ་སྟེ། དེ་རྣམས་ཀྱི་ཏིང་ངེ་འཛིན་ཏོ། །གསུམ་པ་ལ་ཡང་སྔར་ལྟར་གཉིས་ལས། དང་པོ་ནི། པདྨ་ཆེན་པོ་ནས་འདྲ་བར་འགྱུར་ཞེས་་སོ། །གཞན་སྔར་དང་འདྲ་བ་ལས་པདྨ་ཆེན་པོ་དམར་པོ་འདབ་མ་བརྒྱད་པ་བྱས་ལ། རང་གི་སྔགས་ཨཱཿ ལས་རྡོ་རྗེ་ཆོས་ཀྱི་པདྨའི་དཀྱིལ་འཁོར་དབུས་སུ་བསམས་ཏེ། པདྨའི་ལྟེ་བར་ནི་ཆོས་ཀུན་གྱི་སྟེ་འོད་དཔག་མེད་ཀྱི་རིགས་ཅན་གྱི་ལྷ་རྣམས་བསྐྱེད་པར་བྱ་སྟེ། ལྟེ་བ་ནི་དེ་རྣམས་བསྐྱེད་པའི་གནས་ཡིན་པར་བསམ་པའོ། །དེ་ལྟར་བསྒོམས་པས་རྟགས་གསུམ་པོ་གང་རུང་བྱུང་ཚེ་ལག་ཏུ་་བླངས་ན་རྡོ་རྗེ་ཆོས་འོད་དཔག་མེད་དང་འདྲ་བར་འགྱུར་རོ། །གཉིས་པ་ནི། རི་རབ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི་སངས་རྒྱས་ཏེ་རིག་འཛིན་ཕོ་དང་། མཆོད་མཆོག་སྟེ་རིག་འཛིན་མོ་རྣམས་ཀྱི་དཀྱིལ་འཁོར་ཏེ་ཚོགས་དེར་འཇོག་ཅིང་། དེ་རྣམས་དང་མཉམ་པའི་དག་པའི་བདག་ཉིད་ཅན་ཏུ་འགྱུར་རོ། །པདྨོའི་རིགས་དང་ལྡན་པའི་རིགས་འཛིན་རྣམས་དང་མཉམ་པའི་ཏིང་འཛིན་སྟོན་པ་ལ་དེ་སྐད་ཅེས་བྱའོ། །བཞི་པ་ལ་གཉིས་ལས། དང་པོ་ནི། ཡེ་ཤེས་ལྔ་ལྡན་ནས་ཐོགས་ན་ནི་ཞེས་་སོ། །ཡེ་ཤེས་ལྔ་ལྡན་སོགས་ལྔ་ནི་མིག་ལ་སོགས་པའི་ཤེས་པ་ལྔའི་ཡུལ་ལྔའོ། །དེ་བསྟེན་ན་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་ལ་བསྙེན་བ ཀུར་བྱེད་ནུས་པའི་བདག་ཉིད་ཅན་དུ་འགྱུར་བའོ། །དཀར་བོ་ལ་སོགས་པའི་འོད་ཟེར་ལྔ་ཡི་མདོག་འདྲའི་འོད་ནི་འོད་ཟེར་ལྔ་མཉམ་ཞེས་པའོ། །ལྕགས་ལས་བྱས་པའི་རལ་གྲི་ལྗང་ཁུ་བྱ་བ་སོགས་སྔར་ལྟར་དང་། རང་གི་སྔགས་ཀྱིས་རལ་གྲི་བསྒོམ་པ་ནི་ཧཱ་ལས་རལ་གྲི་བསྐྱེད་པའོ། །རལ་གྲིར་དོན་གྲུབ་ཀྱི་རིགས་ཀྱི་ལྷ་རྣམས་མིག་ཡངས་ཏེ་སྒྲུབ་པ་པོས་བསྒོམ་པར་བྱས་ནས་གྲུབ་པའི་ཚེ། ལག་ཏུ་ཐོགས་ན་ནི་འཆད་པར་འགྱུར་བའི་ཕན་ཡོན་འབྱུང་ངོ་། གཉིས་པ་ནི། རྡོ་རྗེ་གསུམ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །རྡོ་རྗེ་གསུམ་ལས་བྱུང་བའི་རིག་པ་ནི་སྔགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་སྟེ། དེ་འཛིན་པར་འགྱུར་ལ། ཁམས་གསུམ་པོ་ཀུན་གྱི་རྫུ་འཕྲུལ་དང་མཐུ་ཆེ་བ་རྣམས་ཀྱིས་རབ་ཏུ་མཆོད་ཅིང་། ཚངས་པ་དང་དབང་བོ་དང་ལྷ་མིན་གྱི་གཙོ་བོ་རྣམས་ཀྱང་ཕྱག་བྱས་པར་འགྱུར་བ་དང་། སྟོང་གསུམ་གྱི་འཇིག་རྟེན་ན་རང་ཉིད་གཅིག་པུ་དཔའ་བ་སྟེ་བདག་པོར་འགྱུར་ཞིང་། མི་མཆོག་རང་ཉིད་གསང་བ་ཐ་མལ་བའི་སྒྲུབ་པ་ལ་གནས་ཤིང་འཛིན་པ་རྣམས་ཀྱི་གཙོ་བོར་འགྱུར་རོ། །གང་རྣམས་འདོད་པ་དང་བསམ་པའི་དངོས་གྲུབ་དག་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ཏེ་སྒྲུབ་པ་པོ་གསོལ་བ་འདེབས་པའི་རྡོ་རྗེའི་ཐུགས་ལས་རབ་ཏུ་འབྱུང་ཞིང་། འདོད་པ་དེ་ལྟ་བུའི་དངོས་གྲུབ་རྣམས་སྟེར་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རལ་གྲི་ནི་རལ་གྲི་ཐམས་ཅད་ཀྱི་དམ་པ་སྟེ་དེ་འདྲ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། ༀ་ནི་རིལ་ལུ་ནས་འདི་་འདྲར་འགྱུར་ཞེས་སོ། །རྣམ་སྣང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་དུས་སུ། ཡི་གེ་ༀ་ནི་ཙན་ཀའི་འབྲས་བུ་སྟེ་མོན་སྲན་དྷེའུའི་ཚད་ཙམ་གྱི་རིལ་ལུ་བསམ་ནས་ནི་རིལ་ལུ་དེའི་འབྲས་བུ་སྟེ་ནང་དུ་རང་གི་ལྷའི་གཟུགས་ཏེ་ས་བོན་ༀ་ལས་རྣམ་སྣང་བསམས་ཏེ། ཁར་བཅུག་པ་ནི་སྤྱི་བོའི་བུ་ག་ནས་རླུང་ནང་དུ་འཇུག་པའི་རང་བཞིན་དུ་རྣམ་པར་བསྒོམ་པ་ཡང་དང་་ཡང་དུ་བྱས་ན། དེ་ནི་དེ་མ་ཐག་ནས་བརྩམས་ཏེ་བྱང་ཆུབ་ནི་འོད་གསལ་དང་་སེམས་དཔའ་ནི་སྒྱུ་ལུས་སོ། །དེ་གཉིས་དབྱེར་མེད་པ་ནི་བྱང་ཆུབ་སེམས་དཔའ་སྟེ་རྡོ་རྗེ་འཆང་ངོ་། །དེ་དང་འདྲ་བའི་འོད་དེ་རྫུ་འཕྲུལ་གང་ལ་ཡོད་པ་དེ་འདྲ་བར་འགྱུར་རོ། །གཟི་བརྗིད་ཉི་མ་ཤར་བའི་འོད་དང་འདྲ་ཞིང་། འཛམ་བུའི་ཆུ་བོའི་གསེར་གྱི་མདོག་དང་འདྲ་བ་ཅན་དུ་འགྱུར་རོ། །ཕྱི་མ་གཉིས་ཀྱང་སྔར་དང་འདྲ་བ་ལས། སྔགས་ཀྱི་རིལ་ལུའི་ཨཱཿལས་སྣང་མཐའ་བསྐྱེད་པ་དང་། ཨཱཿརླུང་ནང་དུ་གནས་པའི་བདག་ཉིད་ཅན་དམར་པོ་ཁ་ཏེ་ལྐོག་མའི་གནས་སུ་བསམ་པའོ། །བྱང་ཆུབ་ཡེ་ཤེས་ནི་རྡོ་རྗེ་འཆང་ངོ་། །རིལ་ལུའི་ནང་དུ་ཧཱུཾ་ལས་མི་བསྐྱོད་པ་བསྐྱེད་ཅིང་། ཧཱུཾ་གྱི་རིལ་ལུ་སྙིང་གར་པདྨ་དཀར་པོའི་སྟེང་དུ་གནས་པ་རླུང་ཕྱིར་ལྡང་བའི་བདག་ཉིད་ཅན་དུ་བསམ་པར་བྱ་སྟེ། དེ་ཡང་ཡི་གེ་གསུམ་རླུང་འཇུག་ལྡང་གནས་གསུམ་གྱི་ངོ་བོར་མོས་པ་ཙམ་ཡིན་གྱི། རྡོར་བཟླས་བྱེད་པ་མིན་ནོ། །ཕན་ཡོན་ནི། དེ་ལྟར་བསྒོམ་ན་དེ་ནི་དེ་མ་ཐག་པ་ནས་རྡོ་རྗེའི་སྐུ་དང་འོད་དེ་གཟི་བརྗིད་རྡོ་རྗེ་འཆང་་དང་འདྲ་བར་འགྱུར་རོ། །གསུམ་པ་ལ་གཉིས། རིགས་ལྔའི་གཟུགས་སུ་བསྒོམས་ནས་རིག་འཛིན་སྒྲུབ་པ་དང་། མི་བསྐྱོད་པའི་སྒོ་ནས་ཁྲོ་བོའི་ཕྱག་མཚན་གྱིས་རིག་འཛིན་སྒྲུབ་པའོ། །དང་པོ་ནི། མཁའ་དབྱིང་ནས་དག་གིས་བྱ་ཞེས་སོ། །མཁའི་དབྱིངས་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡིན་ཏེ། དེས་དང་པོ་སྦྱོར་བ་གཞན་ཡང་མཚོན་ནོ། །དེར་གསལ་བ་སྟེ་ཟླ་བའི་དབུས་་སུ་གནས་པའི་རྣམ་པར་སྣང་མཛད་རབ་ཏུ་བསྒོམ་པར་བྱ་ཞིང་། དེའི་ལག་ཏུ་་འཁོར་ལོ་རྩིབས་བརྒྱད་པ་རབ་ཏུ་བསྒོམས་ན་འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །ལས་སྒྲུབ་ཚུལ་ནི། འཁོར་ལོ་ཆེན་པོ་སྟེ་རྣམ་སྣང་གི་རིགས་ཀྱི་ལྷ་རྣམས་བསྒོམས་པ་སྟེ། སྔར་ལྟར་འཁོར་ལོའི་ལྟེ་བར་བསྐྱེད་པའོ། །སངས་རྒྱས་རྣམ་སྣང་གི་སྐུར་ནི་རབ་ཏུ་སྦྱོར་བ་སྟེ་བསྒོམ་ཞིང་། ཡེ་ཤེས་ཏེ་རྣམ་སྣང་གི་སྒྲུབ་པ་འདི་ནི་རབ་ཏུ་སྒྲུབ་པར་བྱེད་པ་ཡེ་ཤེས་རྡོ་རྗེ་སྒྲུབ་པ་པོ་དག་གིས་བྱའོ། །ནམ་མཁའི་དབྱིངས་ནི་སྔར་ལྟར་ལ། དེར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་མི་བསྐྱོད་པར་རབ་ཏུ་བསྒོམས་ཏེ། ལག་ཏུ་རྡོ་རྗེ་རབ་བསྒོམས་ན་ཞེས་པ་རྡོ་རྗེའི་ལྟེ་བར་ལྷ་བསྐྱེད་པ་དང་དེའི་ཕྱག་ཏུ་རྡོ་རྗེ་བསྣམས་པའོ། །དེ་ལྟར་བསྒོམས་ན་རྡོ་རྗེའི་རིགས་པ་འཛིན་པ་ཆེན་པོར་འགྱུར་རོ། །རྡོ་རྗེ་ཆེན་པོ་མི་བསྐྱོད་པའི་རིགས་ཀྱི་ལྷ་རྣམས་བསྒོམས་ཏེ། རྡོ་རྗེ་མི་བསྐྱོད་པའི་སྐུར་ནི་རབ་སྦྱོར་བ་སྟེ་བསྒོམ་ཞིང་། རྡོ་རྗེ་མཆོག་མི་བསྐྱོད་པའི་སྒྲུབ་པ་འདི་ཡེ་ཤེས་རྡོ་རྗེ་སྒྲུབ་པ་པོ་་དག་གིས་བྱའོ། །མཁའ་དབྱིངས་ལ་རིན་པོ་ཆེ་བསམས་ལ། དེའི་དབུས་སུ་གནས་པར་རིན་ཆེན་རྡོ་རྗེ་རིན་འབྱུང་རབ་ཏུ་བསྒོམ་པར་བྱ་ཞིང་། ལག་ཏུ་རིན་ཆེན་རབ་བསྒོམས་ན་ཞེས་སོགས་ནི་ཕྱག་མཚན་ལས་ལྷ་བསྐྱེད་པ་སོགས་ཏེ། ལྷག་མ་ཡང་སྔར་བཞིན་སྦྱོར་བའོ། །མཁའ་དབྱིངས་སུ་ཆོས་ཀྱི་སྟེ་པདྨ་འདབ་མ་བརྒྱད་པ་དང་། དེའི་དབུས་སུ་གནས་པར་ཚེ་དཔག་ཏུ་མེད་པར་བདག་ཉིད་རབ་ཏུ་བསྒོམ་ཞིང་། ལག་ཏུ་པདྨོ་རབ་བསྒོམས་ན་སོགས་ཀྱང་སྔར་ལྟར་སྦྱོར་བའོ། །མཁའ་དབྱིངས་སུ་དམ་ཚིག་སྟེ་སྣ་ཚོགས་རྡོ་རྗེའི་དབུས་སུ་གནས་པར་གདོན་མི་ཟ་བའི་ཡེ་ཤེས་དོན་གྲུབ་བསྒོམ། ལག་ཏུ་རལ་གྲི་རབ་བསྒོམས་ན་་སོགས་ཀྱང་སྔར་ལྟར་སོ་སོར་སྦྱར་བར་བྱའོ། །གཉིས་པ་ནི། རྩེ་གསུམ་ཡེ་ཤེས་ནས་བཀའ་སྩལ་ཏོ་ཞེས་སོ། །སྟོབས་པོ་ཆེའི་རྩེ་གསུམ་དང་། འདོད་རྒྱལ་གྱི་ཡེ་ཤེས་ལྕགས་ཀྱུ་སོགས་ཁྲོ་བོའི་ཕྱག་མཚན་རྣམས་བཟུང་ངོ་། །རྡོ་རྗེ་་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་བསྒྲུབས་ན་ནི་དེས་བསྒྲུབ་པའི་ཚུལ་ཏེ། སྐུ་གསུང་ཐུགས་ནི་སྒྲུབ་པ་པོའི་ཐ་མལ་བའི་སྒོ་གསུམ་གྱི་དངོས་པོ་་སྦྱངས་པའི་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་བའི་བསྐྱེད་རིམ་མཐར་ཕྱིན་་སྟེ། དེ་འདྲ་བའི་སྒྲུབ་པ་པོ་དེ་ཡིས་བསམ་གཏན་སྔར་བཤད་པ་དེས་ཕྱག་མཚན་གྱི་དངོས་གྲུབ་འདི་དག་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་དམ་ཚིག་ཆེན་པོ་ནི་ཐེག་པ་ཆེན་པོའོ། །དེའི་དངོས་གྲུབ་ནི་བཤད་མ་ཐག་པ་སྟེ། དེ་སྟོན་པའི་རྡོ་རྗེ་ནི་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་སྟེ། དེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ནི། ལམ་གྱི་གཞི་མདོ་ནས་རྟག་ཏུ་བསྒྲུབ་ཞེས་སོ། །ལམ་གྱིི་གཞི་མདོ་ནི་བྲ མ་ཟེའི་རིགས་སོགས་བཞིའི་ཕྱག་རྒྱ་མ་བཞིིའོ། །ཡང་ན་ཤིང་གཅིག་དྲུག་སྟེ་ཕྱག་རྒྱ་གཅིག་དང་ངོ་། །མཚན་མ་གཅིག་ནི་རང་གི་རིགས་དང་མཐུན་པའི་ཕྱག་རྒྱའོ། །ཞི་བའི་གནས་ནི་འོད་གསལ་པ་ལ་སོགས་པའི་བུ་མོའོ། །རྡོ་རྗེ་དགུག་པ་ནི་ཡེ་ཤེས་གསུམ་དགུག་ཅིང་མྱོང་བའོ། ཁྱད་པར་གྱིས་ནི་ཐབ་ཁྱད་པར་བ་དེས་སྒྲུབ་པ་པོས་ནི་རྟག་ཏུ་་དངོས་གྲུབ་བསྒྲུབ་པར་བྱ་བའོ། །གཉིས་པ་ལ་བཞི། སྐྱེ་བོ་སྐལ་ལྡན་དགུག་པ། ལྷ་མོ་རྣམས་དགུག་པ། གནོད་སྦྱིན་མོ་སོགས་དགུག་པ། དེ་རྣམས་ཐུན་མོང་དུ་རྒྱས་གདབ་པའི་ཆོ་གའོ། །དང་པོ་ནི། སྦྱོར་གསུམ་ནས་་དམ་པ་ཡིན་ཞེས་སོ། །སྦྱོར་གསུམ་ནི་རང་རྡོ་རྗེ་ཅན་རྣམས་ཀྱི་སེམས་དཔའ་་སུམ་བརྩེགས་སུ་བྱ་བའོ། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་ནི་ཡི་གེ་གསུམ་ལས་བསྐྱེད་པའི་སྐྱེས་བུ་རྡོ་རྗེ་འཆང་དུ་བསམ་པའོ། །སངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ག །ཡེ་ཤེས་བློ་ལྡན་རྣམས་ནི་ལམ་འདིའི་གདུལ་བྱ་སྐལ་ལྡན་རྣམས་སོ། །དེ་དག་འགུག་པ་ན་སྐུ་གསུང་ཐུགས་ཀྱི་ཀྱོ་བ་བཏང་ནི་བདག་ཉིད་ཀྱི་སྒོ་གསུམ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གཏོང་བའོ། །རྡོ་རྗེ་འཆང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་ཚེ། ཡཾ་ལས་རླུང་གི་དཀྱིལ་འཁོར་མཆོག་བསྐྱེད་ལ། དགུག་པར་བྱ་བའི་བསྒྲུབ་བྱ་་དེར་བཞག་སྟེ། འོད་ཟེར་གྱི་ལྕགས་ཀྱུས་སྙིང་ཁ་ནས་དྲངས་ནས་ཞགས་པས་བཅིངས་ཏེ། རིམ་གྱིས་བདག་ཉིད་ཀྱི་དྲུང་དུ་ཕྱིན་པ་རླུང་དཀྱིལ་ལས་བབས་ནས། ཡཾ་ལས་བྱུང་བའི་སའི་དཀྱིལ་འཁོར་ལ་གནས་ནས་རང་ལ་འདུད་པར་བསམ་མོ། །འདི་ནི་སངས་རྒྱས་ཏེ་སྐྱེ་བོ་ལམ་འདི་ལ་སྐལ་བ་དང་ལྡན་པ་དགུ་བའི་ཐབས་དམ་པ་ཡིན་ནོ། །གཉིས་པ་ནི། དམ་ཚིག་ནས་ཆོ་གའོ་ཞེས་སོ། །དགུག་པའི་རྡོ་རྗེའི་སྦྱོར་བ་སྔར་བཤད་པ་འ དིས་ནི་དམ་ཚིག་ལས་བྱུང་བ་ཕྱོགས་བཅུར་གནས་པའི་ལྷ་མོ་རྣམས་ཀྱང་བཀུག་ནས་ཉེ་བར་ལོངས་སྤྱད་པར་བྱ་ཞིང་སྒྲུབ་པ་ལ་བསྐུལ་བར་བྱའོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་ལྷ་མོ་རྣམས་་སོ། །རྡོ་རྗེ་དགུག་པ་ནི་གཞན་གྱིས་མི་ཕྱེད་པ་སྟེ་དེའི་ཆོ་གའོ། །གསུམ་པ་ནི། རྣམ་པར་སྣང་མཛད་ནས་དམ་ཚིག་དགུག་པའོ། །རྣམ་པར་སྣང་མཛད་ཀྱི་མཚན་མའི་འཁོར་ལོ་ཆེ་དང་རྡོ་རྗེ་དང་པདྨ་ལ་སོགས་པ་རྣམ་སྣང་གི་རིགས་ཀྱི་རྒྱལ་བ་སྟེ་ལྷ་འབྱུང་བའི་གནས་སོ། །འཁོར་ལོ་སོགས་ལྕགས་ཀྱུས་མཚན་པ་བསམས་ནས་ནི། དམ་ཚིག་གནོད་སྦྱིན་མོ་སོགས་དགུག་པའི་མཆོག་ནི་ཀྱོ་བ་་སྟེ་ལྕགས་ཀྱུས་བྱ་བའོ། ཁམས་གསུམ་གྱི་དམ་ཚིག་ནི་གནོད་སྦྱིན་མོ་ལ་སོགས་དགུག་པའོ། །བཞི་པ་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། རྣམ་པའི་ནས་འགྱུར་ཞེས་ཏེ། ཡོན་ཏན་གྱི་རྣམ་པའི་མཆོག་རྣམས་ཀུན་དང་ལྡན་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པར་བསྐྱེད་དེ། རྒྱས་འདེབས་པའི་ཚེ་སངས་རྒྱས་ཀྱི་སྐུ་སྟེ་རྡོ་རྗེ་འཆང་དུ་རྣམ་པར་བསྒོམས་ལ། ལག་ཏུ་སྐུ་དང་གསུང་དང་་ཐུགས་ཏེ་བསྒྲུབ་བྱ་ཁུགས་པའི་ཚེ་རང་གི་ལག་པས་དེ་བཟུང་བར་བསམ་མོ། །ཀྱོ་བ་སྟེ་ལྕགས་ཀྱུ་ལ་སོགས་རབ་ཏུ་བསྒོམ་པ་ནི། ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ཁ་ནས་དྲངས་ནས་ཞགས་པས་བཅིངས་ཏེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས་བཀུག་སྟེ། མདུན་དུ་སླེབ་པ་དང་དེ་ལས་བབས་ནས་ལཾ་ལས་བྱུང་བའི་ས་ལ་འདུག་པ་དེ། རང་རྡོ་རྗེ་འཆང་དུ་བསམ་པའི་ལག་པས་བཟུང་ནས་རྒྱས་གདབ་པར་བྱའོ། །འདིར་རྒྱས་བཏབ་པའི་དོན་ནི་རང་གིས་བསྒོ་བ་ལས་མི་་འདའ་པའི་དོན་ནོ། །འདི་དག་སྟེ་རྒྱས་བཏབ་པ་འདི་ལྟ་བུའི་སྦྱོར་བ་ཡིས་ནི། སྒྲུབ་པ་པོ་དེ་ནི་གནས་ཏེ་རྡོ་རྗེ་སེམས་དཔའི་གོ་འཕང་སྒྲུབ་པའི་ལས་བྱེད་པར་་འགྱུར་རོ། །གཉིས་པ་ནི། རྣམ་པའི་མཆོག་ནས་རབ་ཏུ་བསྒྲུབ་ཅེས་སོ། །རྣམ་པའི་མཆོག་རྣམས་ཀུན་དང་ལྡན་པའི་རྡོ་རྗེ་སྐུ་ནི་རང་གི་ལུས་སོ། །དེ་རྣམ་པར་བསྒོམ་པ་ནི་རྡོ་རྗེ་འཆང་དུ་བསམ་པ་སྟེ། དེ་ལྟར་བྱས་པས་རང་གི་ལུས་རྣམ་སྣང་གི་སྐུར་བྱེད་དོ། །རྡོ་རྗེ་སྦྱོར་བས་ནི་ལྕེ་རྡོ་རྗེར་བསྒོམས་ནས་དེས་སྔགས་འདོན་པའོ། །དེས་ནི་རྡོ་རྗེའི་གསུང་འོད་དཔག་མེད་དང་འདྲ་བར་འགྱུར་རོ། །མཚན་དཔེའི་རྣམ་པའི་མཆོག་རྣམས་དང་ལྡན་པའི་སངས་རྒྱས་ཏེ་རང་གི་ལྷའི་སྐུར་ནི་རྣམ་པར་བསྒོམས་ལ། ལག་ཏུ་བསྒྲུབ་བྱ་བཟུང་སྟེ་སྔགས་ཀྱི་དོན་བསམ་ན་ནི་རྡོ་རྗེ་མི་བསྐྱོད་པ་དང་ནི་འདྲ་བར་འགྱུར་རོ། །རྒྱས་འདེབས་པའི་ཚུལ་འདིས་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་དང་མཉམ་པར་་འགྱུར་རོ། །དམ་ཚིག་ནི་རྣམ་སྣང་སོགས་གསུམ་མོ། །དེ་རྣམས་ཀྱི་མཆོད་པའི་མཆོག་ནི་འདོད་ཡོན་གྱི་རང་བཞིན་ཤེས་པའི་སྒོ་ནས་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་མཆོད་པས་མཆོད་ནས་རབ་ཏུ་བསྒྲུབ་པར་བྱའོ། །གསུམ་པ་ནི། འདི་ནི་ནས་གསུངས་སོ། །བཤད་མ་ཐག་པའི་ཆོ་ག་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་བོ་བསྡུས་པ་ཡིན་ནོ། །བཅོམ་ལྡན་འདས་གསང་བ་ཆེན་པོ་ནི་ལྷ་ལ་སོགས་པ་དགུག་པའོ། །དམ་ཚིག་ནི་མི་འདའ་བ་སྟེ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས་སོ། །གསུམ་པ་ནི། ཤ་ཆེན་དམ་ཚིག་ནས་བྱིན་གྱིས་རློབ་ཅེས་སོ། །ཤ་ཆེན་ནི་མི་ཤི་བའི་ཤའོ། །དེ་ནི་དམ་ཚིག་མཆོག་སྟེ་དེ་རང་ཟ་བ་དང་གཏོར་མ་སྦྱིན་ལ། རྡོ་རྗེ་གསུམ་མཆོག་སྟེ་རང་གི་ལུས་ཀྱི་སྟོབས་བསྒྲུབ་པར་བྱ་ཞིང་། དེ་བྱས་ན་ནམ་མཁའ་ལ་གནས་པ་འཐོབ་པར་འགྱུར་རོ། །ཤ་ཆེན་ལ་སོགས་པའི་གཤང་གཅིའི་དམ་ཚིག་མཆོག་་དེ་བརྟེན་ནས་རིག་པ་འཛིན་པའི་གཙོ་བོར་འགྱུར་རོ། །གླང་བོ་ཆེའི་ཤའི་དམ་ཚིག་སྔར་ལྟར་བྱས་པས་མངོན་ཤེས་ལྔ་དང་ཐོབ་པར་འགྱུར་རོ། །དེ་བཞིན་དུ་་སྦྱར་ཏེ་རྟ་ཤས་མི་སྣང་བའི་དངོས་གྲུབ་དང་། ཁྱི་ཤས་དངོས་གྲུབ་དེ་ཐམས་ཅད་དང་། བ་ལང་གི་ཤས་རྡོ་རྗེ་སྟེ་རྒྱལ་པོ་ལ་སོགས་པ་དགུག་ནུས་པར་འགྱུར་རོ། །གལ་ཏེ་ཤ་དེ་རྣམས་ཐམས་ཅད་དངོས་སུ་མེད་ན་ཡང་ཟས་གཞན་ལས་ཤ་དེ་ཐམས་ཅད་བསམས་པས་རྣམ་པར་བརྟག་པ་སྟེ་བསྐྱེད་པར་བྱའོ། །རྡོ་རྗེའི་སྦྱོར་བ་སྟེ་བཤད་མ་ཐག་པ་འདི་ལྟར་བྱས་ན་སྒྲུབ་པ་པོ་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་དོ། །བཞི་པ་ལ་གསུམ། དབུ་རྒྱན་གྱི་ལྷ་ལས་བྱུང་བའི་བདུད་རྩིས་སེམས་དཔའ་གསུམ་ཚིམ་པར་བྱེད་ཚུལ་སྤྱིར་བསྟན་པ། རིགས་སོ་སོའི་བསྐྱེད་ཆོག་གིས་བཟའ་བཏུང་བདུད་རྩིར་བྱས་ནས་ལོངས་སྤྱོད་པར་བསྟན་པ། ཕན་ཡོན་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། རྣམ་པའི་མཆོག་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །མཚན་དཔེའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུ་གསུང་ཐུགས་གྱི་རྡོ་རྗེ་ཅན་རྡོ་རྗེ་འཆང་དུ་བསམས་ལ། དམ་ཚིག་སེམས་དཔའ་དེའི་སྙིང་གར་པད་ཟླ་ལ་ཡེ་ཤེས་སེམས་དཔའ་དང་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསམ་ཞིང་། སྤྱིི་གཙུག་ཏུ་དབུ་རྒྱན་ལ་རྡོ་རྗེ་མཆོག་འཛིན་པ་སྟེ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་བསྒོམས་པའི་བདུད་རྩིས་སངས་རྒྱས་ཐམས་ཅད་སེམས་དཔའ་སུམ་བརྩེགས་ཚིམ་ཞིང་མཉེས་པར་འགྱུར་བར་བསམ་མོ། །བཤད་མ་ཐག་པ་འདི་ནི་དམ་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ལ། དེ་ལྟར་བྱ་བ་ནི་དངོས་གྲུབ་ཐམས་ཅད་་འགྲུབ་པར་བྱེད་པའི་མཆོག་གོ །དེ་ཡང་དམ་ཚིག་མཆོག་གིས་ཏེ་སྒྲུབ་པ་པོ་་དག་གིས་རབ་ཏུ་བྱའོ། །དམ་ཚིག་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེར་གྱུར་པ་སྟེ་རྡོ་རྗེ་འཆང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་ཚིམ་པར་བྱེད་པའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། ལྕེ་ཡི་དམ་ཚིག་ནས་ཚུལ་མཆོག་སྟེ་ཞེས་སོ། །ལྕེ་ཡི་བསྐྱེད་ཆོག་ལ། དམ་ཚིག་རྡོ་རྗེ་ནི་རིགས་ལྔའི་རྣལ་འབྱོར་རོ། །དེ་རྣམས་ཀྱི་མཆོག་ནི་མི་བསྐྱོད་པའི་རིགས་ཏེ། དེའི་ལྕེ་ལ་རྡོ་རྗེ་ཅན་གྱི་ཧཱུཾ་སྟེ་དེ་ལས་ལྕེ་རྣམས་རྡོ་རྗེར་བསྒོམས་ཏེ། བཟའ་བཏུང་རྣམས་བདུད་རྩི་ལྔར་བསྐྱེད་པའི་སྦྱོར་བ་ཡིས་སྤྱོད་ཅིང་ཟོས་ན་རྡོ་རྗེ་གསུམ་ཤིན་ཏུ་སྦྱངས་པ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་འོད་དཔག་མེད་ཀྱི་རྣལ་འབྱོར་པས་ཨཱ་དང་། པདྨ། རྣམ་སྣང་གི་རྣལ་འབྱོར་བས་ལྕེ་ལ་ༀ་དང་དེ་ལས་འཁོར་ལོ་བསམ་པའི་དམ་ཚིག་དག་ཀྱང་བྱ་སྟེ། འདི་ནི་རྡོ་རྗེའི་ཚུལ་ཏེ་རྣལ་འབྱོར་མཆོག་གོ །གསུམ་པ་ནི། འདི་ལྟ་བུ་ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །འདི་ལྟ་བུའི་ཟས་སུ་སྦྱོར་བ་ཡིས་ནི་རྡོ་རྗེ་མི་ཕྱེད་དེ་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་བདུད་རྩིར་བྱེད་པའི་ཚུལ་ལོ། །བདུད་རྩི་འཕྲེང་བ་ནི་དེའི་ཚོགས་ཏེ་གང་དུ་བསྐྱེད་པའི་ཏིང་ངེ་འཛིན་ཏོ། །གསུམ་པ་ལ་གཉིས། ཐབས་དངོས་བཤད་པ་དང་། རྫོགས་རིམ་པའི་ཆོས་འཕྲུལ་བཤད་པའོ། །དང་པོ་ནི། རྡོ་རྗེ་དམ་ཚིག་ནས་རྡོ་རྗེ་ཅན་དུ་འགྱུར་ཞེས་སོ། །རྡོ་རྗེ་གསུམ་ནི་སྣང་བ་གསུམ་མོ། །དམ་ཚིག་ནི་དེ་གསུམ་འོད་གསལ་དུ་ཐིམ་པའོ། །གྲུབ་པ་མཆོག་ནི་འོད་གསལ་གྱི་ཡེ་ཤེས་སོ། །སྐུ་གསུམ་ནི་ཆོས་སྐུ་སོགས་གསུམ་སྟེ་དེ་གསུམ་གང་ལ་མངའ་བའི་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་དུ་འགྱུར་རོ། །གཉིས་པ་ལ་གསུམ། རང་གཞན་གྱི་དོན་འགྲུབ་ཚུལ་སྤྱིར་བསྟན་པ། མངོན་ཤེས་སྔས་གཞན་དོན་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པ། ཕྱོགས་བཅུའི་་འཇིག་རྟེན་དུ་ཇི་ལྟར་སྤྱོད་ཅིང་གནས་པར་བསྟན་པའོ། །དང་པོ་ནི། ཕྱོགས་བཅུའི་ནས་བཀའ་སྩལ་ཏོ་ཞེས་སོ། །མཐུ་ནི་ཕྱོགས་བཅུའི་སེམས་ཅན་་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པ་ལ་ནོར་བུ་ཡིད་བཞིན་གྱི་རྒྱ་མཚོ་སྟེ་་དགོས་འདོད་ཀུན་འབྱུང་བར་འགྱུར་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་་དུ་རྡོ་རྗེའི་སྐུའི་བདག་ཉིད་སྣང་བར་བྱེད་པའི་འོད་ཅན་དུ་འགྱུར་རོ། །འཁོར་ལོའི་དམ་ཚིག་ནི་རྣམ་སྣང་ཏེ་དེ་དང་འབྲེལ་བའི་དངོས་གྲུབ་གྲུབ་པར་འགྱུར་ལ། དེ་ཉིད་མཆོག་ཡིན་ཏེ་སངས་རྒྱས་ཀྱི་སྐུ་དང་འདྲ་བར་འགྱུར་རོ། །དེས་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱང་མཚོན་ནོ། །དེ་ལྟར་གྲུབ་པ་ན་གངྒཱའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཀུན་ཏུ་སྤྱོད་པར་འགྱུར་རོ། །དམ་ཚིག་ནི་མཁའ་འགྲོ་མ་སོགས་ཀྱི་དམ་ཚིག་སྟེ། དམ་པ་ནི་ཐམས་ཅད་ཀྱི་མཆོག་གོ །རིག་པ་ནི་སྡོགས་དང་དེ་འཛིན་པས་ནི་རིག་པ་འཛིན་པ་སྟེ་དེའི་ཡང་གཙོ་བོར་འགྱུར་རོ། །རྡོ་རྗེ་སྐུ་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒོམས་པས་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ཀྱི་དམ་ཚིག་མཆོག་ཏུ་འགྲུབ་པར་འགྱུར་རོ། །ངག་དང་ལུས་ཀྱི་བཀོད་པ་ཐམས་ཅད་མི་སྣང་བར་གྱུར་པ་ལ་གནས་ནས། འོད་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་དག་ནི་སྣང་བར་བྱེད་པ་དང་། སངས་རྒྱས་ཀུན་ལས་དངོས་གྲུབ་ཕུན་སུམ་ཚོགས་པ་རྣམས་འཕྲོག་པ་སྟེ་ལེན་པ་་དང་། ལྷ་ཡི་བུ་མོ་མཆོག་བཀུག་ནས་དེ་ལ་ལོངས་སྤྱོད་ནུས་པར་འགྱུར་རོ། །གངྒའི་བྱེ་མའི་ཚད་སྙེད་ཀྱི་སངས་རྒྱས་རྣམས་རྡོ་རྗེ་གསུམ་སྟེ་རྡོ་རྗེ་འཆང་དེའི་གནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཞུགས་པ་རྣམས་ནི། རང་གི་ལག་ཏུ་བཞག་པའི་སྐྱུ་རུ་ར་བཞིན་དུ་རྡོ་རྗེའི་མིག་གི་མངོན་ཤེས་ཀྱིས་མཐོང་བར་་འགྱུར་རོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན་སྒྲར་གྲགས་པ་ནི་ཇི་སྙེད་ཡོད་པ་རྣམས་མངོན་ཤེས་རྣ་བ་སྟེ་རྣ་བའི་མངོན་ཤེས་ཀྱིས་ཐོས་པ་ནི། རྣ་བའི་དྲུང་ན་འཁོད་པ་བཞིན་གསལ་བར་ཐོས་པའོ། །གངྒཱའི་བྱེ་སྙེད་ཞིང་དག་གི་སེམས་ཅན་ཀུན་གྱི་སེམས་རྣམས་ནི། སྐུ་གསུང་ཐུགས་ཏེ་ལུས་ངག་ཡིད་ཀྱིས་མཚན་པ་ཡི་འཇིག་རྟེན་གྱི་ཁམས་ན་ཡོད་པ། རོལ་མོ་སྟེ་གར་མཁན་དང་འདྲ་བར་སྣ་ཚོགས་པར་བྱུང་བའི་སེམས་ཀྱི་ཁྱད་པར་རྣམས་རིག་པར་འགྱུར་རོ། །སྐལ་བ་གངྒཱའི་བྱེ་མ་སྙེད་དུ་འཁོར་བ་དག་ན་གནས་པ་སྟེ་སྐྱེས་ཤིང་འཁོར་བའི་སྔོན་གྱི་གནས་ཏེ་སྐྱེ་བ་དང་། གཏན་ཚིགས་ཏེ་ལུས་ཀྱི་ཁྱད་པར་རྣམས་ཞག་གསུམ་ལོན་པ་སྟེ་འདས་པ་བཞིན་དུ་དྲན་པར་འགྱུར་རོ། །གངྒཱའི་བྱེ་མ་སྙེད་ཀྱི་བདག་ཉིད་ལུས་སངས་རྒྱས་སྣམ་སྣང་ལ་སོགས་པའི་སྤྲིན་ཏེ་ལྷའི་་འཁོར་ལོས་བརྒྱན་པ། བསྐལ་བ་གངྒཱའི་བྱེ་མ་སྙེད་དུ་རྡོ་རྗེ་རྫུ་འཕྲུལ་མཆོག་གིས་འགྲེངས་པ་སྟེ་སྤྲུལ་བ་སྤྲོ་བ་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་དམ་ཚིག་མངོན་པར་མཁྱེན་པ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི། དེ་ལ་མངོན་པར་ཤེས་པ་ནས་འདྲ་བར་འགྱུར་ཞེས་སོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་རྡོ་རྗེ་སྟེ་འོད་གསལ་གྱིས་དག་པར་བྱས་པའི་སྤྱན་དང་། དེ་བཞིན་དུ་རྡོ་རྗེའི་སྙན་དང་རྡོ་རྗེའི་ཐུགས་དང་རྡོ་རྗེའི་གནས་དང་རྡོ་རྗེའི་རྫུ་འཕྲུལ་ཏེ་སྙན་ནི་རྣ་བའི་མངོན་ཤེས་སོ། །ཐུགས་ནི་གཞན་གྱི་སེམས་ཤེས་པའི་དང་། གནས་ནི་སྔོན་གྱི་གནས་དྲན་པའི་དང་། རྫུ་འཕྲུལ་ནི་ལུས་ཀྱི་བཀོད་པ་སྟོན་པའི་དེའི་མངོན་ཤེས་སོ། །སངས་རྒྱས་ཀྱི་མངོན་ཤེས་ནི་ལྷའི་མིག་གི་མངོན་ཤེས་སོགས་བཤད་མ་ཐག་པ་ལྔ་སྟེ། དེས་རང་གཞན་གྱི་་དོན་ཐམས་ཅད་འགྲུབ་པར་བྱེད་པའོ། །དོན་དེ་ཡང་སངས་རྒྱས་སྐུ་དང་འདྲ་བར་འགྱུར་བ་ནི། དེ་ལྟ་བུར་སེམས་ཅན་གྱི་དོན་མཐའ་ཡས་པ་བྱེད་པའོ། །གསུམ་པ་ནི། གངྒཱའི་བྱེ་སྙེད་ནས་བགྲོད་པར་འགྱུར་ཞེས་སོ། །གངྒཱའི་བྱེ་མའི་ཚད་སྙེད་ཀྱི་གྲངས་མེད་པའི་འཁོར་གྱིས་ཡོངས་སུ་བསྐོར་ནས་སུ། རྡོ་རྗེ་སྐུ་གསུང་ཐུགས་ཏེ་ལུས་ངག་ཡིད་ཀྱིས་འཇིག་རྟེན་གྱི་ཁམས་ཀུན་ཏུ་བགྲོད་པར་་འགྱུར་རོ། །ལྔ་པ་ལ་ལྔ། །བསྙེན་པ་དངོས། བསྒྲུབ་པའི་གནས། རིམ་གཉིས་ཀྱི་སྒྲུབ་པ་མདོར་བསྡུས། སྤྲོས་མེད་ཀྱི་སྤྱོད་པ་འབྲིང་བོ། བསྐྱེད་རིམ་པས་སྒོ་གསུམ་བྱིན་གྱིས་བརླབ་ཚུལ་ལོ། །དང་པོ་ལ་གཉིས། ཐུན་མོང་གི་བསྙེན་པ་དང་། མཆོག་གི་བསྙེན་པའོ། །དང་པོ་ལ་གཉིས། མདོར་ན་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བསྙེན་པའི་དམ་ཚིག་ནས་བསྒྲུབ་པར་བྱ་ཞེས་སོ། །བསྙེན་པ་ནི་དམིགས་པར་བྱ་བ་་སྟེ་ཡེ་ཤེས་ཀྱི་སའི་དེ་བཞིན་ཉིད་སྒོམ་པའོ། །དམ་ཚིག་ནི་འདའ་བར་མི་བྱ་བའོ། །རྡོ་རྗེའི་སའི་ཆ་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་བར་བྱ་བ་སྦྱོར་བ་སྟེ་ཡན་ལག་དང་པོའོ། །སྟོང་ཉིད་ལ་དམིགས་ནས་དེའི་ངང་ནས་ཧཱུཾ་དང་དེ་ལས་ཉི་མ་སོགས་བསྐྱེད་པ་ནི་ཉེ་བར་སྒྲུབ་པ་སྟེ། ཉེར་སྒྲུབ་དེ་ཉིད་ཀྱི་ལུས་ལ་ༀ་ལ་སོགས་པའི་སྔགས་འགོད་པའི་བར་འབྱུང་བ་ནི་དེ་ཡིན་ཏེ་ཡན་ལག་གཉིས་པའོ། །སྒྲུབ་པའི་དོན་གྱི་དམ་ཚིག་དང་ཞེས་པ་ནི་རང་གི་སྒོ་གསུམ་སྐུ་གསུང་་ཐུགས་སུ་སྒྲུབ་པའི་དོན་གྱིས་ན་སྒྲུབ་པ་སྟེ་ཡན་ལག་གསུམ་པའོ། །དཀྱིལ་་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གཉིས་ནི་གཞན་དོན་ཆེན་པོ་འཇུག་པ་ན་སྒྲུབ་པ་ཆེན་པོ་དག་སྟེ་ཡན་ལག་བཞི་བའོ། །བཞི་པོ་དེ་ཤེས་པར་བྱས་ལ་རྡོ་རྗེའི་བྱེ་བྲག་སྟེ་རིག་ལྔའི་རིགས་ཀྱི་དབྱེ་བས་དེ་ནས་བསྙེན་སྒྲུབ་ཡན་ལག་བཞི་སྔོན་དུ་བཏང་སྟེ་ལས་བཤད་ཅིང་འཆད་པ་རྣམས་བསྒྲུབ་པར་བྱའོ། །གཉིས་པ་ལ་བཞི། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་ནོ། །དང་པོ་ནི། བསྙེན་པའི་ནས་བསྒོམ་པར་བྱ་ཞེས་སོ། །བསྙེན་པ་ནི། སྟོང་བ་ཉིད་ལ་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལ་དམིགས་པའོ། །ཏིང་ངེ་འཛིན་ནི་་སྟོང་ཉིད་ལ་སེམས་རྩེ་གཅིག་ཏུ་འཇོག་ཅིང་དེའི་དོན་སེམས་པའོ། །རབ་ཏུ་་སྦྱོར་བ་ནི་རྡོ་རྗེའི་སའི་ཆ་ནས་ལྷག་མོས་ཀྱི་ལྷ་ཐམས་ཅད་བསྐྱེད་པ་སྟེ། དེར་མ་ཟད་བྱང་ཆུབ་མཆོག་སྟེ་ཤཱུ་ནྱ་ཏའི་སྔགས་དོན་ལྟར་སྟོང་ཉིད་བསྒོམས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་བྱ་བའོ། གཉིས་པ་ནི། ཉེ་བར་སྒྲུབ་པ་ནས་རྣམ་པར་དཔྱད་ཅེས་སོ། །དེ་ནས་ཉི་ཟླ་པདྨ་ཡི་གེ་གསུམ་ལས་ཟླ་བ་དང་་དེའི་སྟེང་དུ་ཡི་གེ་གསུམ་དང་དེ་ལས་རྡོ་རྗེ་དང་དེ་ལས་དང་པོའི་མགོན་པོ་བསྐྱེད་པ་ནི་ཉེ་བར་གྲུབ་པ་ཡིན་ལ། གྲུབ་པ་ནི་མངོན་བྱང་ལྔས་ཕྱག་རྒྱ་ཆེན་པོའི་སྐུ་བསྐྱེད་པའོ། །མཆོག་ནི་འདིར་དང་པོའི་དོན་ཏེ་ཐོག་མར་ༀ་ཡིག་དགོད་པ་ལ་བྱའོ། །དེ་ནས་རྡོ་རྗེ་འཆང་གི་སྐུ་བསྐྱེད་པ་དེ་ལ་རྡོ་རྗེ་སྟེ་རྣམ་སྣང་ནས་གནོད་མཛེས་ཀྱི་བར་རྣམས་སྐྱེ་མཆེད་དེ་གཟུགས་ཕུང་ནས་རྐང་མཐིལ་གྱི་བར་དགོད་པའོ། །དེ་རྣམས་ཀྱི་རྣམ་པར་དཔྱད་པ་ནི་ཤིན་ཏུ་རྣལ་འབྱོར་དུ་གསུངས་པའི་གོ་རིམ་གྱིས་ངེས་པར་བྱ་བའོ། །གསུམ་པ་ནི། སྔགས་ཀྱི་བདག་པོ་ནས་གསུངས་ཞེས་སོ། །སྔགས་ཀྱི་བདག་པོ་ནི་ཡི་གེ་ༀ་ལ་སོགས་པ་སྟེ་ཏིང་ངེ་འཛིན་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་རྣམས་ཏེ། དེ་དག་བསྒོམས་པ་་ཡིས་སོ། །ཡི་གེ་གསུམ་ལས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་བཅུག་པའི་སྒོ་ནས་མཉེས་པར་བྱ་བ་ནི་སྒྲུབ་པ་སྟེ། དེའི་ཚེ་དཔལ་ལྡན་སངས་རྒྱས་་སོགས་ཀྱིས་བསྐུལ་བ་སྟེ་གསོལ་བ་གདབ་པར་གསུངས་སོ། །བཞི་པ་ནི། སྒྲུབ་པ་ནས་འགྱུར་ཏེ། སྒྲུབ་པ་ཆེན་པོ་རྒྱལ་མཆོག་གཉིས་བྱེད་པའི་ཚེ། རང་དང་ཕྱག་རྒྱའི་རྡོ་རྗེ་དང་པདྨ་འདུ་བྱས་ཏེ་སྙོམས་པར་འཇུག་པར་བྱས་ལ། ཐིག་ལེ་ལས་ས་བོན་དང་དེ་ལས་ཕྱག་མཚན་དང་དེ་ལས་ལྷ་དང་རང་གི་སྔགས་བཛྲ་དྲཱིཀ་ལ་སོགས་པ་རྣམས་ཀྱིས། རྡོ་རྗེ་ཅན་ཏེ་དཀྱིལ་འཁོར་བའི་ལྷའི་གཟུགས་རྣམས་བསྐྱེད་པ་དང་བྱིན་པའོ། །དབུ་རྒྱན་ལ་ནི་བདག་པོ་བསམ་ཞེས་པ་ནི་རིགས་ལྔའི་དབུ་རྒྱན་དུ་མི་བསྐྱོད་པ་བསྒོམ་པའོ། །རིགས་གཞན་་སྤྱན་སོགས་ཀྱི་དབུ་རྒྱན་ལ་རྣམ་སྣང་སོགས་བསྒོམས་ན་ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་་འཆང་འགྲུབ་པར་འགྱུར་ཞེས་སོ། །གཉིས་པ་མཆོག་གིས་བསྙེན་པ་ལ་དབྱེ་བ་སོགས་བཞི་འགྲེལ་བ་དང་མཐའ་གཅོད་དུ་འབྱུང་བ་ལྟར་ཡོད་ཀྱང་། འདིར་རྩ་ཚིག་གི་དངོས་ཟིན་གྱི་དོན་ཙམ་འཆད་པས་དེ་རྣམས་བཞག་སྟེ། མཆོག་གི་བསྙེན་པ་ངེས་པར་དགོས་པ་ནི། བསྙེན་པའི་ཡེ་ཤེས་ནས་དོན་སྒྲུབ་པའོ་ཞེས་སོ། །བསྙེན་པ་ནི་རྫོགས་རིམ་པ་རྣམས་ཀྱི་བསླབ་པར་བྱ་བ་ཡིན་པས་སོ། །ཡེ་ཤེས་བདུད་རྩི་དག་ནི་ཟུང་འཇུག་གོ །ཐམས་ཅད་དུ་ནི་རྟག་ཏུ་བྱ་ཞེས་པ་དེ་་ཡན་ལག་དྲུག་ཀ་ཚང་བའི་སྒོ་ནས་དུས་ཀུན་ཏུ་བསྒོམ་པར་བྱ་བའོ། །ཡན་ལག་དྲུག་པོ་འདི་ནི་སྔགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །སྔགས་ནི་དྲང་ངེས་ཀྱི་སྔགས་རྣམས་སོ། །དེ་ཉིད་ནི་ལྷའི་དེ་ཁོ་ན་ཉིད་ཟུང་འཇུག་མཐར་ཐུག་པ་སྟེ། དེ་ཡན་ལག་དྲུག་གིས་སྒྲུབ་པར་བྱེད་པས་ན་དོན་མཐར་ཐུག་སྒྲུབ་པའོ། །གཉིས་པ་གནས་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། དགོན་པ་ཆེན་པོ་ནས་བཀའ་སྩལ་ཏོ་ཞེས་སོ། །དགོན་པ་ཆེན་པོ་ནི་གོང་དུ་བཤད་ཟིན་པ་ལྟར་ཏེ། དེའི་ས་ཕྱོགས་དང་། འདུ་འཛིས་རབ་ཏུ་རྣམ་པར་དབེན་པ་དང་། རི་བོ་དང་ནགས་ཀྱི་འདབས་དང་ཆུའི་ངོགས་སུ་རྟག་ཏུ་བསྒོམས་ན་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་སྒྲུབ་པ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ནི། དགོན་པ་ཆེན་པོ་ནི་མེ་ལོང་ཡེ་ཤེས་སོ། །ས་ཕྱོགས་ནི་མཉམ་ཉིད་ཡེ་ཤེས་སོ། །རབ་ཏུ་རྣམ་པར་དབེན་པ་ནི་སོར་རྟོག་ཡེ་ཤེས་སོ། །རི་བོ་ནགས་འདབས་ནི་ཆོས་དབྱིངས་ཡེ་ཤེས་སོ། །ཆུ་ངོགས་ནི་བྱ་གྲུབ་ཡེ་ཤེས་ཏེ། རྡོ་རྗེ་འཆང་སྔ་མ་དེ་རྣམས་ཀྱིས་ཐོབ་ཅེས་པའོ། །གསུམ་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། ཡང་ན་རྡོ་རྗེ་བཞིན་ས་ཐོབ་པར་འགྱུར་ཞེས་སོ། །དེ་ལྟར་རྒྱས་པར་རམ་ཡང་ན་རྡོ་རྗེ་བཞི་སྟེ། རྡོ་རྗེ་དང་པོ་ནི་སྟོང་པ་ཉིད་ལས་བྱང་ཆུབ་པ་སྟེ་ཡེ་ཤེས་ཀྱི་ས་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་བར་རོ། །རྡོ་རྗེ་གཉིས་པ་ནི་ས་བོན་བསྡུས་པ་སྟེ་ཧཱུཾ་ལས་ཉི་མ་བསྐྱེད་པ་ནས་ཟླ་བའི་སྟེང་དུ་ས་བོན་ཡི་གེ་གསུམ་དགོད་པ་དང་དེ་བསྡུས་པ་་སྟེ་དེ་ལས་ཕྱག་མཚན་བསྐྱེད་པའི་བར་རོ། །རྡོ་རྗེ་གསུམ་པ་ནི་མངོན་བྱང་ལྔ་ལས་སྐུ་རྫོགས་པ་དང་ལུས་དཀྱིལ་རྫོགས་པའི་བར་རོ། །རྡོ་རྗེ་བཞི་བ་ནི་ཡི་གེ་དགོད་པ་སྟེ་སྐུ་གསུང་ཐུགས་ཀྱི་ཡི་གེ་དང་ཏིང་ངེ་འཛིན་སེམས་དཔའ་དང་རིག་མའི་ལུས་དང་རྡོ་རྗེ་དང་པདྨ་ལ་ཡི་གེ་དགོད་པ་རྣམས་སོ། །དེ་ནི་མངོན་རྟོགས་བསྡུས་པའི་ལུགས་ཏེ་རྒྱུད་ཕྱི་མའི་དོན་ནོ། །ལྷག་མ་ནི་འཆད་པར་འགྱུར་རོ། །གཉིས་པ་ནི། རྡོ་རྗེ་བཞི་ནི་སྟོང་བ་བཞིའོ། །བསྙེན་པ་ནི་དེ་བཞིས་རྡོ་རྗེ་འཆང་སྒྲུབ་པར་བྱེད་པའོ། །བརྟུལ་ཞུགས་བརྟན་པ་སྟེ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་བསྙེན་པ་བྱའོ། །རང་ཉིད་སྐུ་གསུམ་སྟེ་རྡོ་རྗེ་འཆང་དང་མཉམ་པ་ཉིད་དུ་གྱུར་པ་ནི་རྡོ་རྗེ་འཆང་གི་ངོ་བོར་བལྟ་བའོ། །དེ་ལྟར་བསྒོམས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་པ་ནི་སྔ་མ་དང་ཐུན་མོང་བའོ། །བཞི་པ་ལ་གསུམ། དངོས་ཀྱི་དོན་དང་། དེའི་ཕན་ཡོན་དང་། རྫོགས་རིམ་པའི་དངོས་གྲུབ་འགྲུབ་པའི་དུས་ཐབས་གང་གིས་འགྲུབ་པ་དང་བཅས་པའོ། །དང་པོ་ནི། དུས་བཞི་ནས་ཡིན་པར་བཤད་ཅེས་སོ། །དུས་བཞི་དག་ནི་པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་མ་བཞིའོ། །རབ་ཏུ་སྦྱོར་བ་ནི་དེ་རྣམས་དང་འཁྱུད་པ་སོགས་བྱ་བའོ། །བློ་དང་ལྡན་པ་ནི་་འདོད་པའི་སྒྱུ་རྩལ་རྣམས་ལེགས་པར་ཤེས་པའོ། །གནས་ལྔར་ནི་ཞེས་པ་གཟུགས་མཛེས་པ་དང་སྒྲ་སྙན་པ་དང་དྲི་ཞིམ་པ་དང་མ་མཆུའི་རོ་མངར་བ་དང་ལུས་ཀྱི་རེག་བྱ་འཇམ་པའི་ཁྱད་པར་དང་ལྡན་པའོ། །རང་གི་རྡོ་རྗེའི་རྩེ་མོའི་བུ་གར་ཡེ་ཤེས་རྡོ་རྗེ་ཡི་གེ་ༀ་བསྒོམས་པ་སོགས་བྱས་ཏེ་བྱིན་གྱིས་བརླབས་ནས། སྡོམ་པ་སྟེ་དགའ་བ་དེ་ལ་རོལ་བ་ཡིན་པར་བཤད་དོ། །གཉིས་པ་ནི། ཞག་བདུན་ནས་ཐོབ་པར་འགྱུར་ཞེས་སོ། །བསྐྱེད་རིམ་མཐར་ཕྱིན་པའི་བསྐྱེད་རིམ་པ་དབང་བོ་རབ་ཀྱིས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་དུས་ནི་ཉིན་ཞག་བདུན་དང་ནི། དབང་པོ་འབྲིང་གིས་ཟླ་བ་ཕྱེད་དང་། ཐ་མས་ནི་ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་སུ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ནི་ཡུལ་གྱི་་འོད་གསལ་ལོ། །དམ་ཚིག་ནི་ཡུལ་ཅན་གྱི་ཡེ་ཤེས་སོ། །དེ་གཉིས་ངོ་བོ་་དབྱེར་མེད་པར་གྱུར་པ་ལ་བརྟེན་ནས་ཐོབ་པའི་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་ཟུང་འཇུག་གོ །དེ་བསྒྲུབས་ཤིང་བསྐྱེད་ནུས་ན་འབྲས་བུའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །གསུམ་པ་ནི། ཞག་གྲངས་ནས་འགྲུབ་པར་གསུངས་ཞེས་སོ། །བསྐྱེད་རིམ་ལ་གནས་པས་ནི་ཞག་གྲངས་ཀྱི་བྱེ་བྲག་རབ་ཏུ་བསྐུལ་བར་ཡིས་རྒྱས་པར་སྔར་རབ་ཏུ་བསྟན་པ་ལྟར་་ཡིན་ལ། རྫོགས་རིམ་པས་ཇི་ལྟར་འགྲུབ་པའི་དུས་ནི་གསང་བ་མཆོག་སྟེ་འོད་གསལ་ལས་བྱུང་བ་ཡི་རྒྱལ་བ་རྣམས་ཀྱི་ནི། ཟླ་བ་ཕྱེད་དེ་ཕྱོགས་ནི་སྒྱུ་ལུས་་དང་འོད་གསལ་སོ་སོ་ཏེ། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཚུལ་གྱིས་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་འགྲུབ་པར་གསུངས་སོ། །ལྔ་བ་ལ་གཉིས། དངོས་ཀྱི་དོན་དང་། མཇུག་བསྡུས་ཏེ་ལྷའི་ང་རྒྱལ་བསྟན་པར་བྱ་དགོས་པར་བསྟན་པའོ། །དང་པོ་ནི། དེ་ལ་འདི་ནི་ནས་གནས་མཛད་དོ་ཅེས་སོ། །སྒོ་གསུམ་བྱིན་གྱིས་རློབ་པར་བྱེད་པའི་ཚུལ་ནི། དེ་ལ་འཆད་པ་འདི་ནི་སྐུ་རྡོ་རྗེ་ཉེ་བར་སྒྲུབ་པ་སྟེ་ལུས་བྱིན་གྱིས་རློབ་པའོ། །སྡོམ་པ་ནི་གསོལ་བ་བཏབ་ནས་རྣམ་སྣང་དང་དེའི་སྐུའི་བྱིན་བརླབས་རྣམས་རང་གི་ལུས་སུ་སྡུད་པའོ། །ཡུལ་ནི་གསོལ་བ་འདེབས་པའི་ཡུལ་རྣམ་སྣང་ངོ་། །གསོལ་འདེབས་ཀྱི་ཚིག་ནི་སངས་རྒྱས་སྐུ་འཛིན་སོགས་ཏེ། སངས་རྒྱས་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་སོ། །སྐུ་འཛིན་ནི་དེ་རྣམས་ཀྱི་སྐུ་རྣམ་སྣང་གི་ངོ་བོ་འཛིན་པའོ། །དཔའ་ནི་སངས་རྒྱས་སྤྱན་ནོ། །ལྡན་ནི་སྤྱན་མ་དང་ལྡན་པའོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ངོ་། །མི་ཕྱེད་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའོ། །འབྱེད་པ་སྟེ་བསྒོམས་པས་རང་གི་ལུས་བྱིན་གྱིས་བརླབས་པའི་གནས་སུ་བྱས་པ་་སྟེ་མཛོད་ཅིག་པའོ། །གང་དུ་ན། རྡོ་རྗེ་སྐུ་དང་ལྡན་པར་བྱ་བ་སྟེ་སྐུ་རྡོ་རྗེ་རྣམ་སྣང་དུ་བྱིན་གྱིས་རློབས་ཤིག་པའོ། །དེ་ལྟར་རྡོ་རྗེ་མི་ཕྱེད་གསུམ་དབྱེར་མེད་དུ་བསྒོམས་པས་གཙོ་བོ་ལ་གསོལ་བ་བཏབ་ནས། འཁོར་རྣམས་ལ གསོལ་བ་འདེབས་པ་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ནི། ཚུལ་དེ་ལ་སྐུ་ཡིས་མཚན་པ་ཡི་སྒོ་ནས་བྱིན་གྱིས་བརླབས་ཀྱིས་གནས་པར་མཛད་དུ་གསོལ་ལོ། །བྱིན་གྱིས་རློབ་པའི་ཚུལ་དེ་ལ་འཆད་པ་འདི་ནི་གསུང་རྡོ་རྗེ་སྒྲུབ་པའི་སྡོམ་པའི་ཡུལ་ནི་སྔར་བཞིན་ཏེ་འདིར་འོད་དཔག་མེད་དོ། །ཆོས་ཀྱི་གསུང་གི་ལམ་ནི་འོད་དཔག་མེད་ཡིན་ལ། དཔལ་ལྡན་ནི་གོས་དཀར་མོ་དང་ལྡན་པའོ། །རྡོ་རྗེ་མི་ཕྱེད་སོགས་ནི་སྔར་ལྟར་རོ། །རྡོ་རྗེ་གསུང་དང་ལྡན་པར་བྱ་ནི་འོད་དཔག་མེད་དུ་བྱིན་གྱིས་རློབས་ཤིག་པ་དང་། ཕྱོགས་བཅུ་ན ི་སོགས་ནི་འཁོར་ལ་གསོལ་བ་གདབ་པ་སྟེ་སྔར་བཞིན་ནོ། །དེ་ལ་འཆད་པ་་འདི་ནི་སྒྲུབ་པ་ཆེན་པོ་དང་། རྡོ་རྗེ་ཐུགས་འཛིན་ནི་མི་བསྐྱོད་པའོ། །སྡོམ་པའི་ཡུལ་ནི་སྔར་ལྟར་བྱ་སྟེ་འདིར་མི་བསྐྱོད་པའོ། །དཔལ་ལྡན་ནི་མཱ་མ་ཀི་དང་ལྡན་པའོ། །རྡོ་རྗེ་མི་ཕྱེད་སོགས་ནི་སྔར་ལྟར་རོ། །རྡོ་རྗེ་ཐུགས་དང་ལྡན་པར་བྱ་ནི་མི་བསྐྱོད་པར་བྱིན་གྱིས་རློབས་ཤིག་པ་དང་། ཕྱོགས་བཅུ་སོགས་ནི་འཁོར་ལ་གསོལ་བ་འདེབས་པ་སྟེ་སྔར་བཞིན་ནོ། །གཉིས་པ་ནི། སངས་རྒྱས་རྡོ་རྗེ་ནས་གདོན་མི་ཟ་ཞེས་སོ། །སྒོ་གསུམ་སོ་སོར་བྱིན་གྱིས་བརླབས་ནས། དེ་གསུམ་དབྱེར་མེད་དུ་བྱིན་གྱིས་རློབ་པ་ནི། སངས་རྒྱས་ནི་རྣམ་སྣང་གི་རྣལ་འབྱོར་བ་དང་། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་་འབྱོར་བ་དང། ཡང་ན་ཆོས་ཀྱི་སེམས་དཔའང་རུང་ནི་འོད་དཔག་མེད་ཀྱི་རྣལ་འབྱོར་བའོ། །ཐེག་པ་འདི་ཞུགས་ཕྱིན་རང་གི་སྒོ་གསུམ་དང་རྒྱལ་བའི་སྐུ་གསུང་ཐུགས་དབྱེར་མེད་དུ་བལྟ་བར་བྱ་དགོས་པ་ལས་གལ་ཏེ་རྨོངས་པས་དེ་ལས་འདའ་བ་སྟེ་སོ་སོར་འཛིན་པར་བྱེད་ན་ནི། རང་གི་སྒོ་གསུམ་དང་ལྷའི་སྐུ་གསུང་ཐུགས་ཚལ་བར་འགས་པ་སྟེ་ཡ་བྲལ་དུ་གྱུར་པའི་སོ་སོར་གྱེས་པ་དང་འདྲ་བས་བསྐྱེད་རིམ་ཁྱད་པར་ཅན་ལས་རིང་དུ་འགྱུར་བར་གདོད་མི་ཟའོ། །དེའི་ཕྱིར་རང་གི་སྒོ་གསུམ་དང་ལྷའི་སྐུ་གསུང་ཐུགས་དབྱེར་མེད་དུ་བྱས་ནས་བསྒོམ་པར་བྱ་སྟེ། སྒོ་གསུམ་ཐུན མོང་དུ་བྱིན་གྱིས་རླབ་པའི་ཚུལ་ལོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནས་ལེའུ་སྟེ་བཅུ་གཉིས་པའོ་ཞེས་པའི་བར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་སྣང་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ཡས་་དེ་བཞིན་གཤེགས་པ་དེ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་ན ི་རྡོ་རྗེ་བཞིའི་རྣལ་འབྱོར་རོ། །དམ་ཚིག་ནི་རིམ་གཉིས་གྱི་རྡོ་རྗེ་བཞི་པོ་དེ་སྐུ་གསུང་ཐུགས་བྱིན་གྱི་རློབ་པ་དང་འོད་གསལ་དུ་འཇུག་པའི་ཐབས་ཀྱིས་མཉམ་པར་བྱས་པའོ། །སྒྲུབ་པའི་དམ་ཚིག་དེ་དག་རྫོགས་རིམ་ཐོབ་བྱེད་དུ་གྱུར་པས་ན་ཆོག་གོ །དེ་རྣམས་བསྟན་པ་ནི་རབ་ཏུ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཅེས་པ་འདི་ནི་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ། དེ་ཡང་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ཡན་གྱི་ཊཱིཀྐ་ཞིག་བྲིས་པའི་པར་ཡོད་པ་ལས། ལེའུ་བཅུ་གཉིས་པ་ཡན་ཆད་འདི་ནི་བྲག་སྣེའི་སྔགས་རམ་པ་ཀུན་དགའ་ཆོས་འབྱོར་གྱི་རྒྱུད་གྲྭ་མཚན་གདགས་མཛད་དུས་སུ་ཁོ་རང་གིས་བྲིས་ནས་དད་པས་པར་དུ་བརྐོས་པའོ། །དགེ་བས་འདུས་པའི་རྒྱུད་ཀྱི་འཆད་ཉན་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །མངྒལཾ།། །།བཅུ་གསུམ་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུས་བསྟན་ཚུལ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་་དོན་བཤད་པའོ། །དང་པོ་ལ་གཉིས། ལས་ཚོགས་ལ་གསོལ་བ་གདབ་པ་་དང་། གསོལ་བ་བཏབ་པའི་དོན་བཤད་པའོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་གསོལ་འདེབས་ཀྱི་མཚམས་སྦྱར་བ་དང་། བསྟོད་པས་སྟོན་པ་མཉེས་པར་བྱ་བ་དང་། མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ཞེས་པ་ནས། དབྱངས་འདི་གསུངས་ཞེས་པའི་བར་རོ། །དེ་ནས་བཅོམ་ལྡན་འདས་བདེ་བར་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཀུན་ཏེ། དེ་རྣམས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་འཛིན་པའོ། །སེམས་ཅན་ཀུན་གྱི་དོན་ཞི་བ་ལ་སོགས་པའི་ལས་་ཡང་དག་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བློ་ལྡན་ནི་ཕྱག་རྒྱ་དང་ལྡན་པའོ། །དེ་རྣམས་ཀྱིས་ཐུབ་པ་དོན་ཀུན་ཡང་དག་པར་སྦྱིན་པའི་རྡོ་རྗེ་ཅན་སྟོན་པ་ཆེ་ལ་ཕྱག་འཚལ་ནས། བདེན་གཉིས་ཀྱི་དམ་ཚིག་དེ་ཉིད་མཁྱེན་པ་དེ་ལ་ཕྱི་ནང་གི་མཆོད་པས་མཆོད་དེ། རྡོ་རྗེའི་དབྱངས་འདི་གསུངས་སོ། །གཉིས་པ་ནི། ཨེ་མའོ་ནས་རབ་ཏུ་བཤད་ཅེས་ཏེ། ཨེ་མའོ་ནི་ངོ་མཚར་དུ་གྱུར་པའོ། །གང་ལ་ན། སངས་རྒྱས་ཀྱི་ཚུལ་དེ་ནི་དེར་་འཁྲིད་པའི་ཐབས་སོར་སྡུད་སོགས་སྦྱོར་བ་ཡན་ལག་དྲུག་གོ །བསྐྱེད་རིམ་གྱི་རྡོ་རྗེ་བཞི་ལས་འདས་པས་ན་བཟང་བའོ། །ཡང་ཨེ་མའོ་བྱང་ཆུབ་ཚུལ་ནི་ཟུང་འཇུག་གོ །དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་གོ །ཨེ་མའོ་ཆོས་ཀྱི་ཚུལ་རེ་ཞི་ནི་བདེན་གཉིས་ཚུལ་གཅིག་ཏུ་བྱས་པའི་སྐུ་དེ་ནི་སྤྲོས་པ་དང་བྲལ་བའོ། །ཨེ་མའོ་སྔགས་ཀྱི་ཚུལ་རེ་བརྟན་ནི་དེ་བཞིན་གཤེགས་པ་རྣམ་ཀྱི་ཚུལ་ལམ་ཐབས་ཉན་རང་སོགས་ཀྱིས་མི་ཕྱེད་པའོ། །འདོད་ནས་རང་བཞིན་གྱི་མ་སྐྱེས་པའི་ཆོས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ནི། བྱང་ཆུབ་ཐོབ་བྱེད་དུ་ངོ་བོ་ཉིད་ཀྱི་ཕུལ་དུ་བྱུང་ཞིང་ཁྱད་པར་ཅན་ཡིན་ཞིང་། དེ་ཁོ་ན་ཉིད་དུ་རྣམ་པར་མི་རྟོག་པ་་སྟེ་བརྟག་མི་བཟོད་ཀྱང་། ཐ་སྙད་དུ་ཡང་དག་པར་རིག་པ་སྟེ་སྦྱོར་དྲུག་གི་ཐབས་ཀྱིས་ཡེ་ཤེས་སྟེ་རྡོ་རྗེ་སེམས་དཔའ་འབྱུང་བར་རབ་ཏུ་བཤད་པ་ནི་ངོ་མཚར་ཆེ་བའོ། །གསུམ་པ་ནི། ཡིད་འོང་སྔགས་ནས་བཤད་དུ་གསོལ་ཞེས་པ་སྟེ། ཡིད་དུ་འོང་བའི་སྔགས་རྣམས་ནི་དབྱངས་གསལ་ལས་བྱུང་བའི་སྔགས་རྣམས་སོ། །ཀུན་བསྡུས་པ་ན ི་སྔགས་དེ་རྣམས་ཀྱི་ངེས་དོན་བསྡུས་པའི་རྡོར་བཟླས་སོ། །རྡོ་རྗེ་བཟླས་པ་དེ་ནི་ཡེ་ཤེས་ཆེ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་བྱེད་དོ། །སྐུ་གསུམ་མི་ཕྱེད་ནི་རྡོར་བཟླས་ཀྱིས་རླུང་འཇུག་གནས་ལྡང་གསུམ་བྱས་པ་སྟེ། དེའི་དཀྱིལ་འཁོར་བཞིའི་རླུང་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི་སྒྲུབ་པ་པོའི་བསྒོམ་བྱའི་རྡོ་རྗེ་བཟླས་པའི་སྦྱོར་བ་ཡི་ནི་རླུང་སྔགས་དབྱེར་མེད་དུ་བྱེད་པའོ། །རྡོར་བཟླས་བྱས་ན་སངས་རྒྱས་ཀུན་གྱིས་རང་ལ་བྱིན་གྱིས་རློབ་པར་མཛད་པར་འགྱུར་རོ། །རིག་སྔགས་དང་སྤྲུལ་གྱི་མིང་ཅན་ལ་སོགས་པའི་རིགས་ཀྱིས་གསང་སྔགས་ཐམས་ཅད་ཀྱང་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ནི། རྡོར་བཟླས་ཀྱི་ཡི་གེ་གསུམ་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་གྱུར་པའོ། །གསང་སྔགས་ཟློས་པ་དེ་རིང་གསུངས་ནི། རྡོར་ཟླས་དེ་ད་ལྟ་གསུངས་ཤིག་པའོ། །དགོས་པ་གང་གི་ཕྱིར་ན། ཡེ་ཤེས་རྒྱ་མཚོ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་སྟེ། དེས་གསན་ནས་ཤེས་པའི་དོན་དུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་སྒྲུབ་པ་པོའོ། །སངས་རྒྱས་དུས་གསུམ་ལས་བྱུང་རྣམས་ནི་རླུང་གི་འཇུག་གནས་ལྡང་གསུམ་རྫོགས་སོ། །རྡོ་རྗེ་སྔགས་ནི་རབ་བསྒོམས་པས་ནི་རྡོར་བཟླས་ཀྱི་རྣལ་འབྱོར་ཤེས་ནས་བསྒོམས་པས། ཡེ་ཤེས་མཉམ་མེད་དེ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་འཐོབ་པར་འགྱུར་བ་དེ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་པའོ། །གཉིས་པ་ལ་གསུམ། བཟླས་པའི་ཆོ་ག །ལས་ཚོགས་ཀྱི་ཏིང་ངེ་འཛིན། དེ་དང་འབྲེལ་བའི་ཏིང་ངེ་འཛིན་ནོ། །དང་པོ་ལ་བཞི། རླུང་གི་རྡོར་བཟླས་ཕན་ཡོན་དང་བཅས་པ། མཆོད་པའི་ཆོ་ག །བཟླས་པའི་རབ་དབྱེ། དུག་གསུམ་གྱི་དོན་སྒོམ་པའོ། །དང་པོ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང་། རྡོ་རྗེའི་བཟླས་པ་་དངོས་སོ། །དང་པོ་ནི། དེ་ནས་སྟོན་པ་རྡོ་རྗེ་ནས་འདི་གསུངས་སོ་ཞེས་པ་་སྟེ། དེ་ནས་ནམ་མཁའ་རྡོ་རྗེ་ནི་འོད་གསལ་དང་། ཡེ་ཤེས་ནི་དག་པའི་སྒྱུ་ལུས་སོ། །འབྱུང་ནི་དེ་གཉིས་ལས་རྡོ་རྗེ་འཆང་ཆེན་པོ་འབྱུང་བའོ། །བྱེད་པ་ནི་ཞི་སོགས་ཀྱི་ལས་བྱེད་པའོ། །སྐྱེད་པ་ནི་གཞན་གྱི་མངོན་སྤྱོད་དང་དབང་གི་ལས་གཅོད་པའོ། །དམ་པ་ནི་ཚངས་པ་དང་དབང་ཕྱུག་སོགས་སོ། །མཆོག་ནི་ཉན་རང་དགྲ་བཅོམ་པ་དག་སྟེ། དེ་རྣམས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཉིད་ཀྱིས་རྡོ་རྗེ་བཟླས་པ་འདི་གསུངས་སོ། །གཉིས་པ་ནི། སྔགས་ཀྱི་དོན་ཀུན་ནས་་ཐུགས་འདྲར་འགྱུར་ཞེས་པ་སྟེ། སྔགས་ཐམས་ཅད་ཀྱི་དོན་ཀུན་བསྡུས་པ་ནི་་ཡི་གེ་གསུམ་ཡིན་ལ། དེའི་བཟླས་པ་ནི་འཇུག་གནས་ལྡང་གསུམ་ཚུལ་བཞིན་དུ་བྱེད་པའོ། །རྡོ་རྗེ་མི་ཕྱེད་གསུམ་གྱི་མཚན་ནི་རྡོ་རྗེ་གསུམ་གྱི་ཡི་གེ་གསུམ་དང་རླུང་གཉིས་དབྱེར་མེད་དུ་སྦྱོར་བའོ། །རྡོ་རྗེ་བཟླས་པ་དེའི་དབྱེ་བ་ནི་སྐུ་རྡོ་རྗེ་ༀ་ལ་སོགས་པ་གསུམ་མོ། །དེ་གསུམ་གྱི་རྡོར་བཟླས་བྱས་པས་མཐར་དེའི་བཀོད་པ་རླུང་འཇུག་གནས་དང་གསུམ་མི་ཕྱེད་པར་སྙིང་ཁའི་རྩ་འཁོར་གྱི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་འགྱུར་བའི་བར་བྱ་སྟེ། དེ་ནི་རྡོ་རྗེ་གསུམ་གྱི་བཟླས་པ་ཞེས་བྱའོ། །རྡོར་བཟླས་དེའི་རྟེན་ནི། སྐུ་གསུང་ཐུགས་ཀྱི་བཟླས་པའི གནས་གཞི་དུས་ཀྱི་སྤྲུལ་སྐུའི་ལུས་དང་། ཟུང་འཇུག་པས་བླངས་པའི་ལུས་རྣམས་ལ་བརྟེན་ནས། སྒྲོ་བ་རྣམ་པ་གསུམ་སྟེ་འཇུག་གནས་ལྡང་གསུམ་གྱི་རྡོར་བཟླས་དག་བྱ་བའོ། །བྱས་པའི་ཕན་ཡོན་ནི། རྡོ་རྗེ་བཟླས་པ་འདི་ཡིས་ནི། སྐུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་གསུམ་གྱི་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་འཆང་ཉིད་དང་འདྲ་བར་འགྱུར་རོ། །གཉིས་པ་མཆོད་པའི་ཆོ་ག་ལ་གཉིས། དབང་བོ་རབ་ཀྱི་མཆོད་པ་དང་། དབང་བོ་ཐ་མའི་མཆོད་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་ནས་བྱང་ཆུབ་མཆོག་ཐོབ་པའོ་ཞེས་པ་སྟེ། རྫོགས་རིམ་པའི་མཆོད་པ་ལ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཏེ། ཟུང་འཇུག་པས་རྣམ་སྣང་ལ་སོགས་པའི་སྤྲུལ་སྐུ་གསུམ་བསྒོམས་པ་སྡེ་བསྐྱེད་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་རྣམས་ཀྱིའམ། དེ་ལ་མཆོད་པའི་མཆོག་བརྟག་པ་སྟེ་བསྒོམ་པར་བྱའོ། །གང་གིས་ན། ཡེ་ཤེས་རྡོ་རྗེ་སྟེ་ཟུང་་འཇུག་ན་གནས་པར་བྱས་ནས་སོ། །ཕན་ཡོན་ནི། སྔར་ལྟར་རྡོ་རྗེ་གསུམ་གྱི་ཐུགས་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །ཡང་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ནི་སྔར་ལྟར་ལ། དེ་བསམས་ནས་མཆོད་པའི་མཆོག་བརྟན་པར་བྱའོ། །ཕྱིའི་མཆོད་པ་རྣམས་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་ཡེ་ཤེས་རྡོ་རྗེ་སྒྲུབ་པ་པོས་མོས་ནས་མཆོད་པ་རབ་ཏུ་བྱའོ། །ཕན་ཡོན་ནི། ཚུལ་འདི་ལྟར་མཆོད་པ་ནི་བྱང་ཆུབ་མཆོག་རྡོ་རྗེ་འཆང་ཐོབ་པར་བྱེད་པའོ། །གཉིས་པ་ནི་ཡང་ན་དབྱེ་བ་རྣམ་གསུམ་ནས་ཀུན་གྱི་ཡིན་ཞེས་པ་སྟེ། བསྐྱེད་རིམ་པའི་མཆོད་པ་ནི། ཡང་ན་སྟེ་རྫོགས་རིམ་ལས་གཞན། ལྷ་རེ་རེ་ལས་སྐུ་གསུང་་ཐུགས་ཀྱི་ལྷའི་དབྱེ་བ་རྣམ་པ་གསུམ་གྱིས་སོ་སོ་དག་ཏུ་སྤྲོ་བ་སྟེ་སྤྲུལ་ནས་སྔར་གྱི་མཆོད་རྫས་དེ་རྣམས་ཀྱིས་མཆོད་བར་བྱའོ། །སྐུ་དང་གསུང་ཐུགས་བདག་མེད་པ་ནི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་རང་བཞིན་མེད་པར་རང་གི་ཡེ་ཤེས་ཀྱི་་སེམས་ཀྱི་རྟོགས་པར་བྱས་ནས། ཡང་དག་པར་སྤྲོ་ཞིང་མཆོད་པའོ། །བརྗོད་ནས་ཏེ་སྤྲུལ་པའི་གནས་ནས་རྡོ་རྗེ་སླར་ཚུར་ལ་སྤྲོ་བ་སྟེ། རང་ལ་གཞུག་པར་བྱའོ། །འདིས་ཐུན་གྱི་མཐར་ལྷ་རྣམས་རང་ལ་བསྡུ་བའི་ཚུལ་ཡང་་སྟོན་ལ། མཆོད་པའི་ལས་རྫོགས་ནས་མཆོད་ལྷ་རྣམས་རང་ལ་རབ་ཏུ་བསྡུ་བར་བྱའོ། །བཤད་མ་ཐག་པ་འདི་ནི་ཡེ་ཤེས་ཀྱི་སྤྱན་ཕྱེ་བ་སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་སོགས་པ་ཀུན་གྱི་བྱ་བ་ཡིན་ནོ། །གསུམ་པ་བཟླས་པའི་རབ་དབྱེ་ལ་དྲུག །སྐུ་གསུང་ཐུགས་ཀྱི་བཟླས་པ། རྡོར་བཟླས་ཀྱི་གཙོ་བོ་རིན་པོ་ཆེའི་བཟླས་པ། ཡན་ལག་གི་རླུང་ལ་བརྟེན་པའི་ཐོགས་མེད་ཀྱི་བཟླས་པ། ཁྲོ་བོའི་བཟླས་པ། དུག་གསུམ་གྱི་བཟླས་པ། མ་ནིང་གི་བཟླས་པའོ། །དང་པོ་ནི། སྐུ་ཡི་རྡོ་རྗེ་ནས་ཐུགས་ཀྱི་བཟླས་པར་བཤད་ཅེས་ཅེས་པ་སྟེ། སྐུ་ཡི་རྡོ་རྗེ་ནི་རྣམ་སྣང་ངོ་། །དེ་ཐབས་གང་གིས་རྫོགས་པའི་བྱང་ཆུབ་ཏུ་བྱེད་པ་ནི་ཡི་གེ་ༀ་གྱིས་དོན་སྒོམ་པའོ། །དེ་ཡང་ༀ་གྱི་སྒྲ་ཐོས་སུ་ཡོད་ཀྱང་དེ་ལ་དཔྱད་པ་ན་རང་བཞིན་གྱི་གྲུབ་པ་མེད་པར་རྟོགས་པ་ནི། ༀ་དེའི་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་དཔྱད་པའོ། །དེ་ལ་ནི་སངས་རྒྱས་ཀྱི་སྐུ་ཞེས་བྱ་བར་བཤད་དེ། སྐུའི་ས་བོན་ༀ་ལ་རྟག་ཆད་ཀྱི་མཐའ་དང་བྲལ་བར་ལྟ་བ་དེ་ནི་སྐུ་ཡི་བཟླས་པ་ཞེས་བཤད་དོ། །ༀ་གྱི་སྒྲ་དོན་ལ་ལྟ་ཚུལ་་དེ་གཞན་གཉིས་ལ་ཡང་ཤེས་པར་བྱ་སྟེ། གསུང་གི་དམ་ཚིག་ནི་འོད་དཔག་མེད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཐབས་ནི་ཨཱཿའོ། །དེ་བརྗོད་པ་ནི་ཐོས་སུ་ཡོད་པས་སྒྲའོ་དེ་ལ་དཔྱད་ན་མི་རྙེད་པས་སྒྲ་མིན་པའོ། །ཐ་སྙད་དུ་སྒྲ་དང་དོན་དམ་པར་སྒྲ་མིན་པར་རྣམ་པར་དཔྱད་པར་བྱ་བ་ནི། གསུང་གི་རྡོ་རྗེའི་བཟླས་པ་ཞེས་བཤད་དོ། །དེ་ནི་གསུང་གི་བཟླས་པར་བཤད་དོ། །ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པའོ། །དེ་རྫོགས་པར་བྱེད་པ་བྱང་ཆུབ་པའི་ཐབས་ནི་ཧཱུཾ་མོ་ཧཱུཾ་དེའི་གནས་པའི་རྡོ་རྗེ་ནི་དེའི་ཡིན་ལུགས་སོ། །དེའི་རྣམ་པར་དཔྱད་པ་ནི་ཧཱུཾ་གི་ངེས་དོན་ཚོལ་བ་སྟེ་སྔར་ལྟར་རོ། །དེ་ནི་ཐུགས་ཀྱི་བཟླས་པ་ཞེས་བྱའོ། །གཉིས་པ་ནི། རྗེས་འགྲོ་དོན་གྱི་ནས་རིན་ཆེན་བཟླས་པར་བཤད་ཅེས་པ་སྟེ། འཇུག་གནས་ལྡང་གསུམ་གྱི་རང་གདངས་ཡི་གེ་གསུམ་དང་དབྱེར་མེད་དུ་སྦྱོར་བའི་བཟླས་པ་ནི། དོན་གྱི་རྗེས་་འགྲོའི་བཟླས་པའོ། །ངོ་བོ་ཉིད་མེད་པ་ཅེས་པ་ལ། ངོ་བོ་ཉིད་མི་ཤིགས་པ་ལས་བྱུང་ཞིང་། བཟང་བོ་ཡིས་ཏེ་རྒྱུན་མི་ཆད་པར་འབྱུང་བའི་ཚུལ་གྱིས་ཟློ་བར་བྱ་ལ། དེ་ཡང་དུས་གསུམ་སངས་རྒྱས་ཏེ་འཇུག་གནས་ལྡང་གསུམ་གྱི་ཚེ་རིགས་བཞིའི་ངོ་བོར་བཤད་པའི་དཀྱིལ་འཁོར་བཞིི་རླུང་རྣམས་ལ་རྣམ་པར་དཔྱད་པ་སྟེ། རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་སྒོ་ནས་ཟློ་བ་དེ་ནི། རིན་པོ་ཆེའི་བཟླས་པ་ཞེས་བཤད་དོ། །གསུམ་པ་ནི། སངས་རྒྱས་ཞིང་ནས་ཐོགས་མེད་བཟླས་པར་བཤད་ཅེས་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ནི་སྙིང་གི་དྷཱུ་ཏིའི་དབུས་ཀྱི་མི་ཤིགས་པ་ལས་ཐམས་ཅད་དུ་སྟེ་མིང་གི་སྒོ་ལ་སོགས་པ་རྣམས་སུ་སྐུའི་སྤྲིན་རྣམས་ཏེ་ལྡང་འཇུག་གནས་གསུམ་གྱི་བདག་ཉིད་ཅན་གྱི་རླུང་སྤྲོ་བའི་ཚེ། ཕྱིར་བཞུད་ཅིང་ནང་དུ་བྱོན་པ་དང་གནས་པའི་རྡོ་རྗེའི་དོན་དེ་ནི་་ཡུལ་ལ་སོགས་པ་མེད་པར་འཇུག་པའི་ཡན་ལག་གི་རླུང་གི་རྡོ་རྗེའི་བཟླས་པ་ཞེས་བཤད་དོ། །བཞི་པ་ནི། ཁྲོ་བོའི་དམ་ཚིག་ནས་ཁྲོ་བོའི་བཟླས་པར་བཤད་ཅེས་པ་སྟེ། ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་་དམ་ཚིག་ནི་བསད་བསྐྲད་ལ་སོགས་པའོ། །ཡེ་ཤེས་ཀྱི་ནི་དེ་རྣམས་ཡོངས་སུ་ཤེས་པའོ། །རང་གི་རྡོ་རྗེ་ནི་རང་གི་ལྕེ་དང་། དཀྱིལ་འཁོར་ནི་ལུས་ཏེ་དེར་སྒྲ་གྲགས་བར་འདོན་པའོ། །བཟླས་བྱའི་སྔགས་ཀྱི་ཡི་གེའི་ཚིག་ནི་རང་གཞན་གྱི་ཐོས་པར་བཟླ་བར་བྱ་བ་སྟེ། དེ་ནི་ཁྲོ་བོའི་བཟླས་པར་བཤད་དོ། །ལྔ་བ་ནི། འདོད་པའི་དོན་གྱི་ནས་ཞེ་སྡང་བཟླས་པར་བཤད་ཅེས་པ་སྟེ། འདོད་པ་ནི་འདོད་ཡོན་ལྔའོ། །དེའི་དོན་གྱིས་མྱོས་པར་གྱུར་པ་ནི་འདོད་པ་དེ་ཚོལ་བར་བྱེད་པའོ། །ཀུན་དུ་སྐྱོབ་ཅིང་ཕན་པར་དཀའ་ནི་རང་དོན་ལ་ཆགས་པའི་་སེམས་ཅན་ནོ། །སེམས་ཅན་དེ་རྣམས་གཏི་མུག་སྟེ་རྣམ་སྣང་དང་། དེའི་གནས་ནི་གཏི་མུག་རྣམ་པར་དག་པའི་འོད་གསལ་ཏེ། དེར་སྡུད་ཅིང་འཇོག་པར་སྒོམ་པ་དེ་ནི་གཏི་མུག་གི་བཟླས་པར་བཤད་དོ། །འདོད་ཆགས་ནི་སྐྱེས་པ་དང་བུད་མེད་ཕན་ཚུན་ཆགས་པའོ། །དེ་ཉིད་བརྟན་པས་ན་རྡོ་རྗེའོ། །དེ་ལས་བྱུང་བའི་ཚིག་ནི་སྐྱེས་པའི་ཚིག་གོ །ལུས་དང་ངག་སེམས་ལ་གནས་པའི། ཞེས་པ་ནི་སྒོ་གསུམ་དུ་གཏོགས་པའི་ཡིད་དུ་འོང་བའི་ཚིག་ཕན་ཚུན་དུ་ཐོས་པའོ། །སེམས་ཅན་ནི་འདོད་ཆགས་ཅན་དེ་རྣམས་སོ། །འདོད་ཆགས་རྒྱ་མཚོ་ནི་འོད་་དཔག་མེད་དོ། །དེའི་གནས་ནི་འདོད་ཆགས་རྣམ་པར་དག་པའི་འོད་གསལ་ཏེ་དེར་སྡུད་ཅིང་བཞག་པར་སྒོམ་པ་དེ་ནི་འདོད་ཆགས་ཀྱི་བཟླས་པ་ཞེས་བཤད་་དོ། །ཞེ་སྡང་ནི་ཁྲོ་བོ་སྟེ། དེ་ཉིད་བརྟན་པས་ན་རྡོ་རྗེའོ། །དེ་ལས་བྱུང་བའི་སེམས་ནི་ལུས་དང་ངག་དང་སེམས་ལ་གནས་པའི་ཞེ་སྡང་ཅན་གྱི་སེམས་ཅན་རྣམས་ཞེ་སྡང་མི་བསྐྱོ་པའི་གནས་འོད་གསལ་དེར་བཞག་པར་སྒོམ་པ་དེ་ནི་ཞེ་སྡང་གི་བཟླས་པར་བཤད་དོ། །དེ་དག་གིས་དུག་གསུམ་ཅན་གྱི་སེམས་ཅན་རྣམས་འོད་གསལ་དུ་སྡུད་པར་གསུངས་སོ། །དྲུག་པ་ནི། དམ་ཚིག་དེ་ཉིད་ནས་མ་ནིང་ཞེས་བྱའོ་ཞེས་པ་སྟེ། དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་། དེ་ཉིད་ནི་འོད་གསལ་ལོ། །དབུ་མ་དམ་ཚིག་རྡོ་རྗེ་ཅན་ཞེས་པའི་རྡོ་རྗེ་ཅན་ནི་་དེ་བཞིན་གཤེགས་པ་རྣམས་སོ། །དབུ་མའི་དམ་ཚིག་ནི་སྙིང་བོ་འོད་གསལ་ལོ། །དེ་ཉིད་དམ་ཚིག་རྡོ་རྗེ་ཡི་སྟེ་སྒྲུབ་པ་པོ་རྣམས་ཀྱི་བཟླས་པ་མ་ནིང་ཞེས་བྱའོ། །བཞི་བ་དུག་གསུམ་གྱི་དོན་སྒོམ་པ་ལ་གཉིས། འདོད་ཆགས་ཀྱི་དོན་སྒོམ་པ་དང་། གཏི་མུག་དང་ཞེ་སྡང་གི་དོན་སྒོམ་པའོ། །དང་པོ་ལ་གཉིས། འདོད་ཡོན་ལ་ཆགས་པ་ལམ་དུ་བྱས་པས་ཐོབ་བྱའི་དོན་རྟོགས་པ་དང་། ལམ་དེ་ཉིད་ལ་བརྟེན་ནས་བུད་མེད་ཀྱིས་ཀྱང་མཆོག་འགྲུབ་པར་བསྟན་པའོ། །དང་པོ་ནི། འདོད་ཆགས་དེ་ཉིད་ནས་བྱང་ཆུབ་རྫོགས་པར་མཛད་ཅེས་པ་སྟེ། འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཤེས་པ་ནི་དེའི་དོན་སྒོམ་པའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ། དེའི་བདག་པོར་གྱུར་པ་ཐམས་ཅད་ནི་དེའི་སྒྲུབ་པ་པོ་ཕོ་མོ་རྣམ་པ་གཉིས་སོ། །སེམས་ཅན་ཀུན་ལ་ཕན་པར་འདོད་པའི་བྱང་ཆུབ་ནི་རྡོ་རྗེ་འཆང་ངོ་། །འདོད་ཆགས་ནི་འདོད་ཡོན་ལ་ཆགས་པ་སྟེ། དེ་ལ་བརྟེན་ནས་རྡོ་རྗེ་འཆང་རྫོགས་པར་མཛད་དོ། །གཉིས་པ་ནི། རིག་པ་ཆེན་མོ་ནས་བསྟེན་ནས་འགྲུབ་ཅེས་པ་སྟེ། རིག་པ་ཆེན་མོ་ནི་ཕྱག་རྒྱ་མོའོ། །སྤྱན་ལ་སོགས་ནི་སྤྱན་སོགས་བཞིི་རིགས་ཅན་གྱི་པདྨ་ཅན་ལ་སོགས་པ་བཞིའོ། །རྟག་འདོད་པ་ནི་འདོད་ཡོན་ལྔ་ལ་སྤྱོད་པའོ། །འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པའི་འདོད་པའི་དོན་ནོ། །ཆགས་པ་དེ་རྣམ་པར་དག་པའི་འོད་གསལ་ཏེ་བརྩོན་པ་ནི་དེ་སྒོམ་པར་བྱེད་པའོ། །འདོད་པའི་ལོངས་སྤྱོད་དག་གིས་ནི་ཇི་ལྟར་འདོད་པ་བསྟེན་ན་འགྲུབ་པ་ནི་འདོད་ཡོན་རྣམས་ལ་ཇི་ལྟར་བདེ་བར་བསྟེན་ཅིང་སྤྱོད་ན་རྡོ་རྗེ་འཆང་མྱུར་དུ་འགྲུབ་པར་འགྱུར་བ་སྟེ་སྒྲ་ཇི་བཞིན་པའོ། །གཉིས་པ་ནི། གཏི་མུག་དམ་ཚིག་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། འདི་ལ་གཉིས། དྲང་བའི་དོན་དང་ངེས་པའི་དོན་ནོ། །དང་པོ་ནི། གཏི་མུག་གི་དམ་ཚིག་རྣམ་སྣང་ངོ་། །དེ་ལས་བྱུང་བ་ནི་རྣམ་སྣང་གི་རིགས་ཀྱིས་སྙིང་ལ་སོགས་པའོ། །རིག་པའི་རྒྱལ་པོ་གཙུག་ཏོར་་འཁོར་བསྒྱུར་ལ་སོགས་པའོ། །རྡོ་རྗེ་ཅན་ནི་ས་སྙིང་ལ་སོགས་པའོ། །མ་ནིང་གི་འོད་གསལ་དང་ཟུང་འཇུག་གོ །དེ་དག་གི་གནས་ནི་ཡི་གེ་གསུམ་མོ། །གྲུབ་པ་ན ི་ཡི་གེ་གསུམ་བཟླས་པས་དངོས་གྲུབ་དམ་པ་བྱང་ཆུབ་རབ་ཏུ་སྟེར་བ་་སྟེ་འགྲུབ་པར་འགྱུར་རོ། ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །ཞེ་སྡང་ནི་མི་བསྐྱོད་པ་དང་། དེའི་གནས་ནི་ཧཱུཾ་ཡིག་སྟེ་དེ་ལས་སྐྱེས་པའོ། །ཁྲོ་བོ་དེ་རྣམས་གསོད་ལ་རྟག་ཏུ་བརྩོན་པ་དག་ནི་གདུག་པ་ཅན་འདུལ་བའི་འཕྲིན་ལས་ཅན་ནོ། །སྒྲུབ་པ་པོ་བརྩོན་འགྲུས་ཤིན་ཏུ་མཆོག་གི་ཆོས་ཅན་དེས། གསོད་པའི་དོན་གྱི་ཏེ་དྲག་པོའི་ལས་རྣམས་འགྲུབ་པར་འགྱུར་རོ་ཞེས་པ་ནི་དྲང་པའི་དོན་ནོ། །བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་ཚིག་རྡོ་རྗེ་འཆང་གིས་་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི། གཏི་མུག་གི་དམ་ཚིག་ནི་མ་རིག་པའོ། །དེ་ལས་བྱུང་བ་ནི་ཉེར་ལེན་གྱི་ཕུང་པོ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ནི་ལུས་བླངས་པའི་སྐྱེས་པ་དང་བུད་མེད་དོ། །མ་ནིང་ནི་ཉེར་ཐོབ་པོ། །ལུགས་བཟློས་ཏུ་འབྱུང་བའི་གནས་ནི་འོད་གསལ་ལོ། །གྲུབ་པ་ནི་འོད་གསལ་ལས་ཟུང་འཇུག་གྲུབ་པའོ། །དངོས་གྲུབ་དམ་པ་ནི་ཕྱག་ཆེན་གྱི་དངོས་གྲུབ་སྟེ། དེ་རབ་ཏུ་སྟེར་བའོ། ཁྲོ་བོ་ནི་ཐབས་ཀྱི་རང་བཞིན་གྱི་རྟོག་པ་བཞི་བཅུའོ། །ཞེ་སྡང་གི་གནས་ནི་ཤེས་རབ་ཀྱི་རང་བཞིན་གྱི་རྟོག་པ་སོ་གསུམ་མོ། །དེས་ཉེར་ཐོབ་ཀྱི་རང་བཞིན་བདུན་ཡང་མཚོན་ནོ། །དེ་ལས་སྐྱེས་པ་ནི་སྣང་བ་དེ་རྣམས་ལས་བྱུང་བའོ། །གསོད་ལ་རྟག་ཏུ་བརྩོན་པ་ནི་འོད་གསལ་གྱིས་རང་བཞིན་གྱི་རྟོག་པ་འཇོམས་པར་བྱེད་པའོ། །མཆོག་གི་ཆོས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་གང་ལ་ཡོད་པ་ཆོས་ཅན་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །གསོད་པ་ནི་རང་བཞིན་དང་ཕུང་པོ་འོད་གསལ་དུ་འཇུག་པའོ། །དེའི་དོན་ནི་རྡོ་རྗེ་འཆང་དུ་སྐྱེས་པ་སྟེ། གང་ཟག་དེས་རང་བཞིན་རྣམས་དབང་དུ་འགྱུར་ཞིང་གྲུབ་པར་འགྱུར་རོ་ཞེས་པ་ནི་ངེས་པའི་དོན་ནོ། །གཉིས་པ་ལས་ཚོགས་ཀྱི་ཏིང་ངེ་འཛིན་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་པའི་ལས་སྒྲུབ་པ་དང་། རྫོགས་རིམ་པའི་ལས་སྒྲུབ་པའོ། །དང་པོ་ལ་གསུམ། རིགས་ལྔའི་ལས་རྒྱལ་མཆོག་དང་། དེའི་སྔོན་དུ་བྱ་བའི་དཀྱིལ་འཁོར་རྒྱལ་མཆོག་དང་། དེའི་སྔོན་དུ་བྱ་བའི་དང་པོ་སྦྱོར་བའོ། །དང་པོ་ནི། ཡེ་ཤེས་འཁོར་ལོ་ནས་སྔགས་དོན་བསྒོམ་པར་བྱ་ཞེས་པ་སྟེ། རང་རྣམ་སྣང་གི་ཡེ་ཤེས་འཁོར་ལོ་ཅན་རྣམས་ནི་ཡེ་ཤེས་སེམས་དཔའ་དང་། དེའི་སྙིང་ཁའི་དབུས་སུ་འཁོར་ལོ་དཀར་པོ་བསྒོམ་པར་བྱ་སྟེ། ཇི་ལྟར་བྱ་ན་ཡེ་ཤེས་སེམས་དཔའི་ཐུགས་ཀར་གསལ་བའི་དཀྱིལ་འཁོར་ཏེ་བླ་མ་དེའི་དབུས་སུ་རྣམ་སྣང་གི་ཕྱག་མཚན་འཁོར་ལོ་གནས་པར་བསམ་མོ། །འཁོར་ལོའི་དབུས་ཏེ་ལྟེ་བར། འཁོར་ལོའི་སྔགས་ༀ་དང་དེའི་་དོན་ནི་གང་ལ་ཞི་བའི་ལས་བྱ་བའི་གང་ཟག་དེ་བསྒོམ་པར་བྱའོ། །རང་མི་བསྐྱོད་པའི་ཐུགས་ཁར་ཡེ་ཤེས་རྡོ་རྗེ་ཅན་རྣམས་ཏེ་ཡེ་ཤེས་སེམས་དཔའི་ཐུགས་་ཀར་རྡོ་རྗེ་སྙིང་ཁའི་དབུས་སུ་བསྒོམ་པར་བྱ་སྟེ། དེ་ཡང་རྡོ་རྗེའི་དཀྱིལ་འཁོར་་སྟེ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་གནས་པ་ལ་རྡོ་རྗེའི་སྔགས་ཏེ་ཡི་གེ་ཧཱུཾ་བསམ་ཞིང་། དེའི་དོན་ནི་རྡོ་རྗེའི་ལྟེ་བར་དྲག་ལས་བསྒྲུབ་པར་བྱ་བའི་གང་ཟག་དེ་འོད་ཟེར་གྱིས་བཀུག་ནས་བཅུག་སྟེ་བསྒོམ་པར་བྱའོ། །རང་རིན་འབྱུང་གི་ཐུགས་ཀར་རིན་ཆེན་ཡེ་ཤེས་ཅན་རྣམས་ཏེ་ཡེ་ཤེས་སེམས་དཔའ་དང་། །དེའི་སྙིང་གའི་དབུས་སུ་རིན་པོ་ཆེ་ལ་རིན་ཆེན་སེར་པོ་བསྒོམ་པར་བྱ་ཞིང་། རིན་ཆེན་དཀྱིལ་འཁོར་དེའི་དབུས་སུ་སྟེ་ལྟེ་བར་གནས་པར་གྱུར་པའི་རིན་ཆེན་སྔགས་ནི་ཡི་གེ་སྭ་དང་། དེའི་དོན་ནི་གང་ལ་རྒྱས་པའི་ལས་བྱ་བའི་གང་ཟག་་དེར་བསྒོམ་པར་བྱའོ། །རང་འོད་དཔག་མེད་ཀྱི་ཐུགས་ཀར་པདྨོའི་ཡེ་ཤེས་ཅན་རྣམས་ཏེ་དེའི་ཡེ་ཤེས་སེམས་དཔའ་དང་། དེའི་སྙིང་གའི་དབུས་སུ་སྣ་ཚོགས་པདྨོ་བསྒོམ་ཞིང་། ཆོས་ཀྱི་དཀྱིལ་འཁོར་པདྨ་དེའི་དབུས་ན་པདྨ་དམར་པོ་གནས་པར་བསམས་ལ། དེར་པདྨོའི་སྔགས་ཏེ་ཡི་གེ་ཨཱཿའོ། །དེའི་དོན་ནི་གང་ལ་དབང་གི་ལས་བྱ་བའི་གང་ཟག་དེ་ཉིད་བསྒོམ་པར་བྱའོ། །རང་དོན་གྲུབ་ཀྱི་ཐུགས་ཀར་རལ་གྲི་ཡེ་ཤེས་ཅན་རྣམས་ཀྱི་སྟེ་དེའི་ཡེ་ཤེས་སེམས་དཔའ་་དང་། དེའི་སྙིང་ཁའི་དབུས་སུ་སྟེ་ཐུགས་གར་སྣ་ཚོགས་རྡོ་རྗེ་བསྒོམ་ཞིང་། དམ་ཚིག་གི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེའི་དབུས་སུ་རལ་གྲི་ལྗང་ཁུ་གནས་པར་བསམས་ལ། རལ་གྲི་དེར་དེའི་སྔགས་ཏེ་ཡི་གེ་ཧཱའོ། །སྔགས་དེའི་དོན་ནི་་དབང་དུ་བྱ་བའི་ལས་བསྒྲུབ་པའི་གང་ཟག་རལ་གྲི་དེར་གཞུག་པར་སྒོམ་པར་བྱའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་གཉིས། མདོར་བསྟན་པ་་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དཀྱིལ་འཁོར་ཀུན་གྱི་ནས་བྱང་ཆུབ་ཐོབ་པར་འགྱུར་ཞེས་པ་སྟེ། །རྣམ་སྣང་སོགས་རིག་ལྔའི་དཀྱིལ་འཁོར་ཀུན་གྱི་ངོས་བཞི་རྣམས་སུ་རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔ་རྣམས་གཙོ་བོ་གང་གི་བྱེད་པ་དེའི་གོ་རིམ་བཞིན་དུ་དགོད་པར་བྱ་སྟེ། དེ་ཡང་གཙོ་བོ་མི་བསྐྱོད་པ་ཡིན་ན། ཤར་དུ་རྣམ་སྣང་དང་། རིགས་ལྷག་མ་བཞིས་གཙོ་བོ་བྱེད་ན་གང་གཙོ་བོར་སོང་བ་དེའི་ཤུལ་དུ་མི་བསྐྱོད་པ་དགོད་དོ། །འོད་ཟེར་ལྔ་ཡི་བྱེ་བྲག་གིས་ཞེས་པ་ནི། རྣམ་སྣང་གིས་ཞི་བའི་ལས་བསྒྲུབ་ན་ལྷ་ཐམས་ཅད་དཀར་པོ། །མི་བསྐྱོད་པའི་དྲག་ལས་ལ་ནག་པོའམ་སྔོན་པོ་སོགས་ཀྱི་ཁྱད་པར་གྱིས་སྤྲོས་པར་བྱས་ན། བྱང་ཆུབ་སྟེ་རང་གི་འདོད་པའི་ལས་དོན་དེ་་ཐོབ་ཅིང་འགྲུབ་པར་འགྱུར་རོ། །གཉིས་པ་ནི། སྔགས་རྣམས་ཐམས་ཅད་ནས་བསྒོམ་པར་བྱ་ཞེས་པ་སྟེ། སྔགས་རྣམས་ཐམས་ཅད་ནི་སྒྲུབ་པ་པོ་ཐམས་ཅད་ཀྱི་སྟེ། སྤྲོ་བ་ནི་ལྷ་རྣམས་ཡིད་ཀྱིས་སྤྲུལ་བའོ། །བྱེ་བྲག་རྣམ་པ་གཉིས་ནི་བསྐྱེད་དོ། །གོས་ཀྱི་རིམ་པ་གཉིས་སུ་བསྒྲགས་སོ། །སྐུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་གསུམ་གྱི་བྱེ་བྲག་གིས་ལྷ་རྣམས་ཕར་ལ་སྤྲོ་བ་དང་ནི་ཚུར་ལ་བསྡུ་བར་བྱས་ནས་རང་གི་གནས་སུ་དགོད་ལ་དེའི་ཚེ་རང་གི་ལུས་ཀྱིས་སྐུའི་ངོ་བོ་ཉིད་རྣམ་སྣང་དང་། སེམས་ཀྱིས་ཐུགས་ཀྱི་ངོ་བོ་ཉིད་མི་བསྐྱོད་པ་དང་། ངག་གི་གསུང་གི་ངོ་བོ་ཉིད་འོད་དཔག་མེད་དེ་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་ངོ་བོར་བལྟས་ནས། སྤྲོ་བསྡུ་བྱའོ། །ཐབས་དེས་ལྷ་རྣམས་མཆོད་པར་ཤེས་པར་བྱས་ན་མཆོད་པའི་གནས་སུ་སྟེ་འདོད་དོན་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་དེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་འཁོར་ལོ་ནི་གཅིག་ཏུ་ཚོགས་པའམ་བསྡུས་པ་སྟེ། དེ་ཡིས་རྡོ་རྗེ་ལྔ་རྣམས་ནི་རིགས་ལྔ་་འདུས་པའི་རྡོ་རྗེ་འཆང་བསྒོམ་པར་བྱའོ། །དེས་ཟུང་འཇུག་པས་ལྷ་རྣམས་བསྡུས་ཏེ་བསྒོམ་པར་བསྟན་ལ། དེས་སྤྲོས་ཏེ་སྒོམ་པ་ཡང་ཤེས་སོ། །གསུམ་པ་དང་པོ་སྦྱོར་བ་ནི། དབུས་སུ་བདག་པོ་ནས་གཟུགས་དག་གིས་ཞེས་པ་སྟེ། སྐུ་དང་གསུང་རྡོ་རྗེ་སོགས་ཀྱི་དམ་ཚིག་སེམས་དཔའ་དབུས་སུ་སྟེ་སྙིིང་གར་བདག་པོ་སྟེ་ཡེ་ཤེས་སེམས་དཔའ་རང་གི་གཟུགས་ཅན་བསམས་ནས། ཐུགས་ཁར་རང་སྔགས་རྡོ་རྗེ་སྟེ་ཏིང་ངེ་འཛིན་སེམས་དཔའི་གཟུགས་དག་བསམ་པར་བྱའོ། །འདིས་དང་པོ་སྦྱོར་བའི་ལྷ་རྣམས་ལ་སེམས་དཔའ་སུམ་བརྩེགས་བྱ་བར་བསྟན་ཏོ། །གཉིས་པ་རྫོགས་རིམ་གྱི་ལས་སྒྲུབ་པ་ནི། དཀྱིལ་འཁོར་རྣམ་པ་ནས་རོལ་མོས་མཚན་པའོ་ཞེས་པ་སྟེ། ཟུང་འཇུག་པས་དཀྱིལ་་འཁོར་རྣམ་པ་བཞི་ནི་ཆུ་ལ་སོགས་པའི་དཀྱིལ་འཁོར་བཞི་བོ་དག་དཀར་པོ། ཁ་དོག་རྣམ་པ་བཞིར་ཀུན་ཏུ་བརྟགས་ལ། སྙིང་གར་ཏེ་ཆུ་སོགས་ཀྱི་དཀྱིལ་་འཁོར་གྱི་དབུས་སུ། སྔགས་ༀ་ལ་སོགས་པའི་དོན་འཇུག་པ་ལ་སོགས་པ་སྟེ། དེ་རྣམས་བསྒོམ་པར་བྱའོ། །རྡོ་རྗེ་རྣམ་པ་བཞི་ནི་ཆུ་སོགས་བཞི་སྟེ་དེ་ཡི་ལས་ནི་ཞི་བ་ལ་སོགས་པའོ། །བསམ་གཏན་རྡོ་རྗེ་ཅན་རྣལ་འབྱོར་པས་ལས་དེ་དག་རྫོག་པར་བྱེད་པའི་ཆོ་ག་འདི་ནི་སྔགས་ཟུང་འཇུག་པ་རྣམས་ཐམས་ཅད་ཀྱི་བྱ་བ་གསང་བའི་གནས་རབ་ཏུ་བཟང་བོ་ཡིན་ནོ། །རིམ་ལ་སོགས་པའི་ནད་་དང་བགེགས་ལ་སོགས་པ་ཞི་བའི་ལས་ལ་ནི་སྤྱན་གྱི་ཚུལ་ཏེ། སྤྱན་མ་ལྟར་་དཀར་བའི་ཆུ་དཀྱིལ་སྣ་བུག་གཉིས་ནས་རྒྱུ་བའི་སྲོག་འཛིན་གྱི་རྡོར་བཟླས་དང་། ནོར་དང་ཚེ་སོགས་རྒྱས་པའི་ལས་ལ་ནི་འགྲེལ་བ་ལྟར་ན་འོད་རྣམ་པར་སྣང་བར་མཛད་པའི་རིན་ཆེན་འབྱུང་གི་གནས་དབང་ཆེན་ཁ་དོག་སེར་པོ་སྣ་བུག་གཉིས་ནས་འབྱུང་བའི་ཐུར་སེལ་གྱི་རྡོར་བཟླས་དང་། རྒྱལ་སོགས་དབང་དུ་བྱེད་པའི་ལས་ལ་ནི་རྡོ་རྗེ་པདྨོ་ཅན་ཏེ་མེད་ཀྱི་ལ་དམར་པོ་སྣ་བུག་གཡས་ནས་རྒྱུ་བའི་གྱེན་རྒྱུའི་རྡོར་བཟླས་དང་བསད་བསྐྲད་ལ་སོགས་པའི་མངོན་སྤྱོད་ཀྱི་ལས་ལ་རྡོ་རྗེ་ཁྲོ་བོ་སྟེ་རླུང་དཀྱིལ་ཁ་དོག་ནག་པོ་སྣ་བུག་གཡོན་ནས་འབྱུང་བའི་མཉམ་གནས་ཀྱི་རྡོར་བཟླས་བྱའོ། །རྡོར་བཟླས་འདི་ནི་རྡོ་རྗེ་སྟེ་རྫོགས་རིམ་པ་ཐམས་ཅད་ཀྱི་གསང་བར་བྱ་བ་སྟེ། སྐུ་རྡོ་རྗེ་སོགས་གསུམ་དབྱེར་མེད་ལས་བྱུང་བའི་རྡོ་རྗེ་་འཆང་ཆེན་པོས་གསུངས་སོ། །ལས་སྒྲུབ་ཚུལ་འདི་ནི། སྔགས་ཏེ་ལྷ་རྣམས་ཀུན་དང་འབྲེལ་བའི་སྤྲུལ་བ་སྟེ་བསྒྲུབ་བྱའི་ལས་སུ་གྱུར་པ་བྱ་བའི་རོལ་མོས་མཚན་པ་སྟེ་ལས་སྣ་ཚོགས་པའོ། །གཉིས་པ་ལ་ཚོགས་རྒྱས་པར་བཤད་པ་ལ་བདུན། དྲག་པོའི་ལས། རྣམ་པར་མི་འཚེ་བའི་ལས། སྒྲུབ་ཐབས་ཀྱི་ཡན་ལག་སྲུང་འཁོར། སྔར་བཤད་པའི་ཞི་བའི་ལས་ཀྱི་རྒྱས་བཤད། རྒྱས་པ་དང་དབང་གི་ལས་གཉིས་སྤྲེལ་བ། རིགས་གཉིས་ཀྱི་སྒོ་ནས་དབང་གི་ལས་སྒྲུབ་པ། བསད་ལས་ཀྱི་ལྷག་མ་བསྟན་པའོ། །དང་པོ་ལ་གཉིས། གསང་བའི་ལས་དང་། མནན་པའི་ལས་སྦྱོར་རོ། །དང་པོ་ལ་གཉིས། མཚམས་སྦྱར་ཏེ་གསད་ལས་བྱ་བའི་ཡུལ་དང་། གསང་བའི་ཆོ་གའོ། །དང་བོ་ནི། མ་དད་སྨྲ་བའི་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། མ་དད་སྨྲ་བ་ནི་དཀོན་མཆོག་དང་བླ་མ་དང་ཐེག་པ་འདི་ལ་མི་སྤྲོས་སྨོད་པར་བྱེད་པའི་སེམས་ཅན་རྣམས་དང་། ཁྱད་པར་དུ་རྡོ་རྗེ་སློབ་དཔོན་ལ་སྨོད་པ་དང་། མཚམས་མེད་བྱེད་པ་ལ་སོགས་པ་དང་གདུག་པའི་སེམས་ཅན་གཞན་རྣམས་ལའང་དྲག་ལས་རབ་ཏུ་བསྐུལ་བ་འདི་དག་བྱའོ། །བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་་འཁོར་ལོའི་རྡོ་རྗེ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་གཉིས། བསྐྱེད་རིམ་པའི་གསད་ལས་དང་། རྫོགས་རིམ་པའི་གསད་ལས་ལས་སོ། །དང་པོ་ལ་གསུམ། གསད་ལས་ཀུན་གྱི་ཐུན་མོང་བ་སྔོན་དུ་ཁ་་སྦྱར་དབྱེ་བའི་ཆོ་ག །གསད་ཆོག་གི་བཀའི་འཁོར་ལོ། །བགེགས་བཟློག་པའི་བཀའ་འཁོར་ལོའོ། །དང་པོ་ནི། ཁམས་གསུམ་གནས་པའི་ནས་བརྩམ་པར་བྱ་ཞེས་པ་སྟེ། མི་བསྐྱོད་པ་དྲག་པོའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་དུས་སུ། འདོད་གཟུགས་དང་གཟུགས་མེད་ཀྱི་ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུར་ཏེ་དེའི་རིགས་ཅན་དུ་ནི་རྣམ་པར་བསྒོམས་ལ། དྲག་པོའི་ལས་བྱ་ཡུལ་གྱི་དགྲ་བོ་དེ་རྡོ་རྗེ་གནོད་སྦྱིན་སྲིན་པོར་བསྒྱུར་ནས། དེ་ཉིད་ཀྱིས་སེམས་ཅན་དེ་ཐམས་ཅད་བསད་པར་བསམས་ནས་སུ། །དེ་ནས་འདིས་སྡིག་པ་འདི་ལྟར་བྱས་སོ་ཞེས་ཉེས་པ་སངས་རྒྱས་རྣམས་ལ་བསྒྲགས་ལ་ཁ་སྦྱར་དབྱེ་བ་དང་བཅས་པའི་དྲག་ལས་རྣམས་བརྩམ་པར་བྱའོ། །གཉིས་པ་ལ་བཞི། མི་བསྐྱོད་པའི་་དང་། རྣམ་སྣང་ལ་སོགས་པའི་དང་། དེའི་འཁོར་གྱི་དང་། ལྷ་ཐམས་ཅད་ཀྱི་བཀའི་འཁོར་ལོའི། །དང་པོ་ལ་བཞི། དང་པོའི་སྦྱོར་བ། དཀྱིལ་་འཁོར་རྒྱལ་མཆོག །ལས་དེ་འགྲུབ་པར་ངེས་པའི་དུས། ཏིང་ངེ་འཛིན་གྱི་མིང་ངོ་། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་ནས་རྣམ་པར་བསྒོམ་ཞེས་པ་་སྟེ། ལྷག་མོས་ཡན་སྔོན་དུ་བཏང་ནས་ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པ་སྟེ། ལྷག་མོས་འོད་གསལ་གྱི་དེ་བཞིན་ཉིད་ལས་བྱང་ཆུབ་པ་དང་ཉི་ཟླ་པདྨ་ཡི་གེ་དང་བཅས་པ་བྱས་ལ། དེ་ཐམས་ཅད་འདྲེས་པ་ལ་ཉེ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ས་བོན་ཧཱུཾ་དང་། དེ་ལས་ཕྱག་མཚན་ལས་བྱང་ཆུབ་པ་རྡོ་རྗེ་རྩེ་ལྔ་པ་ཕྱོགས་རྭ་རྣམས་དབུས་མ་ལ་མ་རེག་པ་ཁ་སྟེ་རྭ་བཞིར་ཕྱི་གྱེས་པ་དང་། དེ་ལས་མི་བསྐྱོད་པ་དྲག་པོ་རྒྱན་གྱི་རྣམ་པའི་མཆོག་རྣམས་་དང་ལྡན་པའི་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པར་བྱའོ། །གཉིས་པ་ནི། དུས་གསུམ་དམ་ཚིག་ནས་གསོད་པར་བྱེད་ཅེས་པ་སྟེ། དུས་གསུམ་དམ་ཚིག་ནི་མི་བསྐྱོད་པ་དྲག་པོ་དེའོ། །དེ་ལས་བྱུང་བའི་སངས་རྒྱས་འཁོར་ལོ་ནི་རྣམ་སྣང་ལ་སོགས་པའོ། །དེ་དག་རྣམ་པར་བསྒོམས་ལ། སངས་རྒྱས་ཀྱི་འཁོར་ལོ་སྟོབས་པོ་ཆེ་དྲག་པོའི་ལྷ་ཚོགས་པོ་འདི་རྣམས་ནི། གཙོ་བོའི་ལག་པ་གཡས་པ་སྟེ་གཡས་ཕྱོགས་སུ་བསམ་པ་འདི་བྱ་ཞིང་། རིགས་པ་དེས་ལྷ་མོ་རྣམས་ནི་གཡོན་གྱི་ཕྱོགས་སུ་དགོད་པར་ཤེས་སོ། །དེ་ནས་ཕྱོགས་བཅུ་ནས་ཕྱུང་སེམས་ཅན་ཏེ་སེམས་གྱི་དོན་ལ་སེམས་པའི་སངས་རྒྱས་རྣམས་སྤྱན་དྲངས་ཏེ། སངས་རྒྱས་སྐུ་སྟེ་རྣམ་སྣང་ལ་སོགས་པ་ཡི་བྱེ་བྲག་གི་ལྷ་སོ་གཉིས་སུ་བསྡུས་ཏེ། གོང་བུའི་ཚུལ་གྱི་སུ་སྟེ་ཐམས་ཅད་ཀྱང་གཙོ་བོ་ལྟར་དྲག་པོར་རིགས་གཅིག་ཏུ་བྱས་ནས་རང་གི་ལུས་ལ་དེ་དག་ཕུང་སོགས་ཀྱི་ངོ་བོར་བཞུགས་པར་བྱ་ཞིང་གཟུང་ངོ་། །སངས་རྒྱས་ཡེ་ཤེས་འཁོར་ལོ་ཅན་གྱི་ཡེ་ཤེས་པའི་ལྷ་རྣམས་རང་བཅུག་ནས་གནས་པ་སླར་འབྱིན་པའི་སྤྲོ་བར་རབ་ཏུ་བྱའོ། །དེ་ཡང་ཕྱག་རྒྱ་དང་སྦྱོར་བའི་མངལ་དུ་བསྐྱེད་ནས་ཕྱིར་ཕྱུང་སྟེ་གཡས་གཡོན་དུ་དགོད་པའི་དོན་ནོ། །དེ་ནས་ཁྲོ་བས་འཁྲུགས་པའི་རྣམ་པ་ཅན་གྱི་ཁྲོོ་བོ་རྣམས་མི་སྡུག་འཇིགས་སུ་རུང་བའི་གཟུགས་ཅན། ཕྱག་ན་མཚོན་ཆ་སྣ་ཚོགས་མཆོག་འཛིན་པ། གདུག་པ་ཅན་རྣམས་གསོད་པར་བཞེད་པའི་དོན་གྱིས་དོན་ལ་སེམས་པ་སྟེ། དེ་དག་གིས་གལ་ཏེ་རྡོ་རྗེ་སེམས་དཔའ་རང་ཉིད་ལྟ་བུའང་མ་རུངས་པའི་ལས་བྱེད་པར་གྱུར་ཚེ་དེ་ལ་ཡང་འཚེ་ཞིང་གནོད་ནི། གདུག་པ་ཅན་ཆེན་པོ་གཞན་གསོད་པར་བྱེད་པ་ལྟ་ཅི་སྨོས་སོ། །གསུམ་པ་ནི། སངས་རྒྱས་སྐུ་གསུམ་ནས་གདོན་མི་ཟ་ཞེས་པ་སྟེ། སངས་རྒྱས་ནི་རྡོ་རྗེ་འཆང་་སྟེ་ངེས་སྐུ་གསུམ་གྱི་གོ་འཕང་མཆོག་སྩོལ་བའོ། །རྡོ་རྗེ་གསུམ་ནི་ལུས་ངག་་ཡིད་གསུམ་དང་ལྡན་པའི་སེམས་ཅན་ཏེ། དེ་རྣམས་ཀྱི་དཀྱིལ་འ ཁོར་ནི་ཁམས་གསུམ་མོ། ཁམས་གསུམ་དང་རྡོ་རྗེ་འཆང་གི་རང་བཞིན་རྣམ་དག་གི་་དེ་ཁོ་ན་ཉིད་ངོ་བོ་དབྱེར་མེད་པས་ཁམས་གསུམ་གྱི་གནས་ནི་རྡོ་རྗེ་འཆང་ངོ་། །ཉི་མ་བདུན་དུ་ཞེས་སོགས་ལ་འགྱུར་མི་འདྲ་བ་སྣང་ཡང་འགྲེལ་བ་དང་བསྟུན་ན། རྡོ་རྗེ་འཆང་དེས་སངས་རྒྱས་ཀྱིས་དངོས་གྲུབ་སྟེར་བར་འགྱུར་རོ། །བླ་མའི་དྲིན་ལ་བལྟོས་པས་ན་རྨོངས་པ་སྟེ། དེ་དྲའི་སྒྲུབ་པ་པོས་ཉི་མ་བདུན་དུ་བྱས་པས་ལས་འདི་ཐེ་ཚོམ་མེད་པར་འགྲུབ་ཀྱི། དེའི་གོང་དུ་སངས་རྒྱས་ཀྱིས་ཀྱང་མི་འགྲུབ་པོ། །བཞི་པ་ནི། རྡོ་རྗེ་དམ་ཚིག་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། རྡོ་རྗེའི་དམ་ཚིག་ནི་ཁྲོ་བོ་རྣམས་སོ། །ཡེ་ཤེས་ནི་ཁྲོ་བོ་རྣམས་སྐྱེས་དགྲ་བོ་ལ་གནོད་པར་བྱེད་པ་སྟེ། དེ་ནི་རྡོ་རྗེ་དམ་ཚིག་གི་ཡེ་ཤེས་ཡིན་ལ། དེ་ཉིད་རྣམ་པར་འཚེ་བར་བྱེད་པའི་བཀའི་འཁོར་སྟེ་དེ་འདྲ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ལ་གཉིས། དངོས་དང་ཏིང་ངེ་འཛིན་གྱི་མིང་ངོ་། །དང་པོ་ནི། ནམ་མཁའི་དབྱིངས་ནས་གདོན་མི་འཚལ་ཞེས་པ་སྟེ། ནམ་མཁའི་དབྱིངས་ཀྱི་་དབུས་སུ་ནི་ཞེས་པ་ནི་སྔར་ལྟར་རོ། ཁྱད་པར་ནི་རྣམ་སྣང་གི་དང་པོ་སྦྱོར་བ་་དང་། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བྱ་ཞིང་། ཕྱག་མཚན་ནི་འདིར་་འཁོར་ལོ་རྡོ་རྗེ་འབར་བས་བརྒྱན་པ་དང་། མཚན་དཔེའི་རྣམ་པའི་མཆོག་ནི་་ཀུན་དང་ལྡན་པའི་རྣམ་པར་སྣང་མཛད་རབ་ཏུ་བསྒོམ་པར་བྱ་བའོ། །དུས་གསུམ་དམ་ཚིག་ལས་བྱུང་བ་ནི། རྣམ་སྣང་མ་གཏོགས་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྐྱེད་པའི་མི་བསྐྱོད་པ་སྤྲོས་ཏེ་རང་ལ་བཅུག་པས། རྣམ་སྣང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་གྲགས་པ་ཆེན་པོ་ཁྲོས་པའི་རྣམ་པ་ཅན། དེ་ཡི་ཕྱག་ཏུ་འཁོར་ལོའི་ཚབ་ཏུ་རྡོ་རྗེ་མེ་སྟག་འཕྲོ་བ་ཁ་གྱེས་པ་བསྣམས་པར་བསྒོམ་མོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས་ནི། རང་གི་ཐུགས་ཁའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས་ཏེ་སྐྱེས་པ་དེར་བུད་མེད་རྣམས་ལྷ་དང་ལྷ་མོའི་བྱེ་བྲག་གིས་སོ་སོར་བྱས་པ་རྣམས་ནི། རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱི་ས་ནི་དྲག་པོའི་སྐུར་རིགས་གཅིག་པའི་ཚུལ་དུ་བྱས་ཏེ་ལྷ་སོ་གཉིས་སུ་བསྡུས་ནས་དྲངས་ལ། དེ་དག་ཐམས་ཅད་བདག་གི་ལུས་ལ་གཟུང་ཅིང་གཞུག་གོ །དེ་ན ས་སྤྲོ་བ་རྡོ་རྗེ་ཐམས་ཅད་ཀྱི་ནི་རང་རིག་མ་དང་སྦྱར་བ་ལས་ལྷ་རྣམས་ཕྱིར་སྤྲོས་ཏེ། སླར་བདུས་ནས་རང་གི་གཡས་གཡོན་དུ་སྔར་བཞིན་དགོད་པ་ཡེ་ཤེས་མཆོག་གི་གཉེན་གྱིས་ཏེ་སྒྲུབ་པ་པོས་བྱའོ། །ལས་རྒྱལ་མཆོག་ནི་ཁ་སྦྱོར་དབྱེ་བའི་སྐོར་སྔར་ལྟར་བྱས་ལ། ཁྲོ་བོ་སྤྲོས་ནས་བཀའ་བསྒོ་བ་ནི། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། སངས་རྒྱས་ཐམས་ཅད་དང་དེའི་སྲས་རྣམས་བདག་ལ་གསོན་ཅིག །ཅི་ཞིག་བྱ་ན། བདག་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཅན་བཀའ་ཡི་འཁོར་ལོ་རབ་ཏུ་སྦྱོར་བ་སྟེ་བརྗོད་དོན་ངེས་པར་རྫོགས་པར་བྱས་པ་ཉིད་དེ། གལ་ཏེ་བསྒོམས་པའི་དོན་བཞིན་མི་བྱེད་ཅིང་དམ་ཚིག་ལས་འདས་ན་ནི། རང་གི་ལག་གི་རྡོ་རྗེ་རབ་ཏུ་འབར་བ་ནི་སྐུ་གསུམ་གཅིག་ཏུ་གྱུར་པ་ལས་བྱུང་བ་སྟེ། འདི་ཡིས་དགས་པར་བགྱིའོ། །འབར་བ་ཡིས་ནི་འགྱུར་ཅུང་མི་བདེ་སྟེ། འགྲེལ་བར་སྐུ་གསུམ་དགས་བྱེད་ལ་བཤད་པའི་ཕྱིར་རོ། །དེས་ན་དགས་བྱ་ཞིག་པར་འགྱུར་བ་ནི་གདོན་མི་འཚལ་ལོ། །གཉིས་པ་ནི། འཁོར་ལོའི་དམ་ཚིག་ནས་ཏིང་ངེ་འཛིན་ཏོ། །ཞེས་པ་སྟེ། འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་དོ། །དེ་ལས་བྱུང་བ་ནི་ཡེ་ཤེས་རྡོ་རྗེ་སྟེ་རྡོར་སེམས་ཡིན་ལ། དེའི་ཏིང་ངེ་འཛིན་ཏོ། །རྣམ་སྣང་ལས་བཤད་པ་དེ་བཞིན་དུ་རིན་བྱུང་སོགས་ལ་ཡང་སྦྱར་བར་བྱའོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང་། ཏིང་ངེ་འཛིན་གྱི་མིང་ངོ་། །དང་པོ་ནི། སངས་རྒྱས་དཀྱིལ་འཁོར་ནས་གསོད་པར་བསྐོམ་ཞེས་པ་སྟེ། ཁྲོ་བོ་རྣམས་ཀྱི་བཀའ་ཡི་འཁོར་ལོ་ལ་སངས་རྒྱས་རྡོ་རྗེ་ཅན་ནི་ལྷག་མོས་ཀྱི་རྡོ་རྗེ་འཆང་དང་དཀྱིལ་འཁོར་ནི་འཁོར་རྣམས་སོ། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ་པ་ནི་ལྷག་མོས་ཀྱི་ལྷ་རྣམས་འོད་གསལ་དུ་ཞུགས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་སྟེ། དེས་མཚོན་མངོན་བྱང་ལྔ་ལས་གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཆེ་སྟེ་འཁོར་བཅས་སུ་རང་གི་རྡོ་རྗེ་སྟེ་རང་ཉིད་བསྐྱེད་པར་ཡིན་པ་བརྟག་པར་བྱའོ། །དུས་གསུམ་སངས་རྒྱས་ནི་རྣམ་སྣང་ལ་སོགས་པའོ། །སེམས་དཔའ་ནི་བྱམས་པ་ལ་སོགས་པ་སྟེ། དེ་རྣམས་སྤྱན་དྲངས་ཏེ་རང་གི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་ཞུགས་པ་དག་ཏུ་བསྒོམ་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ཀྱི་མདོག་སྟེ་རྣམ་པ་དང་འདྲ་བར་ཡུམ་གྱི་མངལ་དུ་བསྐྱེད་པའི་རྗེས་སུ་སླར་ཡང་སངས་རྒྱས་དེ་རྣམས་འདིར་དྲག་པོའི་རྣམ་པར་སྤྲོ་བར་བྱའོ། །སྤྲོས་པ་རྣམས་སླར་བྱོན་ནས་གཡས་གཡོན་་དུ་བཞུགས་པ་ནི་སྔར་ལྟར་རོ། །དུས་གསུམ་ལ་བཞུགས་སེམས་ཅན་དང་ཞེས་པ་ནས། སེམས་ཅན་དུས་གསུམ་ལས་བྱུང་རྣམས་ཞེས་འབྱུང་བ་ལྟར་ཏེ། དུས་གསུམ་གསུམ་ཏེ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ལྷ་ཞི་བ་རྣམས་ཀྱང་འདིར་དྲག་པོའི་རྣམ་པ་ཅན་དུ་བསྒོམ་པར་བྱའོ། །ལས་རྒྱལ་མཆོག་ནི། བྱ་བ་མ་་ཡིན་པ་བྱེད་པའི་གདུག་སེམས་ཅན་གྱི་དགྲ་བོ་རྣམས་ནི། །ལྷ་དྲག་པོ་རྣམས་ཁྲོས་པས་ཐམས་ཅད་གསོད་པར་བསྒོམ་པར་བྱའོ། །གཉིས་པ་ནི། འདི་ནི་རྡོ་རྗེ་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། བཤད་པ་འདི་ནི་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་བཀའ་ནི་གདུག་པ་ཅན་རྣམས་གཞོམ་པའི་ཕྱི་བསྐུལ་བའོ། །དཀྱིལ་འཁོར་ནི་སྙིང་པོའོ། །དམ་ཚིག་ཐམས་ཅད་ནི་ལྷག་མོས་ཀྱི་རྡོ་རྗེ་འཆང་ངོ་། །ལྷག་མོས་ཀྱི་འོད་གསལ་དུ་བསྡུས་པ་ལས་བྱུང་བ་གཤིན་རྗེ་གཤེད་ཀྱི་སྐུ་གསུམ་གྱི་ཡེ་ཤེས་རྡོ་རྗེ་སྟེ་ཁྲོ་བོ་རྣམས་ཀྱི་ཏིང་ངེ་འཛིན་ཏོ། །བཞི་བ་ནི། སྐུ་གསུང་ཐུགས་ཀྱི་ནས་སྦྱར་བར་བྱ་ཞེས་པ་སྟེ། ལྷ་ཐུན་མོང་བའི་བཀའི་འཁོར་ལོ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འམ་ནི་རྣམ་སྣང་སོགས་རིགས་ལྔའོ། །རང་སྔགས་ནི་རྣམ་སྣང་སོགས་ཀྱི་རིགས་དང་འབྲེལ་བའི་བྱམས་པ་ལ་སོགས་པའོ། །དོན་ནི་དང་པོ་སྦྱོར་བའི་སྐབས་སུ་མངོན་བྱང་ལྔ་ལས་སྐུ་མདོག་ཕྱག་མཚན་སོགས་ཆོ་ག་བཞིན་བསྐྱེད་པའོ། །ཡོན་ཏན་ནི་དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་བྱམས་པ་སོགས་རྡོར་སེམས་དྲུག་པོར་གྱུར་པའི་གཟུགས་ཀྱིས་བཀའ་འཁོར་ལོ་བྱ་བའམ། ཡང་ན་གཙུག་ཏོར་ཁོར་བསྒྱུར་སོགས་ཀྱི་དམ་ཚིག་གིས་ཏེ་ཁྲོ་བོ་དེ་རྣམས་ཀྱི་སྒོ་ནས་བཀའ་ཡི་འཁོར་ལོ་་སྦྱར་བར་བྱའོ། །གསུམ་པ་ནི། སྔགས་རྣམས་ཀུན་ནས་བཀའ་སྩལ་ཏོ་ཞེས་པ་སྟེ་སྲུང་འཁོར་ལ་སྔགས་ཀུན་ནི་བགེགས་བྱེད་པ་སྟེ། དེ་རྣམས་བསྲུང་བའི་ཕྱིར་ཡེ་ཤེས་མཆོག་རྡོ་རྗེ་ཅན་སྒྲུབ་པ་པོས་ཁྲོ་བཅུའི་བཀའ་འཁོར་ལོ་འདི་བྱའོ། །འདི་ནི་རྡོ་རྗེ་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱི་བྱང་ཆུབ་བསྒྲུབས་པའི་བགེགས་སྲུང་བ འི་དོན་ཆེད་དུ་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་རྫོགས་རིམ་པའི་གསང་ལས་ནི། ནམ་མཁའ་རྡོ་རྗེའི་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ནམ་མཁའི་རྡོ་རྗེ་དབུས་གནས་པར་ནི་འོད་གསལ་ལ་གནས་པའོ། །ཆོས་ཀྱི་སྣང་མཛད་སྐུ་མཆོག་ལས་ཞེས་པའི་ཆོས་ཞེས་པ་མ་དག་པར་བཤད་པས། རྣམ་པར་སྣང་མཛད་དེ་བསྒྲུབ་བྱའོ། །སྐུ་མཆོག་ནི་དེའི་དོན་སྤྱི་སྟེ། དེ་ལས་བྱུང་བའི་སྐུ་གསུམ་དམ་ཚིག་དང་ནི་བསྒྲུབ་བྱའི་སྒོ་གསུམ་མོ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར་ནི་བསྒྲུབ་བྱའི་སྒོ་གསུམ་འོད་གསལ་དུ་ཞུགས་པར་བསམས་ནས་གདན་དུ་སྟེ་གཞིར་དེ་རབ་ཏུ་བརྟག་པར་བྱའོ། །མཁའ་དབྱིངས་ནི་འོད་གསལ་ཏེ། དེ་ཉིད་སངས་རྒྱས་་ཐམས་ཅད་ཞེས་པ་བསྒྲུབ་བྱའི་སྒོ་གསུམ་རླུང་འོད་ཟེར་ལྔ་པ་ཙམ་དུ་བལྟས་ལ། དེས་ཡོངས་སུ་གང་ཞིང་ཁྱབ་པར་རྣམ་པར་བསྒོམ་པར་བྱའོ། །ཟུང་འཇུག་པའི་རང་སྔགས་ཡི་གེ་ནི་དེའི་དག་གོ །གནས་ནི་ལུས་སོ། །ཡེ་ཤེས་ནི་སེམས་་སམ་ཐུགས་ཀྱི་རྣམ་པ་སྟེ་སྒྱུ་མ་ལྟ་བུ་བསྒོམ་པར་བྱའོ། །སངས་རྒྱས་རྣམས་ནི་བསྒྲུབ་བྱ་རླུང་འོད་ཟེར་ལྔ་བ་ཙམ་དུ་བསྟན་པ་དེ་སེམས་ཀྱིས་བཏགས་པ་ཙམ་དུ་གནས་པར་བསྒོམས་ནས། སླར་ཡང་སྟེ་ཡང་རང་གི་ཕྱག་རྒྱ་ཆེན་པོའི་སྐུར་བསྡུ་བ་སྟེ་གཞུག་པར་བྱའོ། །ཐུགས་ཀྱི་རྡོ་རྗེར་བྱས་པའི་ཕྱིར་ནི་སེམས་ཙམ་གྱི་བདག་ཉིད་དུ་ཤེས་པར་བྱས་ནས། སྐུ་གསུམ་སྟེ་རང་གི་ལུས་ངག་ཡིད་གསུམ་ལ་ནི་དེ་དག་གཟུང་བ་སྟེ་གཞུག་པར་བྱའོ། །ཚུལ་དེས་བསྒྲུབ་བྱ་བསད་ན་བསད་པ་དེ་མི་བསྐྱོད་པའི་ཞིང་དུ་སྐྱེ་བར་འགྱུར་རོ། །རྡོ་རྗེ་ནི་གཞིག་དཀའ་བའི་བསྒྲུབ་བྱ་སྟེ། དེ་འཇིག་པར་བྱེད་པའི་སྔགས་རིན་པོ་ཆེ་སྟེ་འོད་གསལ་དུ་གཞུག་པའོ། །དེའི་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ལ་གཉིས། སྣོད་མནན་པ་དང་། བཅུད་མནན་པའི་ཆོ་གའོ། །དང་པོ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་པའི་ཆོ་གའོ། དང་པོ་ནི། རྣམ་པའི་མཆོག་ནས་བཅག་པར་བྱ་ཞེས་པ་སྟེ། མཚན་དཔེའི་རྣམ་པའི་མཆོག་རྣམས་ཀུན་དང་ལྡན་པའི་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་དུ་བསྐྱེད་པའི་དང་པོ་སྦྱོར་བ་རབ་ཏུ་བསྒོམ་པ་དང་། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བྱས་ཏེ་ལས་རྒྱལ་མཆོག་གི་དུས་སུ་སྣོད་ཆུས་བཀང་བ་མདུན་དུ་བཞག་ལ། རང་ཉིད་ཆུ་དེའི་སྟེང་གི་ནམ་མཁར་འདུག་པར་མོས་ཏེ། སངས་རྒྱས་ཏེ་ཆུའི་ནམ་མཁའི་ཁམས་དང་རླུང་དང་མེ་དང་ཆུ་དང་སའི་རྡུལ་རྣམས་རིམ་པ་བཞིན་དུ་ཧཱུཾ་ལས་མི་བསྐྱོད་པ་དང་། ཡཾ་ལས་དོན་གྲུབ་ཀྱི་རང་བཞིན་རླུང་དཀྱིལ་སྔོན་པོ་དང་། དེ་བཞིན་དུ་དེའི་སྟེང་རཾ་དང་། དེའི་སྟེང་དུ་བཾ་དང་། དེའི་སྟེང་་དུ་ལམ་ལིས་རིམ་བཞིན་འོད་དཔག་མེད་རིན་འབྱུང་རྣམ་སྣང་གི་རང་བཞིན་མེ་་དཀྱིལ་དམར་པོ། ཆུ་དཀྱིལ་དཀར་པོ། །ས་དཀྱིལ་སེར་པོ་རྣམས་བཀོད་ནས་སྲ་ཞིང་མཁྲེགས་པར་བསྒོམ་མོ། །དེ་ལྟར་བསྒོམས་མནན་བཟོད་པ་བྱུང་ན་ནི། རྒྱ་མཚོ་ལ་སོགས་པའི་ཆུའི་སྟེང་དུའང་བཅག་པར་བྱ་སྟེ། བྱས་ཀྱང་མི་འབྱིང་ངོ་། །གཉིས་པ་ནི། རྐང་པ་མཉམ་གཞག་ནས་ཏིང་ངེ་འཛིན་ཏེ་ཞེས་པ་སྟེ། རྫོགས་རིམ་པའི་སྣོད་མནན་པ་ལ། རྐང་པ་མཉམ་གཞག་སྦྱོར་བ་ཡིས་ནི་བདེན་གཉིས་ཟུང་དུ་འཇུག་པའི་སྐུར་བྱས་པ་སྟེ། དེས་སྤྱི་བོ་ཞེས་བྱ་བ་ཆུའི་སྟེང་དུ་རྐང་བ་བསྒོམ་ཞེས་བྱ་སྟེ། བཅག་པར་བྱའོ་ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་རྡོ་རྗེེ་འཆང་གི་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ནི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བ་གཉིས་སོ། །དེ་གཉིས་ཀྱིས་རྒྱ་མཚོ་ལ་སོགས་པར་རྐང་བས་གནོན་པ་སྟེ་འཆག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་བཅུད་གནོད་པ་ལ་གསུམ། ངག་དང་། དཔུང་དང་། ཡིད་གནོན་པའོ། དང་པོ་ནི། དབང་ཆེན་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ངག་གནོད་པ་ནི་རང་གི་ལྷའམ་རྡོ་རྗེ་འཆང་གི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་བྱས་ནས་ལས་རྒྱལ་མཆོག་གི །དབང་ཆེན་དཀྱིལ་འཁོར་ཏེ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་རྡོ་རྗེ་གཉིས་ཀྱིས་མཚན་པ་མུ་སྟེགས་སོགས་ཕས་ཀྱི་རྒོལ་བ་རྩོད་པ་བྱེད་པ་དེའོ། །དབུས་སུ་སྟེ་ཁའི་བུ་གར་བསྒོམས་ལ། དེའི་སྟེར་དུ་ཁྲོ་བོ་སྟེ་ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་མེ་འབར་བ་རྣམ་པར་བཞག་ནས་ཁ་བཀབ་པར་བསམ་མོ། །ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་ལ་བདུད་རྩི་འཁྱིལ་བ་རྐང་བ་གཡོན་བརྐྱང་གིས་གནས་པས་བསྒྲུབ་བྱ་དེ་ཡི་སྤྱི་བོར་གནོད་པར་བསྒོམ་པར་བྱའོ། །མུ་སྟེགས་ཅན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་འཁྲུལ་འཁོར་ཏེ་སྒོ་གསུམ་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། རྡོ་རྗེ་གསུམ་མཆོག་ནས་ཏིང་ངེ་་འཛིན་ཏོ་ཞེས་པ་སྟེེ། དཔུང་གནོན་པ་ལ་རྡོ་རྗེ་གསུམ་མཆོག་ཁྲོ་བོའི་ཚུལ་ནི་རྡོ་རྗེ་འཆང་གི་དང་པོ་སྦྱོར་བ་དང་། ཁྲོ་བོ་གང་ཡང་རུང་བའི་དཀྱིལ་འཁོར་རྒྱལ་མཆོག་བྱས་ནས། ལས་རྒྱལ་མཆོག་གི་དུས་སུ། ལྷ་རྣམས་གེ་སར་སེར་པོའི་མདོག་དང་འདྲ་བ་དང་། ལྷ་ཐམས་ཅད་ཀྱང་རི་ཡི་རྒྱལ་བོ་རི་རབ་ལྟ་བུར་སྤྲོས་ཏེ་གླང་པོ་རྟ་ཤིང་རྟའི་བཞོན་པ་ཅན་དང་དཔུང་བུ་ཆུང་རྐང་ཐང་གི་ཚོགས་ཏེ་ཡན་ལག་བཞི་པའི་དཔུང་གི་སྟེང་དུ་བསམས་ནས། དེ་དག་གི་སྤྱི་བོར་ས་དཀྱིལ་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཁྲོ་བོ་རྣམས་ཀྱི་གནོན་པར་རབ་ཏུ་བསྒོམས་ཏེ་དགྲ་དཔུང་ས་འོག་ཏུ་སོང་བར་བསམས་ན། སངས་རྒྱས་ཏེ་རེངས་པའི་ལས་སྦྱོར་ཤེས་པའི་དཔུང་ཡང་གནོན་པར་བྱེད་ན། དེ་མི་ཤེས་པའི་མི་་དབང་འཁོར་བཅས་གནོན་པ་ལ་ནི་དོགས་པ་མེད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་དྲུག་པ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནི་དཔུང་ཐམས་ཅད་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གསུམ་པ་ནི་དགྲ་བོ་སྐྲག་པའི་ནས་ཏིང་ངེ་་འཛིན་ཏོ་ཞེས་པ་སྟེ། དགྲ་བོ་ནི་དམ་པའི་ཆོས་སྦོང་བར་བྱེད་པ་སྟེ་དེ་སྐྲག་པར་བྱེད་པའི་དམ་ཚིག་གི་བསམ་གཏན་འཆད་པ་འདི་རབ་ཏུ་བརྟག་པར་བྱའོ། །སངས་རྒྱས་དག་གིས་ཏེ་ལས་དང་པོ་པས་ཀྱང་གལ་ཏེ་སྦྱོར་བ་འདི་ལས་འདས་ཤིང་བཟླས་ནས། སྦྱོར་བ་འདི་བགྲོད་ཅིང་བསླབས་ན་ཞེས་འབྱུང་བལྟར་དང་། འགས་པར་འགྱུར་བ་ལ་གསལ་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ་ཞེས་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་དམ་ཚིག་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས་སོ། །མི་བསྐྱོད་པའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་སྦྱོར་གྱི་དུས་སུ། ཧཱུཾ་ལས་བྱུང་བའི་ཕུར་བུར་བསམ་པར་བྱ་བ་ནི་བར་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་བའི་ཆེད་དུ་སྟེ་དབྱིབས་སུ་བྱ་ཞིང་། དེའི་སྟོད་བདུད་རྩི་འཁྱིལ་བའི་གཟུགས་དང་སྨད་མདུང་རྩེ་གཅིག་པའི་རྣམ་པ་ཅན་དུ་བྱས་པའི་རྡོ་རྗེ་ཕུར་བུ་དེ་ཡིས་ནི། །བསྒྲུབ་བྱའི་སྙིང་ཁར་བཏབ་པ་དེ་ནི་རབ་ཏུ་བསྒོམས་ན། ཁྲོས་པས་རང་ལ་རྒོལ་བར་བྱེད་པའི་སངས་རྒྱས་ཏེ་རྒྱུད་དང་སྔགས་ཀྱིས་རིགས་རྣམས་ཀྱི་དཔུང་གི་ཚོགས་ཤེས་པ་དག་ཀྱང་འཇིག་པར་འགྱུར་བར་གདོན་མི་ཟ་ན་གཞན་ལྟ་ཅི་སྨོས་སོ། །དགྲ་རྨོངས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་རྣམ་པར་འཚེ་བ་ཞི་བ་ལ་གཉིས། དངོས་ཀྱི་དོན་དང་། ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི་གྲོང་དམ་ཡང་ན་ནས་ཡང་་དག་བྱ་ཞེས་པ་སྟེ། རྒྱལ་པོའི་ཕོ་བྲང་དང་བཅས་པའི་གྲོང་ངམ། ཡང་ན་སྐྱེ་བོ་གཞན་གནས་པའི་གྲོང་ཁྱེར་རམ། སྐྱེ་བོ་མང་པོ་འདུས་པའི་ལྗོང་དག་ཏུ་ནི་ལས་ཀྱི་རབ་ཏུ་སྦྱོར་བ་འདི་བྱའོ། །དེ་ཡང་རྣམ་སྣང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་སྟེ། རྒྱལ་མཆོག་གི་དུས་སུ་ནད་ཀུན་སྤོང་བ་སྟེ་ཞི་བར་བྱེད་པ་ཡང་། ཚུལ་འདིས་ནི་རྟག་ཏུ་སྦྱར་བར་བྱའོ། །དེ་ཡང་ནད་པ་གནས་པའི་གྲོང་སོགས་ཀྱི་བར་སྣང་དག་ལ་ༀ་ལས་ཟླ་བའི་སྟེང་ཧཱུཾ་ལས་ཏ་ལའི་སྡོང་པོའི་ཚད་ཙམ་གྱིས་རྡོ་རྗེ་ཆེན་པོ་རྩེ་མོ་ལྔ་པ་འོད་ཟེར་ལྔ་ལྡན་རབ་ཏུ་བསྒོམས་ལ། འོད་ཟེར་གྱི་ཚོགས་སྲེག་པའི་བསྐལ་བ་སྟེ་དུས་མཐའི་མེ་ལྟར་འབར་བས་སེམས་ཅན་ནད་པ་དེ་རྣམས་ཀྱི་སྡིག་པ་དང་ནད་ཐམས་ཅད་སྲེག་པར་བསམས་ལ། སླར་ཡང་རྡོ་རྗེ་ལས་སྤྲོས་པའི་འོད་ཟེར་གྱིས་སེམས་ཅན་དེ་རྣམས་རྡོ་རྗེ་ལྟེ་བའི་ནང་དུ་རབ་ཏུ་བསྡུ་བར་བྱ་ཞིང་། དེ་ནས་སེམས་ཅན་དེ་རྣམས་རྡོ་རྗེའི་ལྟེ་བ་ནས་སྤྲོ་བ་སྟེ་ཕྱིར་འབྱིན་པ་དག་ཀྱང་བྱའོ། །ཇི་ལྟར་འབྱིན་ན་སེམས་ཅན་དེ་རྣམས་ནི་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་ལུས་དང་ཁ་དོག་ལྟ་བུར་གྱུར་པའི་་སེམས་ཅན་དེའི་ཆོས་ཀྱི་སྟེ་ཚོགས་ཀྱི་སྤྲིན་ནི་རྡོ་རྗེའི་ལྟེ་བ་ནས་ཕྱིར་བྱུང་སྟེ་རང་གི་གནས་སུ་ཟླ་བ་ལ་འཁོད་པར་བསྒོམ་མོ། །བཀོད་ནས་ཀྱང་དེ་རྣམས་ཀྱི་ནམ་མཁར་རྣམ་སྣང་གི་ཚོགས་སྤྱན་མ་དང་སྦྱར་བའི་སྦྱོར་མཚསམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སེམས་ཅན་དེ་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ནི་་ཡང་དག་བྱའོ། །གཉིས་པ་ནི། རྡོ་རྗེའི་བསམ་གཏན་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། བཤད་མ་ཐག་པའི་རྡོ་རྗེའི་བསམ་གཏན་འདི་ཡིས་ནི་ལུས་ཀྱི་ཉམས་སྟོབས་ཟད་དགང་དཀའ་བ་ཡར་རབ་ཏུ་འགེངས་ཤིང་རྒྱས་པར་འགྱུ་རོ། །དེ་ནི་བསྒྲུབ་བྱ་ལ་ལུས་སྟོབས་རྒྱས་པ་སྦྱིན་པའི་རྡོ་རྗེ་སྟེ་དེ་རབ་ཏུ་བསྒོམ་པར་བྱའོ། །དེ་ལྟར་བྱེད་པ་དེ་ནི་ཡིད་བཞིན་ནོར་བུ་རིན་འབྱུང་དཔལ་ལྟ་བུ་དང་ལྡན་པར་འགྱུར་རོ། །ས་ཕྱོགས་དེ་བྱིན་གྱིས་རློབ་པའི་ཆེད་དུ། སངས་རྒྱས་སྤྲིན་ཏེ་རྣམ་སྣང་དང་། ཆོས་ཆེན་འོད་དཔག་མེད་དང་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་ཚོགས་ཕྱོགས་དེར་སྤྲོ་བར་བྱ་སྟེ། དེས་བསྐལ་བ་གྲངས་མེད་གསུམ་གྱི་ཡུན་དུ་ཡང་གནས་ཏེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་བྱེད་ཅིང་སྐྱོང་བར་མཛད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་གསང་བ་སྐྱོན་མེད་པ་མི་སླུ་བ་ནད་ཐམས་ཅད་མེད་པར་བྱེད་པ་རྡོ་རྗེ་ལྟ་བུའི་ལུས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གསུམ་པ་ནི། བསམ་གཏན་ནས་ཏིང་ངེ་་འཛིན་ཏོ་ཞེས་པ་སྟེ། སྲུང་འཁོར་གྱི་ཆོ་ག་ན་བསམ་གཏན་ལས་བྱུང་བའི་ཕུར་བུ་གདབ་པའི་དམ་བཅས་པ་ནི། གནས་ཡིད་དང་མཐུན་པ་གང་དུ་ན་ལས་འདི་ཡང་དག་པར་སྤྱོད་པར་བྱའོ། །ཞེ་སྡང་རྡོ་རྗེ་ཁྲོ་བཅུས་བསྐོར་བའི་སྲུང་འཁོར་གྱི་བསམ་གཏན་གྱི་ཆོ་གའི་སྦྱོར་བ་འདི་ཡིས་ནི། གནས་ཏེ་རྣལ་འབྱོར་བྱས་ན་རང་ལྷ་སངས་རྒྱས་རྣམས་ཀྱི་བྱིན་གྱིས་རློབ་པར་བྱེད་པ། ས་དེ་རྣམས་ནུས་པ་འདྲ་བར་འགྱུར་རོ། །ཕུར་བུ་བྱ་ཚུལ་ནི། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཕུར་བུ་རབ་བསྒོམ་ནི། ཕུར་བུ་ནི་སྟོད་བདུད་རྩི་འཁྱིལ་བ་དང་སྨད་ཕུར་བུའི་རྣམ་པ་ཅན་དུ་བསྒོམས་ཏེ། འོད་ཟེར་མེ་སྟག་འབར་བ་འདྲ་བ་་ཡི་ཕུར་བུས་ཤར་ལ་སོགས་པའི་ཕྱོགས་བཅུའི་ཕྱོགས་སྐྱོང་གི་དཀྱིལ་འཁོར་འཁོར་བཅས་ཀྱི་མགོར་གདབ་པར་བྱའོ། །འགྲོ་བ་ནི་སྒྲུབ་པ་པའོ་དེའི་སེམས་ལོག་པར་བསྒྱུར་བ་ནི་འདུལ་བ་སྟེ་བགེག་རྣམས་སོ། །དེ་ཞི་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བཞི་པ་ལ་གཉིས། དངོས་ཀྱི་དོན་དང་། ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི། ཞི་བའི་དཀྱིལ་འཁོར་ནས་རབ་ཏུ་སྩོལ་ཞེས་པ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ་ནི་ཆོས་འབྱུང་ནང་དུ་གཞལ་ཡས་ཁང་ནས་ཟླ་བ་ལས་བྱང་ཆུབ་པའི་ཟླ་བའི་སྟེང་དུ། ཞི་བའི་དཀྱིལ་འཁོར་དམ་པ་སྟེ་ནི་ཆུ་དཀྱིལ་གྱི་སྟེང་དུ་ༀ་དང་དེ་ལས་འཁོར་ལོ་དང་དེ་ལས་རྣམ་པར་སྣང་མཛད་ཀྱི་གཟུགས་བསམས་ནས་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་བྱས་ཏེ། ལས་རྒྱལ་མཆོག་གི་ཚེ་རང་རྣམ་སྣང་དུ་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་དེའི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་འཁོར་ལོ་ལ་ནི། འདོད་པ་སྟེ་བསྒྲུབ་བྱ་འོད་ཟེར་གྱིས་དྲངས་ཏེ་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་བཞག་པར་བྱའོ། །དེ་ནས་སྤྱན་མ་ལ་སོགས་པ་མཆོག་སྟེ་རྣམ་སྣང་ཡབ་ཡུམ་གྱི་ཚོགས་སྙོམས་པར་ཞུགས་པ་ནམ་མཁའི་དབྱིངས་སུ་ཡོངས་སུ་གང་བར་བསྒོམས་ལ། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐམས་ཅད་བསྡུས་ནས་གཅིག་ཏུ་བྱས་པའི་འོད་གྱི་གང་བུའི་རྣམ་པས་རང་གི་སྤྱི་བོ་ནས་ཞུགས་པ་ནད་པའི་སྤྱི་བོ་ནས་དབབ་སྟེ་སྡིག་པ་་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་ནད་པ་དེ་སྡིག་པ་དང་བྲལ་ཏེ་རང་གི་སྣ་བུག་གཡས་ནས་བྱུང་སྟེ་མདུན་དུ་ༀ་ལས་བྱུང་བའི་ཟླ་བའི་སྟེང་དུ་བཞག་གོ །དེ་ནས་བརྟུལ་ཞུགས་ཅན་སྒྲུབ་པ་པོས་རང་གི་བ་སྤུའི་བུ་ག་ནས་ཏེ་རྡོ་རྗེའི་ལམ་ནས་སངས་རྒྱས་ཀྱི་སྤྲིན་རྣམས་རང་གི་སྤྱི་བོ་ནས་ཞུགས་པ་ཡུམ་གྱི་པདྨར་སྤྲོ་ཞིང་དེ་ནས་ཕྱིར་དབྱུང་བར་བྱའོ། །སངས་རྒྱས་རྣམ་སྣང་ཡབ་ཡུམ་གྱི་སྤྲིན་གྱི་ཚོགས་རྣམས་ཀྱིས་དེའི་ཚེ། ནད་པ་དེ་ལ་དབང་བསྐུར་རབ་ཏུ་སྩོལ་བར་བྱ་སྟེ། བསྐུར་ཚུལ་ནི་རྣམ་སྣང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འབེབས་པའི་སྒོ་ནས་སོ། །གཉིས་པ་ནི། ནད་པ་རྡོ་རྗེ་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། གསོ་དཀའ་བའི་ནད་པ་རྡོ་རྗེ་དམ་ཚིག་ནི་དེ་ལྟར་བྱས་པས་སྐད་ཅིག་གིས་སྟེ་བ དེ་བའི་དཔལ་དང་ལྡན་པར་འགྱུར་རོ། །སངས་རྒྱས་རྣམ་སྣང་གི་དམ་ཚིག་སྤྲིན་བཀོད་པ་སྟེ་སྤྱན་མའི་ཚོགས་དང་སྙོམས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལྔ་པ་ལ་གཉིས། དངོས་ཀྱི་དོན་དང་། ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི། ཟླ་བའི་དཀྱིལ་འཁོར་ནས་ཡང་དག་བྱ་ཞེས་པ་སྟེ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར་ཞེས་པ་ནི་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཞེས་པ་སྟེ། ཆོས་འབྱུང་གི་ནང་དུ་གནས་པའི་དབང་ཆེན་དཀྱིལ་འཁོར་དམ་པ་བསམ་པ་ནི། ཟླ་བ་ལས་བྱང་ཆུབ་པའི་བར་བྱས་པའི་ཟླ་བའི་སྟེང་དུ་སའི་དཀྱིལ་འཁོར་དང་། དེའི་སྟེང་དུ་སྭ་དང་རིན་པོ་ཆེ་དང་སྐུ་རྫོགས་པའི་རིན་འབྱུང་བསྒོམ་པའོ། །ཆོས་འཛིན་པ་ཡི་གཟུགས་བསམ་པ་ནི། འོད་དཔག་ཏུ་མེད་པ་བསྐྱེད་པ་ལ་ཟླ་བ་ཡན་ཆད་སྔར་ལྟར་ལ། ཟླ་བའི་སྟེང་དུ་མེ་དཀྱིལ་དང་དེའི་སྟེང་དུ་ཨཱཿདང་པདྨ་དང་སྐུ་རྫོགས་པའི་ཏིང་ངེ་འཛིན་གཉིས་བྱས་ནས། ལས་ཀྱི་དུས་སུ་རང་རིན་འབྱུང་དང་འོད་དཔག་མེད་དུ་བསྒོམས་པའི་སྙིང་ཁར་འདོད་པ་སྟེ་རྒྱས་པ་དང་དབང་གི་ལས་བྱ་བའི་བསྒྲུབ་བྱ་གཉིས་གང་རུང་བཞག་པར་བྱའོ། །མཁས་དབྱིངས་གནས་ནི་ཉམས་དགའ་བ་རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། གོས་དཀར་མོ་ཞེས་བྱ་བ་ཡབ་ཡུམ་གྱིས་རབ་ཏུ་་དགང་བ་ནི་འོད་དཔག་མེད་ཀྱི་དབང་དུ་བྱས་པ་སྟེ། རིན་འབྱུང་ལ་ནི་མཱ་མ་་ཀིའི་ཚོགས་འོད་ཟེར་སེར་པོ་ཅན་ཡབ་ཡུམ་གྱིས་དགང་བར་བྱའོ། །ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་རྣམས་འོད་ཀྱི་གོང་བུ་ལྟ་བུ་ཚན་པ་གཉིས་སུ་བསྡུས་ནས་བྱ་བ་ནི། བསྡུ་རྒྱུ་སྣང་མཐའི་བྱང་སེམས་རྣམས་ནི་ཁ་་དོག་ཡིད་བཞིན་ནོར་བུ་པདྨ་རཱ་ག་ལྟར་དམར་ཞིང་། རིན་འབྱུང་གི་དེ་རིན་ཆེན་གསེར་ལྟར་ཁ་དོག་སེར་པོའི་འོད་དེ་མདོག་ཅན་རྣམས་གཅིག་ཏུ་བསྡུ་བར་བྱའོ། །དེ་ལྟར་བསྡུས་ནས་འདོད་པ་སྟེ་བསྒྲུབ་བྱའི་ལུས་དང་ངག་དང་སེམས་ཀྱི་གནས་ལ་བྱང་སེམས་སེར་པོ་དང་དམར་པོ་དེ་གཉིས་སོ་སོར་དབབ་པར་བྱའོ། །དེ་ནས་རྣམ་སྣང་གི་སྐབས་ལྟར་བསྒྲུབ་བྱ་རང་གི་མདུན་དུ་རིན་པོ་ཆེ་དང་པདྨ་ལ་བཞག་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་རྒྱུན་བ་སྤུའི་བུ་ག་སྟེ་རྡོ་རྗེའི་ལམ་ནས་བྱུང་བ་རྣམས། རིན་འབྱུང་དང་སྣང་མཐར་བསྐྱེད་དེ། རིན་ཆེན་་འབྱུང་ལྡན་ཡབ་ཡུམ་གྱི་སྤྲིན་རྣམ་བསྒྲུབ་བྱའི་སྟེང་གི་ནམ་མཁའ་བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་བས་སྤྲོ་བའམ། ཆོས་ཏེ་འོད་དཔག་མེད་ཡབ་ཡུམ་གྱི་སྤྲིན་རྣམས་པ་བསྒོམས་ནས་སྔར་བཞིན་སྤྲོ་བར་བྱའོ། །དབང་བསྐུར་བ་ནི་ཡང་དག་བྱ་ནི་དེ་གཉིས་སོ་སོ་ནས་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་བསྒྲུབ་བྱའི་སྤྱི་བོར་དབང་བསྐུར་བ་ཡང་དག་པར་བྱའོ། །གཉིས་པ་ནི། རྡོ་རྗེ་བསམ་གཏན་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། རྡོ་རྗེ་བསམ་གཏན་བཤད་མ་ཐག་པ་་འདི་ཡིས་ནི། དགང་དཀའ་བ་སྟེ་ནོར་སོགས་རྒྱས་དཀའ་བ་ཡང་རབ་ཏུ་འགེངས་པ་སྟེ་རྒྱས་པར་བྱེད་དོ། །སྦྱིན་པའི་རྡོ་རྗེེ་ནི་བསྒྲུབ་བྱ་དེས་སྒྲུབ་པ་པོ་རང་ལ་འདོད་པའི་དོན་སྟེར་བར་འགྱུར་བས། ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་དང་ཡོ་བྱད་ཀྱི་དཔལ་དང་ལྡན་པར་འགྱུར་རོ། །ཆོས་ཀྱི་སྤྲིན་ནི་འོད་དཔག་མེད་ཀྱི་ཚོགས་སོ། །དེའི་དམ་ཚིག་བཀོད་པ་ནི་སྙོམས་པར་འཇུག་པ་སྟེ། དེའི་ཏིང་ངེ་འཛིན་ཏོ། །དྲུག་པ་ལ་གཉིས། དངོས་ཀྱི་དོན་དང་། ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ནས་དབབ་པར་བྱ་ཞེས་པ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི་ཡེ་ཤེས་ཀྱི་སའི་དབུས་སུ་ཆོས་འབྱུང་ནས་ཟླ་བ་ལས་བྱང་ཆུབ་པའི་བར་དང་། ཟླ་བའི་སྟེང་གི་ཕྱོགས་གཉིས་སུ་རྡོ་རྗེས་མཚན་པའི་རླུང་གི་དཀྱིལ་འཁོར་ཟླ་གམ་ལྟ་བུ་ལྗང་སྔོན་བསམས་ལ། རྡོ་རྗེ་ནམ་མཁའ་ནི་མི་བསྐྱོད་པ་དང་། ཆོས་ནི་འོད་དཔག་ཏུ་མེད་པའོ། །དེའི་མདུན་སྟེ་ཆོས་སྔོན་་དུ་འགྲོ་བ་སྟེ་དོན་གྲུབ་པོ། །གཟུགས་ནི་དེ་དག་གི་སྐུ་སྒོམ་པའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་ཚེ། འདོད་པ་སྟེ་བསྒྲུབ་བྱ་དོན་གྲུབ་བམ་མི་བསྐྱོད་པའི་སྙིང་གར་བཞག་པར་བྱ་ལ། སངས་རྒྱས་རྣམ་སྣང་སོགས་དང་། བྱང་ཆུབ་སེམས་དཔའ་བྱམས་པ་སོགས་རང་གི་ཕྱག་རྒྱ་དང་བཅས་པ་ཡིས་ནམ་མཁའི་དཀྱིལ་འཁོར་ཡོངས་སུ་གང་བར་བསམས་ལ། འོད་ཟེར་ལྔ་ཡི་སྦྱོར་བ་ཡིས་ནི་དེ་བཞིན་གཤེགས་པ་ལྔའི་སྐུ་མདོག་གི་བྱེ་བྲག་གིས་དེ་ནི་གཟི་བརྗིད་དེ་བྱང་སེམས་ཀྱི་རྒྱུན་རྣམ་པ་ལྔ་བསྒྲུབ་བྱ་དེ་ལ་དབབ་པར་བྱའོ། །གཉིས་པ་ནི། དེ་ནི་དེ་མ་ཐག་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། དེས་སྒྲུབ་པ་པོ་དེ་ནི་དེ་མ་ཐག་ཏུ་སྟེ་རིང་པོར་མི་གྲོགས་པར་སངས་རྒྱས་རྣམས་ཀྱི་ཐུགས་སུ་བྱོན་པར་འགྱུར་ཞིང་། འཇམ་དཔལ་གྱི་ནི་མདོག་དང་འདྲ་བར་འགྱུར་རོ། །གནས་ནི་རྒྱལ་པོ་སོགས་ཏེ་དེའི་ལས་ཐབས་བྱེད་པར་ལྟ་བུར་བསྒྲུབ་བྱ་དེ་འ གྱུར་རོ། །དེ་ནས་བསྒྲུབ་བྱ་དེ་རྣམ་སྣང་གི་སྐབས་ལྟར་སྙིང་གནས་ཕྱུང་སྟེ་མདུན་དུ་རྡོ་རྗེའང་སྣ་ཚོགས་རྡོ་རྗེའི་གདན་ལ་བཀོད་ནས། །བདུད་རྩིའི་རྒྱུན་ཡུམ་གྱི་པདྨ་སྤྲོས་པ་རྣམས་ལྷར་གྱུར་པ་དགྱེས་པའི་བདག་ཉིད་ཅན་རྣམས་ཀྱིས་བསྒྲུབ་བྱའི་སྤྱི་བོ་ནས་དབང་བསྐུར་བའི་དགའ་་སྟོན་ཆེན་པོ་དེ་སྩོལ་བར་མཛད་པར་བསམ་མོ། །དེས་ན་བལྟས་པ་ཙམ་བསྐྱེད་ཅིང་བསྐྲུན་པ་ཉིད་ཀྱིས་ཀྱང་འགྲོ་བ་ཐམས་ཅད་དབང་དུ་གྱུར་རོ། །རིན་པོ་ཆེའི་དམ་ཚིག་ནི་འཁོར་བསྒྱུར་གྱི་བློན་པོ་རིན་པོ་ཆེ་དང་མཉམ་པ་དང་། སྤྲིན་ནས་རྒྱལ་བློན་དེ་རྣམས་ཀྱི་ཚོགས་སོ། །དེས་བཀོད་པ་ནི་དེ་རྣམས་ཀྱིས་བསྒྲུབ་བྱ་དེ་ལ་རིམ་གྲོ་བྱེད་པ་སྟེ་དེའི་ཏིང་ངེ་འཛིན་ཏོ། །བདུན་པ་ནི། ནམ་མཁའ་རྡོ་རྗེ་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ནམ་མཁའ་རྡོ་རྗེ་སྟེ་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་གི་ཚེ། འཇིག་རྟེན་ལས་འདས་པའི་ལྷ་དྲག་པོ་རྣམས་སྤྲུལ་བའི་རྗེས་སུ། ནམ་མཁའ་སྲིན་པོ་དང་གནོད་སྦྱིན་ལ་སོགས་པ་དྲག་ཅིང་ཁྲོལ་རབ་ཏུ་གཏུམ་པ་དང་། ཝ་དང་བྱ་རོགས་ལ་སོགས་པ་སྣ་ཚོགས་པ་དང་། བྱ་རྒོད་དང་ཁྱིི་རྣམས་ཀྱིས་གང་བར་བསྒོམས་ལ། ལས་རྒྱལ་མཆོག་གི་ཚེ་མེ་ཡི་དཀྱིལ་འཁོར་གྱི་དབུས་་སུ་གནས་པའི་དགྲ་བོ་རྣམས་ནི་སྐྲག་པའི་ཕྱིར་ཁ་སྦྱར་དབྱེ་བ་བསྒོམ་མོ། །དེ་ཡང་དགྲ་བོ་འདི་ནི་སངས་རྒྱས་ཏེ་སེམས་ཅན་ཀུན་ལ་གནོད་པ་བྱེད་པའོ་སྙམ་དུ་བསམས་ནས་དེ་ལ་རྣལ་འབྱོར་འདི་སྦྱར་བར་བྱ་སྟེ། གསོད་བྱེད་མཚོན་ཆ་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མནན་ནས་གཏུབ་པ་དང་། དེའི་རྒྱུ་མ་དང་ཁྲག་དང་རྐང་ལ་སོགས་ཐམས་ཅད་སྲིན་པོ་སོགས་ཀྱིས་དྲངས་ནས་ཟོས་པར་རྣམ་པར་བསྒོམ་མོ། །དེ་ལྟར་བསྒོམས་ན་དགྲ་རྣམས་འཆི་བར་འགྱུར་རོ། །གལ་ཏེ་ཚུལ་དེ་ལྟར་རབ་ཏུ་བསྒོམས་ནས་སངས་རྒྱས་ཏེ་ཕར་ཕྱིན་ཐེག་པ་བའི་་ཐེག་ཆེན་པ་དང་། རྡོ་རྗེ་འཛིན་པ་སྟེ་བསྐྱེད་རིམ་པ་དག་ཀྱང་ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས་འཆི་བར་འགྱུར་བར་གདོན་མི་ཟའོ། །རྡོ་རྗེ་སྤྲིན་ནི་མི་བསྐྱོད་པའོ། །དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །དེ་རྣམས་ཀྱི་བཀོད་པ་ནི་རྣམ་པར་འཕྲུལ་བ་སྟེ་དེའི་ཏིང་ངེ་འཛིན་ཏོ། །གསུམ་པ་དེ་དང་འབྲེལ་བའི་ཏིང་ངེ་ཛིན་ལ་གསུམ། སྔགས་ཀྱི་སྐུ་བསྐྱེད་པ། ཡེ་ཤེས་ཀྱི་སྐུ་བསྐྱེད་པ། དེ་གཉིས་ཉེ་བར་བསྡུ་བའོ། །དང་པོ་བཞི། རིགས་ལྔའི་དང་། ཡུམ་བཞིའི་་དང་། ཁྲོ་བོ་བཅུའི་སྐུ་མདོག་ཕྱག་མཚན་སོགས་བཤད་པ་དང་། ལྷ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་གཞན་མང་པོར་བསྟན་པའོ། །དང་པོ་ནི། རྣམ་པར་སྣང་མཛད་ནས་སྣ་ཚོགས་བསྣམས་པར་བསྒོམ་ཞེས་པ་སྟེ། རིགས་ལྔ་ལས་རྣམ་པར་སྣང་མཛད་ནི་ཞལ་གསུམ་པ། ཆར་མེད་པའི་སྟོན་ཀའི་སྤྲིན་གྱི་མདོག་དང་འདྲ་བར་དཀར་བར་བསམ་པར་བྱ་སྟེ། དབུས་ནས་གཡོན་གྱིས་ཕྱེ་བའི་ཞལ་ནི་དཀར་བོ་དང་ནག་པོ་དང་རབ་ཏུ་དམར་པོའོ། །རལ་བ་ཐོར་ཚུགས་སུ་བཅིངས་པ་ལ་དབུ་རྒྱན་དག་གིས་བརྒྱན་པའོ། །རྡོ་རྗེ་ཅན་མི་བསྐྱོད་པ་ནི་ཞལ་གསུམ་པ་ཅན་དུ་བསམ་པར་བྱ་ཞིང་། དེ་ནི་དབུས་ནས་རིམ་པ་བཞིན་ནག་པོ་དཀར་པོ་དམར་པོའི་ཞལ་ཅན་ཏེ་འབར་བའི་ཐོར་ཚུགས་དབུ་རྒྱན་ཅན་ནོ། །འཇིག་རྟེན་ཁམས་རྣམས་འཁྲུགས་པ་སྟེ་གསལ་བར་བྱེད་པའི་ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཀྱིས་བསྐོར་བའོ། །འདོད་ཆགས་ཅན་འོད་དཔག་མེད་ནི་ཞལ་གསུམ་པ་ཅན་དུ་བསམ་ཞིང་། དེ་ནི་དམར་པོ་ནག་པོ་དཀར་པོའི་ཞལ་ཏེ། ཐོར་ཚུགས་དབུ་རྒྱན་དང་བཅས་པ་འདོད་པ་ལ་ལོངས་་སྤྱོད་པ་ཅན་ནོ། །དེ་ལྟར་སྐུ་གསུམ་པོ་དེ་བསྒོམས་ན་ངེས་པར་ལས་རྣམས་འགྲུབ་པར་འགྱུར་རོ། །དེ་ལས་རྣམ་སྣང་ནི་འཁོར་ལོ་རྡོ་རྗེ་པདྨོ་གསུམ་གཡས་པའི་ཕྱག་ཏུ་བསྣམས་པར་བསྒོམ་བྱར་བྱའོ། །རྡོ་རྗེ་སྟེ་ལྷ་རྣམས་ནི་ཕྱག་དྲུག་པ་ཕྱག་ན་མཚོན་ཆ་བཟང་པོ་སྣ་ཚོགས་བསྣམས་པར་བསྒོམ་པར་བྱའོ། །དེས་རིན་བྱུང་དང་དོན་གྲུབ་ཀྱང་མཚོན་ནོ། གཉིས་པ་ནི། སེམས་ཅན་ཀུན་ལ་ནས་ཡེ་ཤེས་ཐོབ་པར་འགྱུར་ཞེས་པ་སྟེ། སེམས་ཅན་ཀུན་ལ་ཕན་པར་བཞེད་ལ་སངས་རྒྱས་སྤྱན་ནི་ཞལ་གསུམ་དག་ཏུ་བསམ་པར་བྱ་སྟེ། དཀར་པོ་ནག་པོ་རབ་ཏུ་དམར་བའི་ཞལ་ཅན་མཛེས་པའི་གཟུགས་སུ་རབ་ཏུ་བསྒོམ་མོ། །མཁའ་སྐྱེས་སྤྱན་ནི་མཱ་མ་ཀཱི་སྟེ། དེ་ཉིད་རྒྱལ་མོ་ཆེ་སྟེ་བཙུན་མོའི་མཆོག་ཡིན་ལ། ཞལ་གསུམ་དུ་ནི་རྟག་པར་བསྒོམ་པར་བྱ་སྟེ། གནག་དང་དཀར་དང་་དམར་བའི་ཚུལ་ལས་རྣམ་པ་ཅན་མཛེས་པའི་གཟུགས་སུ་རྣམ་པར་བསྒོམ་མོ། །ཆུ་སྐྱེས་སྤྱན་ནི་གོས་དཀར་མོ་སྟེ། དེ་ཉིད་རྒྱལ་མོ་ཆེ་ཡིན་ལ། ཞལ་གསུམ་་དུ་ནི་རྣམ་པར་བསྒོམ་པར་བྱ་སྟེ་དམར་དང་གནག་དང་དཀར་བའི་ཞལ་ཅན་ཁ་མདོག་མཛེས་པར་རྣམ་པར་བསྒོམ་མོ། །རིག་མ་རྡོ་རྗེ་ཨུཏྤལ་བསྣམས་པ་ནི་སྒྲོལ་མ་སྟེ། ཞལ་གསུམ་རབ་ཏུ་གསལ་བའི་མདངས་དང་ལྡན་ཞིང་། སེར་་དང་གནག་དང་དཀར་བའི་ཞལ་ཅན་སྟེ། རིན་ཆེན་སྒྲོལ་མའོ། །འགྲེལ་བར་དམ་ཚིག་སྒྲོལ་མའི་དབང་དུ་བྱས་ནས་དོན་གྲུབ་དང་འདྲ་བར་གསུངས་སོ། །དེ་ལྟར་བསྒོམས་ན་ཡེ་ཤེས་མཆོག་ཐོབ་པར་འགྱུར་རོ། གསུམ་པ་ནི། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ནས་གཙུག་ཏོར་རྒྱལ་ཞེས་པའི་བར་ཏེ། འདི་དག་གོ་སླ་བར་དགོངས་ནས་འགྲེལ་བ་དང་། མཆན་བུ་གཉིས་སུ་ཚིག་འགྲེལ་མ་གསུངས་ཀྱང་། འདིར་ཚིག་འགྲེལ་ཙམ་བྱས་ན་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ནི་ནག་དཀར་དམར་བའི་ཞལ་གསུམ་པ་དྲག་པོའི་འོད་དམར་པོ་བཟང་བོ་འཕྲོ་བ་རྣོམ་པོ་སྟེ་གཏུམ་པ། འཇིགས་པ་འཇིག་རྟེན་པའི་ལྷ་ཆེན་པོ་དང་གཤིན་རྗེ་དང་ཀྱང་འཇིགས་པར་བྱེད་པ་ཁ་དོག་ནག་པོར་རབ་ཏུ་བསྒོམ་མོ། །གཞན་གྱིས་མི་ཐུབ་པའི་ཁྲོ་བོ་ཆེན་པོ་ནི་ཞལ་ནས་ཧ་ཧ་སོགས་དྲག་ཏུ་བཞད་པའི་སྒྲ་ཆེན་པོ་འབྱིན་པ་དཀར་ནག་དམར་པའི་ཞལ་གསུམ་པ་སྐུ་ལས་འོད་ཟེར་དམར་པོ་མང་པོ་དག་རབ་ཏུ་འཕྲོ་བ་རྣམ་པར་བསམ་མོ། ཁྲོ་བོ་ཆེན་པོ་རྟ་མགྲིན་ནི་བ སྐལ་བ་སྲེག་པའི་མེ་བཞིན་དུ་དམར་ཞིང་རབ་ཏུ་འབར་བ་དམར་ནག་དཀར་བའི་ཞལ་གསུམ་པ་གདུག་པ་ཅན་ཞབས་ཀྱིས་མནན་པར་སྦྱོར་བ་སྟེ་རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ་མོ། །རྡོ་རྗེ་མི་འཆི་ཁྲོ་བོ་ཆེན་པོ་བདུན་རྩི་འཁྱིལ་པ་ན ི་འོད་ཟེར་འཕྲོ་བ་ཀུན་ཕན་འཁྲུག་ཅིང་། འོད་ཟེར་རྣམས་ཀྱང་དྲག་པོའི་གནམ་ལྕགས་ཀྱི་འཁོར་ལོ་རབ་ཏུ་འབར་བ་དང་འདྲ་བས་འ ཇིགས་པ་ལྷ་ཆེན་ལོག་འདྲེན་དང་གནོད་སྦྱིན་དག་ཀྱང་འཇིགས་པར་བྱེད་པར་བསྒོམ་མོ། །འདོད་པའི་ཡེ་ཤེས་ནི་ཁྲོ་བོ་ཆེན་པོ་འདོད་རྒྱལ་ཏེ། ནག་དཀར་དམར་བའི་ཞལ་གསུམ་པ་ན ི་འཇིགས་པ་བྱེད་པ་དང་། ཕྱག་གཞན་བཞི་དང་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་བཅས་པ་དྲུག་དང་ལྡན་པ་གདུག་པ་ཅན་འཇིགས་པར་བྱེད་པའི་མཆོག་ཊཀྐི་རྒྱལ་བོ་རབ་ཏུ་བསྒོམ་མོ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་ནི་ཡེ་ཤེས་ཀྱིས་འཇིག་རྟེན་གསུམ་གྱི་མུན་པ་སེལ་བ། གདུག་པ་ཅན་ཐམས་ཅད་འཇོམས་པར་བྱེད་པ། ནག་དཀར་དམར་བའི་ཞལ་གསུམ་པར་ནི་རྟག་པར་བསྒོམ་མོ། ཁྲོ་བོ་ཆེན་པོ་དབྱིག་སྔོན་ཅན་ནི་ཁམས་གསུམ་གྱི་བདག་པོ་དག་ཀྱང་འཇིགས་པར་བྱེད་པ་སྔོ་དཀར་དམར་བའི་ཞལ་གསུམ་དང་ལྡན་པ། རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཆང་ལས་བྱུང་ཞིང་འོད་ཟེར་འབར་བ་རྣོན་པོ་སྟེ་ཚ་ཞིང་གཟོད་པར་དཀའ་བ་ཅན་དུ་བསྒོམ་མོ། །རྡོ་རྗེ་མི་གཡོ་ཁྲོ་བོ་ཆེ་ནི་རྡོ་རྗེ་གསུམ་་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང་མི་གཡོ་བ་ནི་སྤྱན་གཡོ་བ་ཞེས་པ་ལྟར་རོ། །ཞི་བ་ནི་གཞོན་ཤ་ཅན་ཏེ་ཕྱག་ན་རལ་གྲི་དང་ཞགས་པ་བསྣམས་པར་བརྟུལ་ཞུགས་ཅན་ཏེ་རྣལ་འབྱོར་པས་ནག་དཀར་དམར་པའི་ཞལ་གསུམ་པ་ཅན་དུ་བསྒོམ་མོ། ཁྲོ་བོ་གཙུག་ཏོར་ཁོར་ལོས་བསྒྱུར་བ་ནི་ཡི་གེ་གཅིག་སྟེ་བྷྲུཾ་་ཡིག་གི་ངོ་བོར་གྱུར་པར་བཤད་དོ། །འོད་ཟེར་དག་ནི་ཀུན་ཏུ་འཕྲོ་ཞིང་སྔོ་དཀར་དམར་པའི་ཞལ་གསུམ་འབར་བ་སྟེ། དེ་འདྲ་བའི་འཁོར་ལོས་སྒྱུར་བའི་མཚན་ཅན་གྱི་བསམ་གཏན་དཀྱིལ་འཁོར་བསྒོམ་པར་བྱའོ། །གནོད་མཛེས་གཉིས་མེད་ཀྱི་ཡེ་ཤེས་མཆོག་འཛིན་པ། འཇིགས་པའི་རྒྱ་མཚོའི་མདོག་ལྟ་བུ་་ཡང་དག་བྱེད་པ་ཅན། སྔོ་དཀར་དམར་བའི་ཞལ་གསུམ་འབར་བའི་འཕྲོ་བ་ཅན་གྱི་བསམ་གཏན་གྱི་དཀྱིལ་འཁོར་ནི་བཀའི་འཁོར་ལོ་ཏེ་དྲག་ལས་དང་སྲུང་་འཁོར་གྱི་སྐབས་སུ་ཡང་བསྒོམ་པར་བྱའོ། །ཞར་བྱུང་དུ་གཟི་བརྗིད་ཕུང་པོ་་དང་གཙུག་ཏོར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་གཞན་ཡང་ཡོད་དོ། །བཞི་པ་ནི། གང་གཞན་ནས་ཤིན་ཏུ་འཕགས་ཞེས་པ་སྟེ། གང་གཞན་སྔགས་ཀྱི་འཁོར་ལོ་ཅན་ན ི་བྱམས་པ་ལ་སོགས་པའོ། །དམ་ཚིག་ནི་ལྷ་རང་རང་གི་རིགས་སོ། །འདི་རྣམས་ཀྱིས་དེ་དག་ལ་ལོངས་སྤྱོད་པས་ན་དམ་ཚིག་ལོངས་སྤྱོད་དེ་རྡོ་རྗེ་ལ་་སོགས་པའི་ཕྱག་མཚན་རྣམས་འཛིན་པའི་དབྱེ་བས་སོ་སོ་བ་དག་ཏུ་བསྒོམ་པར་བྱའོ། །སྔགས་ཀྱི་ལྷ་རྣམས་ཀྱི་ནི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ཞིག་བཤད་པ་ཡིན་ཏེ། ཁྲོ་བོ་བཅུ་པོ་དག་རེ་རེ་ལ་ཡང་བྲན་ཕོ་བྲན་མོ་ལ་སོགས་པའི་དབྱེ་བས་ན ི་གྲངས་མེད་པ་ནམ་མཁའི་སྟེང་དུ་ཤིན་ཏུ་འཕགས་པ་སྟེ་ནམ་མཁའི་ཁམས་ལས་ཀྱང་ལྷག་པར་འགྱུར་རོ། །གཉིས་པ་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལ་གསུམ། ཟུང་འཇུག་ལོངས་སྐུ་ལ་གནས་པས་རིགས་ལྔའི་སྤྲུལ་སྐུ་བསྐྱེད་པ་་དང་། ཡུམ་བཞིའི་སྤྲུལ་སྐུ་བསྐྱེད་པ་དང་། ཁྲོ་བོ་བཅུའི་སྤྲུལ་སྐུ་བསྐྱེད་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ནམ་མཁའི་དབྱིངས་ནི་འོད་གསལ་ལོ། །དེའི་དབུས་སུ་གནས་པར་ནི་དེ་ལས་བྱུང་བའི་གསལ་བའི་དཀྱིལ་འཁོར་ཏེ་སྣང་བ་སུམ་མོ། །དམ་པ་ནི་འོད་གསལ་གྱི་རླུང་སེམས་ཙམ་ལས་ལྷ་བསྐྱེད་ནུས་པ་སྟེ། འོད་གསལ་ལས་སངས་རྒྱས་ཏེ་ཟུང་འཇུག་ལོངས་སྐུའི་གཟུགས་ནི་རབ་ཏུ་བསྒོམས་ཤིང་བསྐྱེད་ལ། དེ་ནས་་དེས་སྤྲུལ་སྐུ་རྣམ་པར་སྣང་མཛད་རྣམ་པར་བསམ་ཞིང་སྤྲོ་བར་བྱའོ། །སྐུ་དེ་གཉིས་ནི་གསལ་ཞིང་དྲི་མ་ཀུན་དང་བྲལ་བའི་ཟླ་བ་བཞིན་ནོ། །ཞི་བའི་ཉམས་དང་ལྡན་ཞིང་། འོད་ཟེར་སྣ་ཚོགས་འདྲ་བའི་འོད་ནི་འོད་ཟེར་ལྔས་བསྐོར་བའོ། །མེ་ལོང་ལས་ཡང་དག་པར་བྱུང་བ་སྟེ་དེར་ཤར་བའི་གཟུགས་བརྙན་ལྟ་བུའོ། ཁམས་གསུམ་པོ་དག་གི་དཀྱིལ་འཁོར་ཏེ་དེའི་རྒྱན་དུ་གྱུར་ཅིང་། མཚན་དཔེའི་རྒྱན་རྣམས་ཀུན་གྱིས་བརྒྱན་པ་དག་གོ །དེ་ལྟར་བདག་ཉིད་བསམས་ན་དེ་ཡིས་བྱང་ཆུབ་མི་གནས་པའི་མྱང་འདས་མཐོང་ངོ་། །དེ་ལྟ་བུའི་བསམ་གཏན་རྡོ་རྗེ་རབ་ཏུ་བསྒོམ་པ་འདི་ཡིས་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་འཇིག་རྟེན་ཐམས་ཅད་དབང་བྱེད་པ་ཚེ་སྟེ་ལུས་འདི་ཉིད་ལ་འཐོབ་པར་འགྱུར་རོ། །རྣམ་པར་སྣང་མཛད་ཀྱི་རྫོགས་རིམ་གྱི་དམ་ཚིག་ཐམས་ཅད་་འབྱུང་བ་མཛེས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེའི་དཀྱིིལ་འཁོར་་དམ་པ་ནི་སྣང་བ་གསུམ་མོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། སངས་རྒྱས་གཟུགས་ནི་རབ་བསྒོམས་པ་ནི་སྔར་བཞིན་ནོ། །དེ་ནས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་རྣམ་པར་བསམ་པར་བྱ་སྟེ། དྲག་པོའི་ཉམས་དང་ལྡན་པའི་ཁྲོས་པའོ། །གསལ་བའི་ལུས་དང་འདྲ་བ་སྟེ་རྡོ་རྗེ་འཆང་དང་འདྲ་བའོ། །འབར་བ་སྣ་ཚོགས་མཉམ་པའི་འོད་ནི་འོད་ཟེར་ཁ་དོག་སྣ་ཚོགས་པའོ། །རྣམ་པའི་མཆོག་རྣམས་ཀུན་དང་ལྡན་ནི་མཚན་དཔེས་བརྒྱན་པའོ། །རྒྱན་རྣམས་་ཀུན་གྱིས་རྣམ་པར་བརྒྱན་ནི་རིན་པོ་ཆེས་བརྒྱན་པའོ། །ཞི་བའི་ཡེ་ཤེས་ཀྱི་མཆོག་འབྱུང་བའི་གནས་དེ་བསྒོམས་ན་མྱུར་དུ་རྡོ་རྗེ་འཆང་ཉིད་ཐོབ་བར་འགྱུར་རོ། །བསམ་གཏན་རྡོ་རྗེ་རབ་ཏུ་བསྐུལ་བར་བྱེད་པའི་རྣལ་འབྱོར་འདིས་ནི་རྡོ་རྗེའི་བདག་ཉིད་ཆེན་པོ་སངས་རྒྱས་སེམས་ཅན་ཐམས་ཅད་ལ་དབང་བྱེད་པ་ཉིད་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །དཾ་ཚིག་སྟེ་ཟུང་འཇུག་པ་ཐམས་ཅད་ཀྱི་འབྱུང་བ་མཛེས་པའི་རྡོ་རྗེ་སྟེ་མི་བསྐྱོད་པ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་སྣང་བ་གསུམ་མོ། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ་སངས་རྒྱས་གཟུགས་ནི་རབ་བསྒོམས་ལ་ནི་སྔར་ལྟར་རོ། །ཆོས་ཀྱི་སེམས་དཔའ་སྤྲུལ་སྐུ་འོད་དཔག་མེད་རྣམ་པར་བསྒོམ་པར་བྱ་སྟེ། དེ་ཡང་གསལ་བའི་ལུས་འཛིན་པ་དང་ཞི་བའི་ཉམས་རྫོགས་ཤིང་། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན་པ་འོད་ཟེར་སྤྲིན་གྱི་འཁོར་ལོ་ཆེན་པོ་རྣམ་པར་འཕྲོ་བར་རབ་ཏུ་བསྒོམ་མོ། །དེ་ལྟར་བསྒོམ་པ་འདི་ཡིས་ཆོས་ཀྱི་བདག་ཉིད་ཆེན་པོ་སྐུ་གསུམ་སྟེ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ལས་བྱུང་བ་ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན་པའི་ཟུང་འཇུག་རྡོ་རྗེ་འཆང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །ཆོས་ཀྱི་སེམས་དཔའ་འོད་དཔག་མེད་ཀྱི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། ཟླ་བའི་དཀྱིལ་འཁོར་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ཟླ་བའི་དཀྱིལ་འཁོར་དེ་དམ་པ་ནི་ནམ་མཁའི་རྡོ་རྗེའི་དབུས་སུ་བསམ་པ་དང་སངས་རྒྱས་གཟུགས་ནི་རབ་བསྒོམས་ནི་སྔར་ལྟར་རོ། །སྤྱན་གྱི་མཆོག་སྟེ་སྤྲུལ་སྐུ་སྤྱན་མ་རྣམ་པར་བསྒོམ་པར་སྟེ་བྱ་སྟེ། ཞལ་བཟང་སྤྱན་ནི་རབ་ཏུ་ཡངས་པ་དང་། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་ཅིང་། ལྷ་མོའི་མཚན་ཉིད་སྒེག་པ་སོགས་པའི་ཉམས་ཐམས་ཅད་རབ་ཏུ་རྫོགས་ལ། བུད་མེད་སྒྱུ་མ་ལྟ་བུའི་འཕྲུལ་གྱི་མཆོག་དང་ལྡན་པ་ཁམས་གསུམ་པོ་དག་ཏུ་དབང་བྱེད་པ་དང་།ཡེ་ཤེས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོ་ནི་ཡིད་བཞིན་ནོར་བུ་ལྟར་དངོས་གྲུབ་སྟེར་བར་བྱེད་པ་སྟེ་ཕྱག་ཏུ་འ ཁོར་ལོ་དེ་ལྟ་བུ་བསྒོམ་པ་བསྒོམ་པར་བྱའོ། །སྤྱན་གྱི་སྟེ་སྤྱན་མའི་དམ་ཚིག་ནི་དེའི་ཕྱག་ཆེན་ནོ། །ཕྱག་གི་མཆོག་ནི་ཕྱག་གི་འཁོར་ལོ་སྟེ་དེ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེའི་དཀྱིལ་འཁོར་འོད་མཆོག་ཅན་ནི་སྣང་བ་གསུམ་སྟེ། ནམ་མཁའི་རྡོ་རྗེའི་དབུས་འོད་གསལ་ལས་ལུགས་ལྡོག་ཏུ་བྱུང་བར་བསམ་མོ། །འོད་གསལ་ལས་སངས་རྒྱས་ཟུང་འཇུག་གི་གཟུགས་ནི་རབ་ཏུ་བསྒོམས་ཏེ། དེ་ནས་ནམ་མཁའ་སྟེ་མི་བསྐྱོད་པའི་རྡོ་རྗེའི་མཆོག་ནི་དེའི་ཡུམ་སྤྲུལ་སྐུ་མཱ་མ་ཀཱི་བསྒོམ་པར་བྱ་སྟེ། ཞལ་མདངས་བཟང་ལ་སྤྱན་ནི་རབ་ཏུ་ཡངས་པ་དེས་ཕྱག་ན་ཨུཏྤལ་མཐིང་ཀ་སྟེ་སྔོན་པོ་རྩ་བ་དམར་བ་བསྣམ་པའོ། །ཡང་ན་ལྷའི་སྐུ་མདོག་དང་སྦྱར་རོ། །ལྷ་མོའི་མཛེས་པའི་མཚན་རྣམས་ཐམས་ཅད་རབ་ཏུ་རྫོགས་པའི་ནམ་མཁའ་རྡོ་རྗེ་མཆོག་རབ་ནི་མཱ་མ་ཀི་བསྒོམ་པར་བྱ་སྟེ། དེ་ནི་ཁམས་གསུམ་པོ་དག་གིས་ཕྱག་བྱས་པ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་དངོས་གྲུབ་་སྟེར་བར་བྱེད་པའི་མཆོག་གོ །དངོས་གྲུབ་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོའི་གསང་བར་གྱུར་པའོ། །འདིར་ཨུཏྤལ་སྔོ་དམར་ཕྱག་ན་བསྣམས་ཞེས་པ་ཞིག་སྣང་བ་ནི་ལ་ལར་མེད་དོ། །ནམ་མཁའ་ནི་འོད་གསལ་ལོ། །ཡུམ་ནི་འོད་གསལ་དེ་སྐྱེད་པར་བྱེད་པའི་མི་བསྐྱོོད་པའོ། །རིན་པོ་ཆེའི་འོད་ཀྱི་སྤྲིན་ནི་དེའི་ཚོགས་སོ། །རྡོ་རྗེ་ནི་རིན་འབྱུང་དང་དེ་ཚིམ་པར་བྱེད་པ་ནི་མཱ་མ་ཀཱི་སྟེ་དེའི་ཏིང་ངེ་འཛིན་ཏོ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་ནི་ཡེ་ཤེས་གསུམ་མོ། །དེ་ནམ་མཁའ་རྡོ་རྗེ་འོད་གསལ་གྱི་དབུས་སུ་བསམ་པ་ནི་སྔར་ལྟར་རོ། །སངས་རྒྱས་ཟུང་འཇུག་གི་གཟུགས་ནི་རབ་ཏུ་བསྒོམས་ལ། དེ་བས་རྡོ་རྗེ་ཆོས་མ་སྟེ་སྤྲུལ་སྐུ་གོས་དཀར་མོ་རབ་ཏུ་བསྒོམ་པར་བྱ་སྟེ། ཞལ་མདངས་བཟང་ཞིང་སྤྱན་ནི་རབ་ཏུ་ཡངས་པ་སྟེ་ཅུང་ཟད་གདངས་པའོ། །པདྨ་རཱ་གའི་མདོག་དང་འདྲ་བ་དམར་པོའོ། །སྒྱུ་མས་མཚན་པ་ནི་འོད་གསལ་ཏེ་དེ་ཉིད་མཆོག་ཡིན་ཞིང་དེ་ལས་བྱུང་བའོ། །འདོད་ཆགས་ཆགས་པ་འཛིན་ནི་འོད་དཔག་མེད་དེ། དེའི་སྡུག་པ་ནི་གོས་དཀར་མོའོ། །དེ་ཉིད་ལྷ་མོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི་སངས་རྒྱས་དངོས་གྲུབ་ཐམས་ཅད་སྟེར་བར་རབ་ཏུ་བསྒོམ་པའོ། །ཆོས་ཀྱི་ཡེ་ཤེས་ཏེ་འོད་དཔག་མེད་ཀྱི་རིགས་རྣམས་ཀྱི་་འབྱུང་གནས་མཆོག་དེ་དམ་ཚིག་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱི་གསང་བ་སྟེ། ཨུཏྤལ་དམར་པོ་ཕྱག་ན་བསྣམས་པའོ། །ཆོས་ཀྱི་དམ་ཚིག་འོད་དཔག་མེད་་དེའི་དེ་ཁོ་ན་ཉིད་དང་རོ་གཅིག་པའི་ཡེ་ཤེས་ནི་མངོན་པར་བྱང་ཆུབ་པ་སྟེ། དེ་ཀུན་ཏུ་སྟོན་པའི་རྡོ་རྗེ་ནི་གོས་དཀར་མོ་ཡིན་ལ་དེའི་ཏིང་ངེ་འཛིན་ཏོ། །དངོས་གྲུབ་དཀྱིལ་འཁོར་དམ་པ་ནི་སྣང་བ་གསུམ་མོ། དེ་ནམ་མཁའ་རྡོ་རྗེ་་འོད་གསལ་གྱི་དབུས་སུ་སྟེ་དེ་ལས་ལུགས་ལྡོག་ཏུ་བྱུང་བར་བསམ་པ་་དང་། སངས་རྒྱས་རེ་རེ་ཟུང་འཇུག་གི་གཟུགས་ནི་རབ་ཏུ་བསྒོམས་ལ། དེས་སྤྲུལ་སྐུ་སྒྲོལ་མའི་མཆོག་ནི་བསྒོམ་པར་བྱ་སྟེ། ཞལ་མདངས་བཟང་ཞིང་་སྤྱན་ནི་རབ་ཏུ་ཡངས་པ་དང་སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་བརྒྱན་པའི་ཁ་དོག་ལྗང་སེར་འདྲ་བའི་འོད་ཅན་ནི་སྒྲོལ་མ་ལ་རིན་ཆེན་སྒྲོལ་མ་དང་དམ་ཚིག་སྒྲོལ་མ་གཉིས་ཡོད་པའི་དབང་དུ་མཛད་དོ། །བུད་མེད་དེ་ལྷ་མོའི་སྒྱུ་མའི་རྣམ་རོལ་གྱིས་འདོད་པས་རབ་ཏུ་མྱོས་པའི་རྡོ་རྗེ་སྟེ་འོད་གསལ་གྱི་ཏིང་ངེ་འཛིན་ལས་བྱུང་བ་སེམས་ཅན་ཀུན་གྱི་ཕྱག་བྱས་པ་ཨུཏྤལ་སེར་པོའམ། སྔོན་པོའི་མདོག་་དང་འདྲ་བའི་ཕྱག་མཚན་གསལ་བ་ཕྱག་ན་བསྣམས་པར་བསྒོོམ་མོ། །དམ་ཚིག་ནི་དོན་གྲུབ་དང་སྒྲོལ་མ་ནི་དེའི་བཙུན་མོའི་མཆོག་ཡིན་ལ། དེ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། གསུམ་པ་ནི། ཉི་མའི་དཀྱིལ་འཁོར་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ཉི་མའི་དཀྱིལ་འཁོར་སྣང་བ་གསུམ་དང་དམ་པ་ནི་མཆོག་གོ །ནམ་མཁའ་རྡོ་རྗེ་ནི་དོན་གྱི་འོད་གསལ་ལོ། །དབུས་སུ་གནས་པར་བསམ་པ་ནི་དེ་ལས་ལུགས་ལྡོག་ཏུ་སྣང་བ་གསུམ་དང་རྡོ་རྗེའི་སྐུ་འབྱུང་བའོ། །དེ་ལས་སངས་རྒྱས་ཏེ་ཟུང་འཇུག་རྡོ་རྗེའི་གཟུགས་ཏེ་རབ་ཏུ་བསྒོོམས་ལ་ཞེས་པ་ནི་འོག་མ་རྣམས་ལ་ཡང་འདྲའོ། །དེ་ནས་དེས་སྤྲུལ་སྐུ་གཤིན་རྗེ་གཤེད་མཆོག་རྣམ་པར་བསྒོམ་པར་བྱ་སྟེ། དེ་ནི་འབར་བ་་འོད་ཟེར་མང་བོ་འཕྲོ་ཞིང་འཇིགས་པར་བྱེད་པའི་དཀྱིལ་འཁོར་ཏེ་སྙིང་པོ་དང་རབ་ཏུ་ཁྲོས་པའི་རྣམ་པ་ཅན་ནོ། །སྤྱན་གསུམ་དམར་ཞིང་མཆེ་བ་རྣམ་པར་གཙིགས་ཤིང་ཕྱག་གཡས་ཀྱི་དང་པོ་ན་དབྱུག་པ་ཡིན་ཀྱང་། ལས་གྲུབ་པའི་ཚེ་རལ་གྲི་བསྣམས་པར་བསྒོམ་པར་བཤད། རྣམ་པར་སྣང་མཛད་དབུ་རྒྱན་དུ་རྣམ་པར་བསྒོམས་ན་རྡོ་རྗེ་ཅན་སྒྲུབ་པ་པོ་ནི་དགྱེས་པར་འགྱུར་རོ། །འདི་ནི་ཡེ་ཤེས་རྡོ་རྗེེ་ཅན་སྒྲུབ་པ་པོའི་ཁྲོ་བོ་ཀུན་ཀྱི་དམ་ཚིག་ནི་མ་རུང་བ་འདུལ་བར་བྱེད་པ་ཡིན་ནོ། །གཤིན་རྗེ་གཤེད་ཀྱི་སྤྲོ་བ་སྟེ་སྤྲོ་མཁན་ཀྱིས་ལྷ་དེ་སྣང་བར་བྱེད་པའི་སྒོ་བཀོད་པ་བསྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་བསམས་ནས། སངས་རྒྱས་ཀྱི་གཟུགས་ནི་རབ་ཏུ་བསྒོམས་པའི་བར་སྔར་ལྟར་བྱས་ལ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་རབ་ཏུ་བསྒོམ་པར་བྱ་སྟེ། འབར་བའི་འོད་ཟེར་མང་བོ་འཕྲོ་བ་ཅན་སྤྲུལ་གྱི་རྒྱན་གྱིས་བརྒྱན་ཞིང་དེའི་སྐ་རགས་ཅན་ནོ། །རྡོ་རྗེ་དགྱེས་པ་བཞད་པའི་ཉམས་ཅན་གདུག་པ་རྣམས་ལ་འཇིགས་འཇིགས་གྱི་རྣམ་པར་ལྟ་བར་བྱེད་པ་དང་། ཁ་དོག་དཀར་བོ་རབ་ཏུ་བསྒོམ་ཞིང་མི་བསྐྱོད་དམ་ཚིག་དབུ་རྒྱན་དུ་བྱས་ལ་བསམས་ན་རྡོ་རྗེ་ཅན་སྒྲུབ་པ་པོ་དག་མཉེས་པར་འགྱུར་རོ། །འདི་ནི་ཡེ་ཤེས་བློ་ཅན་སྒྲུབ་པ་པོའི་ཁྲོ་བོ་ཀུན་གྱི་དམ་ཚིག་གོ །གཞན་གྱིས་མི་་ཐུབ་པའི་རྡོ་རྗེེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི་མཁའ་རྡོ་རྗེའི་དབུས་སུ་བསམས་ནས་སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམས་ལ། རྡོ་རྗེ་རྟ་མགྲིན་ནི་རབ་ཏུ་བསྒོམ་པར་བྱ་སྟེ། དེ་ནི་ཁྲོ་བོའི་འོད་ཟེར་མང་པོ་དག་ཐམས་ཅད་དུ་ནི་རྣམ་པར་འཕྲོ་ཞིང་གདུག་པ་ཅན་ཐམས་ཅད་ཀྱི་གཙོ་བོ་ཞབས་ཀྱིས་མནན་པ་ཁ་དོག་དམར་པོར་རྣམ་པར་བསམ་མོ། །དེ་ལ་རྫོགས་པའི་སངས་རྒྱས་འོད་དཔག་མེད་དབུ་རྒྱན་དུ་བྱས་ལ་བསྒོམས་ན་རྡོ་རྗེ་ཅན་དག་མཉེས་སོ། །འདི་ནི་རྡོ་རྗེེ་ཡེ་ཤེས་ཅན་གྱི་ཁྲོ་བོ་ཀུན་གྱི་དམ་ཚིག་ཡིན་ནོ། །རྟ་མགྲིན་བསྐྱེད་པ་འབྱུང་བ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ང་ེའ ཛིན་ཏོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་བསམ་ནས་སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམས་ལ། དེ་ནས་རྡོ་རྗེ་མི་འཆི་སྟེ་བདུད་རྩི་འཁྱིལ་བ་རབ་ཏུ་བསྒོམ་པར་བྱ་སྟེ། དེ་ནི་འབར་བའི་འོད་ཟེར་མང་པོ་འཕྲོ་ཞིང་རྡོ་རྗེ་ལྟ་བུའི་འོད་ཟེར་གྱི་སྤྲིན་གྱི་ཚོགས་རྣམས་ཀུན་དུ་འཁྲུགས་པ། ཐུགས་ནི་ཁྲོས་ཤིང་སྐུ་ནི་ཁྲོོ་བ་དང་བཅས་པའི་ཉམས་ཅན་དང་། མདོག་གནག་ལ་མཆེ་བ་རྣོན་པོ་དང་ལྡན་པར་རབ་ཏུ་བསྒོམ་ཞིང་མི་བསྐྱོད་དམ་ཚིག་དབུ་རྒྱན་དུ་བྱས་ལ་བསྒོམས་ན་ཁྲོ་བོ་འཛིན་ཏེ་སྒྲུབ་པ་པོ་མཉེས་པར་འགྱུར་རོ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་གོ །མི་འཆི་བ་བདུད་རྩི་འཁྱིལ་བའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་བསམས་ནས་སངས་རྒྱས་གཟུགས་ན ི་རབ་ཏུ་བསྒོམས་ལ། དེ་ནས་ཊིཀྐ་རྒྱལ་བོ་སྟེ་འདོད་རྒྱལ་རབ་ཏུ་བསྒོམ་པར་བྱ་སྟེ། དེ་ནི་ཁྲོ་བོ་འཇིགས་པའི་ཆ་ལུགས་ཅན་གཏུམ་པ་འཇིགས་པ་དག་ཀྱང་འཇིགས་པར་བྱེད་པ་ཁྲོ་བོའི་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་རྡོ་རྗེ་འབར་བ་འདྲ་བའི་འོད་བཟང་པོ་ཅན་དུ་བསྒོམ་པར་བྱ་ཞིང་མི་བསྐྱོད་དམ་ཚིག་དབུ་རྒྱན་དུ་བྱས་ལ་བསྒོམས་ན་སྒྲུབ་པ་པོ་རབ་ཏུ་མཉེས་པར་འགྱུར་རོ། །འདི་ནི་ཁྲོོ་བོ་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་གོ །བསམ་གཏན་རྡོ་རྗེ་རྫོགས་པར་བྱང་ཆུབ་པ་ནི་མི་བསྐྱོད་པ་སྟེ་དེ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི་ནམ་མཁའི་རྡོ་རྗེའི་དབུས་སུ་བསམས་ནས་སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམས་ལ། དེ་ནས་་སྟོབས་པོ་ཆེ་ནི་རབ་ཏུ་བསྒོམ་པར་བྱ་སྟེ། དེ་ནི་འབར་བའི་འོད་ཟེར་མང་བོ་་འཕྲོ་ཞིང་རྡོ་རྗེ་གསུམ་གྱི་གནས་ནི་འོད་གསལ་ཏེ་དེའི་དཀྱིལ་འཁོར་རོ། ཁྲོས་ཤིང་ཁྲོས་པས་ཞགས་པ་འཛིན་པའི་རྡོ་རྗེ་སྟོབས་ཆེན་ཏེ་སྟོབས་པོ་ཆེས་བསྒོམ་པར་བྱ་ཞིང་། མི་བསྐྱོད་དམ་ཚིག་དབུ་རྒྱན་དུ་བྱས་ལ་བསྒོམས་ན་རབ་ཏུ་མཉེས་པར་འགྱུར་རོ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི་མདའ་བར་དགའ་བའི་དམ་ཚིག་གོ །རྡོ་རྗེ་གསུམ་གྱི་སྟོབས་ནི་རྡོ་རྗེའི་སྤྱན་གསུམ་ཡོད་པ་སྟེ་ཁྲོ་བོ་གཞན་ལའང་མཚོན་ནོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་་དབུས་སུ་བསམས་ནས་སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། དེ་ནས་རྡོ་རྗེ་དབྱུག་པ་སྔོན་པོ་ཅན་རྣམ་པར་བསྒོམ་པར་བྱ་སྟེ། དེ་ནི་ཁྲོ་བོ་འཇིགས་པའི་ཆ་ལུགས་ཅད་འཇིགས་པ་གཞན་དག་ཀྱང་འཇིགས་པར་བྱེད་པ་གཟུགས་ནི་རབ་ཏུ་གནག་ལ་གདུག་པ་ཅན་འདུལ་བ་ལ་རྣོ་ཞིང་། རྒྱ་མཚོ་ནག་པོ་སྐྱེད་པར་བྱེད་པ་ནི་ཁྲོ་བོ་དུ་མ་སྤྲུལ་པར་མཛད་པའོ། །འབར་བའི་འོད་ཟེར་མང་བོ་རབ་ཏུ་་འཕྲོ་བའི་རྡོ་རྗེས་དབྱིག་ཐོགས་ནི་རྡོ་རྗེས་མཚན་པའི་དབྱིག་པ་སྟེ། དེ་འཛིན་པར་བསྒོམ་པར་བྱའོ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ་བསྒོམས་ན་རབ་ཏུ་མཉེས་པར་འགྱུར་རོ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་གོ །རྡོ་རྗེ་དབྱིག་པའི་དམ་ཚིག་མཆོག་དང་ལྡན་པ་ཞེས་བྱའི་ཏིང་ངེ་་འཛིན་ཏོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་བསམས་ནས་སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམ་ལ། དེ་ནས་དེས་མི་གཡོ་མཆོག་ནི་རྣམ་པར་བསྒོམ་པར་བྱ་སྟེ། དེ་ནི་ཁྲོས་ཤིང་འཇིགས་པའི་ཟུར་གྱི་ལྟ་ཞིང་འཁྲུགས་པ་སྟེ་ཁྲོ་བ་དང་བཅས་པས་རལ་གྲི་དང་ཞགས་པ་བསྣམས་པ་དང་་འབར་བའི་འོད་ཟེར་མང་པོ་འཕྲོ་བ་སྟེ། དེ་འདྲའི་མི་གཡོ་རྡོ་རྗེ་སྟེ་གཉིས་མེད་ཡེ་ཤེས་ཅན་དུ་བསྒོམ་ཞིང་། མི་བསྐྱོད་དམ་ཚིག་དབུ་རྒྱན་ལ་བསྒོམས་ན་རབ་ཏུ་མཉེས་པར་འགྱུར་རོ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་གོ །རྡོ་རྗེ་ནམ་མཁའ་ནི་སྣང་བ་གསུམ་མོ། དེའི་དབྱིངས་ཏེ་་འོད་གསལ་ལོ། །འོད་གསལ་དེའི་དམ་ཚིག་བདེན་གཉིས་ཀྱི་ཞབས་ཀྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་བསམས་ནས་སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམས་ལ། དེ་ནས་རིག་པའི་རྒྱལ་པོ་གཙུག་ཏོར་འཁོར་ལོ་བསྒྱུར་བ་རབ་ཏུ་བསྒོམ་པར་བྱ་སྟེ། དེ་ནི་ཁྲོ་བོའི་མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས་ཤིང་། སྐུ་ལ་འཁོར་ལོ་འབར་བའི་འོད་ཀྱིས་ཡོངས་སུ་བསྐོར་བའོ། །གཙུག་ཏོར་འཁོར་ལོ་སྒྱུར་བའི་དམ་ཚིག་སྟེ་སྐུ་ལས་འོད་ཟེར་རྣམ་པར་འཕྲོ་བར་རབ་ཏུ་བསྒོམ་ཞིང་མི་བསྐྱོད་དམ་ཚིག་དབུ་རྒྱན་ལ་བསྒོམས་ན་རབ་ཏུ་མཉེས་པར་འགྱུར་རོ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་གོ །གཙུག་ཏོར་ནི་མཁའ་ལ་སྤྱོད་བ་རྣམས་སོ། །དེའི་དམ་ཚིག་ནི་རིག་འཛིན་ཀྱི་དམ་ཚིག་གོ །རིག་པ་ནི་འཇིག་རྟེན་པའི་གྲུབ་པ་ཐོས་པའོ། །སྟོབས་ཀྱི་འཁོར་ལོ་ནི་དེ་རྣམས་ཀྱིི་ཚོགས་སོ། །དེའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་བསམས་ནས་སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམས་པ་ནི་སྔར་ལྟར་རོ། །དེ་ནས་རྡོ་རྗེ་སུམྦྷ་སྟེ་སྤྲུལ་སྐུ་གནོད་མཛེས་རབ་ཏུ་བསྒོམ་པར་བྱ་སྟེ། འོད་ཟེར་གྱི་མེ་ལྕེ་རྣོན་པོ་འབར་བའི་སྐུ་རྡོ་རྗེའི་སྤྲིན་ནི་ཆར་སྤྲིན་ལྟ་བུའི་མདོག་ཅན་དང་། དེ་ལས་རྡོ་རྗེ་ལྟ་བུའི་འོད་ཟེར་གྱི་སྤྲིན་ཏེ་མང་པོ་ནི་རབ་ཏུ་འཕྲོ་བ། ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་བསྣམས་པ་བསྒོམས་ན་དངོས་གྲུབ་མཆོག་ཐོབ་པར་གྱུར་ཞིང་། མི་བསྐྱོད་དམ་ཚིག་སྟེ་དེའི་རྒྱུ་དབུ་རྒྱན་ལ་བསྒོམས་ན་རབ་ཏུ་མཉེས་པར་འགྱུར་རོ། །དེ་རྣམས་ཀྱི་ཕྱག་མཚན་ཏེ་བཤད་པས་ཀྱང་གཞན་རྣམས་མཚོན་ནོ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་གོ །རྡོ་རྗེའི་དམ་ཚིག་སུམྦྷ་སྟེ་གནོད་མཛེས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡུམ་དང་ཁྲོ་བོ་རྣམས་སྟོན་པའི་གཞུང་འདི་དག་གི་ཚིག་འགྲེལ་རྫོགས་པར་འགྲེལ་བ་དང་མཆན་བུ་ལས་མི་འབྱུང་ཡང་འདིར་དགོངས་པ་བཀྲལ་ཁུལ་དུ་ཡོངས་རྫོགས་བྲིས་སོ། །གསུམ་པ་ཉེ་བར་བསྡུ་བ་ལ་དྲང་ངེས་གཉིས་ལས། དང་པོ་ནི། འགོག་པའི་ཁྲོ་བོ་ནས་དཀྱིལ་འཁོར་འགྲུབ་པར་འགྱུར་ཞེས་པ་སྟེ་་འདི་ལ་དྲང་ངེས་གཉིས་ལས། དང་པོ་ནི། སྲོག་འགོག་པ་སྟེ་གསོད་པའི་ལས་ཁྲོ་བོའི་འཁོར་ལོ་ནི་སྒྲུབ་པ་པོ་གང་གིས་བྱ་ན། སངས་རྒྱས་འཁོར་ལོ་སྟེ་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་བསྟེན་ཅིང་བསམ་པ་དེ་ཡིས་སོ། །ཇི་ལྟར་བྱ་ན་ཏིང་ངེ་འཛིན་ནི་ལྷག་མོས་ཀྱི་འོད་གསལ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་་དང་། དེའི་སྟེང་དུ་རྡོ་རྗེ་སྟེ་ས་བོན་དགོད་པ་དང་། དེ་ལས་རྡོ་རྗེ་འཆང་ཆེན་པོར་བསྐྱེད་པ་སོགས་བྱ་བ་སྟེ། དེ་དག་རྣམས་ལ་ཏིང་ངེ་འཛིན་རྡོ་རྗེ་ཡེ་ཤེས་རྣམས་ཞེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་དྲག་པོའི་ལས་གཙོ་བོར་བྱས་ཤིང་ཞི་སོགས་ཀྱི་ལས་གཞན་དག་ཀྱང་འགྲུབ་པར་འགྱུར་རོ། །གཉིས་པ་ནི། སངས་རྒྱས་ནི་རྣམ་སྣང་སོགས་སོ། །དེ་རྣམས་ཀྱི་འགོག་པ་ནི་འོད་གསལ་དུ་ཞུགས་པའོ། ཁྲོ་བོ་ནི་འོད་གསལ་དེ་ཐ་མལ་པའི་ལུས་དང་བྲལ་བའོ། །དེ་ཉིད་འཁོར་ལོ་སྟེ་མཚོན་དང་འདྲ་བས་གཉིས་སྣང་གཅོད་པའོ། །དེ་ན ི་ཁྲོ་བོའི་འཁོར་ལོ་ཏེ་རིམ་པ་བཞི་པ་ལ་གནས་པའོ། །དེ་ལས་ལྡང་བ་ནི་ཏིང་ངེ་འཛིན་ཏེ། དེ་ཤེས་པའི་རྡོ་རྗེ་ཡེ་ཤེས་ནི་འོད་གསལ་ལོ། །རྡོ་རྗེའི་དཀྱིལ་་འཁོར་འོད་གསལ་དེ་ལས་ཟུང་འཇུག་གི་གོ་འཕང་འགྲུབ་པར་འགྱུར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས་ལེའུ་སྟེ་བཅུ་གསུམ་པའོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་ནི་ལྷ་མོ་རྣམས་སོ། །བཀོད་པ་ནི་ཁྲོ་བོ་རྣམས་ཏེ་དེ་རྣམས་བསྐྱེད་པའི་དེ་ཁོ་ན་ཉིད་ཀྱི་དོན་རིམ་པ་གཉིས་ཀྱི་འོད་གསལ་བསྒོམ་པའོ། །མངོན་པར་བྱང་ཆུབ་པ་ནི་རིམ་གཉིས་ཀྱི་ལྷ་སྐུ་རྣམས་སོ། །དེ་སྟོན་པའི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པའོ།། །།༈ བཅུ་བཞི་པ་རྣམ་པར་འཕྲུལ་པའི་རྒྱལ་པོའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་གཉིས། ལས་ཚོགས་བཤད་པ་དང་། དེ་གསུངས་པ་ལ་ཆེད་བརྗོད་མཛད་པའོ། །དང་པོ་ལ་གསུམ། །སྔགས་དང་ནང་ལ་གཞོལ་བའི་ལས་ཚོགས། །སྔགས་ལ་གཞོལ་བའི་ཆོ་གའི་ཁྱད་པར། །ཕུར་གདབ་ཀྱི་ལས་ཚོགས་སོ། །དང་པོ་ལ་ལྔ། སྔགས་ལ་གཞོལ་བས་ལས་སྒྲུབ་ཚུལ་དང་ནང་ལ་གཞོལ་བས་ལས་སྒྲུབ་ཚུལ། དེ་གཉིས་ཀྱི་དོན་བསྡུ་བ། ལྷ་མོ་གཉིས་ལ་བརྟེན་པའི་དགུག་ལས། སྔགས་ལ་གཞོལ་བའི་དངོས་གྲུབ་མྱུར་བའི་བཟླས་པའོ། །དང་པོ་ལ་གཉིས། ཡུམ་བཞིའི་ཕྲེང་སྔགས་ཀྱིས་ལས་སྒྲུབ་པ། ཁྲོ་བོ་རྣམས་ཀྱི་ཕྲེང་སྔགས་ཀྱིས་ལས་སྒྲུབ་པའོ། །དང་པོ་ལ་བཞི། སྤྱན་མ་བརྟེན་ནས་ནང་ཞི་བ། །མ་མ་ཀིས་བགེགས་བསལ་བ། གོས་དཀར་མོས་རྒྱས་པའི་ལས། །སྒྲོལ་མ་ལ་བརྟེན་ནས་དབང་གི་ལས་སྒྲུབ་པའོ། །ལས་སྒྲུབ་པའི་དུས་གནས་སོགས་གཞན་དུ་ཤེས་པར་བྱ་ཞིང་། འདིར་དང་པོ་ནི་དེ་ནས་བཅོམ་ལྡན་འདས་ནས། སོས་པར་བྱེད་པར་གསུངས་ཞེས་པ་སྟེ། དེ་ནས་ཞེས་མཚམས་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེག་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དམ་ཚིག་ནི་ལྷ་མོ་རྣམས་སོ། །བདག་པོ་རྡོ་རྗེ་འཛིན་ཆེན་པོ་ནི་རྡོ་རྗེ་འཆང་ངོ་། །ཞི་བའི་དམ་ཚིག་ནི་རིམ་སོགས་ཞི་བར་བྱེད་པའི་མཆོག་གོ །དེ་ལྟ་བུའི་ཚུལ་དེ་འཆད་པར་བྱའོ་སྙམ་པའི་ཐུགས་རྩེ་གཅིག་པ་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་གྲུབ་པ་པོ་རྣམས་སོ། །བཙུན་མོ་ནི་འདིར་གཟུང་བར་བྱ་བའི་སྔགས་ཀྱི་མཆོག་འདི་རྡོ་རྗེ་འཆང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་སྒྲའི་ཚུལ་དུ་ཕྱུང་བ་སྟེ་བཀའ་སྩལ་ཏོ། །ཨ་ཨུ་མ་གསུམ་འདུས་པ་ལས་ༀ་སྟེ་རྡོ་རྗེ་གསུམ་མཚོན་ཞིང་བསོད་ནམས་ལེན་པའོ། །རུ་རུ་ནི། སྔགས་ཀྱི་ལྷ་རྣམས་སོ། །སྤུ་རུ་ནི་གསལ་བར་བྱེད་པ། ཛྭ་ལ་ནི་གཟི་བརྗིད། ཏིཥྚ་ནི་བརྟན་པའམ་བཞུགས་པ། སིདྡྷ་ལོ་ཙ་ནེ་ནི་གྲུབ་པའི་སྤྱན། སརྦ་ཨརྠ་ནི་དོན་ཐམས་ཅད། སཱ་དྷ་ནི་གྲུབ་པ། སྭཱཧཱ་ནི་གསལ་བར་བྱེད་པ་དང་གཞི་ཚུགས་པའོ། །ལས་ཀྱི་ཚེ་སྭཱ་ཧའི་སྔོན་དུ་ཆེ་གེ་མོའི་ནད་འདི་ཤནྟིས་ཀུ་རུ་ཞེས་སྦྱོར། །ཕྲེང་སྔགས་འདི་རྣམས་ལ་ལས་སྒྲུབ་པའི་དུས་སུ་བསྐྱེད་རིམ་བརྟན་ཅིང་། གང་བཟླས་པའི་སྔགས་དེ་འབུམ་ཕྲག་གཅིག་དང་། དབང་ལས་ཐམས་ཅད་པའི་ཐབ་ཏུ་སྦྱིན་སྲེག་ཁྲི་ཕྲག་གཅིག་བྱ་དགོས་པ་ནི་ཐམས་ཅད་ལ་འདྲའོ། །ཀུན་ལ་དཀྱིལ་འཁོར་རྒྱལ་མཆོག་ཡན་སྔོན་དུ་བཏང་་སྟེ་ལས་རྒྱལ་མཆོག་གི་དུས་སུ་རང་རང་གི་སྐབས་སུ་བབས་པས་ཁ་བསྒྱུར་ཚུལ་ནི་མཆན་བུ་ལས་ཤེས་པར་བྱ་སྟེ། འདིར་མང་དུ་དོགས་པས་སོ། །དེ་ནས་གཟུངས་འདིར་ནི་གསུངས་པ་ཙམ་གྱིས་མོད་ལ། འཁོར་ནད་མེད་པ་སོགས་ཀྱི་འབྱོར་བ་ཀུན་ལ་དགྱེས་པ་རྣམས་མཉེས་ཤིང་སྟ་ཡིད་མགུ་བའི་ཚུལ་གྱིས་རབ་ཏུ་དགྱེས་པར་འགྱུར་ནས། སངས་རྒྱས་རྡོ་རྗེ་སྟེ་རྣམ་སྣང་རྗེས་སུ་དྲན་ནོ། །སངས་རྒྱས་རྣམས་ནི་སྒྲུབ་པ་པོའོ། །ཞི་འབྱུང་བ་ནི་ཞི་བ་གཙོ་བོར་བྱས་པའི་ལས་རྣམས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །རྡོ་རྗེའི་དམ་ཚིག་ནི་རྣམ་སྣང་སྟེ་དེ་སྐུལ་བར་མཛད་མ་ནི་གཟུངས་འདིས་ཤི་བ་སྟེ་འཆི་བ་སོས་པར་བྱེད་པར་གསུངས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས་སྟོབས་ནི་བྱེད་པར་བཤད་ཅེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་གསུམ་ནི་ཁམས་གསུམ་མོ། །དེ་དང་མཉམ་པའི་དམ་ཚིག་ནི་མི་བསྐྱོད་པའོ། །རྡོ་རྗེ་ཁྲོ་བོ་རྡོ་རྗེ་འཆང་ངོ་། །དངོས་པོ་ནི་བགེགས་རྣམས་སོ། །དངོས་མོ་མེད་པ་ནི་བགེགས་ཞི་བར་བྱེད་པའོ། །དམ་ཚིག་ནི་མི་འདའ་བས་་སོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ནི་སྔར་ལྟར་རོ། །རྡོ་རྗེ་འཛིན་ནི་གདུག་པ་ཅན་ཐམས་ཅད་འཇིག་པར་བྱེད་པའི་རྡོ་རྗེ་ལྟ་བུ་སྟེ། དེའི་བཙུན་མའི་མཆོག་ནི་གཟུགས་ཀྱི་གཙོ་བོ་སྟེ། མཱ་མ་ཀཱིའི་གཟུངས་འདི་ཉིད་ཀྱི་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བ་ནི་སྔར་བཞིན་ནོ། །ༀ་ནི་བཤད་ཟིན་ལ། ཤཾ་ཀ་རེ་ནི་ཉེ་བར་ཞི་བའོ། །ཤཱིནྟི་ཀ་རེ་ནི་ཞི་བར་མཛད་པའོ། །གྷུཊྚ་གཉིས་ནི་གཞིག་པའམ་འཇོམས་པའོ། །གྷུནྚི་གཉིས་ནི་རབ་ཏུ་བརླག་པ་གཉིས་ཏེ་རྦོད་པའོ། །གྷཱུ་ཏ་ཡ་གཉིས་ནི་ཀློག་ཏུ་ཆུག་ཅིག་གཉིས་སོ། །ཡང་གྷུཊྚི་ནི་སྔ་མ་བཞིན་ཏེ། སྭཱ་ཧཱའི་སྔོན་དེར་སྲུང་བའི་སྤེལ་བྱང་གོས་སོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན་ཏེ་སྒྲུབ་པའོ། །དེ་དགའ་བས་མཉེས་པའི་སྤྱན་ནི་གདངས་ནས་སྐུ་རྡོ་རྗེའི་ཐུགས་མི་བསྐྱོད་པ་རྗེས་སུ་དྲན་ནོ། །རྡོ་རྗེ་ནི་མི་ཕྱེད་པའོ། །དེའི་སྲུང་བའི་སྦྱོར་བ་ལ་ལས་ཀྱི་མཆོག་རྣམས་ནི་རྟག་ཏུ་གྲུབ་སྟེ་དངོས་གྲུབ་སྩོལ་བར་བྱེད་པའོ། །རྡོ་རྗེ་ཆེན་པོ་འཇིགས་ཉེན་ནི་བགེགས་དང་གདོན་གྱི་འཇིགས་པའོ། །འཇིགས་པ་དེ་ལ་རྟག་ཏུ་དེས་མི་ཚུགས་པའི་སྟོབས་སུ་ནི་འགྱུར་བར་བྱེད་པར་བཤད་དོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་ནས་ཙམ་གྱིས་བྱེད་པར་འགྱུར་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །འདོད་ཆགས་ཆེན་པོའི་དམ་ཚིག་ནི་འོད་དཔག་མེད་དོ། །དམ་ཚིག་དེ་ལ་གཟིགས་པ་སྟེ། དམིགས་པའི་ཏེང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཀྱི་སྐུ་ནི་པདྨའི་རིགས་ཀྱི་ལྷ་མོ་རྣམས་སོ། །བཙུན་མོའི་མཆོག་ནི་སྔར་ལྟར་ཏེ། གཟུངས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ༀ། ཀ་ཊེ་ནི་གསོ་བ། བི་ཀ་ཊེ་ནི་རྣམ་པར་གསོ་བ། ནི་ཀ་ཊེ་ཉེ་བ། ཀ་ཊཾ་ཀ་ཊེ་ནི་ཤིན་ཏུ་ཡང་གསོ་བའོ། །སྭཱ་ཧཱའི་སྔོན་དེར་རྒྱས་པའི་སྤེལ་ཚིག་བྱའོ། །དེ་ནས་འདི་ནི་གསུངས་པ་ཙམ་གྱིས་རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས་པདྨའི་རིགས་ཀྱི་སྒྲུབ་པ་པོའོ། །དེ་རྣམས་མཉེས་ནས་སེམས་རྩེ་གཅིག་པའི་བསམ་གཏན་ཐོབ་པར་གྱུར་ནས། རྡོ་རྗེ་ཆོས་འོད་དཔག་མེད་ནི་རྗེས་སུ་དྲན་ནོ། །རྟག་ཏུ་ཆོས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་ལས་མཁས་པའོ། །ལུས་རྒྱས་པ་དང་སྟོབས་ཏེ་བྱ་བ་ལ་སྤྲོ་བ་ཆེན་པོ་མཛད་པ་དང་། རྟག་ཏུ་ནོར་འབྲུ་ལ་སོགས་པའི་མཛོད་པོ་ཆེ་དང་ལྡན་པར་རྡོ་རྗེ་གསུང་གི་བཀའ་ཇི་ལྟ་བ་བཞིན་དུ་བཟླས་པ་ཙམ་གྱིས་བྱེད་པར་འགྱུར་རོ། །བཞི་པ་ནི། དེ་ནས་བཅོམ་ལྡན་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །དམ་ཚིག་ཀུན་ནས་འབྱུང་བ་ནི་དོན་གྲུབ་སྟེ། དེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིགས་སེམས་དཔའ་དོན་གྲུབ་ཀྱི་རིགས་ཀྱི་ལྷ་མོ་རྣམས་སོ། །བཙུན་མོའི་མཆོག་ནི་སྔར་བཞིན་ལ། གཟུགས་འདི་རྡོ་རྗེ་འཆང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །ༀ། ཏཱ་རེ་ནི་སྒྲོལ་བ། ཏུཏྟཱ་རེ་ནི་སྐྱོབ་པའམ་སྐྱོང་བའོ། །ཏུ་རེ་ནི་མྱུར་དུ་སྐྱོབ་པར་མཛད་པ་སྟེ། སྭཱ་ཧཱའི་སྔོན་དུ་དབང་གི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་སངས་རྒྱས་ཀུན་བདག་ཉིད་ཆེ་སྟེ་དོན་གྲུབ་བོ། །དེ་ལས་སྐྱེས་པ་ནི་དེའི་སྒྲུབ་པ་པོའོ། །དེ་མཉེས་པ་སྟེ་མགུ་ནས་སེམས་རྩེ་གཅིག་པའི་ཡེ་ཤེས་མཆོག་ནི་ཐོབ་པར་གྱུར་ནས། རྡོ་རྗེའི་སྐུ་སྟེ་དོན་གྲུབ་རྗེས་སུ་དྲན་ནོ། །སངས་རྒྱས་རྡོ་རྗེ་ནི་ཁྱིམ་བདག་དང་སློབ་དཔོན་ང་རྒྱལ་ཆེ་བ་རྣམས་སོ། །སྡེ་ཆེན་ནི་རྒྱལ་པོའོ། །སེམས་ཅན་ཁམས་ནི་ཐ་མལ་བ་གཞན་ཏེ། དེ་དག་མ་ལུས་པ་སྐད་ཅིག་གིས་ནི་བྲན་བཞིན་དུ་རྣམ་པ་ཐམས་ཅད་དུ་གཡོ་མེད་དབང་དུ་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཉིས་པ་ལ་དགུ། གཤིན་རྗེ་གཤེད་ཀྱི་སྒོ་ནས་རིགས་མཐོན་པོའི་བུད་མེད་སོགས་དགུག་པ། བདུད་རྩི་འ ཁྱིལ་བའི་སྒོ་ནས་བསྐྲད་པ། །གཞན་གྱི་མི་ཐུབ་པའི་སྒོ་ནས་གདོན་གྱིས་ཟིན་པ་དགྲོལ་བ། རྟ་མགྲིན་གྱི་སྒོ་ནས་དུག་བསལ་བ། དབྱུང་སྔོན་ཅན་གྱི་སྒོ་ནས་བསད་པ། སྟོབས་པོ་ཆེའི་སྒོ་ནས་ཆར་འབེབ་པ། འོད་དེ་རྒྱལ་གྱི་སྒོ་ནས་རྒྱལ་པོ་སོགས་་དགུག་པ། མི་གཡོ་བའི་སྒོ་ནས་ལྷ་ཆེན་པོ་སོགས་དགུག་པ། གནོད་མཛེས་ཀྱི་སྒོ་ནས་བུ་མོ་སོགས་དགུག་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་དེ་སྐད་ཅེས་གསུངས་སོ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ནི། དཀར་པོ་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་འཕྲོ་བ་རྡོ་རྗེ་རྣམ་སྣང་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གཤིན་རྗེ་གཤེད་པོ་ཆེན་པོ་རྡོ་རྗེ་ཁྲོ་བོའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ན་མཿནི་ཕྱག་འཚལ་ལོ། །ས་མནྟ་ནི་ཀུན་ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནི་སྐུ་གསུང་ཐུགས་རྡོ་རྗེའོ། །ༀ། ཁ་ཁི་ནི་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ནི་ཟོ་ཤིག་ཟོ་ཤིག །སརྦ་དུཥྚ་ནི་གདུག་པ་ཅན་ཐམས་ཅད། སཏྭ་སེམས་ཅན། དམ་ཀ་འདུལ་བ། ཨ་སི་རལ་གྲི། མུས་ལ་གཏུན་ཤིང་། པར་ཤུ་དགྲ་སྟ། བཱ་ཤ་ཞག་པ། ཧསྟ་ཕྱག །ཙ་ཏུར་མུ་ཁ་ཞལ་བཞི། ཙ་ཏུ་བྷུ་ཛ་ཕྱག་བཞི། ཥཊ་དྲུག །ཙ་ར་ཎ་ཞབས། ཨཱ་གཙྪ་ཨཱ་གཙྪ་ནི་ཚུར་བྱོན་ཚུར་བྱོན། སརྦ་་དུཥྚ་པྲ་ཎཾ་གདུག་པ་ཅན་རྣམས་ཀྱི་སྲོག །ཨཱ་པ་ཧཱ་རི་ཎེ་འཕྲོག །མ་ཧཱ་བིགྷན་བགེགས་ཆེན་པོ། གྷཱ་ཏ་ཀ་གསོད་པ། བི་ཀྲི་ཏ་རྣམ་པར་འགྱུར་བ། ཨ་ན་ན་ཞལ། སརྦ་བྷུ་ཊ་འབྱུང་པོ་རྣམས། བྷ་ཡཾ་འཇིགས་པ། ཀ་ར་མཛད་པ། ཨ་ཊྚ་ཊྚ་ཧཱ་ས་ནཱ་དི་ནེ་སྐྲག་པར་བྱེད་པའི་སྒྲ། བྱཱ་གྷ་སྟག ཙརྨ་ལྤགས་པ། ནི་བ་ས་ན་གོས། ཀུ་རུ་ཀུ་རུ་མཛོད་མཛོད། སརྦ་ཀརྨ་ཎི་ལས་ཐམས་ཅད། ཚིནྡ་ཚིནྡ་ཆོད་ཆོད། སརྦ་མནྟྲཱན་སྔགས་ཐམས་ཅད། བྷིནྡི་བྷིནྡ་ཕུག་ཕུག །པ་ར་ཕ་རོལ། མུང་ཏྲཱ་མ་ཕྱག་རྒྱ། ཨཱ་ཀཪྵ་ཡ་ཨཱ་་ཀཪྵ་ཡ་ཁུ ག་ཅིག་གཉིས། སརྦ་བྷཱུ་ཏཱ་ནན་འབྱུང་པོ་ཐམས་ཅད། མ་ཐ་མ་ཐ་ཆོམས་ཆོམས། །ནཾ་རྨ་ཐ་ནཾ་རྨ་ཐ་ངེས་པར་ཆོམས་གཉིས། སརྦ་དུཥྚཾ་ནི་སྡེར་ལྟེར། པྲ་བེ་ཤ་ཡ་གཉིས་ནི་ཆུ་གཅིག་གཉིས། མཎྜལ་དཀྱིལ་འཁོར། མ་དྷྱ་ནང་དུ། བཻ་བ་སྭ་ཏ་ཉི་མའི་བུ། ཛཱི་བི་ཏ་ཨཏྣ་ཀ་ར་སྲོག་མཐར་བྱེད་པ། མ་མ་བདག །སརྦ་ཀཪྱཾ་ལས་ཐམས་ཅད། ཀུ་རུ་ཀུ་རུ་མཛོད་གཉིས། ད་ཧ་ད་ཧ་སྲེག་སྲེག །པ་ཙ་པ་ཙ་ཚོས་ཚོས། །མཱ་བི་ལཾ་བ་གཉིས་མཾ་ཐོགས་གཉིས། ས་མ་ཡ་དམ་ཚིག །མ་ནུ་སྨ་ར་རྗེས་སུ་དྲན་པ། ཧཱུཾ་ཧཱུཾ་ནི་དེར་བསྐུལ་བ། ཕཊ་ཕཊ་ནི་དགས་པ། བི་སྥོ་ཊ་ཡ་གཉིས་རྣམ་པར་ཁོས་ཤིག་གཉིས། སརྦུ་ན་ནཱ་ཤ་ཡ་དགྲ་ཐམས་ཅད་རློག །ཀ་ར་ཀ་ར་བིགྷན་བགེག་གཏོར་ཅིག་གམ་བཏུབས་ཅིག །སརྦ་ཨ་ཤཱབ་ས་མ་པ། བ་རི་པཱུ་ར་ཀ་རྫོགས་པར་མཛོད་པ། ཧེ་ཧེ་ཀྱེ་ཀྱེ། བྷ་གཾ་ཝ་ན་བཅོམ་ལྡན་འདས་སོ། །ཀི་ཉྩི་ར་ཡ་སི་ཅིའི་ཕྱིར་ཡུན་རིང་ཐོགས། མ་མ་སརྦ་ཨཪྠཱན་བདག་གི་དོན་ཐམས་ཅད། སྭཱ་དྷ་ཡ་ནི་སྒྲུབས་ཤིག་པའོ། །སྭཱ་ཧའི་སྔོན་དུ་འགུགས་པའི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་སངས་རྒྱས་དེ་གདུལ་བར་བྱ་བ་བརྒྱ་སོགས་གྲགས་པ་ཆེན་པོ་རྣམས་ནི། སྒྲུབ་པ་པོས་བཀུག་སྟེ་འདུལ་བར་མཐོང་ནས་འཇིགས་ཤིང་ཀུན་ཏུ་སྐྲག་པར་གྱུར་ནས། །སངས་རྒྱས་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ནས་སྐྱབས་སུ་སོང་བའོ། །འདིར་རྣམ་སྣང་གི་ཏིང་ངེ་འཛིན་གཞན་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་ཚེ། བུད་མེད་ཀྱི་ཐོད་པ་མ་ཆག་པ་སྟེ་དུམ་བུར་མ་སོང་ཞིང་མ་གས་པ་གཟུགས་མཛེས་ཤིང་ཡིད་དུ་འོང་བ་རྙེད་པ་བླང་ལ། དེའི་རྒྱབ་ཏུ་རྒྱ་སྐྱེགས་ཀྱི་ཁུ་བས་གང་འགུགས་པའི་བུད་མེད་ཀྱི་གཟུགས་འབྲི་སོགས་བཤད་པ་ལྟར་བྱས་ཏེ། །བསྒྲུབ་བྱ་དེར་བསམ་ཏེ་རང་གཤིན་རྗེ་བཤེད་དུ་བསྒོམས་པའི་རྐང་བ་གཡས་པ་རྐྱང་གིས་དེའི་སྙིང་ཁར་མནན་པ་སོགས་བྱའོ། །དེ་ནས་སྔགས་འདི་རྗེས་སུ་དྲན་ནས་གདོན་པར་བྱ་སྟེ། དེ་ལྟར་བྱས་པས་མཱ་མ་ཀཱི་སྟེ་རྒྱ་རིགས་ཀྱི་བུ་མོའམ། སྤྱན་ཏ་བྲ་ཟེའི་རིགས་ཀྱི་བུ་མོ་གང་ཡང་རུང་བ་དང་། རྡོ་རྗེ་ནི་རྒྱལ་པོ་དང་བློན་པོའོ། །རིན་ཆེན་ལས་བྱུང་བ་ནི་རིགས་མཐོན་པོའོ་བུད་མེད་་དོ། །ལན་གསུམ་ནི་དུས་གསུམ་དག་ཏུ་སྔགས་བརྗོད་ན་དེ་མ་ཐག་ཏུ་སྟེ་ཞག་བདུན་གྱིས་ངེས་པར་འགུགས་ནུས་པར་གྱུར་རོ། །སྐྱེས་པ་འགུགས་པ་ལ་སྐྱེས་པའི་ཐོད་པ་ལ་བཤད་མ་ཐག་པ་ལྟར་བྱ་བ་ནི་འདྲའོ། །བཅོམ་ལྡན་འདས་ཐུགས་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས་སྐྲོད་པར་འགྱུར་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་སྟེ། དམ་ཚིག་ནི་དོན་གྲུབ་བོ། །དེའི་འོད་ཟེར་སྟུག་པོའི་མཆོག་ནི་འོད་ཆེན་པོས་ཁྱབ་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁྲོ་བོ་མི་འཆི་བའི་དམ་ཚིག་ནི་དོན་གྲུབ་སྟེ། དེའི་ཁྲོ་བོ་ཆེན་པོའི་སྔགས་འདི་རྡོ་རྗེ་འཆང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་ནི་ཕྱག་འཚལ་ལོ། །ཀུན་ནས་སྐུ་གསུང་ཐུགས་ལའོ། །ན་མོ་བཛྲ་ཀྲོ་རྡ་ཡ་མ་ཧཱ་ནི་ཕྱག་འཚལ་ལོ་རྡོ་རྗེ་ཁྲོ་བོ་ཆེན་པོ། །དཾཥྚོ་ཊ་མཆེ་བ། ཀ་ཊ་གཙིགས་པ། བྷཻ་ར་བཱ་ཡ་འཇིགས་་སུ་རུང་བ། ཨཱ་སི་མུ་ས་ལ་པ་ར་ཤུ་རལ་གྲི་གཏན་ཤིང་དགྲ་སྟ། པ་ཤ་ཧསཧཱ་ཡ་ཞགས་པ་ཕྱག་ན་བསྣམས་པ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་བདུད་རྩི་འཁྱིལ་བ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཟོ་ཟོ་ཟོ་ཞིག་ཟོ་ཞིག །ཏིཥྛ་ཏིཥྛ་མ་ནོས་ཤིག་གཉིས། དེ་བཞིན་དུ་བནྡྷ་བནྡྷ་འཆིངས་ཤིག །ཧ་ན་ཧ་ན་རྒྱོབ་ཅིག །ད་ཧ་ད་ཧ་སྲེགས་ཤིག །གརྫ་གརྫ་སྒྲོགས་ཤིག །བི་སྥོ་ཊ་ཡ་གཉིས་དགས་ཤིག །སརྦ་བིགྷྣན་བགེགས་ཐམས་ཅད། བི་ནཱ་ཡ་ཀཱ་ན་ལོག་འདྲེན། ག་ཎ་པ་ཏི་ཚོགས་བདག །ཛཱི་བི་ཏ་ནི་སྲོག །ཨནྟ་ཀ་ར་ཡ་ནི་མཐར་བྱེད་པའོ། །སྭཱ ཧཱའི་སྔོན་དེར་སྐྱོད་པའི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས། སངས་རྒྱས་གྲགས་པ་ཆེན་པོ་ནི་བསྒྲུབ་བྱ་རྣམས་སོ། །བརྒྱལ་ཞིང་རབ་ཏུ་འཇིགས་པར་གྱུར་ནས་རྡོ་རྗེའི་སྐུ་དོན་གྲུབ་རྗེས་སུ་དྲན་ནོ། །སྔགས་རྣམས་ཀུན་ནི་སྐྲོད་པ་ལ་སོགས་པའི་སྔགས་ཀྱི་སྦྱོར་བ་ཡོད་པའི་བསྒྲུབ་བྱ་རྣམས་ལའང་ལས་དེ་བྱ་ཞིང་། རྡོ་རྗེ་ནི་བསྒྲུབ་བྱ་བསྐྲད་པར་དགའ་བ་ལ་ཡང་སྐྲོད་པའི་ལས་དེ་རྣམས་བྱ་ལ། སངས་རྒྱས་ཏེ་ལས་ཚོགས་ལ་མཁས་པ་ཉིད་ཀྱི་དཔུང་དག་ཀྱང་ལས་འདི་ལྟར་ཚུལ་བཞིན་བྱས་ན་སྐྲོད་པར་འགྱུར་ཏེ་གནས་ནས་འཁོ་བར་འགྱུར་རོ། །ལས་བྱ་ཚུལ་ནི་དོན་གྲུབ་ཀྱི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་སྐེ་ཚེ་་སོགས་རྫས་འདྲེས་པས་རོ་ལ་བཀབ་པའི་དུར་ཁྲོད་ཀྱི་རས་ལ་རླུང་དཀྱིལ་ཀྱི་དབུས་བསྒྲུབ་བྱའི་མིང་སྤེལ་དང་བཅས་པ་འབྲི་སོགས་བཤད་པ་ལྟར་བྱ་བའོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་ནས་ཆོ་ག་བཞིན་དུ་བྱ་ཞེས་པ་སྟེ། དེ་ནས བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་སྟེ་རྡོ་རྗེ་འཆང་ང ོ་། །སངས་རྒྱས་ཀྱི་འོད་ཟེར་གྱི་རིན་འབྱུང་ངོ་། །རྡོ་རྗེ་ནི་མི་ཕྱེད་པ་སྟེ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿནས། བཛྲ་ནཱཾ་ནི་སྔར་ལྟར་རོ། །ༀ་ཧཱུཾ་ནི་བསྡིགས་མཛུབ་བྱེད་པའི་དོན་ནོ། །འཛིན་ནི་རྒྱལ་བ་སྟེ་གཞན་གྱིས་མི་ཐུབ་པའོ། །རི་ཊི་ཊྚ་ལྷོགས་ཤིག ཧཱུཾ་གསུམ་དང་ཕཊ་ནི་བསྐུལ་བ་གསུམ་དང་དགས་པའོ། །སྭཱཧཱའི་སྔོན་དུ་གདོན་གྱིས་ཟིན་པ་ལས་དགྲོལ་བའི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས། སངས་རྒྱས་བདག་ཉིད་ཆེན་པོ་ནི་སྒྲུབ་པ་པོ་བརྩོན་འགྲུས་ཆེ་བ་དག་ཀྱང་། འཇིགས་ཤིང་ཀུན་ཏུ་སྐྲག་པར་གྱུར་ནས་བྱང་ཆུབ་སེམས་ཏེ་རིན་འབྱུང་རྗེས་སུ་དྲན་པ་སྟེ་སྒོམ་པར་གྱུར་ཏོ། །སྲིན་པོ་དང་། མ་རུངས་པ་སེངྒེ་དང་་སྟག་ལ་སོགས་པ་དང་། གཏུམ་པ་ནི་ཕྱི་རྒོལ་བ་རྣམས་དང་། འཇིགས་པ་ཆེན་པོས་འཁྲུགས་པ་ནི་མེ་དང་སྤྲུལ་ལ་སོགས་པ་འཇིགས་པར་བྱེད་པའི་གནས་་སུ། རྡོ་རྗེ་སེམས་ནི་རྡོ་རྗེ་འཆང་ངོ་། །དེས་རབ་ཏུ་སྦྱར་བ་རིན་འབྱུང་སྟེ། རིན་འབྱུང་གི་རྣལ་འབྱོར་གྱི་གཞན་གྱི་མི་ཐུབ་པ་ལ་བཀའ་བསྒོ་བའོ། །དེ་ལྟར་བྱས་པས་ལས་རྣམས་ཆོ་ག་བཞིན་དུ་བྱེད་དོ། །ཆོ་ག་ནི་འགྲེལ་བ་ལས་་འབྱུང་བ་ལྟར་རོ། །བཞི་པ་ནི། དེ་ནས་བཅོམ་ལྡན་ནས་མེད་པར་བྱེད་ཅེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ངོ་། །དཔག་ཏུ་མེད་པ་ནི་འོང་དཔག་མེད་དོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ་དེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨོ་འོད་དཔག་མེད་ལས་བྱུང་བའི་རྟ་མགྲིན་དེ་རང་གི་སྔགས་ཀྱི་བདག་ཉིད་དུ། རྡོ་རྗེ་འཆང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ནི་ལྷ་སྔགས་དབྱེར་མི་ཕྱེད་པའི་་དབང་དུ་མཛད་པའོ། །ན་མཿནས་བཛྲ་ནཱཾ་ནི་སྔར་ལྟར་རོ། །ༀ། ཧཱུཾ་གསུམ་ནི་གདུག་པ་ཅན་གྱི་སྒོ་གསུམ་ལ་སྡིགས་མཛུབ་བྱེད་པ་མཚོན་ནོ། །ཏ་རུ་ལ་གནོད་པ་ལས་སྒྲོལ་བ། བི་རུ་ལ་རྣམ་པར་འགྱུར་བའི་གནོད་པ་འཇིག་པར་བྱེད་པ། སརྦ་བི་ཥ་དུག་ཐམས་ཅད། གྷཱ་ཏ་ཀ་འཇོམས་པ། ཛྭ་ལི་ཏ་འབར་བ། བི་སྥུ་ལིཾ་ག་རྣམ་པར་འཁྲུགས་པ། ཨ་ཊྚ་ཊྚ་ཧཱ་ས་ནི་ཧ་ཧ་ཞེས་རྒོད་པ། ཀེ་ས་རི་སེངྒེ། ས་ཊ་རལ་པ། ཨ་ཊོ་པ་བསྒྱིངས་པ། བཛྲ་ཁུ་ར་ཞབས། ནི་ར་གྷ་ཏ་ན་བརྡབས་པ། ཙ་ལི་ཏ་གཡོ་བ། བ་སུ་དྷ་ས། ཏ་ལ་གཞི། ནི་ཤྭ་ས་དབུགས། མཱ་རུ་ཏ་འབྱིན་པ། ཨུད་ཀྵི་པ་ཏ་གྱེན་དུ་་འཐོར་བ། དྷ་ར་ཎཱི་དྷ་ར་ས་འཛིན་པ། བྷཱི་ཥཾ་ཎ་འཇིགས་སུ་རུང་བ། ཨ་ཊྚ་ཊྚ་ཧཱ་ས་ཧ་ཧ་ཞེས་བཞད་པ། ཨ་པ་ར་མི་ཏ་དཔག་ཏུ་མེད་པ། བ་ལ་ནི་་སྟོབས། པ་ར་ཕ་རོལ། ཀྲ་མ་གནོན་པ། ཨཱཪྱ་འཕགས་པ། ག་ཎ་བགྲགས་པ། བྷཱི་ར་འཇིགས་པ། བྷཱུ་ཏ་འབྱུང་པོ། ག་ཎ་ཚོགས། བྷུ་ཥི་ཏ་འཇིགས་པ། བུདྷྱ་བུདྷྱ་སད་པ་སད་པ། ཧ་ཡོ་གྲཱེ་བ་རྟ་མགྲིན། ཁཱ་ད་ཁཱ་ད། ཟོ་ཟོ་ཤིག །པ་ར་མནྟྲ་ན་གཞན་གྱི་སྔགས། ཚིནྡ་ཚིནྡ་ཆོད་ཆོད་ཅིག །སིདྡྷི་དངོས་གྲུབ། མ་མེ་བདག་ལ། དི་ཤ་སྩོལ། །ཨཱ་བི་ཤ་ཡ་ཕོབ་ཅིག སརྦ་ཛ་ར་རིམ་ཐམས་ཅད། པི་ཤ་ཙི་ན་ཤ་ཟ། སརྦ་གྲ་ཧེ་ཥུ་གདོན་རྣམས། ཨ་པྲ་ཏི་མི་ཚུགས་པ། ཧ་ཏོ་བྷ་བ་མཛོད། བཛྲ་དཾཥྚ་རྡོ་རྗེའི་མཚེ་བ་ཅན། ཀཉྩི་ར་ཡ་སི་ཅིའི་ཕྱིར་ཕྱི་བཤོལ་མཛད། ཨི་དཾ་འདི། དུ་ཥྚཾ་གདུག་པ་ཅན། གྲ་ཧ་གདོན། དུཥྚ་སརྦཾ་བཱ་སྦྲུལ་གདུག །དྷུ་ན་དྷུ་ན་བསྐྱོད་ཅིག་གཉིས། དེ་བཞིན་དུ་མ་ཐ་མ་ཐ་ཚོམས་ཤིག །མར་ད་མར་ད་རློག་ཤིག །པཱ་ཊ་ཡ་པཱ་ཊ་ཡ་ཁོས་ཤིག །མ་ཊ་མ་ཊ་བཤིག་ཤིག །བྷ ནྡྷ་བྷནྡྷ་འཆིངས་ཤིག །བུདྡྷ་སངས་རྒྱས། །དྷརྨཱ་ཆོས། སངྒ་དགེ་འདུན། ཨ་ནུ་ཛྙཱ་ཏཾ་བཀའ་སྩལ་པ། ཀརྨཱ་ཀུ་རུ་ལས་མཛོད། གལ་ཏེ་ལས་མི་བྱེད་ན། ཧ་ཡ་གྲི་བ་ཡ་ཕཊ་རྟ་མགྲིན་ལའོ། །བཛྲ་ཡ་ཕཊ་རྡོ་རྗེ་ཅན་ལའོ། །བཛྲ་གཱ་ཏཱ་ཡ་ཕཊ་རྡོ་རྗེའི་ལུས་ཅན་ལའོ། །བཛྲ་ནེ་ཏྲཱ་ཡ་ཕཊ་རྡོ་རྗེའི་མིག་ལའོ། །བཛྲ་དཾཥྚཱ་ཡ་ཕཊ་རྡོ་རྗེའི་མཆེ་མ་ཅན་ལའོ། །བཛྲ་ཁུ་ར་ཡ་རྡོ་རྗེའི་ཞབས་ཅན་ལའོ། །བཛྲ་ཁུ་ར་ནི་ར་གྷཱ་ཏ་ནཱ་ཡ་ཕཊ་རྡོ་རྗེའི་ཞབས་ངེས་པར་རྡེབས་པ་ལའོ། །ཏྲཻ་ལོ་ཀྱ་འཇིག་རྟེན་གསུམ། བྷ་ཡཾ་འཇིགས་པ། ཀ་རཱ་ཡ་ཕཊ་མཛད་པ། སརྦ་ཀརྨེ་ཁུ་ལས་ཐམས་ཅད་ལ། ཨ་པྲ་ཏེ་ཧ་ཏཱ་ཡ་ཐོགས་པ་མེད་པ་ལ་ཕཊ། བཛྲ་གུ་ལ་རྡོ་རྗེའི་རིགས། སན་ཏྲཱ་ས་ནཱ་ཡ་འཇིགས་པར་མཛད་པ་ལ་ཕཊ། ཧཱུཾ་གསུམ་དང་ཕཊ་གསུམ་ནི་རྡོ་རྗེ་འཆང་གིས་རྟ་མགྲིན་ལ་བསྡིགས་པར་མཛད་པའོ། །སྭཱཧཱའི་སྔོན་དུ་དུག་ཞི་བའི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས། །ཆོས་ཀྱི་རྡོ་རྗེ་ནི་འོད་དཔག་མེད་དོ། །ཆེ་མཆོག་ནི་རྟ་མགྲིན་དང་། དེས་འདུལ་བའི་བགེགས་རྣམས་ཏེ། འཇིགས་ཤིང་རབ་ཏུ་བརྒྱལ་བར་གྱུར་ནས་ཡེ་ཤེས་རྒྱལ་པོ་རྗེས་སུ་དྲན་ན། །ནམ་མཁའི་དབྱིངས་་དུག་གིས་ཡོངས་སུ་གང་བ་གཞིག་དཀའ་བས་རྡོ་རྗེ་ལྟ་བུ་སྟེ། དུག་ཧ་ལ་ཧ་ལའི་འོད་འདྲ་བ་ཡང་། ཁྲོ་བོ་རྒྱལ་བོ་རྟ་མགྲིན་བསྐུལ་བ་ཡི་ཚུལ་འདིས་དུག་་དེ་རྣམས་ཐམས་ཅད་མེད་པར་བྱེད་དོ། །དེའི་མན་ངག་ནི་འགྲེལ་བ་ལས་སོ། །ལྔ་བ་ནི། དེ་ནས་བཅོམ་ལྡན་ནས་གསོད་པར་འགྱུར་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ནི་རྡོ་རྗེ་འཆང་ངོ་། །གདོན་མི་ཟ་བའི་དམ་ཚིག་ནི་དོན་གྲུབ་སྟེ། དེ་ཉིད་འབྱུང་བ་ནི་དཔལ་ཏེ་ཏོག་ཡིན་ལ། རྡོ་རྗེ་ནི་མི་ཕྱེད་པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོའི་ཁྲོ་བོའི་རྒྱལ་པོ་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿནས་བཛྲ་ཎཱཾ་ནི་སྔར་ལྟར་རོ། །ༀ་ཨེ་ཧྱ་ཧི་ཚུར་སྦྱོན་ཚུར་སྦྱོན། བྷ་ག་ཝན་བཅོམ་ལྡན་འདས། ནཱི་ལ་སྔོན་པོ། བཛྲ་བཎྜ་རྡོ་རྗེ་དབྱུག་པ། ཏུ་རུ་ཏུ་རུ་རིངས་པར་རིངས་པར། ཧུ་ལུ་ཧུ་ལུ་གཉིས་ཞུགས་ཤིག་གཉིས། དེ་བཞིན་དུ་ཧ་ཧ་སད་པ། གུ་ལུ་གུ་ལུ་འཚིར་ཅིག གུ་ལཱ་པ་ཡ་གུ་ལཱ་པ་ཡ་འ ཚིར་དུ་ཚུག་ཅིག །ཀྲ་མ་ཀྲ་མ་གོམས་པ། པཱ་ད་བསྐྱོད་པ། བིཀྵེ་རྣམ་པར་སྤྲོ་བ། བྷ་ག་ཝན་བཅོམ་ལྡན་འདས། །བཱ་ཡུ་རླུང་། བེ་གེ་ཎ་ཤུགས་ཀྱིས། བྷུ་ཏ་ན་འབྱུང་པོ། །ཤཱིགྷྲཾ་མྱུར་དུ། ད་ཧ་ད་ཧ་སྲེགས་ཤིག ད་ར་ད་ར་ཁོས་ཤིག བ་ཧ་བ་ཧ་ཆོམས་ཤིག པ་ཙ་པ་ཙ་ཚོས་ཤིག མ་ཐ་མ་ཐ་བཤིག་ཅིག པཱ་ཏ་ཡ་པཱ་ཏ་་ཡ་འོག་ཏུ་ལྟུང་བར་གྱིས་ཤིག མ་ཊ་མ་ཊ་རློག་ཤིག མོ་ཊ་པ་ཡ་མོ་ཊ་པ་ཡ་བརླག་པར་གྱིས་ཤིག སརྦ་ཀརྨ་ཎི་ལས་ཐམས་ཅད། ཚིནྡ་ཚིནྡྷ་ཆོད་ཅིག བྷཀྵ་ཡ་བྷཀྵ་ཡ་ཟོ་ཤིག མེ་དཾ་ཚིལ། ཨ་སྱ་འདིའི། །མ་ད་ཚིལ། མད་ཛ་རྐང་། རུ་དྷིར་ཁྲག །བྲི་ཡ་དགྱེས་པ། ཨེ་ཧྱ་ཧི་ཚུར་བྱོན། བྷ་ག་ཝན་བཅོམ་ལྡན་འདས་སོ། །སརྦ་བིགྷཱཾ་བགེགས་ཐམས་ཅད། སརྦ་བིདྱ་རིག་པ་ཐམས་ཅད། སརྦ་མནྟྲ་སྔགས་ཐམས་ཅད། སརྦ་མུ་ལ་ཀརྨཱི་རྩ་བའི་ལས་ཐམས་ཅད། ཀྲི་ཏྲི་མ་བཅོས་པའི། བི་ཥུ་དུ་ཀ །བིདྱེ་ནི་ལ་སོགས་པ། སརྦ་གྲ་ཧཱ་ན་གདོན་ཐམས་ཅད། ཧ་ན་ཧ་ན་ཆོམས། བྷན་ཛ་བྷན་ཛ་ཤིག །མར་ད་མར་ད་མཉེས། ཨི་དཾ་འདི། ཀཪྱཾ་སཱ་དྷ་ཡ་བྱ་བ་སྒྲུབས་ཤིག །ཧཱུཾ་ནི་སྡིགས་མཛུབ་བྱེད་པ་མཚོན་བྱེད། ནཱི་ལ་ཡ་སྔོན་པོ། ནཱི་ལ་བཛྲ་དཎྜ་རྡོ་རྗེ་དབྱུག་པ་སྔོན་པོ། །ཏུ་རུ་ཏུ་རུ་རིངས་པར་མཛོད། །བིགྷན་བིན་ཡ་ཀ་བགེགས་དང་ལོག་འདྲེན་ཐམས་ཅད། ནཱ་ཤཱ་ཡ་ནཱ་ཤཱ་ཡ་རློག་ཤིག །ཧུ་རུ་ཧུ་རུ་འབད་པར་མཛོད། དཱི པྟ་འབར་བ། ཙིཎྜ་ཡ་གཏུམ་བོ། སརྦ་ཤ་ཏྲུཾ་ཎཱཾ་་དགྲ་ཐམས་ཅད་ཀྱི། ཧྲི་ད་ཡཱ་སྙིང་། ནི་བི་ངེས་པར། ཌ་ཡ་ཚིར་ཅིག ཚིནྡ་ཚིནྡ་ཆོད་ཅིག བ་ར་གཞན་ནམ་ཕ་རོལ། །བིདྱ་ཎཱིཾ་རིག་པ། ཚེ་ད་ཀ་ཆོད་ཅིག །ཧཱུཾ་གསལ་བར་བྱེད་པ། བི་ཕྱ་རིག་པ་རྣམས་ཀྱི། ཤིཥྚ་ཀ་བྱེད་པ་པོ། ས་མ་ཡ་དམ་ཚིག མ་ནུ་སྨ་ར་རྗེས་སུ་དྲན་པར་མཛོད། བཛྲ་དྷ་རབ་ཙ་ན་མ་ན་རྡོ་རྗེ་འཆང་གི་བཀའ་དྲོན་ཅིག་པའོ། །མརྨཱ་ཎི་གནང་། ཀྲིན་ཧ་ཚོང་། ཧུཾ་བསྐུལ་བ། ཧ་ན་ཧ་ན། ད་ཧ་ད་ཧ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། ཧུ་རུ་ཧུ་རུ་ཕཊ་ཕཊ་ཧུཾ་ཧཱུཾ་རྣམས་ཀྱི་དོན་ནི་སྔར་བཤད་ཟིན་ཏོ། །ཀྲི་ཏཱནྟ་ཡ་མཐར་བྱེད། དེ་བ་ལྷ། རཾ་ཥི་དྲང་སྲོང་། བི་རྣམ་པར། དྲ་བ་ཀཱ་་ཡ་བསྐྱོད་པ། ཧ་ན་ཧ་ན་བསྣུན་ནམ་རྒྱོབ། བཛྲ་དཎྜེ་ན་རྡོ་རྗེ་དབྱུག་པའོ། །སྭཱ་ཧཱའི་སྔོན་དུ་རྒྱོབ་ཅིག་དང་གསོད་པའི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས། གདུག་པའི་མཆོག་ལས་བྱུང་བ་ཀུན་ནི་བགེགས་རྣམས་ཏེ། དེ་དག་ཡི་ནི་འཇིགས་ཤིང་རབ་སྐྲག་ནས་རྡོ་རྗེ་སེམས་དཔའ་རྗེས་་སུ་དྲན་པར་འགྱུར་རོ། ཁྲོ་བོའི་རྒྱལ་པོ་གྲགས་པ་ཆེན་པོ་སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས་པ་དང་། ཆོ་གའི་ཚུལ་བཤད་པ་བཞི་བསྐུལ་བར་བྱས་པ་ཡིས་གདུག་པ་ཅན་ཐམས་ཅད་གསོད་པར་འགྱུར་རོ། །ཆོ་ག་ཇི་ལྟར་བྱ་བ་ནི་འགྲེལ་བ་ལས་སོ། །དྲུག་པ་ནི། དེ་ནས་བཅོམ་ལྡན་ནས་འབེབས་པར་བྱེད་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི་རྡོ་རྗེ་འཆང་དུ་གྱུར་པའོ། །ཆར་ཀུན་ནས་འབབ་པའི་སྤྲིན་སྡུད་པའི་དཔལ་ནི་སྟོབས་པོ་ཆེའོ། །དེ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་་སྟོབས་པོ་ཆེ་སྔགས་ཀྱི་བདག་ཉིད་དུ་གྱུར་པ་འདི་ཉིད་དུ་གྱུར་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿསོགས་སྔར་བཞིན་ནོ། །ཨ་ཧུཾ་གསུམ་དང་ཕཊ་གསུམ་ནི་བསྐུལ་བ་དང་དགས་པའོ། །ཨུ་གྲ་ནི་དྲག་པོའོ། །ཤཱུ་ལ་མདུང་། པཱ་ཎི་ལག་པ། ཧཱུཾ་དང་ཕཊ་གསུམ་ནི་སྔར་ལྟར། ༀ་ཛྱོ་ཏི་་ཐོག ནིར་ནཱ་ད་སྒྲ། ཧཱུཾ་དང་ཕཊ་གསུམ་ནི་སྔར་ལྟར། ༀ་མ་ཧཱ་བ་ལ་ནི་་སྟོབས་པོ་ཆེའོ། །སྭཱ་ཧཱའི་སྔོན་དུ་ཆར་འབབ་པའི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་མ་ཐག་ཏུ་སྟོབས་པོ་ཆེ་ཡི་ཀླུ་རྣམས་ཀུན་ཡིད་ནི་འཇིགས་ཤིང་རབ་ཏུ་སྐྲག་པར་གྱུར་ནས་སྐུ་གསུམ་རྡོ་རྗེ་སྟེ་རྡོ་རྗེ་འཆང་རྗེས་སུ་དྲན་ནོ། །སྔགས་འདི་བརྒྱ་རྩ་བརྒྱད་སོགས་བཟླས་པ་ཙམ་གྱི་སྦྱོར་བ་ཡིས་ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད་ལ་ཐན་པ་བྱུང་བའི་དུས་ན་ཡང་ལས་སྦྱོར་འགྲེལ་བར་བཤད་པ་བཞིན་བྱས་ན་ཆུ་ཡི་དཀྱིལ་འཁོར་འབེབས་པར་བྱེད་དོ། །བདུན་པ་ནི། དེ་ནས་བཅོམ་ལྡན་ནས་དགུག་པའི་མཆོག་ཅེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །ཀུན་ཏུ་འཇོམས་པ་རྡོ་རྗེེ་ནི་འདོད་པའི་རྒྱལ་བོ་དེ་དག་དབྱེར་མེད་པའི་སྔགས་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་མཐུ་ཆེ་བའི་བགེགས་རྣམས་ཏེ། དེ་དག་འཆིང་བའི་ཊཀྐིའི་རྒྱལ་པོ་འདོད་རྒྱལ་ཁྲོ་བོ་ཆེན་པོའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿསོགས་ནི་གོང་བཞིན་ནོ། །ཊཀྐི་ཧཱུཾ་ཛའི་ཊཀྐི་ནི་གདུག་པ་ཅན་འཆིང་བ། ཧཱུཾ་ནི་དེ་དག་ལ་སྡིགས་མཛུབ་བྱེད་པ། ཛཿནི་རྦོད་པའོ། །འདིར་ཛཿའི་འཇུག་ཏུ་འགུགས་པའི་སྤེལ་ཚིག་་སྦྱོར། དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་སངས་རྒྱས་བདག་ཉིད་ཆེན་པོ་ཀུན་ནི་བགེགས་མཐུ་ཆེན་རྣམས་སོ། །དེ་དག་འཇིགས་ཤིང་དམ་ཚིག་་སྟེ་འདོད་རྒྱལ་ཡིད་ལ་བྱེད་པ་དང་ལྡན་པར་གྱུར་ནས། རྡོ་རྗེ་སྐུ་གསུམ་སྟེ་རྡོ་རྗེ་འཆང་རྗེས་སུ་དྲན་པ་སྟེ་བསྒོམ་མོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་་སྦྱོར་བའི་རྣལ་འབྱོར་ལ་གནས་པ་ཡིས། ལས་རྒྱལ་མཆོག་གི་དུས་སུ་བསྒྲུབ་བྱའི་ལིངྒ་རྐང་བ་གཡས་པས་མནན་ནས། རྡོ་རྗེ་གསུམ་གྱི་སྔགས་ཏེ་འདོད་རྒྱལ་གྱི་སྔགས་དག་གིས་ཟློ་བ་སོགས་བཤད་པ་བཞིན་བྱས་ན། སྔགས་རྣམས་ཏེ་རྒྱལ་པོ་ལ་སོགས་ཐམས་ཅད་འགུགས་པར་བྱེད་པའི་མཆོག་ཏུ་འགྱུར་རོ། །བརྒྱད་པ་ནི། དེ་ནས་བཅོམ་ལྡན་ནས་འགུགས་པར་འགྱུར་ཞེས་པ་སྟེ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཡེ་ཤེས་ཀྱི་ཕྲེང་བ་སྟེ་རྒྱུན་མི་ཆད་པའི་ལྷའི་ཆུ་རྒྱུན་ལྟ་བུ་དང་། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མི་གཡོ་བའི་རྡོ་རྗེ་གཏུམ་པོའི་དམ་ཚིག་སྔགས་འདི། རྡོ་རྗེ་འཆང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿསོགས་སྔར་ལྟར་རོ། །ཨ་ཙ་ལ་ནི་མི་གཡོ་བ། ཀཱ་ཎ་ལོང་བ། ཙཎྜ་གཏུམ་པོ། ནཊྚ་གཅོད་པ། མཊྚ་་དགའ་བ། འདིར་མི་འདྲ་བ་ཞིག་ཀྱང་འབྱུང་ངོ་། །མོཊྚ་ལུས་བོང་ཆེ་བ། ཥཊྚ་འཇིག་པ། ཏཊྚ་ཟད་པ། ཧ་ན་ཧ་ན་རྒྱོབ་རྒྱོབ། ད་ཧ་ད་ཧ་སྲེག །མོ་ཧ་མོ་ཧ་རྨོངས་པ། མོ་ཧ་ཀ་ར་རྨོངས་པར་གྱིས། ཧ་ས་ཧ་ས་རྒོད་པའམ་བཞད་པ། བཛྲ་ཧ་སཾ་ཀུ་རུ་རྡོ་རྗེ་བཞད་པར་གྱིས། ཧ་ས་ཧ་ས་རྒོད་པ། མར་ད་ར་ཊ་གཉིས་གནད་ཆོད་ཅིག །གརྫ་གརྫ་སྒྲོགས། ཧ་ན་ཧ་ན་བསྣུན། བནྡྷ་བནྡྷ་འཆིངས། ཏིཥྛ་ཏིཥྛ་མནོས། ཨཱ་བེ་ཤ་ཡ་གཉིས་ཞུགས་ཤིག །མ་ཧཱ་མནྟྲཱ སྔགས་ཆེན་པོ། བཱ་ལ་ཀ་སྐྱོང་བ། དྷུ་ན་དྷུ་ན་བསྐྱོོད། ཏི་ནི་ཏི་ནི་རྣོ་ཞིང་ཚ་བ་ཐོབ་པ། ཁཱ་ད་ཁཱ་ད་ཟོ་ཤིག །བིགྷྣན་བགེགས། མ་ར་ཡ་མཱ་ར་ཡ་གསོད། དུ་ཥྚཾ་གདུག་པ་ཅན། བྷཀྵ་བྷཀྵ་ཟོ་ཟོ། སརྦཱཾ་སྦྲུལ། ཀུ་རུ་ཀུ་རུ་མཛོད། ཀི་རི་ཀི་རི་བྱེད། མ་ཧཱ་བི་ཥཱ་ཎ་ཞེས་འབྱུང་བ་ནི་དུག་ཆེན་པོ། །བཛྲ་སྥོ་ཊ་ཡ་སྥོ་ཊ་ཡ་རྡོ་རྗེས་ཁོས་ཤིག །ཧཱུཾ་གསུམ་ནི་བསྐུལ་བ། ཏྲེ་བ་ལེ་རིམ་པ་གསུམ། རཾ་ག་གར་གྱི་གནས། ནར་ཏ་ཀ་གར་བྱེད་པ། ཨཱ་གསུམ་ནི་ལུང་བསྒོ་བ། ཧཱཾ་གསུམ་ནི་བོད་པ། ཨ་ཙ་ལ་མི་གཡོ་བ། ཙ་ཉ་མངག་གཞུག །སྥོ་ཊ་ཡ་གཉིིས་དགས་པ། ཧཱུཾ་ཧཱུཾ་བསྐུལ་བ། ཨ་ས་མིནྟི་ཀ་ཉེ་བར་མི་གནས་པ། ཏྲ་ཊ་ཁོས། མཱ་ཧཱ་བ་ལ་སྟོབས། ཤཱ་ཏ་ཡ་ཆོད། པ་ར་མནྟཾ་གཞན་གྱི་རིག་པ། ཨཱཾ་ཨཱཾ་བཀའ་བསྒོ་བ། ཧཱཾ་ཧཱཾ་བོད་པ། ཤུདྡྷྱ་ཏུ་དག་པར་གྱུར་ཅིག །ལོ་ཀ་འཇིག་རྟེན། ཏུཥྱ་ཏུ་དགེས་པར་གྱུར་ཅིག །བཛྲི་རྡོ་རྗེ་ཅན། ན་མོ་སྟེ་ཕྱག་འཚལ་ལོ། །ཨ་པྲ་ཏི་ཐོགས་པ་མེད་པ། བ་ལེ་བྷྱ་སྟོབས་ཐམས་ཅད་པ་ལའོ། །ཛྭ་ལ་ཡ་འབར་བ། ཏཱ་ཊ་ཁོས་ཤིག །ཨ་ས་ན་མི་བཟོད་པ། ན་ན་མཿ ནི་ཕྱག་འཚལ་ལོ། །སྭཱཧཱའི་སྔོན་དུ་འགུགས་པའི་སྦེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་ཚངས་པ་ལ་སོགས་པའི་ལྷ་རྣམས་འཁོར་དང་བཅས་པ་ཀུན་བརྒྱལ་ཞིང་རབ་ཏུ་སྐྲག་པར་གྱུར་ནས། རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་རྗེས་སུ་དྲན་པར་གྱུར་ཏོ། ཁྲོ་བོ་ཆེན་པོ་མི་གཡོ་བའི་སྔགས་ཀྱི་ཚིག་འདི་ཡིས་ལྷ་ཆེན་དག་སྟེ་དབང་ཕྱུག་ལ་་སོགས་པའི་ལྷ་མཐུ་ཆེན་པོ་དག་ཀྱང་། ཁ་སྦྱར་ལུས་སུ་སྟེ་འཁྲུལ་འཁོར་ཁ་་སྦྱར་བས་འགུགས་པར་འགྱུར་རོ། །དེའི་ལས་སྦྱོར་ནི་འགྲེལ་པར་ཤེས་པར་བྱའོ། །དགུ་པ་ནི། དེ་ནས་བཅོམ་ལྡན་ནས་འགུགས་པའི་མཆོག་ཅེས་པ་་སྟེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ནི། །དེའི་དམ་ཚིག་སྟེ་བཀའི་རྣམ་པར་འཁྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དམ་ཚིག་གི་བཀའ་ཁྲོ་བོ་ཆེན་པོ། གནོད་མཛེས་ཀྱི་ངོ་བོར་གྱུར་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ༀ། སུམྦྷ་ནི་ངེས་པར་འདུལ་བ། ནི་སུམྦྷ་མ་ལུས་པ་ངེས་པར་འདུལ་བ། ཧཱུཾ་གསལ་བར་བྱེད་པ། གྲིཧྞ་གྲིཧྞ་ཟུང་ཟུང་། གྲི་ཧྞཱ་པཱ་གཉིས་འཛིན་དུ་ཆུ ག་ཅིག་གཉིས། ཧཱུཾ་བསྐུལ་བ། ཨཱ་ནཱ་ཡ་ཁུག་ཅིག །ཧོ་ཀྱཻ། བྷ་ག་ཝ་ན་བཅོམ་ལྡན་འདས། བིདྱཱ་རིག་པའི། །རཱ་ཛ་རྒྱལ་པོ། ཧཱུཾ་བསྐུལ་བ། ཕཊ་དགས་པའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་ལྷའི་བུ་མོ་སོགས་མཐུ་ཆེན་ཐམས་ཅད་ནི་སྐྲ་བཤིག་ཅིང་གོས་དང་བྲལ་བར་གྱུར་ནས་རྡོ་རྗེེ་སེམས་་དཔའ་སྟེ་མི་བསྐྱོད་པ་རྗེས་སུ་དྲན་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའི་ཞབས་ཀྱིས་མནན་ཞེས་པ་ནི། དེའི་ས་བོན་གྱི་འོད་ཟེར་གྱིས་བསྐོར་བའོ། །དེ་བཞིན་གཤེགས་པ་ཀུན་གྱི་བདག་པོ་ནི་བསྒྲུབ་བྱའི་སྙིང་ཀ་རྡོ་རྗེ་ལྕགས་ཀྱུས་ཕུག་ཅིང་ཞགས་པས་བཅིངས་པ་ཡི་སྒོ་ནས་དགུག་པར་བྱ་སྟེ། དེ་ནི་བུ་མོ་ལ་སོགས་པ་རྣམས་འགུགས་པའི་ཐབས་ཀྱི་མཆོག་གོ །གཉིས་པ་ནང་ལ་གཞོལ་བའི་ལས་སྒྲུབ་ཚུལ་ལ་གཉིས། སྐུ་གསུང་ཐུགས་དགུག་པ་དང་། རང་གི་མཚན་མས་དགུག་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་དགུག་པའི་མཆོག་ཅེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །དམ་ཚིག་ཆེན་པོ་ནི་སྒྲུབ་པ་པོའོ། །དེ་ཁོ་ན་ཉིད་དགུག་པ་ལ་སོགས་པས་གཞན་གྱི་དོན་བྱེད་པའོ། །དེ་འབྱུང་བ་ནི་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོ་སློབ་བཞིན་པ་རྣམས་ཀྱི་རྡོ་རྗེ་སྟེ། སྒོ་གསུམ་གྱིས་ལས་སྒྲུབ་པའོ། །སྣོད་མིན་ལ་གསང་བར་བྱ་བའི་གསུང་གི་དམ་ཚིག་གི་་དེ་ཁོ་ན་ཉིད་གཞན་དུ་མི་གྱུར་བའི་གནས་དེ། ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་བྱུང་ངོ་། །སངས་རྒྱས་རྡོ་རྗེ་ནི་དགུག་པའི་ལས་བསྒྲུབ་དཀའ་བའོ། །དེ་རྣམས་ཀྱི་སྐུ་གསུམ་སྟེ་སྒོ་གསུམ་ལ་རྡོ་རྗེ་སེམས་དཔའ་སྒྲུབ་པ་པོ་རིམ་པ་དང་པོ་ལ་བློ་ཤིན་ཏུ་བརྟན་པ་དེས་རྣམ་པར་བསྒོམ་པར་བྱའོ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན་པ་ནི་གང་འགུགས་པའི་བསྒྲུབ་བྱ་དེ་རླུང་ལ་བསྐྱོན་ནས་འོད་ཟེར་ཞགས་པ་ལྟ་བུ་དང་རྡོ་རྗེ་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བཟུང་ནས་འགྲུགས་པར་བྱ་སྟེ། དེ་ནི་སངས་རྒྱས་བསྒྲུབ་བྱ་དགུག་པའི་ཐབས་དམ་པའོ། །སངས་རྒྱས་ནི་སྟོན་པ་པོའོ། །སྐུ་དེའི་གསུང་གི་སྦྱོར་བ་འཁོར་ལོ་ཆེན་པོ་ལ་མཁས་པའི་པཎྜི་ཏ་འགུགས་པ་ལ། དེའི་སྙིང་ཁར་སྔར་ལྟར་འོད་ཟེར་གྱི་ལྕགས་ཀྱུའི་་སྦྱོར་བ་བཏང་བ་ཡིན། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་ནི་མཁས་པ་དེའི་ཤེས་རབ་རྟག་ཏུ་སྟེ་འཕྲལ་དུ་ངེས་པར་ཁུགས་པར་འགྱུར་རོ། །རྡོ་རྗེ་མི་ཕྱེད་གསུམ་ནི་སྐུ་རྡོ་རྗེ་སོགས་གསུམ་གྱི་རྣལ་འབྱོར་བའོ། །རྣལ་འབྱོར་བ་འཁོར་ལོ་དང་པདྨ་དང་རྡོ་རྗེ་སྟེ། གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གང་ཤས་ཆེ་བའི་་དབྱེ་བས་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པའི་སྒོ་ནས་དགུག་ལས་བྱའོ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས་ནི་འཁོར་ལོ་པདྨ་རྡོ་རྗེས་མཚན་པའི་ལྕགས་ཀྱུ་ནི། སྔགས་རྣམས་ཏེ་བསྒྲུབ་བྱ་ཐམས་ཅད་དགུག་པའི་མཆོག་གོ །ཆོ་གའི་དམིགས་པ་ནི་འགྲེལ་བ་ལས་སོ། །གཉིས་པ་ལ་ལྔ། མིའི་བུ་མོ་དགུག་པ། ལྷའི་བུ་མོ་དགུག་པ། ལྷ་མིན་གྱི་བུ་མོ་དགུག་པ། ཚངས་པ་སོགས་ཀྱིི་བུ་མོ་དགུག་པ། གནོད་སྦྱིན་གྱི་བུ་མོ་དགུག་པའོ། །དང་པོ་ནི། ཐམས་ཅད་རྡོ་རྗེ་ནས་རྟག་ཏུ་འགུགས་པར་འགྱུར་ཞེས་པ་སྟེ། ལྷ་སོ་སོའི་ཏིང་ངེ་འཛིན་གསུམ་དང་། ཞགས་པས་བཅིངས་པ་ནི་ལྷག་མ་རྣམས་ལ་ཡང་བྱ་ཞིང་། ཐམས་ཅད་རྡོ་རྗེའི་དངོས་ཞི་བ་ནི་སྣ་ཚོགས་རྡོ་རྗེའི་རང་བཞིན་ཞི་བ་སྟེ་མཛེས་པར་བསྒོམ་པའོ། །རྡོ་རྗེ་འཆང་ངམ་རང་སྔགས་སྐྱེས་བུ་ནི་མེ་ཏོག་ཕོག་པའི་ལྷ་བསྒོམས་ནས། མི་ཡི་བུ་མོ་འགུགས་པར་བྱ་བ་མཆོག་རྣམས་ཀྱི་སྙིང་ཁར་རྡོ་རྗེ་ཀྱོ་བ་སྟེ་ལྕགས་ཀྱུ་སྦྱར་ནས། རླུང་གི་དཀྱིལ་འཁོར་ལ་གནས་པའི་སྦྱོར་བས་དྲངས་ན་ངེས་པར་རྟག་ཏུ་སྟེ་འཕྲལ་དུ་འགུགས་པར་འགྱུར་རོ། །གཉིས་པ་ནི། ཟླ་བའི་དཀྱིལ་འཁོར་ནས་དགུག་པའི་མཆོག་ཅེས་པ་སྟེ། ཤ་ཙི་བརྒྱ་བྱིན་གྱི་ཆུང་མའི་མདུན་དུ་རྣམ་པར་སྣང་མཛད་དེ་གཟུགས་ཆེན་བསྒོམ་པར་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དག་ཏུ་གྱུར་པ་ལ་ཤ་ཅི་དེར་གནས་པར་བསམས་ཏེ། རྡོ་རྗེ་མི་འཆི་བ་སྟེ་རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས་འགུགས་པར་བསམས་ལ། བདུད་རྩི་འཁྱིལ་བའི་སྔགས་ལན་གྲངས་ལྔ་བཅུ་བརྗོོད་ན་ནི་ངེས་པར་རྟག་ཏུ་འགུགས་པར་འགྱུར་རོ། །རྡོ་རྗེ་ཀྱོ་བ་སྟེ་ལྕགས་ཀྱུའི་གཟུགས་ཆེན་པོ་འབར་བའི་འོད་རྡོ་རྗེ་འདྲ་བའི་རྡོ་རྗེ་དཀྱིལ་འཁོར་ཏེ་འདོད་རྒྱལ་ལྕགས་ཀྱུར་བསྒོམས་ནས་དེ་ལ་ལྷའི་བུ་མོ་བསྐྱོན་ཏེ་དྲངས་ན་ནམ་མཁའི་ལྷའི་བུ་མོ་འགུགས་པའི་མཆོག་ཏུ་འགྱུར་རོ། །གསུམ་པ་ནི། ཁྲོ་བོ་རྡོ་རྗེ་ནས་འགུགས་པའི་གནས་ཞེས་པ་སྟེ། ཁྲོ་བོ་རྡོ་རྗེ་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་བཀའོ། །མི་བསྐྱོད་པ་རྡོ་རྗེར་བསྐྱེད་པ་དེ་ལ་བུ་མོ་བཞག་སྟེ། རྡོ་རྗེ་ས་འོག་གནས་པ་དག་ག ི་གནོད་མཛེས་མདུན་དུ་གནས་པ་ལ་བུ་མོ་ཁུག་ཅིག་ཅེས་བསྐུལ་ནས་སྔགས་བཟླ་བའོ། །ཤུ་ལ་རྡོ་རྗེ་ཀྱོ་བའི་གནས་ནི་གནོད་མཛེས་དེས་ཤུ་ལ་མདུང་དང་ལྕགས་ཀྱུས་ཕུག་ཅིང་བཅིངས་ནས་དགུག་པར་བྱ་སྟེ། དེ་ནི་ལྷ་མིན་གྱི་བུ་མོ་འགུགས་པའི་གནས་ཏེ་ཐབས་སོ། །བཞི་པ་ནི། བཅག་གམ་ནས་འོང་བར་འགྱུར་ཞེས་པ་སྟེ། ལྷའི་ཏིང་ངེ་འཛིན་གཉིས་བྱས་ནས་ལས་སྦྱོར་གྱི་དུས་སུ། བཙག་གམ་རྡོ་རྒྱུས་དག་ཀྱང་རུང་སྟེ་གང་ཡང་རུང་བའི་ཚོན་ལ། །རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས་ཏེ། རྡོ་རྗེ་ལྕགས་ཀྱུའི་གཟུགས་བྱས་ནས་ཟླ་བ་གཟས་ནི་ཟིན་པའི་ཚེ། ཁར་ཏེ་ཡབ་ཀྱི་རྡོ་རྗེའི་བུ་གའམ་ཡུམ་གྱི་པདྨར་བཅུ་གནས་གཟས་ཟིན་པ་མ་བཏང་གི་བར་དུ་བསྒྲུབ་པར་བྱ་སྟེ་སྙོམས་འཇུག་བྱའོ། །དེ་ནས་ལྕགས་ཀྱུའི་གཟུགས་ཏེ་བཏོན་ནས་ཡི་གེ་གསུམ་གྱིས་བསྲུངས་ན། ཚངས་པ་དང་དྲག་པོ་དབང་ཕྱུག་ལ་སོགས་ལྷ་གང་རུང་གི་མིང་རྣམས་སྤང་ལེབ་སོགས་ལ་བྲིས་ནས་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན། རྡོ་རྗེ་གསུང་གི་བཀའ་བཞིན་དུ་འཇིགས་ཤིང་སྐྲག་ནས་འོང་བར་འགྱུར་རོ། །ལྔ་པ་ནི། རྣམ་པའི་མཆོག་ནས་མོ་དག་སྤྱད་ཅེས་པ་སྟེ། བདག་ཉིད་རྣམ་པའི་མཆོག་མཚན་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཇམ་དཔལ་དུ་རབ་ཏུ་བསྒོམ་ཞིང་ལས་ཀྱི་དུས་སུ་གནོད་སྦྱིན་མོའི་མདུན་དུ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་སྤྲོས་ཏེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཀྱོ་བ་སྟེ་ལྕགས་ཀྱུར་རྣམ་པར་བསམས་ལ། བསྐལ་པའི་མེ་ལྟར་སྲེག་པའི་མེའི་འཁོར་ལོ་ཆེན་པོ་བསྒོམས་ནས། ལྕགས་ཀྱུ་དེར་གནོད་སྦྱིན་མོ་དག་གནས་པ་འོད་ཟེར་གྱི་ལྕགས་ཀྱུས་འདྲེན་ཅིང་། རླུང་གིས་བཏེགས་ནས་རང་གི་མདུན་དུ་བཀུག་སྟེ་སྤྱད་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། ཀུན་གྱི་ཕྱག་རྒྱ་ནས་མཆོག་ཏུ་བརྟག་པའོ་ཞེས་པ་སྟེ། ཀུན་གྱི་ཕྱག་རྒྱའི་ཁྱད་པར་ནི་སྔགས་དང་ཡེ་ཤེས་ཀྱི་སྐུ་གཉིས་སོ། །སྔགས་ཀྱི་ཁྱད་པར་ནི་ལྷ་ཐམས་ཅད་ཀྱི་སྔགས་སུ་འདོན་པའོ། །སྐུ་གཉིས་ཀྱི་སྒོ་ནས་སྔགས་ཀྱི་བཟླས་པ་ཐམས་ཅད་དུ་སྟེ་དེའི་སྒོ་ནས་དགུག་པ་དག་ན ི་ཐབས་སུ་གསུངས་ཞེས་པ་ལ། དགུག་པའི་རབ་ཏུ་སྦྱོར་བ་གསུངས་ཞེས་འབྱུང་བ་ལྟར་བྱའོ། གཞན་དུ་སྟེ་སྐུ་དེ་གཉིས་ཀྱི་སྒོ་ནས་མ་བསྒྲུབས་པར་ལས་དེ་བྱས་ན་འཇིག་པ་སྟེ་འགྲུབ་པར་མི་འགྱུར་རོ། །རྡོ་རྗེ་སེམས་དཔའ་ནི་རིགས་དྲུག་པ་རྡོ་རྗེ་འཆང་སྟེ། དེ་ཉིད་རིགས་ལྔ་ཀའི་རྒྱལ་པོ་བདག་པོ་ཆེན་པོ་སྟེ། ཡང་དང་ཡང་དུ་བསྐུལ་ཞིང་བསྒོམ་པར་བྱ་ཞིང་། རྡོ་རྗེ་འཆང་དེ་ཉིད་སྔགས་རྣམས་ཏེ་ལྷ་ཐམས་ཅད་ཀྱི་རྒྱལ་པོ་མཆོག་ཏུ་རྟག་པར་རྒྱུན་དུ་དམིགས་པར་བྱའོ། །བཞི་པ་ལྷ་མོ་གཉིས་ལ་བརྟེན་པའི་དགུག་ལས་ལ་གཉིས། རལ་གཅིག་མའི་སྒོ་ནས་ཀླུའི་བུ་མོ་དགུག་པ་དང་། ཁྲོ་གཉེར་ཅན་གྱི་སྒོ་ནས་རིག་འཛིན་གྱི་བུ་མོ་དགུག་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་ཉེ་བར་སྤྱད་ཅེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །ནམ་མཁའ་ཀུན་ཏུ་ནི་ནམ་མཁའ་ལྟར་ཐམས་ཅད་དུ་རྣམ་པར་འཕྲུལ་བ་སྟེ་འཕྲོ་བའི་ཡེ་ཤེས་རྡོ་རྗེ་ནི་དོན་གྲུབ་པོ་དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཐོར་ཚུགས་གཅིག་མ་ནི་རལ་བ་གཅིག་མ་དང་། དམ་ཚིག་ཆེན་པོ་གཞན་གྱིས་མི་ཐུབ་པའི་གསུང་ནི་དོན་གྲུབ་དང་། རྡོ་རྗེ་ནི་དོན་གྲུབ་ཀྱི་དཀྱིལ་འཁོར་བ་རྣམས་སོ། །དེའི་མཆོག་ལྷ་སྔགས་དབྱེར་མི་ཕྱེད་པ་འདི་རྡོ་རྗེ་འཆང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ༀ། ཤཱུ་ལི་ནི་མདུང་ཅན་མའོ། །སྭཱཧཱ། དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་ཀླུ་ཡི་བུ་མོ་མཐུ་ཆེན་པོ་རྣམས་འདོད་པའི་མེས་ཚིག་པར་གྱུར་ཅིང་། གོས་དང་བྲལ་བས་གཞན་དབང་དུ་གྱུར་ནས་སངས་རྒྱས་བྱང་ཆུབ་དོན་གྲུབ་རྗེས་སུ་དྲན་ཞིང་སྒོམ་པར་བྱེད་དོ། །སྔགས་ཀྱི་རིག་པ་འདི་ཡིས་ནི་ཀླུ་རྣམས་ཐམས་ཅད་འགུགས་པར་འགྱུར་བས། ཀླུ་ཡི་བུ་མོ་མིག་བཟང་དག་བཀུག་ནས་ཉེ་བར་སྤྱད་པར་བྱའོ། །ཆོ་ག་ནི་འགྲེལ་བ་ལས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས་པ་ཡིས་དགུག་ཅེས་པ་སྟེ། དེ་ནས། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །ནམ་མཁའི་དམ་ཚིག་ནི་འོད་དཔག་མེད་དོ། །དེའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆོས་ཆེན་པོ་འོད་དཔག་མེད་ཀྱི་དམ་ཚིག་ནི་དེའི་རིགས་ཅན་རྣམས་སོ། །དེའི་ནང་ནས་རྡོ་རྗེ་ཁྲོ་གཉེར་ཅན་མ་སྔགས་ཀྱི་བདག་ཉིད་དུ་བཤད་པ་འདི་རྡོ་རྗེ་འཆང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ༀ། སརྦ་བྷ་ཡ་ནི་འཇིགས་པ་ཐམས་ཅད། ནཱ་ཤ་ཡ་རྐུན་པོ་ལ་སོགས་པའི་གནོད་པས་འཇིགས་པ། ཏྲཱ་ས་ནི་དགྲ་རྣམས་སྐྲག་པ། ཏྲཱ་ས་སྐྲག་པའི་གཟུགས་ཅན། ཏྲཱ་ས་ཡ་བཀའ་བསྒོ་བ། བཻ་ར་ཊི་དྲི་མ་དང་བྲལ་བ། བྷྲི་ཀུ་ཊི་ཁྲོ་གཉེར་ཅན། ཏ་ཊཱི་འབྲུག་ལྟར་སྒྲ་སྒྲོགས་པ། བཻ་ར་ཊི་སྔར་ལྟར། ཤྲེ་ཏེ་དཀར་པོ། ཤེ་ཏེ་འོད་དཔག་མེད། ཛ་ཊི་ནི་རལ་པའོ། །སྭཱཧཱའི་སྔོན་དུ་འགུགས་པའི་སྤེལ་ཚིག་བྱའོ། །དེ་ནས་སྔགས་འདི་ནི་གསུངས་པ་ཙམ་གྱིས་རིག་པ་འཛིན་པའི་བུ་མོ་ཀུན་འདོད་ཆགས་ཀྱིས་རབ་ཏུ་འདར་བར་གྱུར་ནས་ཀྱང་། ཡེ་ཤེས་རྡོ་རྗེ་འོད་དཔག་མེད་རྗེས་སུ་དྲན་ནས། །རིག་པ་འཛིན་པའི་བུ་མོ་གཟུགས་སོགས་ཡོན་ཏན་དང་ལྡན་པའི་མཆོག་སེར་གྱི་རྣ་ཆ་སྟེ་རྣ་བའི་རྒྱན་གཡོ་བ་རྣམས་ནི། སྔགས་ཀྱི་རིག་པ་འདི་དང་ནི་དམ་ཚིག་ལ་སོགས་པ་ཡི་ཆོ་གའི་ཁྱད་པར་གྱིས་འགུགས་པར་བྱའོ། །ཆོ་ག་ན ི་འགྲེལ་བར་རོ། །ལྔ་པ་ལས་མྱུར་དུ་འགྲུབ་བའི་བཟླས་པ་ནི། འགོག་པའི་རྡོ་རྗེ་ནས་དེ་མ་ཐག་ཏུ་འགུགས་ཞེས་པ་སྟེ། ཕོ་མོ་མ་ནིང་གི་ཡི་གེ་རྣམས་སྡུད་པས་ན་འགོག་པའོ། །རྡོ་རྗེ་རྒྱལ་པོ་ནི་ཡི་གེ་གསུམ་གྱི་སྔགས་ཏེ། དེ་ཉིད་ལ་རྒྱལ་པོ་ཞེས་བྱའོ། །ཡི་གེ་གསུམ་པོ་དེ་ཡོངས་སུ་རྫོགས་པ་ནི་འཇུག་གནས་ལྡང་གསུམ་གྱི་སྒོ་ནས་མཛེས་པའི་མཆོག་སྟེ་དངོས་གྲུབ་སྒྲུབ་པས་སོ། །རྡོ་རྗེ་ཡེ་ཤེས་ནི་མི་བསྐྱོད་པ་ལ་སོགས་པ་རིགས་གསུམ་མམ། དེ་ལས་བྱུང་བ་ནི་སྤྱན་མ་དང་གཤིན་རྗེ་གཤེད་ལ་སོགས་པའི་འཕྲེང་སྔགས་རྣམས་སོ། །དེ་དག་གི་བཟླས་པ་བཤད་པ་ལྟར་བྱས་ན་དངོས་གྲུབ་ཐམས་ཅད་ཀུན་ནས་དེ་མ་ཐག་ཏུ་སྟེ་འཕྲལ་དུ་འགུགས་པར་འགྱུར་རོ། །གཉིས་པ་ཆོ་གའི་ཁྱད་པར་ལ་ལྔ། སྔོན་དུ་བསྙེད་པའི་ཆོ་ག །མངོན་སྤྱོད་བྱ་བའི་ཡུལ། གསང་བའི་ཆོ་ག དྲག་ལས་བྱ་བའི་གནས། གསང་བསྐྱེད་ཀྱི་ཆོ་ག་ཞེས་གསུམ་བསྟན་པའོ། །དང་པོ་ནི། ཡང་ཁྲོ་བོ་ཐམས་ཅད་ནས་ཐམས་ཅད་བྱེད་པར་བཤད་ཅེས་པ་སྟེ། ཡང་ཁྲོ་བོ་ཐམས་ཅད་ནི་གཤིན་རྗེ་གཤེད་པ་སོགས་པ་སྟེ། དེ་རྣམས་ཀྱི་སྔགས་དབེན་པའི་གནས་ནི་ཆེན་པོ་རུ། སྔགས་ལས་འབུམ་དུ་བཟླས་པ་བྱས་ན་ནི་ལས་རྣམས་ཐམས་ཅད་དཔྱད་པར་བཤད་དོ། །དེ་ནི་ཁྲོ་བོ་ལ་གསུངས་པ་ནི་མཚོན་པ་ཙམ་སྟེ་གཞན་ལ་ཡང་འདྲ་ལ། རྩོད་དུས་ནི་འབུམ་ཙམ་གྱིས་མི་ཆོག་གོ །གཉིས་པ་ནི། རྡོ་རྗེ་སློབ་དཔོན་སྨོན་པ་ནས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ་ཞེས་པ་སྟེ། དྲག་ལས་བྱ་བའི་ཡུལ་ནི། རྡོ་རྗེ་སློབ་དཔོན་སྨོད་པ་དང་ནི་ཐེག་ཆེན་ཐུན་མོང་བའི་བླ་མ་དང་ཐུན་མོང་མ་ཡིན་པའི་རྡོ་རྗེ་སློབ་དཔོན་ལ་སྨོད་པའོ། །ཐེག་པ་ཆེན་པོ་ལ་སྨོད་པ་དག་ནན་ཏན་དུ་ནི་དྲག་ལས་ཀྱི་གསང་བར་བྱ་བའམ། ཡང་ན་གནས་ནས་སྤོ་བ་སྟེ་བསྐྲད་པར་བྱའོ། །དེ་ལྟར་བྱས་པ་འདི་ཡིས་ནི་བྱང་ཆུབ་མཆོག་དང་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གསུམ་པ་ནི། ཡང་གསུངས་པ་ནས་འཇིག་པར་འགྱུར་ཞེས་པ་སྟེ། གསད་བྱ་དེ་པ་ནི་ཕྱོགས་བཅུའི་སེམས་ཅན་ཐབས་ཅད་ཀྱི་ལུས་དང་ངག་དང་གསད་པ་སྟེ་གཞིག་པར་བསྒོམ་པར་བྱ་སྟེ། གང་ལ་ན་གདུག་སེམས་ལྡན་པའི་དགྲ་རྣམས་ལ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །དེ་ནི་ལས་སྦྱོར་གྱི་དུས་སུ་ཁྲག་དང་ཆུ་དྲོན་པོ་ཡིས་གཤེར་བའམ། བཤང་གཅི་གཤེར་བར་བྱས་པའི་གོས་བགོས་ནས། སྐེ་ཚེ་ས་སོགས་ལ་བསྒྲུབ་བྱའི་ལིངྐ་བྱས་པ་ལ། སྙིང་ཁར་སྔགས་མིང་སྤེལ་དང་བཅས་པ་འཇུག་པ་སོགས་བཤད་པ་བཞིན་བྱས་ཏེ། རྐང་བ་གཡས་པས་མནན་ལ། ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བར་སྦྱར་བ་སྟེ་བསྒོམ་པའི་སྔགས་བརྒྱ་རྩ་བརྒྱད་ནི་ཡོངས་སུ་བཟླས་ན། སངས་རྒྱས་ཏེ་ལས་སྦྱོར་ལ་མཁས་པའི་བསྒྲུབ་བྱ་དག་ཀྱང་ངེས་པར་འཇིག་ན་གཞན་ལྟ་ཅི་སྨོས། ཡང་གསུངས་པ་ཆུ་དྲོན་གཅིག་པུ་ཡིས་གོས་ནི་བཤེར་བར་བྱས་ཞེས་པ་དང་སྔ་མ་གཉིས་འདྲ་བར་རྫས་དེ་དག་གིས་སྦངས་ནས་ལུས་དཀྲིས་པའོ། ཁྲོ་བོ་མཆོག་གིས་བཅིངས་པ་ཡི་ལྷ་ཆེན་སོགས་ལ་ལིངྐ་རྐང་བ་གཡོན་གྱིས་མནན་ནས་ནི་འབྱུང་བ་བཞིན་ཏེ་སངས་རྒྱས་དག་ཀྱང་ངེས་པར་འཇིག་ནི་སྔར་ལྟར་རོ། །བཤང་གཅིས་གཤེར་བར་བྱས་པའི་གོས་ནི་གོང་བཞིན་ལ། ངན་པ་རུལ་བ་དྲི་མ་རྣམས་པ་བགོས་ཏེ་ཁྲོ་བོའི་སྔགས་ནི་བཟླས་བྱས་ན། བསྒྲུབ་བྱ་སྐད་ཅིག་གིས་བསྐམས་ནས་འཆི་བར་གྱུར་རོ། །ཐལ་བའི་སྐྱོ་མས་ཀྱང་གོས་གཤེར་བར་བྱས་ལ། བགོས་ན་ཁྲོ་བས་འཁྲུགས་བཞིན་དུ་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི་རྡོ་རྗེ་སེམས་དཔའ་སྟེ་བསྒྲུབ་བྱ་གསང་དཀའ་བའང་འཇིག་པར་འགྱུར་རོ། །ཡང་གསུངས་པ། ལུས་གཅེར་བུར་གོས་ཕུད་དེ་སྐྲ་བཤིག་ལ་ཁྲོ་བོ་འཇིགས་པའི་ཚུལ་ཅན་དུ་བསྒོམ་པར་བྱ་སྟེ་མཆེ་བ་གཙིགས་ཤིང་རྣམ་པར་འགྱུར་བའི་ཉམས་ཅན་དུའོ། །ལས་སྦྱོར་གྱི་དུས་ས་ལིངྒ་སྔར་ལྟར་བྱས་ལ། ཁྲོ་བོའི་ང་རྒྱལ་གྱི་གཡས་པའི་རྐང་མཐིལ་གྱིས་ལིངྒ་མནན་ནས་སྔགས་ཐུན་གསུམ་དུ་བཟླས་ན་ནི། །ནམ་མཁའི་དབྱིངས་ཀྱང་འཇིག་པར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་ཕུལ་བྱུང་བརྗོད་པའོ། །བཞི་པ་ནི། མ་མོའི་གནས་སམ་ནས་བརྩམ་པར་བྱ་ཞེས་པ་སྟེ། ཚངས་པའི་ཆུང་མ་ལ་སོགས་པ་མ་མོའི་གནས་སམ། དུར་ཁྲོད་དམ་ཁང་སྟོང་དང་གཞི་མདོ་དང་མཚན་མ་གཅིག་སྟེ་དབང་ཕྱུག་གི་ལིངྒ་ཡོད་པའམ། ཤིང་གཞན་གྱི་གྲིབ་མས་མི་ནོན་པའི་ཤིང་གཅིག་གི་དྲུང་དུ་མངོན་པར་སྤྱོད་པ་དྲག་ལས་བརྩམ་པ་སྟེ་བསྒྲུབ་པར་བྱའོ། །ལྔ་པ་ནི། མི་རུས་ལས་བྱས་ནས་བཀའ་སྩལ་ཏེ་ཞེས་པ་སྟེ། ཞེ་སྡང་རྡོ་རྗེའམ་ཁྲོ་བོ་བཅུ་གང་རུང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་སྦྱོར་གྱི་དུས་སུ། མི་ཡི་རྗེ་ངར་གྱི་རུས་པ་ལས་བྱས་པའི་ཕུར་བུ་སོར་བརྒྱད་པ་ཡི་ཚད་ཙམ་དག་བླངས་ཏེ། དུར་ཁྲོད་གྱི་རས་ལ་སྣ་ཚོགས་རྡོ་རྗེ་འབྲི་བ་སོགས་བཤད་པ་བཞིན་བྱས་ནས། སྔགས་ཐུན་བཞིར་བརྒྱ་རྩ་བརྒྱད་དུ་བཟླས་པར་བྱས་ཏེ། དགྲ་བོའི་སྒོ་ཁར་སྦས་ན་ནི། སངས་རྒྱས་ཏེ་སེམས་ཅན་སྦྱངས་པའི་ཤེས་རབ་ཅན་དང་། སྐུ་གསུམ་སྟེ་སྒྲུབ་པ་པོའི་སེམས་ཅན་མཆོག་དམན་འབྲིང་གསུམ་ལ་མཆོག་སྦྱིན་པར་འགྱུར་རོ། །དྲག་ལས་བྱ་བའི་ཡུལ་ནི་ཤེས་པ་སྟེ་ཕན་བཏགས་པའི་དྲིན་འཇམ་པར་བྱེད་པ་དང་། མི་ཤེས་པ་སྟེ་ཕར་ཕན་བཏགས་པ་ལ་མ་ལྟོས་པར་ཚུར་ཕན་འདོགས་པ་དེ་དག་ཀྱང་སློབ་དཔོན་ལ་སྨོད་པ་བྱེད་ན་རྣམ་པར་སྤངས་པ་སྟེ། གསད་པར་བྱ་བ་ཡིན་ན་གཞན་ལྟ་ཅི་སྨོས་སྙམ་དུ་དགོངས་སོ། །ལས་སྦྱོར་ངེས་བསྒྲུབ་བྱ་ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས་ཉམས་པའམ་ཡང་ན་འཆི་བར་འགྱུར་རོ། །ཡང་ན་ལས་སྦྱོར་གྱི་ཚེ་ཐོད་པ་གང་བ་སྟེ་སྐྱོན་མེད་པ་དག་ཁྱད་པར་དུ་ནི་མཁས་པས་བཙལ་ལ་ཐོད་པ་དེར་ནི་ཁྲོ་བོའི་སྔགས་ཀྱི་ཚིག་མིང་སྤེལ་དང་བཅས་པ་བྲིས་ཏེ། རང་གཞན་གྱིས་ཐོས་པའི་རྡོ་རྗེའི་ཚིག་གིས་ཐུན་བཞིའམ་གསུམ་དུ་སྔར་ལྟར་བཟླས་པ་བྱས་ནས། ཐོད་པ་དེ་དགྲ་ཡི་སྒོའམ་གྲོང་དག་ཏུ་སྤས་ན་ངེས་པར་གནས་ནས་སྐྲོད་པར་འགྱུར་རོ། །ཡང་ལས་སྦྱོར་གྱི་དུས་སུ་ཏ་ལའི་ལོ་མའམ་རས་གཞན་ལའང་སྟེ་གང་ཡང་རུང་བ་ལ། སྐེ་ཚེ་སོགས་མངོན་སྤྱོད་ཀྱི་རྫས་ལ ས་ཁྲོ་བོའི་སྔགས་མིང་སྤེལ་དང་བཅས་པ་ཀུན་ཏུ་བྲིས་ལ། བསྒྲུབ་བྱའི་རྣམ་ཤེས་བཀུག་སྟེ་མིང་དེར་བསྟིམ་ནས། །དགྲ་ཡི་གྲོང་ངམ་སྒོ་དག་ཏུ་སྦས་ནས་ཁྲོ་བོའི་སྔགས་སྔར་བཞིན་བཟླས་ན། དང་པོར་སྐམས་པ་དང་ཕྱི་འཆི་བར་འགྱུར་རོ། །བཅོམ་ལྡན་འདས་དམ་ཚིག་ཆེན་པོ་ནི་གསད་སོགས་བསྒྲུབ་པའོ། །དེའི་རྒྱུ་ནི་དཔལ་རྡོ་རྗེ་འཛིན་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་ཕུར་གདབ་ཀྱི་ལས་ཚོགས་ལ་གཉིས། །ཐུན་མོང་གི་ཕུར་གདབ་དང་། ཐུན་མོང་མ་ཡིན་པའི་ཕུ་གདབ་བོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་མཚམ་སྦྱར་ནས་ཕུར་བུའི་སྔགས་ཐུན་མོང་དུ་བསྟན་པ་དང་། རྫས་ཀྱི་ཕུར་གདབ་དང་། བསམ་གཏན་གྱི་ཕུར་གདབ་བོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་རྡོ་རྗེེ་ཐུགས་དྲན་གྱུར་ཞེས་པ་སྟེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་བསྒྲུབ་བྱའོ། །སྐུ་དང་གསུང་ཐུགས་ངེས་པར་འཆིང་བ་ནི་བསྒྲུབ་བྱའི་སྒོ་གསུམ་མི་གཡོ་བར་བྱས་པའོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་གཞུགས་ནས། རྡོ་རྗེ་ཁམས་གསུམ་པ་ཐམས་ཅད་ནི་བསྒྲུབ་བྱ་མཆོག་འབྲིང་ཐ་མ་གསུམ་མོ། །སྐུ་དང་གསུང་དང་ཐུགས་གནོན་པ་ནི་དེ་རྣམས་ཀྱི་སྒོ་གསུམ་གཟིར་བར་བྱེད་པའོ། །རྡོ་རྗེ་མི་ཕྱེད་པའི་ཕུར་བུའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །ༀ་ནི་འགྲོ་འདྲེན། །གྷ་གྷ་ནི་གྷ་ཏ་ཀ་སྟེ་གསོད་ཅེས་པའོ། །གྷ་ཏ་ཡ་སརྦ་དུཥྚཱ་ན་ནི་མ་རུངས་པ་ཐམས་ཅད་ཆོམས་ཤིག །ཕཊ་ཕཊ་ནི་གསལ་བར་བྱེད་པ། ཀཱི་ལ་ཡ་ཀཱི་ལ་ཡ་ནི་ཕུར་བུས་བཏབ་ལས་མི་འགུལ་བར་གྱིས་ཤིག་གཉིས། སརྦ་པཱ་པཾ་ནི་སྡིག་པའི་བསམ་པ་ཅན་ཐམས་ཅད། ཕཊ་ནི་དགས་པ། ཧཱུཾ་ཧཱུཾ་ཧཱུཾ་ནི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་སྐུལ་བར་བྱེད་པ། བཛྲ་ཀཱི་ལ་ཡ་ནི་རྡོ་རྗེ་ཕུར་བུ་ལ་བྱ་བའི་སྒོ་ནས་བོད་པ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ནི་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ནི་གདུག་པ་ཅན་གྱི་ལུས་ངག་ཡིད་ཀྱི་རྡོ་རྗེ། ཧཱུཾ་ཧཱུཾ་ཕཊ་ཕཊ་ནི་སྐུལ་བར་བྱེད་པའོ། །དེ་ནས་སྔགས་འདི་ནི་གསུངས་མ་ཐག་པ་ཙམ་གྱིས་སངས་རྒྱས་རྫུ་འཕྲུལ་ཆེན་པོ་ཀུན་ནི་མཐུ་ཆེ་བའི་བརྒྱ་བྱིན་ལ་སོགས་པའོ། །དེ་རྣམས་ཀྱི་སྔགས་ཐོས་པའི་ཚེ་དང་པོ་བརྒྱལ་བར་གྱུར་ཅིང་དེ་ནས་དྲན་པ་རྙེད་དེ་རབ་ཏུ་འཇིགས་པར་གྱུར་ནས་ནམ་མཁའ་རྡོ་རྗེའི་ཐུགས་ནི་རྡོ་རྗེ་འཆང་སྟེ། དེ་དྲན་པར་གྱུར་ནས་སྐྱབས་སུ་སོང་ངོ་། །གཉིས་པ་ནི། མི་རུས་ནས་འཇིག་པར་བྱེད་ཅེས་པ་སྟེ། རྫས་ལས་བསྒྲུབ་བྱའི་གཟུགས་བྱ་བ་སོགས་བཤད་པ་བཞིན་བྱས་ནས། མི་རུས་ལས་བྱས་པའི་ཕུར་བུའམ། ཡང་ན་སེང་ལྡེང་གི་རྩེ་མོ་ལས་སྐྱེས་པ་སྟེ་བྱ་བའམ། ལྕགས་ལས་བྱས་པའི་ཕུར་བུ་དག་གང་རུང་སྟོད་ཁྲོ་བོའི་གཟུགས་དང་སྨད་མདུང་རྩེ་གཅིག་པར་བྱས་ནས། ལིངྒའི་གཟུགས་ཀྱི་སྤྱི་བོར་ནས་རྐང་མཐིལ་གྱི་བར་བརྡབ་ན་གདུག་པ་ཅན་གྱི་རྡོ་རྗེ་གསུམ་སྟེ་ལུས་ངག་ཡིད་གསུམ་འཇིག་པར་བྱེད་དོ། །གསུམ་པ་ལ་གཉིས། ཏིང་ངེ་འཛིན་ལ་བརྟེན་ནས་ཕུར་བུས་གདབ་པ་དང་། ཕུར་བུའི་དབྱིབས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། འོད་འཕྲོ་འཁྲུག་ཅིང་ནས་རྡོ་རྗེ་གསུམ་ཡང་མནོན་ཞེས་པ་སྟེ། དང་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམས་ལ་སྙོམས་པར་ཞུགས་པའི་བྱང་སེམས་ལས་བསྐྱེད་པའི་མི་བསྐྱོད་པ་ཕྱི་ཕྱུང་སྟེ་རང་ལ་རྗེས་སུ་ཞུགས་པས། འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི་རྡོ་རྗེ་སེམས་དཔའ་མཉམ་པར་བཞག་ལ་ཞེས་པ་ནི། ཞེ་སྡང་རྡོ་རྗེ་མཆེ་བ་གཙིགས་པ་འོད་དམར་པོ་འབར་བར་བསྒོམས་ནས། མངལ་དུ་བསྐྱེད་པའི་ཁྲོ་བོ་བཅུ་ཕྱུང་ནས་ཕྱོགས་མཚམས་སུ་བཞག་པ་ནི། སྔོན་དུ་ལ་འཁོར་ལོ་རྩིབས་བཅུ་བ་བསྐྱེད་ནས་རྩིབས་ལ་འགོད་པའོ། །རྡོ་རྗེ་སྐུ་ནི་གསུམ་གྱི་ཞེས་པ་ནི་ཞེ་སྡང་རྡོ་རྗེ་དེ་སེམས་དཔའ་སུམ་བརྩེགས་ཅན་དུ་བསྒོམ་པའོ། །དེའི་མཐར་ཏེ་འོག་ཏུ་འཁོར་བའི་གནོད་མཛེས་ལས་གནོད་མཛེས་གཉིས་པ་ཞིག་གི་གཟུགས་བརྙན་མདུན་དུ་གནས་པར་བསམས་པ་ལ་བཀའ་བསྒོས་ནས་བགེགས་འགུགས་པའི་ཕུར་བུའི་ཆོ་ག་བསམ་གཏན་གྱིས་སྦྱར་བར་བྱའོ། །དེར་མ་ཟད། རྣམ་པར་སྣང་མཛད་རྒྱ་ཆེན་ནམ། ཡང་ན་འདོད་ཆགས་རྡོ་རྗེ་ཅན་འོད་དཔག་མེད་དང་། །གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་དག་བསམས་ན་བགེགས་རྣམས་ཀྱི་རྡོ་རྗེ་གསུམ་ཡང་སྟེ་སྒོ་གསུམ་ལ་ཕུར་བུས་གནོན་པ་ནི་གདབ་པའོ། །གཉིས་པ་ནི། རྡོ་རྗེ་བདུད་རྩི་འཁྱིལ་བ་ནས་བཏབ་ན་མྱུར་དུ་འཆི་ཞེས་པ་སྟེ། བསམ་གཏན་གྱི་ཕུར་གདབ་ལ། རྡོ་རྗེ་བདུད་རྩི་འཁྱིལ་བ་ཡི་ནི་བྱང་གི་བདུད་རྩི་འཁྱིལ་པའི་སྤྲུལ་བ་རང་འདྲ་དེ་ཕུར་བུའིུ་རྣམ་པར་གྱུར་ན། བགེགས་གདག་ཅིང་ཁྲོ་བ་རྣམས་ཚར་བཅད་པར་བྱས་ལ། སངས་རྒྱས་རྣམ་སྣང་དང་འོད་དཔག་མེད་བདག་ཉིད་ཆེན་པོ་རྣམས་ཀྱི་ཡང་རྡོ་རྗེའི་སྦྱོར་བ་ཆོ་ག་འདི་ཉིད་ཀྱི་ཕུར་གདབ་བྱ་བ་ཡིན་ནོ། །གནས་ནི་སྙིང་ཀ་སྟེ་ལྟེ་བ་ནས་རྐང་མཐིལ་གྱི་བར་རྡོ་རྗེ་ཕུར་བུའི་རྣམ་པར་བསྒོམ་པར་བྱ་ལ། ལྟེ་བའི་གོང་དུའང་དམ་ཚིག་སྟེ་བདུད་རྩི་འཁྱིལ་བའི་གཟུགས་དེ་ཉིད་བྱའོ། །བཤད་མ་ཐག་པ་འདི་ནི་ཕུར་བུ་རྣམ་འཕྲུལ་ཏེ་བསྐྱེད་ཚུལ་ཡིན་ལ། ཕུར་བུའི་ཆོ་ག་ཤེས་པའི་བསམ་གཏན་རྡོ་རྗེའི་སྦྱོར་བའམ། རྣལ་འབྱོར་གྱིས་འདི་ལྟར་ཕུར་གདབ་ཤེས་པའི་སངས་རྒྱས་ཏེ་མཁས་པས་ངེས་པར་ཕུར་བུས་འདེབས་ཤིང་མི་གཡོ་བར་བྱེད་དོ། །རྡོ་རྗེ་སེམས་དཔའ་རྒྱལ་བོ་ཆེ་ཕུར་བུས་བཏབ་ན་མྱུར་དུ་འཆི་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་ནི་སྒྲུབ་པ་པོ་ཡིན་ལ། ཡང་རྒྱལ་པོ་ཆེན་པོ་དག་ཀྱང་མྱུར་དུ་འཆི་ཞེས་གཉིས་ཀ་ལ་སྦྱར་བ་ལྟར་རོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཕུར་གདབ་ལ་རིམ་པ་གཉིས་ཀ་ལ་སྦྱར་བ་ཡོད་ཀྱང་། བསྐྱེད་རིམ་པའི་ཕུར་གདབ་ལ་གསུམ། །བསྒྲུབ་བྱའི་ལུས་དང་། ངག་གི་གནས་དང་། ཡིད་ཀྱི་གནས་ལ་ཕུར་བུས་གདབའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་འཆི་བའི་གནས་སུ་འགྱུར་ཤེས་པ་སྟེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་སྟེ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དོ། །སྐུ་ནི་བསྒྲུབ་བྱའི་ལུས་སོ། །དེར་རྣམ་པར་འཕྲུལ་པ་སྟེ་རོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་དམ་ཚིག་ནི་ལུས་ཀྱི་སྟོབས་སོ། །དེ་ཚམ་ངམ་གྱིས་གནོན་པ་ནི་ཚར་གཅོད་པ་ཞེས་བྱ་བའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ༀ། བཛྲ་ཚིནྡ་ཚིནྡ་ནི་རྡོ་རྗེ་དང་ཆོད་ཆོད་ཅིག་པའོ། །ཧ་ན་ཧ་ན་ཆོམས་ཆོམས། ད་ཧ་ད་ཧ་སྲེགས་སྲེགས། དཱིབྟ་བཛྲ་བར་པའི་རྡོ་རྗེ། ཙཀྲ་འཁོར་ལོ་ཅན་ནོ། །ཧཱུཾ་ཕཊ་ནི་སྐུལ་བའོ། །ཕན་ཚུན་ཞེས་སོགས་ནི། མི་བསྐྱོད་པའི་ལས་རྒྱལ་མཆོག་གི་དུས་སུ་ཕྱག་རྒྱ་མཱ་མ་ཀིར་བྱས་པ་མདུན་དུ་བཞག་སྟེ། ཡབ་ཡུམ་ཕན་ཚུན་དཀྲི་བ་སྟེ་འཁྱུད་པའི་ཚུལ་གྱིས་བྱ་བ་དེ་བྱས་ལ། མཐེ་བོང་ནི་རང་གི་རྡོ་རྗེ་དང་། གཞི་ནི་ཕྱག་རྒྱའི་པདྨ་སྟེ། རབ་ཏུ་བསྡམ་པ་ནི་དེ་གཉིས་འདུས་ནས་གཅིག་ཏུ་བྱས་པའོ། །ཇི་ལྟར་ན་རྣམ་པར་སྣང་མཛད་ཚུལ་གནས་ཏེ་ནི་བསྒྲུབ་བྱའི་ལུས་སོ། །དེ་ཡང་བསྒྲུབ་བྱ་འོད་ཟེར་གྱིས་ཡུམ་གྱི་པདྨའི་ནང་དུ་བཀུག་ནས་རང་རྡོ་རྗེ་དེ་རྡོ་རྗེ་རྩེ་ལྔ་བར་བསྐྱེད་ནས་བསྒྲུབ་བྱ་དེའི་སྤྱི་བོ་ནས་རྐང་བའི་བར་ཕུག་བར་བསམ་པ་ནི་ཕུར་བུས་ངེས་པར་གདབ་པའོ། །སྙོམས་འཇུག་གི་ཚེ་གོང་གི་སྔགས་ལ་གསོད་པའི་སྤེལ་ཚིག་སྦྱར་ནས་བརྗོད་པར་བྱའོ། །ལུས་ལ་དེ་ལྟར་བཏབ་མ་ཐག་ཏུ་སེམས་དཔའ་ཆེ་ནི་སྟོབས་ཆེ་བ་རྣམས་སོ། །རྡོ་རྗེ་སྐུ་གསུང་ལས་བྱུང་བ་ནི་བསྒྲུབ་བྱ་རབ་བྲིང་ཐ་མ་གསུམ་མོ། །དམ་ཚིགས་མཆོག་གིས་ན ི་དྲག་ལས་དེས་ལྡང་བ་སྟེ་གནས་ནས་སྐྲོད་པར་འགྱུར་བའམ། ཡང་ན་འཆི་བའི་གནས་སུ་འགྱུར་རོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས་གནས་སུ་འགྱུར་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །འཇིག་རྟེན་དབང་ཕྱུག་གི་གསུང་ནི་བསྒྲུབ་བྱའི་ངག་གོ །ངག་གི་གནས་ལ་ཕུར་བུས་གདབ་པའི་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསྒྲུབ་བྱའི་གསུང་སྟེ་ངག་གོ །དེའི་དམ་ཚིག་ནི་སྟོབས་སོ། །ཚམ་ངམ་གྱིས་གནོན་པ་ནི་རེངས་པའོ། །རྡོ་རྗེ་ལྟར་མི་བྱེད་པའི་ཕུར་གདབ་ཀྱི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ༀ་ཧྲིཿནི་ངག་གི་ས་བོན། བྷུར་བྷུ་བཿནི་འཇིག་རྟེན་གསུམ་གྱི་བདག་པོ་ཞེས་བོད་པའོ། །ཡེ་ཤེས་གསུམ་འབྱུང་བའི་གནས་པདྨོ་ཁ་བྱེ་བ་ནི་བྷ་གའོ། །རང་གི་རྡོ་རྗེ་ནི་རྡོ་རྗེ་སོར་མོ་སྟེ་དེ་པདྨའི་ནང་དུ་ངེས་པར་བཞག་པ་སྟེ་འཇུག་གོ །འདོད་ཆགས་རྡོ་རྗེའི་ཚུལ་ནི་བསྒྲུབ་བྱའི་ཚིག་གོ །དེའི་གནས་ནི་ལྕེ་ལ་ལིངྒ་རྡོ་རྗེར་བསྐྱེད་པའི་རྩེ་མོས་ཕུར་གདབ་བྱེད་པ་དེ་བཞིན་དུ། རྡོ་རྗེའི་ཕུར་བུ་ངེས་པར་འདེབས་པའོ། །གོང་གི་སྔགས་བཟླ་བ་དང་བཅས་པས་བསྒྲུབ་བྱ་ཡུམ་གྱི་པདྨའི་ནང་བསྒོམས་པའི་ངག་གི་གནས་དེ་ལ་ཕུར་བུ་བཏབ་མ་ཐག་ཏུ་སྟེ། ལྕེ་ལ་བཏབ་པས་རྡོ་རྗེ་ཆེ་ནི་ངག །སྐུ་གསུང་དྲི་མེད་ནི་འོད་གསལ། དེ་ལས་བྱུང་བ་ནི་ངག་རང་བཞིན་གྱིས་དག་པའོ། །ལྕེ་ལ་ཕུར་བུ་བཏབ་པ་ཙམ་གྱི་བསྒྲུབ་བྱའི་ངག་ལྡང་བ་སྟེ་རེངས་པར་འགྱུར་བའམ། ཡང་ན་བསྒྲུབ་བྱ་དེ་འཆི་བའི་གནས་སུ་འགྱུར་རོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་ཐུགས་ཏེ་སེམས་ཀྱི་གནས་ལ་ཕུར་གདབ་ཀྱི་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཏེ་སེམས་ཀྱི་སྤྲོ་བའི་དམ་ཚིག་གི་ཚམ་ངམ་ནི་སེམས་ཀྱི་སྤྲོ་བ་གཞོམ་ཞིང་གནོན་པའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ང་ོ། ༀ་བཛྲ་རཱ་ཛ་ནི་ཀྱཻ་རྡོ་རྗེ་རྒྱལ་པོ་སྟེ། ཧཱུཾ་ནི་དེར་སྐུལ་བར་བྱེད་པའོ། །རང་གི་ལིངྒའི་སྟོང་རྡོ་རྗེ་རྩེ་མོ་ལྔ་པ་དང་སྨད་རྩེ་གཅིག་པར་བཅིངས་པ་སྟེ་བསམས་ནས། དེ་ལས་མེའི་འོད་འཕྲོ་བ་མང་པོ་འཁྲིགས་པར་བསྒོམ་པར་བྱའོ། །རྡོ་རྗེ་ཐུགས་ཀྱི་ཚུལ་ནི་སེམས་སོ། །དེའི་གནས་ནི་སྙིང་ག་དེར་སྔར་ལྟར་རྡོ་རྗེ་ཕུར་བུས་ངེས་པར་གདབ་པར་བྱའོ། །སྔར་གྱི་སྔགས་དེ་བཟླ་ཞིང་སྙོམས་འཇུག་བྱས་ནས་ཡུམ་གྱི་པདྨར་གནས་པའི་བསྒྲུབ་བྱ་དེའི་སྙིང་གར་བཏབ་པ་ཙམ་གྱིས། རྡོ་རྗེ་ཆེ་ནི་བསྒྲུབ་བྱའི་སེམས། །རྡོ་རྗེ་དྲི་མེད་གསུམ་ལས་བྱུང་བ་ནི་སྔར་བཞིན། །བཏབ་མ་ཐག་ཏུ་ལྡང་བར་འགྱུར་བ་ནི་སེམས་དྲན་པ་ཉམས་པར་བྱེད་ལ། ཡང་ན་འཆི་བའི་གནས་སུ་འགྱུར་རོ། །སྐབས་འདིར་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས་ཞེས་སོགས་རྐང་བ་བཞི་འབྱུང་བ་ལ། འགྲེལ་པར་བཤད་པ་མ་མཛད་པས་འགྱུར་ལ་ལར་མི་འབྱུང་བར་མངོན་ནོ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་བུ་ཆེན་པོ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ཆེད་བརྗོད་མཛད་པ་ནི། དེ་ནས་སངས་རྒྱས་སྐུ་གསུམ་ནས་དོན་བསྡུས་པའོ་ཞེས་པ་སྟེ། སངས་རྒྱས་ནི་རྫོགས་རིམ་པ་རྣམས་སོ། །སྐུ་གསུམ་ནི་དེ་སྒོམ་པའི་བསྐྱེད་རིམ་པ་སྟེ་དེ་རྣམས་ཀྱིས་མཆོག་གོ །སེམས་ཅན་ཁམས་ལ་ཕན་མཛད་པ་དེ་རྣམས་ཀྱིས་ཇི་སྐད་བཤད་པའི་ལས་ཚོགས་རྣམས་ཐོས་ནས་མཉེས་ཤིང་རབ་ཏུ་དགྱེས་པར་གྱུར་ནས་གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནི་སྨྲས་སོ། །ཨེ་མའོ་ནི་ངོ་མཚར་བའོ། །དེ་བཞིན་གསང་བའི་གནས་ཏེ་སྔགས་ཀྱི་གནས་དེའི་ནང་ནས་མཆོག་ཏུ་གྱུར་པ་དང་། ཨེ་མའོ་སྙིང་པོ་ཀུན་བསྡུས་པ་ནི་ལས་སྦྱོར་གྱི་དབྱེ་བ་དུ་མ་ཕྱོགས་གཅིག་གསུངས་པ་དང་། ཨེ་མའོ་ཆོས་ཀྱི་གནས་ཞི་བ་ནི་ལས་སྦྱོར་དེ་ཉིད་ནང་ལ་གཞོལ་བའི་བྱ་བ་དང་། ཨེ་མའོ་རྡོ་རྗེ་རྣམ་འཇོམས་ནི་གདུག་པ་ཐམས་ཅད་ཚར་གཅོད་པའི་ལས་དང་། ཕུར་འདེབས་སངས་རྒྱས་ཐམས་ཅད་དང་ནི་ལས་ཚོགས་ལ་ནུས་པ་དང་ལྡན་པ་རྣམས་ལའང་ཕུར་བུས་འདེབས་པ་དེ་རྣམས་ངོ་མཚར་ཆེའོ། །བྱང་ཆུབ་སེམས་དཔའ་ནི་ཐ་མལ་བ་རྣམས་སོ། །གྲགས་ཆེན་ནི་ཕྱོགས་སྐྱོང་བ་རྣམས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་བསྒྲུབ་བྱའི་སྒོ་གསུམ་ལ་ཕུར་བུས་འདེབས་པ་དེ་ཡང་ངོ་མཚར་ཆེའོ་ཞེས་པའོ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་ནི་རིམ་གཉིས་ཀྱི་སྒྲུབ་པ་པོའི་ཕུར་བུ་གདབ་ཚུལ་ལོ། །དེ་ཉིད་ལས་བྱུང་བ་ནི་རྡོ་རྗེ་འཆང་གིས་བཤད་པའོ། །སྐུ་གསུང་ཐུགས་ནི་སྒོ་གསུམ་དང་ལྡན་པའི་སྒྲུབ་པ་པོ་ལ་སྟེ་དེ་ལ་མཆོག་སྦྱིན་པ་ནི་འདོད་དོན་སྟེར་བའོ། །སྔགས་ནི་སྤྲུལ་གྱི་མིང་ཅན་ལ་སོགས་པ་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་སྔགས་གྱི་དོན་དང་སྤེལ་བ་ལ་སོགས་པ་ཤེས་པའོ། །བསྡུས་པ་ནི་བཏུས་ནས་བསྟན་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས་ལེའུ་སྟེ་བཅུ་བཞི་པའོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། སྐུ་དང་གསུང་དང་ཐུགས་ཀྱི་རྨད་དུ་བྱུང་བ་ནི། སེམས་ཅན་རྣམས་ཀྱི་སྒོ་གསུམ་གྱི་དེ་ཁོ་ན་ཉིད་ངོ་བོ་གཅིག་ཏུ་གྱུར་པ་ཡིན་ཡང་ལས་ཀྱི་དབྱེ་བ་སོ་སོས་འདོད་དོན་སྒྲུབ་པར་བྱེད་པའི་སྔགས་ཀྱི་འགུགས་པ་སྟེ། སྔགས་ཐམས་ཅད་ཡི་གེ་གསུམ་ལ་འཇུག་པའོ། །དེའི་སྔགས་ཐམས་ཅད་ནུས་པ་རྡོར་བཟླས་བྱེད་པ་ལས་བྱུང་བའི་དོན་ནོ། །གསུམ་པོ་དེའི་རྣམས་འཕྲུལ་བ་སྟེ་རོལ་བ་ལ་ཞེས་སོགས་ཀྱི་ལས་རྣམས་བསྒྲུབ་པའི་ཕྱིར་རྒྱལ་པོར་གྱུར་པའོ། །དེ་སྐད་ཅེས་བྱ་བའི་ལེའུ་སྟེ་བཅུ་བཞི་བའི་འགྲེལ་པའོ།། །།༈ བཅོ་ལྔ་བ་དམ་ཚིག་འབྱུང་བའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་དྲུག །རྣལ་འབྱོར་གྱི་སྤྱོད་པ། །དངོས་གྲུབ་སྒྲུབ་པའི་ལས་ཚོགས་རིགས་ཀྱི་དབྱེ་བས་ལྷ་ལ་དབང་བསྐུར་བ། །སྣོད་ལ་ཡེ་ཤེས་དབབ་པའི་ཆོ་ག དངོས་གྲུབ་ཀྱི་ཆོ་ག་གཏོགས་པའི་ལས་ཚོགས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་པའི་སྤྲོས་མེད་ཀྱི་སྤྱོད་པ་དང་། རྫོགས་རིམ་པའི་སྤྱོད་པས་མཆོག་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་དྲུག །སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། མི་བསྐྱོད་པའི་རྣལ་འབྱོར་བའི་སྤྱོད་པ། རིགས་ལྔའི་དཀྱིལ་འཁོར་བསྒོམ་པའི་རྣལ་འབྱོར་བས་གསང་མཆོད་བྱ་བ་ཐུན་མོང་དུ་བསྟན་པ། རྣམ་སྣང་གི་རིགས་ཀྱི་སྤྱོད་པའི་མི་བསྐྱོད་པའི་ཆོ་ག་ལྷག་མ་བཤད་པ། རིགས་གཞན་གསུམ་གྱི་རྣལ་འབྱོར་བའི་སྤྱོད་པ་ཕན་ཡོན་དང་བཅས་པ། སྣང་མཐའི་རྣལ་འབྱོར་བའི་སྤྱོད་པ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་ནས་བཀའ་སྩལ་པ་ཞེས་པ་སྟེ། །དེ་ནས་ཞེས་མཚམས་སྦྱར་ཏེ། རྒྱལ་པོ་རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ངོ་། །ཐམས་ཅད་ནམ་མཁའ་ནི་འོད་གསལ་གྱི་བདག་ཉིད་ཅན་ནོ། །མི་འགྱུར་ཆེ་ནི་མི་འཇིག་པ་སྟེ། གཞན་ཐམས་ཅད་ལ་དབང་བསྐུར་བ་པོའོ། །ཀུན་མཁྱེན་པ་ནི་རིགས་ཀུན་གྱི་བདག་པོ་སྟེ་དེས་རྡོ་རྗེའི་གསུང་ནི་འདི་སྐད་ཅེས་བཀའ་སྩལ་པའོ། །གཉིས་པ་ལ་བཞི། རང་རིག་གི་ཕྱག་རྒྱ་མ་སྒྲུབ་པ། གནས་སྦྱངས་ཏེ་དཀྱིལ་འཁོར་བྲི་བ། བྲིས་པའི་དཀྱིལ་འཁོར་སྒྲུབ་པ། དེའི་དབུས་སུ་མཚན་ལྡན་གྱི་ཕྱག་རྒྱས་འདོད་དོན་རྫོགས་པར་བྱེད་པའོ། །དང་པོ་ནི། སྨེ་ཤ་ཅན་ནས་རྟག་ཏུ་བསྒྲུབ་ཅེས་པ་སྟེ། སྨེ་ཤ་ཅན་ཏེ་རིགས་ཀྱི་བུ་མོ་དང་སོགས་ཀྱི་ཡོན་ཏན་དང་ལྡན་པས་ན་བདག་ཉིད་ཆེ་བའོ། །བུ་མོ་དེ་ནི་ལོ་གྲངས་བཅུ་གཉིས་ལོན་པའོ། །འདུ་འཛིས་དབེན་པའི་གནས་སུ་སྟེ། ཁྱད་པར་དུ་ནི་ཤིན་ཏུ་དབེན་པའི་གནས་ཞེས་པའོ། །སྒྲུབ་པ་པོས་ནི་བུ་མོ་དེ་ལ་སྒྱུ་རྩལ་དང་སྔགས་སོགས་ལེགས་པར་རྟག་ཏུ་བསྒྲུབ་པ་སྟེ་བསླབ་པར་བྱའོ། །གཉིས་པ་ནི། གཤང་གཅིའི་ནས་ལྟམ་པར་བྱ་ཞེས་པ་སྟེ། ཕྱག་རྒྱ་དེ་དང་གང་དུ་འདུ་བའི་གནས་ནི། བཤང་གཅི་དམ་ཚིག་ནི་བའི་གཅི་བ་སོགས་བ་བྱུང་ལྔ་དང་ལ་སོགས་ཀྱིས་ནི་ཙནྡན་སོགས་དྲི་བཟང་གཞན་དག་གི་ཀྱང་སྦྱངས་ནས་གནས་དེ་རུ་ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་ནི་དཀྱིལ་འཁོར་གྲུབ་ཞི་ལྷམ་པར་བྱའོ། །གསུམ་པ་ནི། རྡོ་རྗེའི་དཀྱིལ་འཁོར་བསྒོམས་པ་ཡིས་ཞེས་པ་སྟེ། དེ་ནས་རྡོ་རྗེའི་དཀྱིལ་འཁོར་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་ལྷ་ཚོགས་བསྒོམ་པར་བྱའོ། །བཞི་པ་ནི། མཚན་ཉིད་ཐམས་ཅད་ནས་རྣམ་པར་བསྒོམ་ཞེས་པ་སྟེ། བུད་མེད་ཀྱི་མཚན་ཉིད་བཟང་པོ་ཐམས་ཅད་དང་ལྡན་པ་ཡོངས་སུ་དག་པ་སྐྱེས་པ་གཞན་ལ་མ་ཆགས་པའི་རབ་ཏུ་བཟང་བ་ལ། བཞིན་ཡང་མཛེས་པ་ནི་སྒྲུབས་པ་ལ་གཅིག་ཏུ་ཕྱོགས་ཤིང་ལྟ་བ། རྒྱན་རྣམས་ཐམས་ཅད་ཡོངས་སུ་ཚོགས་པ་ནི་དགའ་བར་བྱེད་པའི་འཁྲིག་ཐབས་ཐམས་ཅད་ཤེས་པ་སྟེ། སར་བར་ཏེ་བདག་ཏུ་ལྷན་ཅིག་དཀྱིལ་འཁོར་གྱི་དབུས་སམ་དེ་དང་ཉེ་བར་བཞག་ནས་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱའོ། །གསུམ་པ་གསང་མཆོད་ནི། དཀྱིལ་འཁོར་ལྔ་ཡི་ནས་ཉམས་དགའ་བསྒོམ་ཞེས་པ་སྟེ། དཀྱིལ་འཁོར་ལྔ་ཡི་ནི་རིགས་ལྔ་སོ་སོས་གཙོ་བོ་བྱས་པའི་དཀྱིལ་འཁོར་རོ། །འཁོར་ལོ་ཡིས་ནི་དེ་རྣམས་ཀྱི་འཁོར་ཏེ་དེས་བསྐོར་བའོ། །སངས་རྒྱས་རྣམས་སམ་གཟུགས་སོགས་སུ་རྣམ་པར་བསྒོམ་ནི་གཙོ་བོ་རིགས་ལྔ་པོ་དེར་བསྐྱེད་པའོ། །སྔགས་ཀྱི་འཁོར་ལོ་ཅན་གྱི་ནི་ལྷའི་འཁོར་ལོའི་ང་རྒྱལ་འཛིན་པའི་སྒྲུབ་པ་པོའོ། །གསང་བའི་མཆོད་པའི་གནས་ནི་ཉམས་དགའ་བསྒོམ་པ་སྟེ་གསང་མཆོད་བྱེ་བའོ། །བཞི་པ་ནི། སྐུ་གསུང་ཐུགས་ནས་སྦྱོར་བ་ཡིས་ཞེས་པ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཅན་གྱི་རྣམ་པར་སྣང་མཛད་ཆེན་པོའི་སྐུར་བསྒོམ་པའོ། །བསམ་གཏན་སྔགས་ཀྱི་ཞེས་པ་མི་བསྐྱོད་པ་ལ་སོགས་པ་བསྒོམ་པའོ། །སྦྱོར་བ་ནི་དེ་རྣམས་རང་རང་གི་བཞུགས་གནས་ལྟར་བྱ་བའོ། །དེ་ལྟར་བྱས་པ་ཡིས་སངས་རྒྱས་ཀྱི་ནི་ཉིད་དེ་རྣམ་སྣང་དང་འདྲ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་སྦྱོར་བ་ཡེ་རྣལ་འབྱོར་གྱིས། འདིར་བཙོ་ཀླག་མཁན་ནི་བདག་ཉིད་ཆེ་ཞེས་པ་ནི་རྣམ་སྣང་དང་སྦྱང་བར་བཤད་ལ་བུ་མོ་ཨུཏྤལ་མཐིང་ཁའི་མདོག་ཅེས་པ་ནི་མི་བསྐྱོད་པ་དང་སྦྱར་རོ། །དེ་དག་ནི་རང་དང་རིགས་འདྲ་བར་བྱས་ནས་རྟག་ཏུ་བསྒྲུབ་པར་བྱའོ། །རྡོར་སེམས་མི་བསྐྱོད་པའི་སྤྱོད་པའི་ཆོ་ག་ནི་སྙོམས་འཇུག་བྱེད་པ་སྟེ། ཐབས་དེས་སྤྱོད་པ་དེ་ཉིད་ནི་བྱིས་ནས་ཞི་སོགས་གྱི་ལས་རྣམས་བརྩམ་པར་བྱའོ། །དེ་ནི་རིགས་གཞན་བཞི་ལ་རིགས་འགྲེའོ། །ལྔ་པ་ནི། འདི་ནི་སྔགས་རྣམས་ནས་རབ་སྒྲུབ་པ་ཞེས་པ་སྟེ། བཤད་མ་ཐག་པ་འདི་ནི་སྔགས་རྣམས་ཐམས་ཅད་དེ་རིན་འབྱུང་འོད་དཔག་མེད་དོན་གྲུབ་རྣམས་ཀྱི་རྣལ་འབྱོར་བས་ཀྱང་བྱ་སྟེ་ཕྱག་རྒྱ་ནི་ཕྲེང་རྒྱུད་མ་སོགས་གསུམ་མོ། །དམ་ཚིག་ནི་བསྒྲུབ་པའི་ཆོ་ག་སྟེ་ཤིན་ཏུ་འདའ་དགའ་བའོ། །དེ་ལྟར་དེ་ནི་བསྒོམས་ན་དེ་མ་ཐག་ཏུ་ཡང་རྡོ་རྗེའི་སེམས་དཔའི་འོད་རིན་ཆེན་ཏོག་དང་འདྲ་བར་འགྱུར་རོ། །དེར་མ་ཟད་ཆོས་འཛིན་པ་རྣམས་ཀྱི་རྒྱལ་པོ་འོད་དཔག་མེད་དང་དེའི་རིགས་ཀྱི་ལྷ་ཀུན་དང་མཚུངས་པར་གྱུར་རོ། །འདོད་པ་མངོན་མཐོང་དང་ཐར་བ་རབ་ཏུ་སྒྲུབ་པར་བྱེད་པ་དོན་གྲུབ་དང་མཚུངས་པ་འགྱུར་བ་གསུམ་ནི་རིན་འབྱུང་གི་རྣལ་འབྱོར་བ་སོགས་གསུམ་མོ། །དྲུག་པ་ནི། རྡོ་རྗེ་ཆོས་ནི་ནས་ཀུན་གྱི་མཆོག་ཅེས་པ་སྟེ། རྡོ་རྗེ་ཆོས་འོད་དཔག་མེད་ནི་རྣམ་པར་བསྒོམས་པས། གར་མཁན་གྱི་བུ་མོ་རབ་ཏུ་མཛེས་ཤིང་བཞིན་བཟང་ནི་སྒྲུབ་པ་པོ་ལ་དགའ་བ། མིག་གི་ནི་དཀྱུས་རིང་བ་ནི་ཤེས་རབ་ཆེ་བ་དེ་ལྟ་བུ་སྒྲུབ་པ་པོས་ནི་སྔར་ལྟར་རྟག་ཏུ་བསྒྲུབ་པ་སྟེ་བསླབས་པའོ། །དེ་ལྟར་བསྒོམས་པའི་སྒྲུབ་པ་པོ་དེ་ནི་རྡོ་རྗེ་ཆོས་ཀྱི་བདག་ཉིད་ཅན་ས་བཅུ་ལ་གནས་པར་འགྱུར་རོ། །རྒྱལ་བོ་གསུང་གི་དམ་ཚིག་འཛིན་ནི་ངག་གི་དབང་ཕྱུག་འཛིན་པའོ། །མངའ་བདག་དམ་པ་ཀུན་གྱི་མཆོག་ནི་སེམས་ཅན་ཀུན་ལ་དབང་བྱེད་པ་ཆེན་པོར་འགྱུར་བའོ། །གཉིས་པ་ལ་བཞི། ཕྱག་རྒྱ་རིགས་བཞི་གང་རུང་ལ་བརྟེན་ནས་རྡོ་རྗེ་འཆང་སྒྲུབ་པའི་སྤྱོད་པ་བྱ་བ། སྤྱོད་པའི་མཐར་བྱང་ཆུབ་གཉིས་མངོན་དུ་བྱ་བ། དེ་ལ་བརྟེན་ནས་ཟུང་འཇུག་གི་མཚན་ཉིད་བསྟན་པ། དངོས་གྲུབ་དེ་འདོད་པས་སོར་སྡུད་དང་བསམ་གཏན་ལ་བསླབས་ན་འདོད་པའི་དོན་འགྲུབ་པར་བསྟན་པའོ། །དང་པོ་ནི། བྲམ་ཟེ་རྒྱལ་རིགས་ནས་གསང་བ་ཐོབ་བྱེད་པའོ་ཞེས་པ་སྟེ། རྫོགས་རིམ་པས་བྲམ་ཟེའི་རིགས་དང་རྒྱལ་རིགས་དང་རྗེའུ་ཡི་རིགས་དང་དམངས་རིགས་ལས་བྱུང་བའི་བུ་མོ་གང་ཡང་རུང་བ་བླངས་ནས་ནི་རྡོ་རྗེ་ཆོས་བདག་སྟེ་རྫོགས་རིམ་གྱི་ལམ་འོད་ཟུང་བསྒྲུབ་པར་བྱའོ། །བཤད་པ་འདི་ནི་གསང་བ་སྟེ་རྡོ་རྗེ་འཆང་ཐོབ་པར་བྱེད་པའི་ཐབས་སོ། །གཉིས་པ་ནི། རྡོ་རྗེ་ཉི་མ་ནས་འགྲུབ་པར་འགྱུར་ཞེས་པ་སྟེ། འདི་ལ་ཕྱི་ནང་གི་མངོན་བྱང་གཉིས་ལས། ཕྱིའི་དབང་དུ་བྱས་ན་རྡོ་རྗེ་ཉི་མ་ནི་ཉི་མ་དངོས་སོ། །ནུས་ནས་ནི་དམར་ཐག་ཆད་ཅིང་འདས་པའོ། །དེའི་ཚེ་བླ་མ་མཆོད་དེ་མཚན་ཕྱེད་ནས་དབང་བསྐུར་ཐོབ་པས་སྒྲུབ་པ་ཀུན་དུ་བརྩམ་པར་བྱ་སྟེ་སྐྱ་རེངས་འཆར་བའི་དུས་སུ་ནི་བསྒོམ་པའི་མཆོག་དོན་གྱི་འོད་གསལ་ནི་འགྲུབ་པར་འགྱུར་རོ། །གཉིས་པ་ནི། རྡོ་རྗེ་ཉི་མ་ནི་སྣང་བ་མཆེད་པ་སྟེ་ནུབ་པ་ནི་དེ་འདས་ནས་སོ་འོད་གསལ་སྒྲུབ་པར་བྱེད་པའི་ཉེར་ཐོབ་ཀུན་ཏུ་བརྩམ་པར་བྱ་བ་ནི་འབྱུང་ངོ་། །སྐྱ་རེངས་འཆར་བ་ནི་ཉེར་ཐོབ་སྟེ་དེ་འདས་པའི་དུས་སུ་སྒྲུབ་པ་པོས་བསྒོམ་པའི་མཆོག་དོན་གྱི་འོད་གསལ་མངོན་དུ་བྱས་ནས། རླུང་སེམས་ཙམ་ལས་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་རོ། །གསུམ་པ་ནི། རྒྱན་རྣམས་ཐམས་ཅད་ནས་འདའ་དཀའ་བའོ་ཞེས་པ་སྟེ། ཟུང་འཇུག་གི་སྐུ་དེ་ཇི་ལྟ་བུ་ཞེ་ན་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་མཚན་ཐམས་ཅད་ཡོངས་སུ་རྫོགས་པའོ། སྤོས་དང་མེ་ཏོག་རྣམས་ཀྱི་བརྒྱན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ་མི་སློབ་པའི་ཡོན་ཏན་ནོ། །རྡོ་རྗེ་སེམས་དཔའ་ནི་སྒྲུབ་པ་པོ་སྟེ་ཟུང་འཇུག་པ་རྣམས་སོ། །དེས་མཆོག་སྟེ་སློབ་པའི་ཟུང་འཇུག་བསྒོམས་ན་གྲུབ་པ་མི་སློབ་པའི་ཟུང་འཇུག་མྱུར་དུ་འཐོབ་པར་འགྱུར་རོ། །ཟུང་འཇུག་འདི་ནི་སྐུ་གསུམ་མཆོག་སྦྱིན་པ་སྟེར་བའོ། །མདོ་སྡེ་ལས་འབྱུང་བའི་སངས་རྒྱས་མཚན་ཀྱིས་མཚན་པ་སྟེ་དེས་བརྒྱན་ཅིང་། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ་ནི་དེས་མཚོན་པའི་འཇིག་རྟེན་གྱི་ཁམས་དག་ཏུ་ཟུང་འཇུག་དེ་ཡི་འོད་ཀྱང་སྣང་བར་འགྱུར་རོ། །སྒྱུ་ལུས་དང་འོད་གསལ་གྱི་དབང་པོ་གཉིས་ནི་སྦྱོར་བ་ཡིས་ཞེས་པ་རྡོ་རྗེ་འཆང་དུ་སྐྱེད་ནས། ལས་ཀྱི་སྦྱོར་བ་ཐམས་ཅད་བརྩམ་པར་བྱ་སྟེ་འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་ཞིང་འདར་མི་རུང་བའོ། །བཞི་པ་ནི། རྡོ་རྗེ་ཅན་གྱི་གྲུབ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། རྡོ་རྗེ་ཅན་ནི་སྒྲུབ་པ་པོའོ། །གྲུབ་འདོད་ན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་ན། གཤང་གཅིའི་དམ་ཚིག་བཟའ་བར་བྱ་ཞེས་པའི་གཤང་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཅི་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དེ་དག་གི་དམ་ཚིག་ནི་དེ་རྣམས་ཡུལ་ཡུལ་ཅན་དུ་གྱུར་པའོ། །བཟའ་བར་བྱ་ནི་སོར་སྡུད་དང་བསམ་གཏན་གྱི་ཡུལ་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་རྒྱས་བཏབ་ནས་བསྒོམ་པའོ། །དེ་ལྟར་བསྒོམས་པ་འདི་ནི་དངོས་གྲུབ་ཐམས་ཅད་འགྲུབ་པའི་དམ་ཚིག་ཤིན་ཏུ་འདའ་དཀའ་བའི་ལམ་ཡིན་ནོ། །གཤང་གཅིིའི་དམ་ཚིག་ལ་སོགས་པས་ནི་སྔར་བཤད་པ་ལྟར་ཡུལ་དང་དབང་པོ་འདུས་ནས་ལོངས་སྤྱོད་པ་སྔོན་དུ་འགྲོ་བས། དབང་པོ་གཉིས་ཏེ་བདེན་པ་གཉིས་སྦྱོར་བ་བསྒོམ་པ་ཡིས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་གནས་དགེ་ཞིང་ཞི་བ་མྱ་ངན་ལས་འདས་པ། དེ་ཁོ་ན་ཉིད་མི་སླུ་བ་བླ་ན་མེད་པ་འགྲུབ་བར་འགྱུར་རོ། །བཅོམ་ལྡན་འདས་འདོད་པ་མངོན་མཐོ་དང་ཐར་པ་མྱང་འདས་ཀྱི་དམ་ཚིག་སྟེ་དེ་དག་རང་བཞིན་མཉམ་པ་ཉིད་དུ་མཁྱེན་པའི་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་ལས་ཚོགས་ལ་གཉིས། ཆོག་དངོས་དང་། དེ་ལ་ཆེད་དུ་བརྗོད་པའོ། །དང་པོ་ལ་བཞི། ཁྲོ་བོ་བཞིི་སྒོ་ནས་ལས་སྒྲུབ་པ། རྫོགས་རིམ་པའི་སྤྱོད་པ་གསལ་བར་བརྟན་པ། རིལ་ལུའི་སྒྲུབ་པ་བཅུ་བསྟན་པ། རྫོགས་རིམ་པའི་ལས་ཚོགས་བསྟན་པའོ། །དང་པོ་ལ་གཉིས། ཧྲཱིཿཥྚཱིའི་ལས་སྦྱོར་དང་། ཕཊ་ཀྱི་ལས་སྦྱོར་རོ། །དང་པོ་ལ་གཉིས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་གསུངས་པ་ཐུན་མོང་དུ་བསྟན་པ། དེའི་ལས་སྦྱོར་སོ་སོར་བསྟན་པའོ། དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཕཊ་ཕཊ་སྭཱ ཧཱ་ཞེས་པ་སྟེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ངོ་། །དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཀུན་ཏུ་སྐྲག་པར་བྱེད་པ་ནི་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་སྐྲག་པར་བྱེད་པ་སྟེ། དེའི་རྡོ་རྗེ་ཁྲོ་བོའི་སྔགས་འདི། ཉིད་ཀྱི་སྐུ་གསུང་ཐུགས་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ༀ་ཧྲཱིཿཥྚི་བི་ཀྲི་ཏ་ནི་རྣམ་པར་འགྱུར་བའོ། །ཨཱ་ན་ན་ནི་ཞལ་འཇིགས་སུ་རུང་བའོ། །སརྦ་ཤ་དྲུཾ་ནི་དགྲ་ཐམས་ཅད་དོ། །ནཱ་ཤ་ཡ་ནི་བརླག་པར་གྱིས་ཤིག །སྟམྦྷ་ཡ་ནི་རེགས་པར་གྱིས་ཤིག །ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ནི་བསྐུལ་བ་དང་གསལ་བར་བྱེད་པ་དང་། སྭཱཧ་ནི་དབུགས་དབྱུང་བའོ། །གཉིས་པ་ལ་བཞི། དགུག་ཅིང་གནོད་པའི་ལས་སྦྱོར་དང་། ལས་དེའི་ནུས་པ། ནོར་འགུག་པ། གསད་པའི་ཆོ་གའོ། །དང་པོ་ནི། དུག་ནི་ཁྲག་ནས་གནོད་པར་འགྱུར་ཞེས་པ་སྟེ། བསྲེག་རྫས་ནི་ཐང་ཁྲོམས་ལ་སོགས་པའི་དུག་གམ། མར་དང་སྦྲང་རྩི་མཉམས་པར་སྦྱོར་བ་སོགས་སྦྱར་བའི་དུག་ནི་ཁྲག་དང་ཀུན་ཏུ་སྦྱར་བ་དང་། ལན་ཚྭ་དང་སྐེ་ཚེ་དང་ཡུངས་མར་སོགས་ཀྱིས་ཁྲོས་ཤིང་སྟེ་གཤིན་རྗེ་གཤེད་ལ་སོགས་གང་རུང་བའི་ང་རྒྱལ་དང་ལྡན་པས། ཚེར་མའི་མེ་ལ་སྦྱིན་བསྲེག་བྱའོ། །ལས་སྦྱོར་གྱི་དུས་སུ་བུ་མོའི་མིང་དང་ཚིག་ཏུ་བཅས་ནི། དགུག་བྱའི་བུ་མོའི་མིང་སྤེལ་ཚིག་དང་བཅས་པས་གོང་གི་སྔགས་བརྗོད་པར་བྱ་སྟེ། ཉི་མ་གུང་ངམ་ནམ་ཕྱེད་ན་གནོན་པའི་ལས་བྱའོ། །ལས་འདི་བུ་མོར་མ་ཟད་དཔུང་ལ་སོགས་པ་གནོན་པ་ལ་ནི་ཡོང་ཡེ་རབ་ཏུ་ཤེས་ཤིང་བསྔགས་པ་ཡིན་ནོ། །སྒྲུབ་པ་པོ་ཤེས་རབ་ཅན་གྱིས་ཐབ་གྲུ་གསུམ་དུ་ཁྲོ་བོའི་ཞལ་གདངས་པར་སྟོང་རྩ་བརྒྱད་ནི་ཚུལ་བཞིན་དུ་བསྲེག་པར་བྱ་སྟེ། དེ་ཡང་དཔུང་གནོན་སོགས་ལ་རང་རང་གི་སྤེལ་ཚིག་སྦྱར་རོ། །བུ་མོ་དག་དང་འབྲེལ་བའི་ལོངས་སྤྱོད་ཐོབ་པའི་དོན་གྱི་ཕྱིར་དུ་ཆོ་ག་གོང་དུ་བཤད་པ་འདི་ནི་ཉི་མ་གསུམ་གྱི་བར་དུ་བྱའོ། །དེ་ལྟར་བྱས་ན་བསྐལ་བ་གྲངས་མེད་གསུམ་སྟེ་བྱིས་པ་དང་ལང་ཚོ་དང་བར་མ་དེ་དག་འདས་ཀྱི་བར་དེ་སྲིད་དུ་ཡང་། ལས་དེ་ཡིས་རྟག་ཏུ་གནོན་པར་འགྱུར་རོ། །གཉིས་པ་ནི། སངས་རྒྱ་སམ་ནི་ནས་འདིར་ཟད་འགྱུར་ཞེས་པ་སྟེ། སངས་རྒྱས་སམ་ནི་རྣམ་སྣང་དང་ཆོས་འཛིན་པ འམ་ནི་འོད་དཔག་མེད་དང་། ཡང་ན་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་སྟེ་དེ་གསུམ་གྱི་རྣལ་འབྱོར་བའོ། ཁྲོ་བོའི་རྣལ་འབྱོར་གང་ཡང་རུང་བ་ཞིག་གིས་སོ། །གལ་ཏེ་རྨོངས་པས་འདས་པ་སྟེ་བཟློག་པར་འདོད་ན་དེ་ཡི་ཚེ་ནི་དེར་ཟད་པར་འགྱུར་རོ། །གསུམ་པ་ནི། བཅུ་བཞིའམ་ནས་རྟག་ཏུ་སྟེར་བར་འགྱུར་ཞེས་པ་སྟེ། དུས་ནི་ཡར་ངོའི་བཅུ་བཞིའོ། །ཡང་ན་མར་ངོའི་ཚེས་བརྒྱད་ལ། དུར་ཁྲོད་དུ་རོ་བསྲེགས་པའི་སོལ་བ་བླངས་ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་འཇོག་པ་སོགས་ཀྱི་ཆོ་ག་བཤད་པ་བཞིན་དུ་སྔགས་བཏབ་ནས། ཕཊ་ཀྱི་མཐར་སྦྱིན་པའི་སྤེལ་ཚིག་དང་བཅས་ཏེ་སྔགས་སྟོང་རྩ་བརྒྱད་བཟླས་ན། འདོད་དོན་དེ་ནི་རྟག་ཏུ་སྟེར་བར་འགྱུར་རོ། །བཞི་པ་ནི། སྔགས་དེ་ཤེས་པ་ཡིས་ནས་གདོན་མི་ཟ་ཞེས་པ་སྟེ། སྔགས་ཀྱི་ཆོ་ག་སྔར་བཤད་པ་ལྟར་ཤེས་པ་ཡིས། དུར་ཁྲོད་ཀྱི་རས་ལ་སོགས་པས་གང་ཡང་རུང་བའི་དགྲ་ཡི་གཟུགས་བརྙན་བྲིས་པར་བྱས་ནས་སུ། །དེའི་སྙིང་ཁར་མིང་སྤེལ་བྱ་བ་སོགས་བཤད་པའི་ཆོ་གའི་བསམ་གཏན་དག་གིས་བྲིས་ཤིང་སྔགས་བཟླས་ན་བསྒྲུབ་བྱ་དེ་ཉིད་འཆི་བར་འགྱུར་བར་གདོན་མི་ཟའོ། །གཉིས་པ་ཕཊ་ཀྱི་ལས་སྦྱོར་ལ་དྲུག །ཐོ་བ་དང་རྡོ་རྗེས་གསད་པའི་ཆོ་ག །དེ་རྣམས་ནང་ལ་གཞོལ་བས་བྱེད་ཚུལ། སྟ་རེས་གསད་པ། སྣ་ཚོགས་རྡོ་རྗེས་ཚར་གཅད་པ། རྟ་མགྲིན་གྱི་བགེགས་བཟློག་པ། དེ་རྣམས་ཀྱི་སྔགས་བསྟན་པའོ། །དང་པོ་ནི། ཐོ་བ་བསམ་གཏན་ནས་རབ་ཏུ་བསྒོམ་ཞེས་པ་སྟེ། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་དགྲའི་གཟུགས་བརྙན་བྱས་ལ་རྣམ་ཤེས་བཀུག་ནས་བསྟིམས་ལ། ཁྲོ་བོ་གཤིན་རྗེ་གཤེད་གྱི་རྣལ་འ བྱོར་དང་ལྡན་པས་ཕཊ་བརྗོད་ཅིང་ཐོ་བ་སྤྱི་བོར་བསྣུན་པའམ། ཡང་ན་བསམ་གཏན་གྱི་སྦྱོར་བ་སྟེན་ལ་འབྱོར་གྱིས་ཐོ་བ་དེ་བསྒྲུབ་བྱའི་སྤྱི་བོར་ཕབ་ཅིང་བསྣུན་ན་མ་གོལ་ངེས་པར་ལྟུང་ཤིང་འབབ་པར་འགྱུར་རོ། །ཡང་གནོད་མཛེས་ཀྱི་ང་རྒྱལ་དང་ལྡན་པས་ལས་སྦྱོར་གྱི་དུས་སུ་སྔར་བཞིན་གཟུགས་བརྙན་བྱས་ལ། རང་གི་ལག་ཏུ་ཧཱུཾ་ཡིག་གི་རབ་ཏུ་འབར་བ་དང་བཅས་པ་ལས་བྱུང་བའི་རྡོ་རྗེ་རབ་ཏུ་འབར་བ་བསྒོམས་ཏེ་བསྒྲུབ་བྱའི་སྤྱི་བོར་འབབ་པར་བསམ་མོ། །གཉིས་པ་ནི། ཕྱག་ན་རྡོ་རྗེའི་ནས་འཇིག་པར་བྱེད་ཅེས་པ་སྟེ། དེ་དག་རྣལ་འབྱོར་གང་གི་བྱ་བ་ནི། ཕྱག་ན་རྡོ་རྗེའི་རིགས་དྲན་ཏེ་ནི་དེའི་རིགས་གནོད་མཛེས་བསྒོམས་ན་གདུག་པ་ཅན་ཐམས་ཅད་གཞོམ་ཞིང་འཇིག་པར་བྱའོ། །གསུམ་པ་ནི། རྡོ་རྒྱུས་སོལ་བ་ནས་གདོན་མི་ཟ་བ་ཞེས་པའི་བར་ཏེ། རྡོ་རྒྱུས་དང་སོལ་བ་ལ་སོགས་པ་གང་ཡང་རུང་བས་སྐྱེས་པའམ་བུད་མེད་ཀྱི་གཟུགས་དུར་ཁྲོད་ཀྱི་རས་ཀྱི་ལ་བྲིས་ལ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་རང་གི་ལག་པར་ཧཱུཾ་ལས་སྟ་རེ་བསམས་ནས་ཕཊ་བརྗོད་ཅིང་དེས་བསྒྲུབ་བྱའི་མིད་པ་བཅད་པར་རྣམ་པར་བསྒོམ་པར་བྱ་སྟེ། དེས་སངས་རྒྱས་ཏེ་བསྒྲུབ་བྱ་ཚར་གཅོད་ཀྱི་ལས་ཚོགས་ཤེས་པའི་སྐུ་གསུམ་རིན་ཆེན་མཆོག་སྟེ་སྒོ་གསུམ་གྱི་བདག་ཉིད་ཅན་དང་། སེམས་ཅན་མཆོག་དམན་འབྲིང་ཀུན་ལ་ཕན་པར་འདོད་པ་བག་མེད་པ་ཅན་ཡང་ལས་སྦྱོར་འ དི་ཡིས་བསྣུན་ན་ལུས་སྣུད་པར་འགྱུར་བའམ་འཚེ་བར་འགྱུར་བར་གདོན་མི་ཟའོ། །བཞི་པ་ནི། ལས་ཀྱི་རྡོ་རྗེ་ནས་མཆོག་ཡིན་ནོ་ཞེས་པ་སྟེ། ཁྲོ་བོ་བདུད་རྩི་འཁྱིལ་བའི་ཏིང་ངེ་འཛིན་གཉིས་ལ་གནས་པས་ལས་སྦྱོར་ནི། ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་སེར་པོ་རབ་ཏུ་འབར་བ་ཧ་ཅང་ཆར་ཆེས་པ་གཅོད་པར་འདོད་པའི་ནམ་མཁར་གནས་པར་བསམས་ལ། དེའི་དབུས་སུ་མེ་སྟག་མང་པོས་འཁྲིགས་པ་སྟེ་བསྐལ་པའི་མེ་ལྟར་འབར་བའི་དབུས་སུ་ཁ་གྱེས་པའི་རྡོ་རྗེ་ལས་འོད་ཟེར་འཕྲོས་པས་ཆར་རེངས་ནས་འོག་ཏུ་མི་འབབ་པར་བསམས་པ་ནི་ཆུ་རྣམས་གནོན་པའི་ལས་མཆོག་ཏུ་གྱུར་པ་ཡིན་ནོ། །ལྔ་པ་ནི། དཀྱིལ་འཁོར་དག་ནི་ནས་གདོན་མི་ཟ་ཞེས་པ་སྟེ། དཀྱིལ་འཁོར་ཆེན་པོ་དག་ནི་བྲི་བར་བྱེད་པ་ན་རླུང་དང་སེར་བ་ལ་སོགས་པ་བྱུང་ན་ནི་དེའི་ཚེ་མཆེ་བ་ནི་ཀླུ་རྣམས་སོ། །དེ་རྣམས་ཚར་གཅད་པའི་ཕྱག་རྒྱ་ནི་རྟ་མགྲིན་ཏེ་བཅིངས་ནས་སུ་ནི་དེའི་ང་རྒྱལ་གྱིས། གདུག་པར་ཅན་དེ་རྣམས་ཀྱི་དགྲ་རྟ་མགྲིན་ནི་དྲན་པ་སྟེ་བསྒོམས་ནས་བགེག་རྣམས་བཟློག་པར་བྱའོ། །སངས་རྒྱས་ནི་རང་སྡེའི་སྔགས་པའོ། །བྱང་ཆུབ་ཀྱི་སེམས་དཔའ་ནི་གཞན་སྟེ་རྣམས་སོ། །ཡིས་ནི་དེ་རྣམས་ཀྱིས་གནོད་པ་གང་ཞིག་སྤྲུལ་བར་གྱུར་པ་སྟེ་བྱུང་ན། རྟ་མགྲིན་གྱི་སྐུའི་ཕྱག་རྒྱ་མཐོང་བ་ཙམ་གྱི་འགག་པ་སྟེ་ཞི་བར་འགྱུར་རོ། །གཞན་དུ་སྟེ་སྔར་བཤད་པ་ལྟར་ཟློག་ཐབས་མི་བྱེད་པར་ལས་བྱས་ན་ལས་དོན་འཇིག་པར་སྟེ་འགྲུབ་པར་མི་འགྱུར་རོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ནི་སྔར་ལྟར་དང་། སྐྱེ་བོ་ཐ་མལ་པའི་གདུག་པ་གཞན་དག་ཀྱང་སྔགས་ཀྱི་ལས་འདིས་སྐྲག་པར་བྱས་ཤིང་སྡིགས་མཛུབ་བྱས་ནས་ནི་འཆི་བར་འགྱུར་བར་གདོན་མ ི་ཟའོ། །དྲུག་པ་ནི། དེ་ལ་འདི་ནི་ནས་སྙིང་པོའི་ཕཊ་ཅེས་པ་སྟེ། དྲག་པོའི་ལས་དེ་ལ་ཕཊ་ཀྱི་སྔགས་འདི་ནི་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཡིན་ཏེ་ཕཊ། གཉིས་པ་ལ་གསུམ། སྤྲོས་མེད་འབྲིང་གི་སྤྱོད་པ་དང་། སྤྲོས་མེད་བསྡུས་པའི་སྤྱོད་པ་དང་། ཐུན་མོང་གི་ཁ་ཟས་བསྟེན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། ཕན་ཡོན་མཇུག་སྡུད་འགལ་སྤོང་དང་བཅས་པའོ། །དང་པོ་ནི། ཡེ་ཤེས་སེམས་དཔའི་ནས་བྱང་ཆུབ་ཐོབ་པར་འགྱུར་ཞེས་པ་སྟེ། ཡེ་ཤེས་སེམས་དཔའ་ནི་སྣང་བའི་ཡེ་ཤེས་གསུམ་བསྐྱེད་པའི་རིམ་པས་སོ། །དེའི་སྦྱོར་བ་ནི་ཡེ་ཤེས་ཀྱི་སྐུ་དེར་སྐད་ཅིག་གིས་དམིགས་པའོ། །དབུས་སུ་གཟུགས་ནི་གདན་གྱི་དབུས་སུ་རང་ཉིད་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམ་པར་བྱ་བའོ། །གང་གིས་ན་སྔགས་ཀྱི་ལྷའི་དེ་ཉིད་ཤེས་པ་ཡིས་སོ། །སྤྱན་ལ་སོགས་པ་བཞུགས་པའི་གནས་གྲྭ་བཞིར་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པའི་བུད་མེད་ཕྱག་རྒྱ་མ་བཞི་སྤྱན་སོགས་ངོ་བོར་མོས་ནས་རྟག་ཏུ་བཞག་པར་བྱའོ། །བུད་མེད་ལྔ་ཡོད་ན་གཅིག་རེག་བྱ་རྡོ་རྗེ་མའི་ངོ་བོར་བསྒོམས་ན་པང་ན་གནས་པར་གསུངས་སོ། །བུད་མེད་དེ་རྣམས་ནི་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་བུད་མེད་མཚན་ཉིད་བཟང་པོ་རྣམས་ཐམས་ཅད་ཀྱི་མཚན་ཞིང་། རང་གི་སྙིང་གའི་པདྨ་དང་མངལ་གྱི་སྒོའི་པད་མོ་རབ་ཏུ་རྒྱས་ཤིང་དབྱེ་བར་བྱས་ནས། ཡན་ལག་གི་རླུང་རྒྱུ་བའི་སྔགས་ཧཱུཾ་འདི་ཕྱི་ལྡང་བའི་བདག་ཉིད་ཅན་དུ་རྣམ་པར་བསྒོམ་པར་བྱའོ། །ཧཱུཾ་འོད་ཟེར་ལྔ་ནི་མིག་ལ་སོགས་པའི་དབང་བོའི་སྒོར་རྒྱུ་བའི་རླུང་འོད་ཟེར་ལྔ་པའོ། །དེ་རབ་ཏུ་འབར་བ་ནི་དེ་རྣམས་ཕྱིར་རྒྱུ་བའི་ཚེ་ཡུལ་རྣམས་ཡེ་ཤེས་ཀྱི་ངོ་བོར་རབ་ཏུ་ལྟ་བ་དང་། རྡོ་རྗེ་ཅན་གྱི་སྦྱོར་བ་ནི་དབང་པོའི་ཡུལ་རྣམས་རྡོ་རྗེ་འཆང་གི་ངོ་བོར་བསྒོམ་པའོ། །དེ་ལྟར་བསྒོམས་པས་རང་གི་ལུས་སྤྱི་བོ་དང་ངག་མགྲིན་པ་དང་སེམས་སྙིང་གའི་གནས་རྣམས་སུ་རྡོ་རྗེ་སྟེ་བྱང་སེམས་རིམ་གྱིས་ཕབ་ན། ལྷན་སྐྱེས་ཀྱི་བདེ་བའི་བྱང་ཆུབ་ཐོབ་པར་འགྱུར་རོ། །གཉིས་པ་ན ི། དེ་ནི་དེ་མ་ཐག་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། དེ་ལྟར་བསྒོམས་ན་རྣལ་འབྱོར་བ་དེ་ནི་དེ་མ་ཐག་ཏུ་སྟེ་རིང་བོར་མི་ཐོགས་པར་རྣམ་པར་སྣང་མཛད་འོད་དང་འདྲ་ཞིང་། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་དང་། རྒྱལ་པོ་ཆེ་རིན་འབྱུང་དང་། སངས་རྒྱས་འོད་དཔག་མེད་དང་། སྐུ་གསུམ་རྡོ་རྗེ་འཛིན་དོན་གྲུབ་རྣམས་དང་འདྲ་བར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་རྣམ་སྣང་ལ་སོགས་པའོ། །དེ་བསྐྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། བཞིན་བཟང་ནས་མདངས་འདྲར་འགྱུར་ཞེས་པ་སྟེ། སྤྲོས་མེད་བསྡུས་པ་ལ། བཞིན་བཟང་ཞིང་སྒྲུབ་པ་པོ་ལ་གནས་པར་འདོད་པ་ཡི་རིགས་བཞི་གང་ཡང་རུང་བའི་བུད་མེད་རྙེད་ན། འདུས་པར་གསུངས་པའི་ཆོ་ག་བཞིན་དུ་དབེན་པར་སྙོམས་པར་འཇུག་པའི་མཆོད་པ་བརྩམས་པར་བྱའོ། །གསང་བ་ནི་ཡེ་ཤེས་གསུམ་སྟེ་བླངས་ནས་ནི་བློས་ངེས་པར་བྱས་པའོ། །བཟའ་བར་བྱ་ཞེས་པ་ནི་འོད་དུ་གཞུག་པར་བྱ་བའོ། །དེ་ལྟར་སྦྱངས་པའི་རྣལ་འབྱོར་པ་དེ་ནི་དེ་མ་ཐག་ཏུ་སྟེ་རིང་པོར་མི་ཐོགས་པར་ཡང་འཇམ་དཔལ་རྡོ་རྗེ་འཆང་དང་ནི་གཟི་བརྗིད་མཉམ་ཞིང་། མི་སྣང་བ་ནི་ཐ་མལ་གྱི་ལུས་སྤངས་པའི་སྒྱུ་མའི་སྐུ་ཐོབ་ནས་དེའི་བདག་པོ་སྟེ་གཙོ་བོ་ཟུང་འཇུག་གི་དཔལ་དང་ལྡན་པར་འགྱུར་བ་དང་། འཛམ་བུ་གསེར་གྱི་མདངས་འདྲར་འགྱུར་ཏེ་རིན་ཆེན་འབྱུང་ལྡན་ལྟ་བུའི་གཟི་བྱིན་ཅན་དུ་འགྱུར་རོ། །གསུམ་པ་ནི། གཤང་བའམ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། ཁ་ཟས་ནི་བཤང་བ་ནི་བའི་ལྕི་བ་ལ་སོགས་པའི་འབྱུང་བ་རྣམས་དང་བདུད་རྩི་ལྔའོ། །ཡང་ན་བཟའ་བའམ་ནི་ཟ་མ་དང་འབྲས་ཆེན་ལ་སོགས་པའོ། །ཤ་དག་ཀྱང་ནི་ཁར་གཞུག་པར་བྱ་ཞིང་དེ་ཡང་བཟའ་བཏུང་གི་ཆོ་ག་བཞིན་དུ་སྔགས་པ་སྟེ་སྦྱང་བ་སོགས་བྱས་ནས་ནི། རང་གི་ཁར་ཟོས་ན་སངས་རྒྱས་ཏེ་མཁས་པ་རྣམས་དང་གཞན་གྱིས་ཀྱང་མི་མཐོང་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་རིལ་ལུའི་སྒྲུབ་པ་བཅུ་ནི། གཤང་བ་ཆོ་ག་ནས་ཀུན་གྱིས་མི་མཐོང་ངོ་ཞེས་པ་སྟེ། ནང་ལ་གཞོལ་བས་ལྷའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་རིལ་ལུ་རྒྱུ་བཅུ་བོ་གང་རུང་ལས་རིམ་ལུ་སྲན་མ་ཙམ་བྱས་ཏེ། གསེར་དངུལ་ཟངས་གསུམ་གྱིས་དཀྲིས་ཏེ་ཟླ་བ་གཟས་ཟིན་པའི་ཚེ་ཡུམ་གྱི་པདྨར་གཞུག་ལ། དེ་ལས་མ་གྲོལ་གྱི་བར་དུ་སྙོམས་པར་འཇུག་ཅིང་གྲོལ་ན་བཏོན་ཏེ་དུ་བ་སོགས་ཀྱི་རྟགས་ཡོད་ན་གྲུབ་པ་སྟེ། དེ་ཁར་བཅུག་ན་མི་སྣང་བར་འགྱུར་བ་ནི་ཐམས་ཅད་འདྲ་སྟེ། གཤང་བ་ནི་ཉིན་ཞག་དེ་ལས་སྐྱེས་པའི་བུ་ཆུང་གིའོ། །ཆོ་ག་བཞིན་ནི་ས་ལ་མི་ལྷུང་བར་བླང་ནས་ཁམ་ཕོར་ཏེ་ཐོད་པ་ཁ་སྦྱར་མའི་ནང་དུ་བཅུག་ནས་བཞག་པར་བྱ་ལ། དེ་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡི་གེ་གསུམ་བཟླ་ཞིང་བསྐུལ་བ་ནི་སངས་རྒྱས་ཉི་མ་སྟེ་རིག་པ་འཛིན་པས་ཀྱང་མི་མཐོང་ངོ་། ཁྱི་ཡི་ཤ་དང་རྟ་ཤ་དང་ཤ་ཆེན་མི་ཤ་དག་ཀྱང་ཆོ་ག་བཞིན་དུ་སྔར་བཤད་པ་ལྟར་བླངས་ནས་སྦྱོར་བའི་ཐབས་བཤད་མ་ཐག་པའི་ཚུལ་གྱིས་ནི་ཟོས་ན་རིག་འཛིན་ཐོབ་པ་དེ་ཡིས་ཀྱང་མི་མཐོང་ངོ་། །གཤང་བ་དང་ལྷན་ཅིག་བདུད་རྩི་གཞན་དག་ཀྱང་སྦྱར་བའི་རིལ་བུ་བྱས་ལ། དེ་ལྕགས་གསུམ་སྟེ་གསེར་དངུལ་ཟངས་གསུམ་གྱིས་དཀྲིས་པ་དེ། དབང་པོ་གཉིས་ཀྱི་སྦྱོར་བ་སྟེ་སྔར་བཞིན་ཡུམ་གྱི་པདྨར་འཇུག་པ་སོགས་བྱས་པ་ཡི་སྟོབས་ཀྱིས་སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །དེ་བཞིན་དུ་ཁྱི་ཡི་ཤ་དང་སྦྱར་བ་ཡི་རིལ་ལུ་ལྕགས་གསུམ་གྱིས་དཀྲིས་པ་དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཤ་ཆེན་དང་ནི་སྦྱར་བ་ཡི་རིལ་ལུ་ལྕགས་གསུམ་གྱིས་དཀྲིས་དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་སངས་རྒྱས་ཀུན་གྱི་མི་མཐོང་ངོ་། །བ་ལང་ཤ་དང་སྦྱར་བ་ཡི་རིལ་ལུ་ལྕགས་གསུམ་གྱིས་དཀྲིས་པ་དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །གཤང་བ་ལས་བྱུང་པའི་སྲོག་ཆགས་ནི་གཤང་བ་དང་ལྷན་ཅིག་བྱུང་བའི་སེམས་ཅན་ནོ། །དེ་དང་བདུད་རྩི་ལྔ་ལས་བརྟུལ་ཞུགས་ཅན་གྱི་རིལ་བུ་བྱས་ལ། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །དེ་བཞིན་དུ་ག་བུར་དང་ཙ་དན་དམར་པོ་སྦྱར་བའི་རིལ་ལུ་དང་། གྷི་ཝང་དང་ཨ་ཀ་རུ་སྦྱར་བའི་རིལ་ལུ་དང་། ག་བུར་དང་གུར་གུམ་སྦྱར་བའི་རིལ་བུ་ལྕགས་གསུམ་གྱི་དཀྲིས་པ་དབང་པོ་གཉིས་སྦྱོར་བ་ཡིས་སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །རྡོ་རྗེ་སྟོབས་པོ་ཆེར་འགྱུར་བ་ནི་ཐོགས་པ་མེད་པའི་བརྩོན་འགྲུས་དང་ལྡན་པར་འགྱུར་རོ། །བཞི་པ་ལ་གཉིས། རྫོགས་རིམ་པའི་ལས་སྒྲུབ་ཚུལ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། རྡོ་རྗེ་འཛིན་པ་ནས་བྱིན་བརླབས་ནས་ཞེས་པ་སྟེ། རྡོ་རྗེ་འཛིན་པ་ཟུང་འཇུག་པའི་དཀྱིལ་འཁོར་བའི་དབུས་སུ་ཁྲོ་བོ་བཅུ་གང་ཡང་རུང་བའི་སྐུ་ཕྱག་རྒྱ་ཆེན་པོ་དྲག་པོའམ། རྣམ་སྣང་སོགས་ཞི་བའི་སྐུར་བྱིན་གྱིས་བརླབས་པ་སྟེ་བསྐྱེེད་ནས་རྡོར་བཟླས་ཀྱིས་ཞི་སོགས་ཀྱི་ལས་བསྒྲུབས་ན་ལེགས་པར་འགྲུབ་པར་འགྱུར་རོ། །གཉིས་པ་ནི། དེ་ནི་དེ་འདྲའི་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། དེ་ལྟར་བྱས་ན་སྒྲུབ་པ་པོ་དེ་ནི་གཟུགས་ཕྲ་བ་དང་ཡང་བ་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དེ་འདྲ་བའི་དཔལ་དང་ལྡན་པར་འགྱུར་རོ། །སྟོབས་ཆེན་ཕ་རོལ་གནོན་པར་འགྱུར་ནི་ཁམས་གསུམ་འདུལ་ནུས་པའོ། །དཔག་ཚད་བྱེ་བ་རྫོགས་པ་ཡི་སྟེང་དུ་རྡོ་རྗེ་འགྲོ་བར་འགྱུར་ནི་ཚད་དེ་ལྟ་བུའི་སའི་ཁྱོན་ལ་སྒྲུབ་པ་པོ་འགྲོ་ནུས་ཤིང་དེ་ཡང་སྟེང་དང་འོག་གཉིས་ཀ་ལའོ། །སྐད་ཅིག་གིས་སྟོང་གསུམ་གྱི་འཇིག་རྟེན་ཁམས་རྣམས་སུ་བགྲོད་པའི་དཔལ་དང་ལྡན་པར་འགྱུར་རོ། །སྟོབས་བཅུ་རྗེས་མཐུན་པ་ཐོབ་པས་སངས་རྒྱས་འོད་དེ་དང་འདྲ་བར་འགྱུར་རོ། །འདོད་ཁམས་ན་གནས་པའི་ལྷའི་བུ་མོ་རྣམས་དང་། ལྷ་ཡི་ལོངས་སྤྱོད་ཅན་འ ཁོར་ལོ་སྒྱུར་བའི་བུ་མོ་དང་། ལྷ་དང་ལྷ་མིན་གྱི་རིགས་ཀྱི་བུ་མོ་དང་། དེ་རྣམས་ཀྱི་བརྟུལ་ཞུགས་དང་འབྲེལ་བའི་བུ་མོ་རྣམས་ཏེ་དེ་དག་ནི་འདོད་ཁམས་ན་གནས་པའི་དབང་དུ་བྱས་ལ། དེར་མ་ཟད་ཡང་ན་དེ་གཟུགས་ཁམས་ནས་གནས་པའི་ལྷའི་བུ་མོ་རྣམས་ལ་སྤྱོད་དུ་རུང་ན་དེ་ལ་ཡང་། སྟོབས་ཤུགས་ཆེན་པོ་ཉིད་ཀྱིས་ནི་འདོད་པ་སྤྱོད་པར་ནུས་སོ། །བཅོམ་ལྡན་འདས་དམ་ཚིག་མི་སྣང་བའི་རྡོ་རྗེ་འཆང་ཆེན་ཆོས་པོས་དེ་སྐད་བཀའ་སྩལ་ཏོ། །གཉིས་པ་ཆེད་བརྗོད་ནི། དེ་ནས་སངས་རྒྱས་ནས་དྲི་མེད་ཆོས་ཞེས་པ་སྟེ། སངས་རྒྱས་རབ་ཏུ་དགྱེས་པའི་བདག་ཉིད་ཅན་གྱི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །སེམས་འཁྲུལ་བ་ནི་ཡིད་རང་དབང་མེད་པར་བསྐྱོད་པ་སྟེ་གསུངས་པ་རྣམས་ཀྱི་དོན་ལ་ངོ་མཚར་དུ་གྱུར་པའོ། །ཡིད་ལ་དབང་བ་ནི་དེ་རྣམས་ཅི་ཤེས་རྒྱུད་ལ་སྐྱེས་པའོ། །དེ་ཉིད་ཀྱི་ངོ་མཚར་དུ་གྱུར་ཅིང་སྤྱན་གདངས་ནས་གསུང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མའོ་ནི་ངོ་མཚར་ཆེ་བར་གྱུར་པ་སྟེ། དེ་ཡང་སྤྱན་མ་དང་གཤིན་རྗེ་གཤེད་ཀྱི་སྔགས་གཅིག་གིས་ཀྱང་ལས་མང་པོ་དང་རྡོར་བཟླས་ཀྱིས་ལས་མང་པོ་འགྲུབ་པ་འདི་རབ་ཏུ་ངོ་མཚར་ཆེ་བ་དང་། ཕྱག་རྒྱ་མ་དང་ལྷན་ཅིག་ཆགས་པ་ལམ་དུ་བྱས་པས་དངོས་གྲུབ་ཐམས་ཅད་བགྲུབ་པ་འདི་ནི་ཨེ་མའོ་གསང་བའི་གནས་མི་འགྱུར་བ་སྟེ་ངོ་མཚར་ཆེ་བ་དང་། བདུད་རྩི་ལྔ་དང་རིལ་བུ་རྣམས་ལ་བརྟེན་ནས་ཀྱང་དངོས་གྲུབ་སྒྲུབ་པ་འདི་ནི་ངོ་མཚར་ཆེ་བ་དང་། ཆོས་རྣམས་ངོ་བོ་ཉིད་ཀྱིས་དག་པར་རྟོགས་པ་ཡང་ངོ་མཚར་ཆེ་བ་དང་། ཟུང་འཇུག་པས་ཕྱག་ཆེན་གང་རུང་ལ་དམིགས་ནས་ལས་རབ་འབྱམས་དང་རྡོ་རྗེ་འཆང་འཐོར་བར་འགྱུར་བ་ནི་ཨེ་མའོ་ཤིན་ཏུ་དྲི་མ་མེད་པའི་ཆོས་ངོ་མཚར་ཆེ་བའོ། །གསུམ་པ་ལྷ་ལ་དབང་བསྐུར་བའི་ཚུལ་ལ་གཉིས། སྡུད་པའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང་། ལྷ་ལ་དབང་བསྐུར་བའི་ཚུལ་ཡིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སྟོན་པ་རྡོ་རྗེ་ནས་བཀའ་སྩལ་བ་ཞེས་པ་སྟེ། སྟོན་པ་རྡོ་རྗེ་འཛིན་རྡོ་རྗེ་འཆང་ངོ་། །དེ་ནི་རྣམ་སྣང་སོགས་སྐྱེད་པ་དང་དངོས་གྲུབ་ཐམས་ཅད་རྩོལ་བར་བྱེད་པ་དང་འགྱུར་བ་མེད་པའི་ཕྱིར་མི་འགྱུར་ཆེན་པོའོ། །སངས་རྒྱས་ནི་རྣམ་སྣང་ངོ་། །རྡོ་རྗེ་ནི་མི་བསྐྱོད་པའོ། །ཆོས་ཆེན་པོ་ནི་འོད་དཔག་མེད་དེ་རྡོ་རྗེ་གསུམ་ཀྱི་བདག་ཉིད་ཅན་གྱིས་རྡོ་རྗེའི་གསུང་དུ་བཀའ་སྩལ་པའོ། །གཉིས་པ་ལ་བཞི། འཇིག་རྟེན་ལས་འདས་པའི་ལྷ་ལ་དབང་བསྐུར་བ། འཇིག་རྟེན་པའི་ལྷ་ལ་དེ་བསྐུར་བ། དབང་བསྐུར་བའི་ཚུལ། དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ལ་བཞི། མི་བསྐྱོད་པས་གང་ལ་རྒྱས་གདབ་པ། རིགས་བདག་གིས་དབུ་བརྒྱན་པའི་དགོས་པ། རིགས་ལྷག་མ་བཞིས་གང་ལ་རྒྱས་གདབ་པ། རིགས་ལྔ་ལ་གང་གིས་རྒྱས་གདབ་པའོ། །དང་པོ་ནི། སེམས་དཔའ་རྡོ་རྗེ་ནས་མཉེས་པར་འགྱུར་ཞེས་པ་སྟེ། སེམས་དཔའ་རྡོ་རྗེ་ནི་མི་བསྐྱོད་པའོ། །སྦྱོར་བ་ཡིས་ནི་མི་བསྐྱོད་པས་རྒྱས་གདབ་པའོ། །གང་ལ་ན་རྡོ་རྗེ་འཛིན་རྣམས་ཏེ་མི་བསྐྱོད་པའི་རིགས་ཅན་རྣམས་ལའོ། །དེས་དེ་རྣམས་མཉེས་པར་འགྱུར་བ་ནི་རིགས་བདག་གིས་དབང་བསྐུར་བའོ། །གཉིས་པ་ནི། སངས་རྒྱས་བྱང་ཆུབ་ནས་མཉེས་པར་འགྱུར་ཞེས་པ་སྟེ། སངས་རྒྱས་བྱང་ཆུབ་ནི་རྣམ་སྣང་ངོ་། །རྣམ་སྣང་དེའི་རབ་ཏུ་དབྱེ་བ་ནི་རང་གི་རིགས་ཅན་རྣམས་ཀྱི་སྤྱི་བོར་བཞུགས་པས། སངས་རྒྱས་རྡོ་རྗེ་ཅན་ཏེ་རང་གི་རིགས་རྣམས་མཉེས་པར་འགྱུར་ཞིང་རིགས་གང་ཡིན་གསལ་བར་འགྱུར་རོ། །གསུམ་པ་ནི། རྡོ་རྗེ་སྤྱན་གྱི་ནས་ཡེ་ཤེས་བསྒོམ་ཞེས་པ་སྟེ། རྡོ་རྗེ་སྤྱན་གྱི་ནི་རྡོ་རྗེ་ཅན་ལྷའི་རིགས་རྣམས་ཏེ་དེས་རིགས་བཞི་དང་བྲེལ་བའི་ལྷ་རྣམས་གཟུང་ངོ་། །གཟུགས་ལ་སོགས་ནི་རྣམ་སྣང་སོགས་རིགས་བཞིས་རང་རང་གི་རིགས་ཅན་སྤྱན་སོགས་དང་རྡོ་རྗེ་མ་བཞི་སོགས་པའི་གཙུག་ཏོར་དུ་འཇོག་པར་བྱེད་པར་བཤད་དོ། ཁྲོ་བོའི་ནང་ན་དེ་མཆོག་སྟེ་ནི་རིགས་བཞི་དང་འབྲེལ་བའི་ཁྲོ་བོ་རྣམས་ལ་རིགས་བཞིའི་དེ་བཞིན་གཤེགས་པ་དེ་སོ་སོས་དབུ་རྒྱན་དུ་བྱེད་པར་བསྟན་ཏེ། སངས་རྒྱས་རྡོ་རྗེ་རྣམ་སྣང་སོགས་ཀྱིས་དབུ་རྒྱན་དུ་བྱས་ནས་རབ་ཏུ་བསྒོམས་པས་རིགས་གསལ་བར་བྱེད་པར་འགྱུར་རོ། །དེ་ཡང་སྤྱན་མ་གཟུགས་རྡོ་རྗེ་མ། བྱམས་པ། ས་སྙིང་། གཤིན་རྗེ་གཤེད། མི་གཡོ་བ་རྣམས་ལ་རྣམ་སྣང་གི་དབུ་རྒྱན་དུ་བྱ་ཞིང་། གཞན་ལའང་རིགས་པ་དེ་སྦྱོར་ཏེ་ཆོ་ག་ལས་འབྱུང་བ་ལྟར་རོ། །རིགས་པ་ནི་མཱ་མ་ཀི་དང་དེའི་རྒྱལ་པོ་ནི་རིན་འབྱུང་ངོ་། །ཆོས་མཆོག་ནི་རིན་འབྱུང་དེ་རིན་པོ་ཆེའི་རིགས་རྣམས་ཀྱི་གཙོ་བོར་གྱུར་པ་སྟེ་དཀོན་མཆོག་དཔལ་ནི་རྣམ་པར་བསྒོམ་པར་བྱའོ། །རིག་པའི་རྒྱལ་མོ་ནི་གོས་དཀར་མོ་སྟེ། དེའི་སྦྱོར་བ་ནི་རང་གི་རིགས་རྣམས་ཀྱི་སྤྱི་བོར་ཚེ་དཔག་མེད་པ་རབ་ཏུ་བསྒོམ་པར་བྱའོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ་ནི་ལས་ཀྱི་རིགས་ཀྱི་ལྷ་རྣམས་ལ་གདོན་མི་ཟ་བའི་ཡེ་ཤེས་དོན་གྲུབ་དབུ་རྒྱན་དུ་བསྒོམ་པར་བྱའོ། །བཞི་པ་ནི། སྔགས་ནས་རྣམ་པར་བསྒོམ་ཞེས་པ་སྟེ། སྔགས་རྣམས་ཐམས་ཅད་ཉིད་ལ་ནི་ཞེས་པ་རྣམ་སྣང་སོགས་རིགས་ལྔ་པོ་ལ་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་དབུ་རྒྱན་རྣམ་པར་བསྒོམ་པར་བྱའོ་ཞེས་གསུངས་སོ། །གཉིས་པ་འཇིག་རྟེན་པའི་ལྷ་ལ་དབང་བསྐུར་བ་ནི། གནོད་སྦྱིན་མོ་ནས་བརྟག་པར་བྱ་ཞེས་པ་སྟེ། གནོད་སྦྱིན་མོ་ནི་མཁའ་འགྲོ་མའོ། །དེ་རྣམས་ཀྱི་སྔགས་ནི་ས་བོན་དང་བཟླས་པའི་སྔགས་སོ། །རྒྱུད་ནི་དེ་ལས་བྱུང་བའི་རང་གི་གཟུགས་ཏེ་དེ་རྣམས་ཀྱི་སྤྱི་བོར་གཤིན་རྗེ་གཤེད་དེ་ཉིད་དབུ་རྒྱན་དུ་བརྟག་པར་བྱའོ། །གསུམ་པ་ནི། སྔགས་རྣམས་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། སྔགས་རྣམས་ནི་བཤད་མ་ཐག་པའི་ལྷ་ཐམས་ཅད་དེ། དེ་རྣམས་ཉིད་ལ་ནི་སྤྱི་བོ་ནས་ནི་བསྐུལ་བ་སྟེ་རང་རང་གི་རིགས་བདག་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བར་བྱའོ། །འདིར་སྦྱོར་སྔགས་སྤྱི་བོར་དག་རྣམས། ཐམས་ཅད་ལ་ནི་བསྐུལ་ཤིང་ཞེས་པ་ཞིག་འབྱུང་བ་ནི་འགྲེལ་པ་དང་མཐུན་ནོ། །བཅོམ་ལྡན་འདས་དམ་ཚིག་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བཞི་པ་ནི། བསམ་གཏན་འཁོར་ལོ་ནས་ཕན་པར་གསུངས་ཞེས་པ་སྟེ། དབང་བསྐུར་བའི་བསམ་གཏན་གྱི་འཁོར་ལོ་རྒྱས་པར་བཤད་པ་རིགས་བདག་ཡབ་ཡུམ་གྱིས་དབང་བསྐུར་འདི་ཡིས་ནི། སྔགས་ཀྱི་ལྷ་རྣམས་ཀྱི་མཉེས་པ་ཡི་དཀྱིལ་འཁོར་དག་ནི་དམ་ཚིག་ཆེན་པོ་ཕྱག་ཆེན་བསྒྲུབ་ཅིང་སྐྱེད་པར་བྱེད་པ་སྟེ། སྒྲུབ་པ་པོ་རྣམས་ལ་ཕན་པ་སྐྱེད་པར་གསུངས་སོ། །བཞི་པ་སྣོད་ལ་ཡེ་ཤེས་དབབ་པའི་ཆོ་ག་ལ་གཉིས། བསྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང་སྟོན་པས་གསུངས་པའི་རྒྱུད་ཀྱི་ཚིག་དོན་བཤད་པའོ། །དང་པོ་ནི། དེ་ནས་སྟོན་པ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། བགེགས་ཐམས་ཅད་ཞི་བར་མཛད་པའི་སྟོན་པ་རྡོ་རྗེ་འཛིན་པ་ཆོས་རྣམས་ཀུན་ཏེ་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་དབང་ཕྱུག་གམ་གཙོ་བོའོ། །སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པས། ཡེ་ཤེས་རྡོ་རྗེ་སྟེ་ཡེ་ཤེས་འབེབ་པའི་ཆོ་ག་འདི་བཀའ་སྩལ་ཏོ། །གཉིས་པ་ལ་དྲུག །སྔོན་དུ་བསྙེན་པ་བྱ་ཚུལ། སྣོད་སྦྱངས་པའི་ཆོ་ག །སྣོད་ལ་དབབ་པའི་ཆོ་ག །སྣོད་ཀྱི་མཚན་ཉིད། ཆོ ག་ལས་འདས་པའི་ཉེས་དམིགས། འབེབས་པའི་སྙིང་པོ་བྱེད་ལས་དང་བཅས་པའོ། །དང་པོ་ནི། རི་རྩེ་ཉམས་ནི་ནས་སྣ་ཚོགས་བྱེད་པར་བཤད་ཅེས་པ་སྟེ། རིའི་རྩེ་མོའི་ཕྱོགས་དང་ཉམས་ནི་དགའ་བའི་གནས་དང་། ནགས་ཚལ་དང་སྐྱེ་བོའི་འདུ་འཛིས་རབ་ཏུ་དབེན་པར་ནི། བསམ་གཏན་རྡོ་རྗེ་སྔགས་དང་ཡེ་ཤེས་ཀྱི་སྐུ་རྣམ་གཉིས་རྣལ་འབྱོར་པས་རབ་ཏུ་བསྒོམ་པར་བྱའོ། །སྔགས་ནི་ངག་གི་བཟླས་པ་དང་རྡོ་རྗེ་བཟླས་པའི་སྦྱོར་བས་ཉམས་སུ་བླང་བར་བྱ་སྟེ་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་ལ་སོགས་པ་ཀུན་ནོ། །སྔགས་ཀྱི་བསམ་གཏན་གྱིས་བསྐུལ་བས་ནི། རང་རང་གི་སྔགས་དང་ལྷའི་སྐུ་ལ་དམིགས་ནས་དེ་གཉིས་བྱེད་པའོ། །གསུང་གི་ལས་ནི་འོག་དཔག་མེད་དེ། དེའི་བཀའ་བཞིན་དུ་ལས་ཀྱི་ལམ་ནི་རྣམ་པ་སྣ་ཚོགས་བྱེད་པར་འགྱུར་རོ། །ཡེ་ཤེས་པ་བཤད་ཚོད་བཞིན་ཕེབ་པ་ལ་བསྐྱེད་རིམ་བརྟན་པ་སོགས་ཡན་ལག་ཏུ་དགོས་སོ། །གཉིས་པ་ནི་རྡོ་རྗེ་ཆོས་ཀྱི་ནས་རིགས་བརྟག་གོ་ཞེས་པ་སྟེ། ཡེ་ཤེས་དབབ་པའི་ཡུལ་ཟླ་བ་ས་བོན་ཕྱག་མཚན་ལས་རྡོ་རྗེེ་ཆོས་འོད་དཔག་མེད་ཀྱི་གཟུགས་ཆེན་པོ་པདྨ་རཱ་གའི་འོད་དང་འདྲ་བར་བསྐྱེད་ལ་གནས་གསུམ་དུ་ཧཿཨཱཿཧཱུཾ་རྣམས་བཀོད་དེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ་རྣམ་སྣང་སོགས་གསུམ་ཡི་གེ་གསུམ་ལུས་ཀྱི་ནང་དུ་ཐིམ་པས་ལུས་ཁོང་སྟོང་དུ་བསམས་ལ་གནས་གསུམ་དུ་ནི་རིགས་བརྟག་གོ་ཞེས་པའོ། །གསུམ་པ་ནི། དབབ་པའི་ཆོ་ག་ནས་རྟག་པར་འགྲུབ་ཞེས་པ་སྟེ། དེ་ལྟར་བསྐྱེེད་ཅིང་དབབ་པའི་ཆོ་ག་བཤད་པ་ཐམས་ཅད་བྱས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དེའི་ཚེ་བསྐུལ་བ་སྟེ་འགུལ་བ་དང་གཡོ་བ་འགྱུར་ཞིང་། དེ་ནས་རེངས་པ་སྟེ་མི་གཡོ་བར་གནས་སོ། །ལྷ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ལྷ་ལུས་ལ་འཇུག་པའོ། །ཞུགས་ནས་འཕགས་ལམ་སྟེ་དབབ་པ་བཞི་པོ་དག་ཀྱང་། རྡོ་རྗེ་གྲུབ་པ་སྟེ་རྣལ་འབྱོར་བ་ཁྱད་པར་ཅན་དག་གིས་བྱ་ལ། དེ་ལྟར་བྱས་ན་རྟག་པར་ཏེ་རབ་ཏུ་འགྲུབ་པར་འགྱུར་རོ། །བཞི་པ་ནི། བུ་མོ་ལོ་གྲངས་ནས་བསྒྲུབ་པར་བྱ་ཞེས་པ་སྟེ། སྣོད་ནི་བུ་མོ་ལོ་གྲངས་བཅུ་གཉིས་མ་མཉམས་པའམ། ཁྱེའུ་ལོ་གྲངས་བཅུ་གཉིས་པ་བུད་མེད་དང་མ་ཕྲད་པ་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བཟུང་ནས་དབབ་པ་བཞི་པོ་རབ་ཏུ་བརྟག་པར་བྱའོ། །དེ་ལྟར་སྣོད་སྤྱངས་བ་སོགས་ཆོ་ག་ཐམས་ཅད་བྱས་ནས་ནི་དབབ་པའི་ལས་རྣམས་རབ་ཏུ་བསྒྲུབ་པར་བྱའོ། །ལྔ་པ་ནི། རྣམ་པ་གཞན་དུ་ནས་དཔྱས་པར་འགྱུར་པ་ཞེས་པ་སྟེ། ཡེ་ཤེས་འབེབས་ཚུལ་སྔར་བཤད་པ་ལྟར་མ་བྱས་པར་རྣམ་པ་གཞན་དུ་བྱས་ན་ནི་ཁམས་གསུམ་སྟེ་སྐྱེ་བོ་མཆོག་དམན་འབྲིང་གསུམ་གྱིས་དཔྱས་ཤིང་སྨད་པར་འགྱུར་རོ། །དྲུག་པ་ནི། དེ་ལ་སྙིང་པོའི་སྔགས་ནས་ཐོབ་བྱེད་པའོ་ཞེས་པ་སྟེ། དེ་ལ་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་འདི་རྣམས་ཏེ་ཧཱུཾ་ཧཱཿཨཱཿཛྷཱཻཿབཞིའོ། །འབེབས་པའི་སྣོད་ནི་ནམ་མཁའི་ཁམས་ལྟར་སེམས་མེད་ཅིང་ཤི་བའི་ལུས་ལྟར་རེ་ཤིག་མི་གཡོ་ལ། དེ་ནས་འབར་བ་ལ་སོགས་པ་འབྱུང་སྟེ། དེའི་ཚེ་སྣོད་དེའི་རྟོག་པ་གཡོ་བ་ཐམས་ཅད་རྣམ་པར་སྤངས་པ་སྟེ་བྲལ་བར་འགྱུར་རོ། །ཚུལ་བཞིན་བྱས་པའི་ཆེ་བ་ནི་རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་ཆོ་ག་བཞིན་དུ་བྱས་པ་སྣོད་དེ་ལ་འབབ་པར་འགྱུར་རོ། །ཡི་གེ་བཞིའི་གསང་ཚིག་ནི། ཧཱུཾ་ལ་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་ཐུགས་རྡོ་རྗེ་དང་། ཧཱཿལ་ནི་སྐུ་ཡི་རྡོ་རྗེ་ཅན་དང་། ཨཱཿལ་ནི་ཆོས་འཛིན་རྒྱལ་པོ་འོད་དཔག་མེད་བཞུགས་ཏེ་འདི་ནི་གསང་ཚིག་བསྟན་པའོ། །ཛྷཱཻཿསྐུལ་བར་བྱེད་པར་བཤད་དེ་སྐུལ་བ་ནི་འཕགས་པའོ། །འགུལ་བ་ནི་འཁོར་བའོ། །གཡོ་བ་ནི་བསྐྱོ་བ་ཡིན་ནོ། ཛྷཱཻཿའདི་ནི་སྐུལ་བ་ལ་སོགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོའོ། །ཡེ་ཤེས་བབས་ནས་ལས་ཁྲུ་གང་ཙམ་མམ་ཁྲུ་དོའམ་ཁྲུ་བརྒྱད་ཙམ་མམ་ལྔ་ཙམ་དུ་འཕགས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་དང་ཧཱུཾ་གིས་རབ་ཏུ་བསྐུལ་ཞིང་གསལ་བར་བྱས་བས། །ལྷ་རྣམས་རྡོར་སེམས་ཀྱི་བཀའ་ལས་འདས་པར་དོགས་པས་འཇིགས་ཤིང་སྐྲག་ནས་འཕར་བར་འགྱུར་རོ། །སྔ་མ་བཤད་པ་བཞིན་ཐམས་ཅད་དུ་འགྱུར་རོ། །ཛྷཱཻཿ འདིས་ནི་འབེབས་པའི་གསང་བ་ཐོབ་པར་བྱེད་པའི་ཚུལ་དེ་བཞིན་དུ་ས་བོན་གཞན་གསུམ་ལའང་སྦྱར་བར་བྱའོ། །ལྔ་པ་ལས་ཚོགས་ལ་གཉིས། དྲག་པོའི་ཆོ་ག་དང་། ཞི་བའི་ཆོ་གའོ། དང་པོ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྒྲུབ་པ་པོ་དང་ལྷའི་སྐུ་ཇི་ལྟ་བུས་བྱ་བ། ལས་སྦྱོར་དངོས་སོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། རྒྱལ་པོ་རྡོ་རྗེ་འཛིན་རྡོ་རྗེ་འཆང་སྟེ་དེ་བཞིན་གཤེགས་པ་སྤྱན་ལ་སོགས་པ་ཀུན་གྱི་བདག་པོའོ། །སྐུ་གསུམ་ནི་དེའི་སྐུ་གསུང་ཐུགས་སོ། །གནས་ནི་འོད་གསལ་ཏེ་དེས་ཡོངས་སུ་དག་པས་གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི། རྩེ་གཅིག་མ་གྱུར་པ་ཡི་ནས་རྣམ་གཞིག་པའོ་ཞེས་པ་སྟེ། སེམས་རྩེ་གཅིག་མ་གྱུར་པ་ཡིས་ཀྱང་ན ི་སེམས་བརྟན་པོ་ཐོབ་པ་ལྟ་ཅི་སྨོས། སེམས་རྩེ་གཅིག་སྟེ་བརྟན་པོ་ཐོབ་མ་གྱུར་པ་དག་གིས་ཀྱང་བརྟུལ་ཞུགས་བརྟན་པས་དྲག་ལ་འདི་དག་བྱའོ། །འདིར་སྦྱོར་བ་སྟེ་ལྷ་གཞན་གྱི་རྣལ་འབྱོར་ཙམ་མིན་གྱི། །གཙོ་བོ་མི་བསྐྱོད་པའི་སྒོ་ནས་བྱ་བ་སྟེ་གདུག་པ་ཅན་ཐམས་ཅད་རྣམ་པར་གཞིག་པར་བྱེད་པའོ། །གསུམ་པ་ལ་དྲུག །བསྐྱེད་རིམ་པའི་དྲང་དོན་གྱི་གསད་ལས། རྫོགས་རིམ་པའི་ངེས་དོན་གྱི་གསད་ལས། སྲིན་པོ་དང་རིམས་ཀྱིས་འཛིན་ཏུ་འཇུག་པ། དྲག་ལས་དམིགས་བསལ་མེད་པ་རྣམས་ཀྱི་སྔགས་མཇུག་སྡུད་དང་བཅས་པ། གསད་ལས་གཞན་བསྟན་པ། ཕྲན་ཚེགས་ཀྱི་ལས་སྦྱོར་རོ། །དང་པོ་ལ་གཉིས། ལིངྒ་དང་བཟླས་པ་ལ་བརྟེན་པའི་གསད་ལས་དང་། སྤྱིན་སྲེག་གི་གསད་ལས་བཟླས་པའི་གསད་ལས་དང་བཅས་པའོ། །དང་པོ་ནི། དུར་ཁྲོད་སོལ་དང་ནས་གདོན་མི་ཟ་ཞེས་པ་སྟེ། མི་བསྐྱོད་པ་དྲག་པོའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་སྦྱོར་གྱི་དུས་སུ། དུར་ཁྲོད་ཀྱི་སོལ་བ་དང་དུག་སོགས་ལས་དགྲ་ཡི་གཟུགས་བརྙན་བྱས་ནས་བཞག་སྟེ། མངོན་སྤྱོད་ཀྱི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་སྤེལ་དང་བཅས་པ་བྲིས་ནས་དེའི་སྙིང་ཀར་བཅུག་ལ། བསྒྲུབ་བྱའི་རྣམ་ཤེས་བཀུག་ནས་བསྟིམ་ཞིང་དེར་མོས་ཏེ་རང་སྐྲ་བཤིག་ཅིང་གཅེར་བུར་བྱུང་ནས་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་གང་ཡང་རུང་བའི་སྔགས་གསད་པའི་སྤེལ་ཚིག་དང་བཅས་ཐུན་བཞིའམ་གསུམ་དུ་ཏོན་ན་ནི། དགྲ་འཇིག་པ་ལྟ་ཅི་ཁམས་གསུམ་དག་ཀྱང་འཇིག་པར་བྱེད་ནུས་སོ། །ཡང་དུར་ཁྲོད་རོ་བསྲེགས་པའི་ཐལ་བ་སྤུངས་ཀྱིས་སྦགས་པ་ལས་དགྲ་ཡི་གཟུགས་བརྙན་བྱས་ནས་ནི། བསྒྲུབ་བྱའི་རྣམ་ཤེས་དགུག་པ་སོགས་དང་ཁྲོ་བོའི་སྔགས་སྟོང་རྩ་བརྒྱད་དུ་བཟླས་པས་ཀྱང་དགྲ་དེ་འཆི་བར་འགྱུར་བར་དོན་མི་ཟའོ། །གཉིས་པ་ནི། དཀྱིལ་འཁོར་གྲུ་གསུམ་ནས་གྱུར་པར་བཤད་ཅེས་པ་སྟེ། རོ་བསྲེགས་པའི་ཐལ་བ་ལས་མེའི་དཀྱིལ་འཁོར་ཏེ་ཐབ་གྲུ་གསུམ་དུར་ཁྲོད་ཀྱི་གནས་སུ་བྲིས་པར་བྱས་ལ། དེར་ཤིང་ཚེར་མ་ཅན་གྱི་མེ་སྦར་ལ་བ་ལང་གི་ཤའམ་རྟ་ཡི་ཤའམ་ཁྱི་ཡི་ཤའམ། ཤ་གཞན་སྣ་ཚོགས་ཀྱིས་ཏེ་དེ་ལས་དགྲའི་གཟུགས་བརྙན་བྱ་བ་སོགས་སྔར་བཞིན་བྱས་ལ་གཏུབ་ནས་མེར་སྦྱིན་བསྲེག་བྱའོ། །དེ་ལྟར་བྱས་ན་གཞིག་དཀའ་བའི་རྡོ་རྗེའམ་གདོན་མི་ཟ་བར་འཇིག་ཅེས་པ་ནི་ལས་ཀྱི་ཆེ་བའོ། །ཤ་ཆེན་ལས་སྔར་བཞིན་བྱ་སྟེ། ཤ་ལས་བྱས་པའི་སྦྱོར་བ་ཐམས་ཅད་ཀྱི་ནང་ན་རྡོ་རྗེ་ལས་བྱུང་བ་ཤ་ཆེན་ལས་བྱས་པ་ནི་འཇིགས་པ་མི་བཟད་པར་བཤད་དེ། ལས་འདི་ནི་དགྲ་རྣམས་ཐམས་ཅད་ཀྱི་འཇིགས་པ་ཤི ན་ཏུ་མི་བཟད་པའི་ལས་སྦྱོར་ཡིན་ནོ། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི་བཤང་གཅི་དག་གི་ཆོས་མཆོག་ཅན་ཞེས་པ་སྨེ་ཤ་ཅན་ལ་སོགས་པའི་གཤང་བ་དང་གཅི་བ་ལས་བསྒྲུབ་བྱའི་ལིངྐ་བྱས་ནས། དགུག་གཞུག་དང་བཅས་པས་ཚེར་མའི་མེ་སྦར་བའི་ཐབ་ཁུང་དུ་ཁྲོས་ནས་གཏུབས་ཤིང་བསྲེགས་ན་སངས་རྒྱས་དག་ཀྱང་ངེས་པར་འཇིག་པར་འགྱུར་ན་བསྒྲུབ་བྱ་གཞན་ལྟ་ཅི་སྨོས་སོ། །ཆུ་བོ་ཆེན་པོའི་འགྲམ་གཉིས་ཀྱི་ཡིས་ཀྱང་དགྲ་ཡི་གཟུགས་བརྙན་བྱས་ནས་དུག་ཤིང་ལས་བྱུང་བའི་ཚེར་མ་དང་བཅས་པའི་དུག་ཏིལ་འབྲུ་ཙམ་གྱི་བསྒྲུབ་བྱའི་ལུས་དང་ཡན་ལག་ཀུན་དགང་ལ། གསོད་པའི་བསྐུལ་བའི་ཚིག་དང་བཅས་ཏེ་སྔགས་བཟླས་ནས་སངས་རྒྱས་དག་ཀྱང་ངེས་པར་འཇིག་པར་འགྱུར་རོ། །སྐེེ་ཚེ་དང་ལན་ཚྭ་དང་འབྲུ་མར་དང་དུག་གཞན་ནམ་ད་དུང་དག་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ནས་མེ་ལ་སྦྱིན་བསྲེག་བྱ་སྟེ། སངས་རྒྱས་ཏེ་བསྒྲུབ་བྱ་ཐམས་ཅད་གསད་པར་བྱ་བ་ལ་འདི་དག་མཆོག་ཏུ་གྱུར་པར་བཤད་དོ། །གཉིས་པ་རྫོགས་རིམ་པའི་སད་ལས་ནི་ལེའུ་དགུ་པ་ལྟར་རོ། །གསུམ་པ་ནི། སོལ་ཁུས་གཤེར་བའི་ནས་བཏབ་པར་འགྱུར་ཞེས་པ་སྟེ། རང་ཉིད་དུར་ཁྲོད་ཀྱི་སོལ་བའི་ཁུ་བས་གཤེར་བའི་གོས་དག་ནི་གྱོན་ཏེ། སྐེ་ཚེ་སོགས་ལས་དགྲའི་གཟུགས་བརྙན་བྱས་ལ། སེམས་ནི་ཁྲོས་ནས་སུ་མི་བསྐྱོད་པའི་ང་རྒྱལ་གྱིས་ལིངྒ་རྐང་པས་མནན་ན་ནི་སྲིན་པོས་འཁྱེར་བའི་སྤེལ་ཚིག་དང་བཅས་པས་སྔགས་བཟླས་ན་སྲིན་པོས་འཁྱེར་བར་གདོན་མི་ཟའོ། །མི་རུས་ཀྱི་ཕྱེ་མ་དང་ཁྲག་དང་དུགས་རྣམ་ཀྱིས་དགྲའི་གཟུགས་བརྙན་རབ་ཏུ་བྱས་ན་ནི། སྔར་བཞིན་རྐང་པས་ལིངྐ་མནན་ནས་སྲིན་པོས་འཁྱེར་བའི་སྤེལ་ཚིག་དང་ལྡན་པས་སྔགས་བརྗོད་ན་ནི་རྡོ་རྗེ་སེམས་དཔའ་དྲག་པོའང་སྲིན་པོས་མྱུར་བ་དག་ཏུ་འཁྱེར་བར་འགྱུར་རོ། །སྐེ་ཚེ་དང་བཤང་གཅི་སོགས་སྦྱར་བ་ཡིས་ཏེ་དེ་ལས་དགྲའི་གཟུགས་བརྙན་བྱས་ལ། དེ་དག་ལིངྐ་དེར་ཡོངས་སུ་གང་བར་བླུགས་ལ་རྐང་པས་སྔར་བཞིན་རབ་ཏུ་མནན་ན་བསྒྲུབ་བྱ་དེ་ཉིད་ཚ་བའི་ནད་ཆེན་པོས་བཏབ་པར་འགྱུར་རོ། །བཞི་པ་ནི། དེ་ལ་འདི་ནི་ནས་མཆོག་ཡིན་ནོ་ཞེས་པ་སྟེ། དྲག་པོའི་ལས་དེ་དག་ལ་འཆད་པར་འགྱུར་བའི་སྔགས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྙིང་པོའི་འཕྲེང་བའི་སྔགས་དམ་པ་ཡིན་ཏེ། ནཿམ་ས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྚ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་ཕོ་ཊ་བི་སྥོ་ཊ་ཡ། སརྦ་བིགྷྣཾ་བི་ནཱི་ཡ་ཀཱ་ན། མ་ཧཱ་ག་ཎ་བ་ཏི་ཛཱི་བཱི་ཏཱནྟ་ཀ་རཱ་ཡ་ཧཱུཾ་ཕཊ་ཞེས་པ་སྟེ། སྔགས་དོན་གོང་དུ་བགེགས་མཐར་བྱེད་ཀྱི་ཕྲེང་བའི་སྔགས་དོན་བཤད་པ་དེར་འདུས་སོ། །དྲག་པོའི་སྦྱིན་བསྲེག་ནི་སྔར་ལྟར་དང་། ཡང་ན་བསམ་གཏན་དག་འོག་ཏུ་འཆད་པ་དེ་ནི་དགྲའི་ལུས་དང་ངག་དང་སེམས་འཇིག་པར་བྱེད་པ་སྟེ་མ་ཡེངས་པ་ཡི་སེམས་ཀྱིས་བྱའོ། །ལས་འདིའི་དགྲ་གསོད་པའི་ལས་ཀྱི་མཆོག་ཕུལ་དུ་བྱུང་བ་ཡིན་ནོ། །ལྔ་པ་ལ་གཉིས། བསྐྱེད་རིམ་པའི་གསད་ཆོག་དང་། རྫོགས་རིམ་པའི་གསད་ཆོག་གོ །དང་པོ་ལ་ལྔ། ཁ་སྦྱར་དབྱེ་བའི་སྔོན་འགྲོ་ཐུན་མོང་བའི་ཆོ་ག་དང་། བསམ་གཏན་གྱི་གསད་ཆོག་ལྷག་མ། སྤྲུལ་དང་སྡིག་སོགས་ཀྱི་གཟུགས་ལ་བརྟེན་པའི་གསད་ཆོག དགྲ་བོ་འབྱུང་པོ་ནག་པོར་བསྐྱེད་པའི་སྐྱེད་ཆོག་དངོས་གཞི་དང་བཅས་པ། ཁ་སྦྱར་དབྱེ་བའི་ཆོ་ག་དངོས་སོ། །དང་པོ་ནི། རྡོ་རྗེ་སེམས་དཔའ་ནས་གདོན་མི་ཟ་ཞེས་པ་སྟེ། གསད་ལས་གང་བྱེད་ཀྱང་ལས་རྒྱལ་མཆོག་གི་དུས་སུ། རང་གི་ཕྱག་གཡས་ཀྱི་རྡོ་རྗེ་ལས་འོད་ཟེར་འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཞེ་སྡང་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་གཅིག་ཏུ་བྱས་ཏེ་དྲངས་པ་ཡོངས་སུ་གྱུར་བ་ལས་འབྱུང་པོ་ནག་པོར་གྱུར་ནས་བསྒྲུབ་བྱའི་དགྲ་ལ་བསྟིམས་པས། དེ་ཉིད་རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ་སྟེ་རྡོ་རྗེ་གནོད་སྦྱིན་སྲིན་པོའི་གཟུགས་ཅན་ཞལ་རྣམ་པར་བགྲང་བ་ལྟ་བུ་འཇིགས་འཇིགས་ལྟར་ལྟ་བ་སྟ་རེ་དང་ཐོ་བ་ཕྱག་ན་བསྣམས་པ་ཞིག་ཏུ་བསམས་ནས་འཆད་པའི་བསམ་གཏན་འདི་རབ་ཏུ་བྱའོ། །གསོད་པའི་ལས་དེ་ལ་འདི་ནི་ཁྲོ་བོ་སྟེ་དྲག་པོ་ཆེན་པོའི་ཁྲོ་བོ་མི་བསྐྱོད་པའི་དམ་ཚིག་གོ །ནམ་མཁའི་དབྱིངས་ཐམས་ཅད་སངས་རྒྱས་བྱང་སེམས་སོགས་ཀྱིས་ཡོངས་སུ་གང་བར་རབ་ཏུ་བསྒོམས་ལ། གདུག་པའི་བསྒྲུབ་བྱ་དེ་ཡིས་དེ་རྣམས་སྟ་རེ་དང་ཐོ་བས་བསད་པར་བསམས་ནས་དྲག་ལས་རྣམས་བྱ་སྟེ། དེ་ལྟར་བྱས་ན་གསད་བྱ་དེ་མ་ཐག་ཏུ་འཆི་བར་འགྱུར་རོ། །སངས་རྒྱས་ནི་དགེ་སློང་ལ་སོགས་པའི་རབ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་ནི་ཁྱིམ་པ་སྡོམ་ལྡན་རྣམས་སོ། །དེ་རྣམས་ཀྱི་མིའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་བསྒོམས་ནས་ནི་གདུག་པའི་སེམས་དང་ལྡན་པ་དེས་བསད་པར་བསམས་ནས། དེ་ནས་དྲག་ལས་བྱས་ན་དེ་ཉིད་མྱུར་དུ་འཆི་སྟེ། ཚུལ་དེས་རྡོ་རྗེ་འཛིན་པ་རང་ཉིད་ལྟ་བུ་ཡང་འཆི་ན་གཞན་ལྟ་ཅི་སྨོས། སངས་རྒྱས་ལ་གནོད་བྱེད་ཀྱི་དགྲ་བཤད་མ་ཐག་པ་རྣམས་ནི་ལས་དེ་ལྟར་བསགས་པ་ལ་སྐྲག་ཅིང་འཇིག་པས་དཀྲུགས་པར་གྱུར་པ་ནི། སྔགས་མཁན་གྱི་ནི་མདུན་དུ་བསམས་ནས་ལས་བྱས་ན་འཆི་བར་འགྱུར་བ་གདོན་མི་ཟའོ། །གཉིས་པ་ནི། སྲིན་པོ་ཁྲོ་བོ་ནས་ངེས་པར་འཆི་ཞེས་པ་ཏེ། གནོད་མཛེས་ཀྱིས་དགྲ་བོ་མདུན་དུ་བཀུག་པ་ལ་སྲིན་པོ་དང་བྱ་རྒོད་ལ་སོགས་པ་ཁྲོ་བོ་འཚེ་བའི་བསམ་པ་ཅན་སྣ་ཚོགས་པ། གཏུམ་ཞིང་ཁྲོ་བ་མི་བཟད་པ་རྣམས་ཀྱིས་དུར་ཁྲོད་ཀྱི་གནས་དེར་ནི་བསྒྲུབ་བྱ་སྐྲག་པར་བྱས་བ་སྟེ་བཅད་ཅིང་བཏུབས་ནས་ཤ་ཁྲག་སོགས་ཟོས་པར་བསམས་ན་རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི་ན་དེ་ལྟ་ཅི་སྨོས་སོ། །འུག་པ་དང་ཁྭ་དང་བྱ་རྒོད་དང་མཆུ་རིང་བ་དང་ཝ་སྟེ་ལྕེ་སྤྱང་རྣམས་ཏེ་དེ་ཡིས་བསྒྲུབ་བྱ་དེ་ཟོས་པར་བསམས་ནས་ནི་སངས་རྒྱས་དག་ཀྱང་ངེས་པར་འཇིག་གོ །གསུམ་པ་ནི། སྤྲུལ་ནག་ནས་ངེས་པར་འཇིག་ཅེས་པ་སྟེ། ནང་ལ་གཞོལ་བས་སྤྲུལ་ནག་པོ་རབ་ཏུ་ཁྲོ་བོ་འཇིགས་བ་དག་ཀྱང་འཇིགས་པར་བྱེད་པ། གདེངས་ཀ་ལྔ་དང་ལྕེ་གཉིས་པ་མཆེ་བ་གཙིགས་པ་ཞིག་བྲིས་ནས། དེའི་དཔྲལ་བར་ཁམ་བསམས་ལ་དུག་གིས་མཆོག་གི་དམ་ཚིག་ནི་ཞེས་པ་སྒྲུབ་པ་པོའི་ཐུགས་གའི་ཧྲཱིཿའི་འོད་ཟེར་གྱིས་དུག་རིགས་དྲངས་ནས་སྤྲུལ་གྱི་དཔྲལ་བའི་ཁམ་དང་ཁར་ཞུགས་པར་བསམ་མོ། །དེ་ནས་ཀླུ་བརྒྱད་པོ་གང་རུང་བཀུག་ནས་དེ་ལ་བསྟིམས་པས་སྤྲུལ་གྱི་གཟུགས་དེ་ཁྱད་པར་དུ་འཕགས་ཤིང་འགྲོ་བར་འགྱུར་རོ། །དེ་ནས་དེ་ལ་བསྒྲུབ་བྱ་འདི་ཟོ་ཞིག་ཅེས་བསྐུལ་བས་སྤྲུལ་དེས་དེ་ཟོས་པར་བསམས་ན་ནི་ཟ་བར་འགྱུར་ཞིང་། སངས་རྒྱས་དག་ཀྱང་ངེས་པར་འཇིག་པར་འགྱུར་རོ། །བཞི་པ་ནི་ཕྱོགས་བཅུའི་ནས་དྲག་པོའང་འཆི་ཞེས་པ་སྟེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་འཚེ་བའི་ཡམས་སམ་གནོད་པར་བྱེད་པ་གཞན་རྣམས་དང་འཇིགས་པ་ཐམས་ཅད་དྲངས་ནས་འབྱུང་པོའི་གཟུགས་སུ་སྔར་ལྟར་གྱུར་པ་དེ། དགྲའི་སྟེང་དུ་ངེས་པར་དབབ་པར་བྱ་སྟེ་དེ་ལྟར་བྱེད་པ་འབེབས་པའི་མཆོག་ཏུ་འགྱུར་ཏེ། འདི་ནི་དགྲ་འདུལ་བ་ལ་བསྐུལ་བའི་མཆོག་ཡིན་ནོ། །ཡང་དགྲའི་གཟུགས་མདུན་དུ་བསམ་ནས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་ཐོ་བ་རབ་ཏུ་དྲག་པོ་ཡིས་བརྟུལ་ཞུགས་ཅན་གྱི་སྒྲུབ་པ་པོས། དགྲའི་སྙིང་ཁར་བ རྡེག་པར་བྱ་སྟེ་དེ་ལྟར་བྱས་ན་རྡོ་རྗེ་འཛིན་པའི་བཀའ་བཞིན་དུ་དགྲ་བོའི་སྲོག་ནི་མེད་པར་འགྱུར་རོ། །རྡོ་རྗེ་སྟེ་བསྒྲུབ་བྱ་དེ་སྟ་རེ་ལ་སོགས་པས་གཤིག་ཅིང་བཏུབ་པར་བསམས་ན་ནི། སྐུ་གསུམ་གྱི་ནི་མཆོག་སྦྱིན་པ་ནི་སེམས་ཅན་རབ་འབྲིང་ཐ་གསུམ་ལ་འབྲས་བུ་ཡིད་འོང་སྦྱིན་དང་། རྡོ་རྗེ་སེམས་དཔའ་སྟེ་བརྩོན་འགྲུས་བརྟན་པ་དང་། དྲག་པོ་སྟེ་སྡིག་ཆེ་བའང་འཆི་བར་འགྱུར་རོ། །ལྔ་པ་ནི། སྲུང་བ་ལ་སོགས་ནས་འདའ་དཀའ་བའོ་ཞེས་པ་སྟེ། བསྒྲུབ་བྱ་དེ་ཉིད་བསྲུང་བའི་སྲུང་བྱེད་འཁོར་ལོ་ལ་སོགས་པའི་སྔགས་རྣམས་དང་དེའི་ལྷ་རྣམས་ཀྱང་ནི་ཕུར་བུས་གདབ་པར་བྱའོ། །འདི་ནི་གཞན་གྱི་རིག་སྔགས་གཅོད་པ་དང་གསོད་པར་བྱེད་པའི་ཐབས་ཀྱི་མཆོག་སྟེ། དམ་ཚིག་ཤིན་ཏུ་འདའ་བར་དཀའ་བ་ཡིན་ནོ། །གཉིས་པ་རྫོགས་རིམས་པའི་གསང་ཆོག་ནི། རྡོ་རྗེ་ཕུང་བོས་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། རྡོ་རྗེའི་ཕུང་པོ་ནི་གཟུགས་སོགས་ཕུང་པོ་ལྔའི་བདག་ཉིད་ཅན་དུ་གྱུར་ནས་སྐྱེ་གནས་བཞིས་བསྡུས་ཅིང་ཙམ་དུ་བཅུད་ཀྱི་སེམས་ཅན་གྱི་དཀྱིལ་འཁོར་གནས་པ་རྣམས་འོད་གསལ་དུ་བཅུག་པའི་སྒོ་ནས་བཤད་པར་བྱ་ལ་རང་གི་བདག་ཉིད་དུ་གཏོགས་ཞིང་སྟེ་བསྒོམས་པའི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དུ་བསམས་ལ། བསྒྲུབ་བྱ་དེ་དགའ་བའམ་མཉེས་པར་འགྱུར་ཏེ་མི་བསྐྱོད་བའི་ཞིང་དུ་སྐྱེའོ། །གཞན་དུ་མཚོན་གྱི་བསད་པ་སོགས་ལས་དེ་ལྟར་འགྱུར་བ་ནི་མིན་ནོ། །སྟོན་པ་སངས་རྒྱས་ནི་སྐུ་རྡོ་རྗེའོ། །རྡོ་རྗེ་འཛིན་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་ཆོས་ནི་གསུང་རྡོ་རྗེའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ་བསམ་གཏན་གཉིས་ཀྱི་སྦྱོར་བས་འོད་གསལ་དུ་བསྡུས་པས་འཆི་བར་འགྱུར་རོ། །བཅོམ་ལྡན་འདས་ཁྲོོ་བོ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་འཆང་ངོ་། །དེ་ཉིད་ཁྲོོ་བོ་སྟེ་ཞེ་སྡང་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དྲུག་པ་ཕྲན་ཚེགས་ཀྱི་ལས་སྦྱོར་ལ་གསུམ། སྡུད་པ་པོའི་ཚིག་གི་སྟོན་པའི་གསུང་ལ་འཇུག་པ། རང་བཞིན་མེད་པའི་དེ་ཉིད་བསྒོམས་པས་ཞི་སོགས་ཀྱི་དངོས་གྲུབ་འབྱུང་བ་ངོ་མཚར་པར་བསྟན་པ། ལས་ཀྱི་མིང་སྒྲུབ་ཚུལ་དང་བཅས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་ནས་བཀའ་སྩལ་པ་ཞེས་པ་སྟེ། རྒྱལ་པོ་རྡོ་རྗེ་འཛིན་ཞེ་སྡང་རྡོ་རྗེའོ། །ཐམས་ཅད་ནམ་མཁའ་ཐུབ་ཆེན་པོ་ནི་སྟོང་བ་བཞི་བའི་བདག་ཉིད་ཅན་གྱི་ཐུབ་པ་ཆེན་པོའོ། །ཐམས་ཅད་དབང་བསྐུར་ནི་དྲི་མ་རྣམ་ཟད་ཅིང་འགྲུབ་པའོ། །རྫོགས་སངས་རྒྱས་ནི་དེ་མངོན་དུ་བྱས་ཤིང་ཤེས་པའོ། །ཡེ་ཤེས་རྡོ་རྗེ་ནི་མི་འཇིགས་པའི་བདག་ཉིད་ཅན་ཏེ་དེས་འདི་སྐད་ཅེས་བཀའ་སྩལ་པའོ། །གཉིས་པ་ནི། ཨེ་མའོ་ནས་སྐྱེ་བར་བསྟན་ཞེས་པ་སྟེ། ཨེ་མའོ་ནི་ངོ་མཚར་ཆེ་བའོ། །ངོ་བོ་ཉིད་ཀྱིས་དག་པ་ནི་རང་བཞིན་གྱི་གྲུབ་པ་མེད་པའོ། །རྡོ་རྗེ་ཐེག་པ་བླ་ན་མེད་ནི་རྡོ་རྗེ་ལྟ་བུའི་སྟོང་པའི་འོད་གསལ་བ་ནི་བླ་ན་མེད་པ་སྟེ། དེ་དང་ལྷའི་རྣལ་འབྱོར་སོགས་བསྒོམས་པས་རང་བཞིན་གྱིས་མ་སྐྱེས་པ་ཡི་ཆོས་རྣམས་ལ་ནི་ཐ་སྙད་དུ་རྒྱལ་བ་རྣམས་ཀྱིས། ཞེས་སོགས་ཀྱི་ལས་དང་དེའི་འབྲས་བུ་རྣམས་ཀྱི་སྐྱེ་བ་ཡོད་པར་བསྟན་ཅིང་གསུངས་སོ། །གསུམ་པ་ལ་གཉིས། སྡིག་སྦྲུལ་སོགས་ཀྱི་གཟུགས་ལ་དུག་བཅུག་པའི་གསད་ལས་དང་། དུག་གིས་ཟིན་པའི་གནས་གཞན་དང་གཞན་དུ་སྤོ་བའི་ལས་སྦྱོར་རོ། །དང་པོ་ནི། དེ་ལ་འདི་ནི་ནས་ཆོ་ག་བཞིན་དུ་བྱ་ཞེས་པ་སྟེ། འོག་ཏུ་འཆད་པ་འདི་ནི་ལས་ཕྲན་ཚེགས་ཡིན་ནོ། །འོན་ཀྱང་རྡོ་རྗེ་སྟེ་དྲག་ལས་གཅེས་ཤིང་གསང་བའོ། །མི་བསྐྱོད་པའི་ལས་རྒྱལ་མཆོག་གི་དུས་སུ་སྦྲུལ་གྱི་གཟུགས་ནི་མི་སྡུག་ཅིང་འཇིགས་པར་བྱེད་པ་འོད་ནག་པོ་འབར་བར་འཁྲུག་ཅིང་ཁྲོ་བ། ལྕེ་གཉིས་པ་མཆེ་བའི་འཕྲེང་བ་ཅན་ནི་རྡོ་རྒྱུས་དག་གམ་སོལ་བས་བྲི་ཞིང་དེ་སྦྲུལ་དངོས་གནས་སུ་བསམས་ནས་དེ་ལ། འདི་ནི་ཀླུ་ཁྲོ་བོ་བསྐུལ་བའི་སྙིང་པོ་སྟེ་ས་བོན་བསམ་པར་བྱའོ། ཁམ་ནག་པོ་ཀླུའི་ཁར་བཀོད་པ་ལས་མི་བཟང་བར་ཞི་འགྱུར་བའི་དུག་རྡོ་རྗེའི་དབུས་ན་འདུག་པར་བསམས་པའི་རྐང་བ་གཉིས་ལ་འགྲེལ་བར་བཤད་པ་མི་སྣང་ངོ་། །སྦྲུལ་དེའི་དུག་ནི་དུག་ནག་པོ་ཧ་ལ་ཧ་ལ་དང་མཚུངས་ཤིང་འདྲ་བ། སྲེག་པར་བྱེད་པའི་མེ་ལྟར་བཟོད་པར་དཀའ་བའི་ཁ་དོག་བཞིན་འབར་བ་བསྒོམས་ལ། རང་གི་སྙིང་ཀའི་ཧྲཱིཿའི་འོད་ཟེར་གྱིས་ཀླུ་ཆེན་བརྒྱད་པོ་གང་རུང་གི་རྣམ་ཤེས་བཀུག་ནས་སྤྲུལ་དེ་བསྟིམས་ནས་དེ་གཡོ་བར་བསྒོམས་ན་འགུལ་བར་གདོན་མི་ཟའོ། །དེ་ལ་འདི་ནི་དུག་ཐམས་ཅད་འབྱིན་པའི་སྙིང་པོའོ། །ཧྲཱིཿརྒྱུ་བ་དང་མི་རྒྱུ་བ་རྣམ་པ་སྣ་ཚོགས་ལས་བྱུང་པའི་ཁམས་གསུམ་སྟེ་མཆོག་འབྲིང་ཐ་མའི་སྣོད་ན་ནི་གནས་པ་ཀུན་ཧྲཱིཿདེ་ཡིས་ཁྱེར་ཞིང་དྲགས་བར་བསྒོམས་ནས་ནི། །སྦྲུལ་དེའི་ལུས་ལ་འབབ་པར་གྱུར་པར་རྣམ་པར་བསམ་པར་བྱ་སྟེ། དེ་ལྟར་བྱས་ན་སྦྲུལ་དེ་ནི་དེ་མ་ཐག་ཏུ་ཡང་མི་བཟད་དུག་གི་རྒྱ་མཚོ་ལྟ་བུར་འགྱུར་བས། དེ་ལ་མཐོང་ངམ་རེག་མ་ཐག་ཏུ་སྐྱེ་བོ་བསྒྲུབ་བྱ་ཀུན་དུག་གིས་ཟིན་ནས་འཇིག་པར་འགྱུར་བར་གདོན་མི་ཟའོ། །དེ་བཞིན་དུ་སྡིག་པ་དང་རུས་སྦལ་ལ་སོགས་བར་པ་དང་། སྦྲུལ་དང་འདྲ་བའི་སེམས་ཅན་གཞན་རྣམ་པ་སྣ་ཚོགས་དག་ལ་ཡང་སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱི་ཏེ་སྦྱོར་བ་ནི་དུག་དང་། འབྱུང་བ་ནི་དེ་དག་གི་གཟུགས་བྲི་བ་སྟེ་དེའི་མཚན་ཉིད་ལ་མཁས་པས་ཆོ་ག་བཞིན་དུ་རབ་ཏུ་བྲི་བར་བྱའོ། །གཉིས་པ་ནི། དེ་ལ་འདི་ནི་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། དེ་ལ་འདི་ནི་དུག་ཐམས་ཅད་ཀྱིས་ཟིན་པའི་གནས་གཞན་ལྷ་སྦྱིན་ནས་གཞན་མཆོད་སྦྱིན་དུ་འཕོ་བ་སྟེ་སྤོ་བའི་སྙིང་པོའོ་ༀ། མི་བསྐྱོད་པའི་ལས་སྦྱོར་གྱི་དུས་སུ་ལྟ་བ་རྡོ་རྗེ་སྟེ་ལྟ་བའི་དུག་དང་མཆེ་བའི་དུག་ལ་སོགས་པའི་དུག་དང་། གཞན་ཡང་མི་བཟད་པ་ཡི་དུག་དང་ལྡན་པའི་སེམས་ཅན་གྱི་དུག་གིས་ཟིན་པ་ལ་ལྷས་སྦྱིན་གྱི་སྦྱི་བོར་ༀ་གནས་པའི་འོད་ཀྱིས་དུག་དེ་དེད་ནས་རྐང་པའི་འོག་ཏུ་ༀ་ནག་པོ་ཞིག་ཏུ་གྱུར་པར་བསམས་ནས། ནམ་མཁའི་རྡོ་རྗེའི་དཀྱིལ་འཁོར་དུ་ནི་མཆོད་སྦྱིན་གྱི་སྙིང་ཀའི་ཁཾ་གི་སྟེང་དུ། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོའི་སྙིང་ཀའི་ཧྲཱིཿའི་འོད་ཟེར་གྱིས་རྐང་མཐིལ་ནས་དྲངས་ཏེ་འཛུད་པར་བྱེད་དོ། །བཅོམ་ལྡན་འདས་དུག་གི་དམ་ཚིག་ཆེན་པོ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ཞི་བའི་ཆོ་ག་ལ་གཉིས། བསྐྱེད་རིམ་པས་ནད་ཞི་བ་དང་། རྫོགས་རིམ་པས་ནད་ཞི་བའི་ཆོ་གའོ། །དང་པོ་ལ་གསུམ། དུག་གསོ་བའི་ཆོ་ག་ཉེ་བའི་དུག་གསོ་བའི་ཞར་ལ་འབྲས་ལ་སོགས་པའི་ནད་བསལ་བའི་ཆོ་ག ཁྱད་པར་དུ་ནད་གསོ་བའི་ཆོ་ག་ཕན་ཡོན་དང་བཅས་པའོ། །དང་པོ་ནི། དེ་ལ་འདི་ནི་དུག་སོ་བའི་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། དེ་ལ་འདི་ནི་དུག་གསོ་བའི་དམ་ཚིག་རྡོ་རྗེའི་སྙིང་པོའོ། །ཧཱུཾ་རྣམ་སྣང་གི་ལས་སྦྱོར་གྱི་དུས་སུ་རྡོ་རྗེ་ཆེན་པོའི་སྙིང་པོ་ཧཱུཾ་འདི་ནི། བསྒྲུབ་བྱ་གང་གི་རྡོ་རྗེ་ཆེན་པོའི་འོད་ཀྱི་རང་བཞིན་ཅན་ཁ་དོག་དཀར་པོར་རྣམ་པར་བསམས་པར་བྱ་སྟེ། དེའི་འོད་ཀྱི་སྤྲིན་ནི་ཤིན་ཏུ་འབར་བ་ཟླ་བའི་འོད་ཟེར་བཞིན་དུ་བསིལ་བར་བསྒོམ་མོ། །གནས་བཞི་དག་སྦྱོར་བ་ཡིས་ནི། དུག་རྐང་མཐིལ་ནས་འདོམས་དང་། དེ་ནས་ལྟེ་བ་དང་། དེ་ནས་སྙིང་ཀའི་བར་དུ་ཧཱུཾ་གི་འོད་ཀྱིས་དྲངས་ནས་ཕྱིན་པ་དང་། དེ་ནས་མགྲིན་པའི་པདྨར་ཕྱིན་པར་བསྒོམས་ན་དུག་དེ་སྟེང་དུ་དེ་མ་ཐག་ཏུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ལན་གསུམ་དུ་ནད་པ་དེ་ནག་པོའི་གཟུགས་ཅན་དུ་ལེགས་པར་བསྒོམས་ནས་དུག་དེ་སྐྱུགས་པ་དག་ཏུ་རྣམ་པར་བསམས་ན། དུག་གིས་ནམ་མཁའི་ཁམས་ཀུན་གང་བ་ཡང་དེ་མ་ཐག་ཏུ་དུག་མེད་པར་འགྱུར་རོ་ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ནི་དེ་ལ་འདི་ནི་ནས་གསང་ཆེན་ཞེས་པ་སྟེ། །དེ་ལ་འདི་ནི་ཉེ་བའི་དུག་ཐམས་ཅད་དྲང་བའི་སྙིང་པོའི་ཨཱཿདེ་ཉེ་བའི་དུག་གི་གཉེན་པོ་ཡིན་པར་མ་ཟད། འབྲས་དང་ཕོལ་མིག་དང་འབྲུམ་བུ་དང་གང་གཞན་རིམ་སོགས་ནང་དུ་བཤད་པ་རྣམས་ཀྱང་། ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་གི་བཀའ་སྩལ་པ་བཞིན་དུ་བསམས་པ་སྟེ་འཆང་བའི་བསམ་གཏན་ཙམ་གྱི་མེད་པར་འགྱུར་རོ། །ཡང་། སྣང་མཐའི་ལས་སྦྱོར་གྱི་ཚེ་པདྨ་ཆེན་པོ་འདབ་མ་བརྒྱད་པ་དཀར་པོ་ཟླ་བ་བཞིན་དུ་སྒྲིབ་པ་མེད་པ་ཞིག་ལག་པ་གཡོན་པ་དེ་ཡི་མཐིལ་གྱི་དབུས་ན་འདུག་པར་བསམས་ལ། པདྨའི་ལྟེ་བར་ཨཱཿ་ལས་འོད་ཟེར་ཁ་དོག་ལྔ་ནི་རྫོགས་པར་བསྒོམས་པའོ། །འདབ་མ་རྣམས་སུ་ཧྲིཿཡིག་གནས་པར་བསམས་ནས་ཧྲཱིཿཡིག་བརྗོད་ཅིང་། ལག་པ་གཡོན་གྱིས་བྱབས་ལ་ཧྲཱིཿའི་འོད་ཀྱིས་དུག་སོགས་དྲངས་ན་དབུས་ཀྱི་ཨཱཿལ་སྡུད་པ་སྟེ་བཅུག་ན་ནི་དམ་ཚིག་ཨཱཿདེ་ནག་པོར་སོད་བར་བསམས་ལ། ཁུ་ཚུར་གྱིས་སྡུད་པའི་ཚུལ་གྱིས་ས་འོག་ཏུ་སོང་བར་བསམ་ཞིང་བསྐུལ་བ་ན་ནི་ཁ་དོག་དཀར་པོ་འདྲ་བར་བསམ་མོ། །དེ་ནི་རྒྱུད་ནི་ཚིག་ཟིན་ལྟར་ཏེ་འགྲེལ་བར་སྡུད་བསྐུལ་གཉིས་ཀྱི་ཚེ་ཁ་དོག་གོ་བཟློག་པ་ལྟར་མཛད་དོ། །སྔར་བཤད་པའི་བསམ་གཏན་གྱི་གནས་ཀྱི་གསང་བ་འདི་ནི་ཡེ་ཤེས་དྲི་མ་མེད་པའི་གསང་ཆེན་སྦ་བར་བྱ་བ་ཡིན་ནོ། །གསུམ་པ་ནི། དེ་ལ་འདི་ནི་ནས་ཐར་བར་རྣམ་པར་བསྒོམ་ཞེས་པ་སྟེ། དེ་ལ་འདི་ནི་ཕྱིའི་མཚོན་ལ་སོགས་པའི་ནད་དང་ནང་རླུང་མཁྲིས་སོགས་ཀྱི་ནད་རྣམས་གསོ་བའི་རྡོ་རྗེའི་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་སོ། །ཛི་ན་ཛཱཀ །ཨཱཿརོ་ལིཀ །བཛྲ་དྷྲིཀ་གསུམ་མོ། །གསོ་བར་དཀའ་བའི་ནད་ཀྱི་རྡོ་རྗེ་དེ་བསྐུལ་བ་སྟེ་དབྱུང་བའི་བསམ་པ་ཡིན། སྔགས་ཀྱི་ཡི་གེའི་ཚིག་དེ་གསུམ་ལས་ནི་གང་འདོད་པ་ཞིག་དད་པས་བརྟེན་ན། འདོད་བྱའི་ཡོན་ཏན་གྱི་འབྲས་བུ་ཐོབ་པར་འགྱུར་བ་སྔགས་དེ་དང་འདྲ་བ་སྟེ་རྗེས་སུ་མཐུན་པའི་ལྷའི་གཟུགས་དེ་གསུམ་གང་རུང་ནི་བསྒོམ་པར་བྱའོ། །དེ་གསུམ་གང་རུང་གི་ལས་སྦྱོར་གྱི་དུས་སུ་རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་དང་། བསྒྲུབ་བྱའི་ལྟེ་བར་སྔགས་གསུམ་པོ་གང་རུང་འོད་ཟེར་འབར་བ་ཅན་བསམས་ལ། དམ་ཚིག་སྟེ་ནད་དེ་སྤྲེའུ་དང་འདྲ་བའམ་ཡང་ན་ཁྱི་ལས་བྱུང་བ་སྟེ་དེ་དང་འདྲ་བའི་གཟུགས་ཅན་གང་ཡང་རུང་བར་ནད་པ་རང་གི་ལུས་དང་ངག་དང་སེམས་ལ་གནས་པ་དེ་ལས་བྱུང་བ་དག་ཏུ་རྣམ་པར་བསམ་མོ། །དེ་ནས་དེ་ཉིད་རང་གི་མདུན་དུ་སྐྲག་ཅིང་རིད་པའི་གཟུགས་ཀྱིས་གནས་པ་ལ། སྔགས་གསུམ་པོ་གང་རུང་ལ་ཆོམས་ཤིག་པའི་སྤེལ་ཚིག་བཏགས་ནས་བརྗོད་ཅིང་། འཁོར་ལོའམ་རྡོ་རྗེ་ཁ་གྱེས་པ་གང་རུང་བསྒོམས་པ་རྡོ་རྗེའི་གོ་འཕང་སྟེ་ལག་པ་གཡས་ན་གནས་པར་བསམས་ལ། དེ་འཕངས་པས་ནི་བསྒྲུབ་བྱའི་ལུས་དང་ངག་དང་སེམས་ཀྱི་དམ་ཚིག་རྣམས་ཏེ་སྒོ་གསུམ་གྱི་ནད་ཐམས་ཅད་ཕྱེ་མར་བརླག་པར་བསྒོམ་པར་བྱའོ། །དེ་ནས་བརྩམས་ཏེ་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་སོགས་པ་དང་གྲགས་ཆེན་རྣམས་ནི་སྒྲུབ་པ་པོ་སྟེ། དེ་རྣམས་ཀྱི་ནད་པ་དེ་ནད་ལས་རྒྱལ་བའི་བྱིན་རླབས་ཀྱི་གོ་འཕང་དམ་པ་དག་ཐོབ་པར་འགྱུར་བ་དགྱེས་པའི་སྤྱན་གྱིས་གཟིགས་ནས་རབ་ཏུ་སྩོལ་བར་མཛད་དོ། །འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རང་ལུས་ངག་སེམས་རྡོ་རྗེེ་ལ་ནི་ནད་པའི་སྒོ་གསུམ་སྟེ། དེ་ལ་སངས་རྒྱས་སྤྲིན་ནི་རྣམ་སྣང་ཡབ་ཡུམ་གྱི་ཚོགས་དག་རྣམ་པར་བསམས་དང་། དེ་བཞིན་དུ་རྡོ་རྗེ་རྒྱལ་པོ་སྤྲིན་ཆེན་པོ་ནི་མི་བསྐྱོད་པ་དང་སྣང་མཐའ་ཡབ་ཡུམ་གྱི་ཚོགས་སྙོམས་པར་ཞུགས་པའི་བྱང་སེམས་ཀྱིས་ནད་པ་རྣམས་ནད་ལས་ཐར་བར་རྣམ་པར་བསྒོམ་པར་བྱའོ། །གཉིས་པ་རྫོགས་རིམ་པས་ནད་ཞི་བའི་ཆོ་ག་ནི་ཕྱོགས་བཅུའི་སངས་རྒྱས་ནས་འདའ་དཀའ་བའོ་ཞེས་པ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་ནི་གཟུགས་ལ་སོགས་པའི་ཕུང་བོའོ། །བློ་ལྡན་ནི་རྣམ་ཤེས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་དག་ནི་མིག་ལ་སོགས་པའོ། །ནད་པ་དེ་ལ་ཁྲོས་སྟེ་ལྡང་བར་བསམ་པ་ན་ནི། འཆི་བར་བྱེད་པ་དམ་པ་ཡིན་ཞེས་པ་འཆི་རིམ་བཞིན་དུ་འོད་གསལ་དུ་སྡུད་པའོ། །ནད་པ་འོད་གསལ་དུ་འཇུག་པའི་བསམ་གཏན་སྦྱོར་བ་འདི་དག་གིས། ནད་ཀྱི་རིགས་སོགས་ཀྱི་ལས་ལས་སྐྱེས་བུ་ཡང་སྟེ་བྱུང་བར་གང་གྲགས་པ་དང་། འབྱུང་བཞིའི་རླུང་གི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་དེ་བརྒྱ་ཕྲག་དགུ་བཟླས་པའི་སྦྱོར་བ་ཡིས་ཀྱང་ནད་དེ་ཉི་མ་བདུན་གྱིས་འཇིག་པར་འགྱུར་རོ། །ཡང་ན་བདག་གི་སྔགས་ཀྱི་ལྷའི་ང་རྒྱལ་གྱིས་ཏེ་སྒྱུ་མའི་ལུས་ཀྱི་སྦྱོར་བས་རྡོ་རྗེ་བསམ་གཏན་ནད་འཇོམས་པའི་ཆོ་ག་བསམ་པར་བྱ་སྟེ། བསྒྲུབ་བྱའི་ནད་ཞི་བའི་ཆེད་དུ་སྒྱུ་ལུས་སུ་སྒོམ་པར་བྱེད་པའོ། །བཤད་མ་ཐག་པ་འདི་ནི་ནད་རྣམས་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དྲུག་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ལྔ། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་རང་བཞིན་མེད་པར་བཤད་པའི་དགོས་པ། སྒྲུབ་པ་པོ་གཉིས་ཀྱི་རྨི་ལམ་གྱི་མཚན་མ་མཐོང་ཚུལ། དེ་ཁོ་ན་ཉིད་སྒྲུབས་པ་ལ་རྨི་ལམ་དཔེར་བཀོད་ནས་ཐེ་ཚོམ་གཅོད་པ། དེ་ལྟར་བཤད་པས་འཁོར་རྣམས་ཀྱིས་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་བཞུགས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། རྒྱལ་པོ་རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ངོ་། །ཡེ་ཤེས་ཀྱོ་བ་འོད་པོ་ཆེ་ནི་རྣམ་སྣང་ལ་སོགས་པའོ། །དེ་རྣམས་ཀྱིས་འདོད་ཡོན་ལ་བརྟེན་ན་འདོད་པའི་ཐར་བ་སྩལ་བའོ། །རྡོ་རྗེ་ཆེ་ནི་རྡོ་རྗེ་འཆང་སྟེ་དེས་གསུང་ནི་འདི་སྐད་བཀའ་སྩལ་ཏོ། །གཉིས་པ་ནི། ཆོས་རྣམས་རྨི་ལམ་ནས་རབ་ཏུ་གསུངས་ཞེས་པ་སྟེ། ཕྱི་ནང་གི་ཆོས་རྣམས་ནི་རང་བཞིན་གྱིས་མེད་པ་རྨི་ལམ་ལྟ་བུའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། རང་བཞིན་གྱིས་འོད་གསལ་ཞིང་དག་པའི་དེ་ཁོ་ན་ཉིད་ལ་རྟག་ཆད་དུ་ལྟ་བའི་འཁྲུལ་པའི་རྡོ་རྗེ་སྟེ་དེའི་གཉེན་པོ་རབ་ཏུ་གསུངས་སོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བསམ་གཏན་ནས་རྣམ་པ་གཉིས་སུ་མཐོང་ཞེས་པ་སྟེ། བསམ་གཏན་དང་བཟླས་པའི་དོན་ལ་བརྩོན་པའི་སྒྲུབ་པ་པོས་ནི་རྟག་ཏུ་མཐོང་སྟེ། །དེ་ལ་སངས་རྒྱས་ནི་ནང་ལ་གཞོལ་བ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྔགས་ལ་གཞོལ་བའོ། །བསྐྱེད་རིམ་དང་རྫོགས་རིམ་གྱི་དབྱེ་བ་རྣམ་པ་གཉིས་ཀྱིས་རྨི་ལམ་མཐོང་བར་འགྱུར་རོ། །གཉིས་པ་ལ་གཉིས། དངོས་གྲུབ་འགྲུབ་པའི་རྨི་ལམ་གྱི་མཚན་མ་མཐོང་ཚུལ་དང་། དམ་ཚིག་ཉམས་པས་རྨི་ལམ་ངན་པ་མཐོང་ཚུལ་ལོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། བཤད་པའི་དོན་བསྡུ་བའོ། །དང་པོ་ལ་བཞི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་རྨི་ལམ། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་རྨི་ལམ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་མཚན་མ་གཞན། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་མཚན་མ་གཞན་ནོ། །དང་པོ་ནི། དེ་ལ་འདི་ནི་རྨི་ལམ་ཆེན་པོའི་ནས་ཐུགས་ཀྱི་དངོས་གྲུབ་སྟེ་ཞེས་པ་སྟེ། འོག་ཏུ་འཆད་པ་འདི་ནི། འབྲས་བུ་ཆེན་པོ་སྟོན་པའི་རྨི་ལམ་ཆེན་པོའི་དམ་ཚིག་གི་གནས་ཏེ། བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པ་ནི་འོད་གསལ་དུ་ཞུགས་པར་མཐོང་བ་དང་། རྫོགས་པའི་སངས་རྒྱས་འོད་ནི་བཟང་བོར་ཏེ་ཡེ་ཤེས་ཀྱི་སྐུར་མཐོང་བ་དང་། སངས་རྒྱས་ཀྱི་རྫོགས་ལོངས་སྤྱོད་པ་ཡི་སྟེ་ལོངས་སྐུར་ཡང་དག་བདག་ཉིད་མྱུར་དུ་མཐོང་ན་དེ་རིང་པོར་མི་ཐོགས་ཐོབ་པར་འགྱུར་རོ། །སེམས་ཅན་ཆེན་པོ་ཁམས་གསུམ་པ་ནི་ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་བདག་ཉིད་མཆོད་པར་བྱེད་པ་དེས་མཐོང་བ་དང་། ཡེ་ཤེས་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འོད་མདངས་འདྲ་བའི་རང་གི་གཟུགས་མཐོང་ཞིང་། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདོད་པའི་ཡོན་ཏན་རྣམ་པ་ལྔ་རྣམས་ཀྱིས་རྟག་ཏུ་མཆོད་པར་བྱེད་པར་མཐོང་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །གཟུགས་ཆེན་དང་ནི་རྣལ་འབྱོར་བའོ། །སྐྲགས་པ་ཆེན་པོ་ནི་རིན་འབྱུང་ངམ། །རྡོ་རྗེ་ཆོས་ནི་འོད་དཔག་མེད། །གསང་བ་རྡོ་རྗེ་སྟེ་དོན་གྲུབ་ཀྱི་སྐུ་གྲགས་པ་ཆེན་པོར་རྨི་ལམ་དག་ན་རྣལ་འབྱོར་བ་རང་གི་གཟུགས་གྱུར་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོ་དང་། རྡོ་རྗེ་ཅན་སློབ་བཞིན་པའི་རྣལ་འབྱོར་བ་དང་། སངས་རྒྱས་ཆེན་པོ་སྟེ་ཉན་རང་རྣམས་ཀྱིས་རང་ལ་ཕྱག་འཚལ་བའི་རྨི་ལམ་འདི་འདྲ་བ་མཐོང་ན་མྱུར་དུ་མཆོག་འགྲུབ་པ་དང་། དེ་རྣམས་ཀྱི་གདུལ་བྱ་གཞན་དག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར་བར་མཛད་དོ། །གཉིས་པ་ནི། རྒྱན་རྣམས་ཐམས་ཅད་ནས་འཐོབ་པར་འགྱུར་ཞེས་པ་ཏེ། བསྐྱེད་རིམ་པས་ནི། མགོ་རྒྱན་ལ་སོགས་པའི་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷ་ཡི་བུ་མོ་ཡིད་དུ་འོང་བ་དང་། ཁྱེའུ་དང་བུ་མོ་ཡིད་དུ་འོང་བ་དག་རྨི་ལམ་དུ་མཐོང་ན་དེ་ནི་འཇིག་རྟེན་པའི་དངོས་གྲུབ་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །གསུམ་པ་ནི། ཕྱོགས་བཅུའི་སངས་རྒྱས་ནས་མཐོང་བར་འགྱུར་ཞེས་པ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་རང་གི་ཞིང་ན་བཞུགས་པར་ངེས་པར་མཐོང་ཞིང་དེ་རྣམས་ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་ཆོས་ཀྱི་མཛོད་གླེགས་བམ་ཡིད་དུ་འོང་བ་སྩོལ་བར་འགྱུར་བ་དང་། ཆོས་ཀྱི་འཁོར་ལོ་སྒྱུར་བ་སྟེ་ཆོས་ཀྱི་སྟན་སེངྒེའི་ཁྲི་ལ་བདག་གི་ལུས་གནས་ནས་སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྣམས་ནི། བསམ་གཏན་རྡོ་རྗེ་སྟེ་རྫོགས་རིམ་ལ་གནས་པའི་དམ་ཚིག་སྦྱོར་བ་སྒྲུབ་པ་པོས་མཐོང་བར་གྱུར་ན། དེས་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བཞི་པ་ནི། ཀུན་དགའ་ར་བ་ནས་ངེས་པར་མཐོང་ཞེས་པ་སྟེ། དཀའ་ཐུབ་ཀྱི་གནས་ཀུན་དགའ་ར་བ་དང་རྒྱལ་པོས་རྩེ་བའི་སྐྱེད་མོས་ཚལ་དང་། དེ་རྣམས་སུ་ལྷ་དང་མི་ཡི་བུ་མོ་ལ་སོགས་པས་བརྒྱན་པར་བསམ་གཏན་དམ་ཚིག་ཅན་གྱིས་མཐོང་བ་སྟེ་བསྐྱེད་རིམ་པས་རྨི་ལམ་ན། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པས་འདོད་པའི་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་ཚོགས་ཀྱིས་སྒྲུབ་པ་པོ་དེ་ལ་ནི་མངོན་པར་དབང་བསྐུར་བ་མཐོང་ཞིང་། རིག་འཛིན་རྒྱལ་པོ་ཆེན་པོ་སྟེ་དེའི་གཙོ་བོ་རྣམས་ཀྱིས་མཆོད་པར་བྱས་པར་མ ངོན་པར་ངེས་པར་མཐོང་ན་རྨི་ལམ་འབྲས་བུ་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །གཉིས་པ་དེའི་དོན་བསྡུ་བ་ནི། ཡང་གསུངས་པ་ནས་འགྲུབ་པར་འགྱུར་ཞེས་པ་སྟེ། རྡོ་རྗེ་ལས་བྱུང་ནི་དེ་བཞིན་གཤེགས་པས་བསྟན་པའོ། །སྣ་ཚོགས་པའི་རྨི་ལམ་དྲི་མ་མེད་པ་བཟང་པོ་གང་གིས་མཐོང་ན། དེ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་སྒོ་གསུམ་ལས་སྐྱེས་པའི་དངོས་གྲུབ་བླ་ན་མེད་པ་ལྷའི་སྐུ་འགྲུབ་པར་འགྱུར་རོ། །གཉིས་པ་རྨི་ལམ་ངན་པ་ནི། གདོལ་བ་ཁྱི་ཡི་ནས་འགྲུབ་པར་འགྱུར་ཞེས་པ་སྟེ། དམ་ཚིག་ཉམས་པས་གདོལ་བ་དང་ཁྱི་ཡི་སྦྱོར་ལ་སོགས་པ་ཡི་དྭགས་དང་སྤྲེེལ་བུ་ལྟ་བུ་གཟུགས་ངན་པ་རྣམས་གལ་ཏེ་རྡོ་རྗེ་བློ་ཏེ་སྒྲུབ་པ་པོས་མཐོང་ན། དེ་ནི་རྡོ་རྗེེ་སེམས་དཔའ་ལྟ་བུ་བརྩོན་འགྲུས་བརྟན་པ་ཡིན་ཡང་སེམས་ཀྱི་གནས་ཏེ་ངན་འགྲོའི་ལུས་ནི་འགྲུབ་པར་འགྱུར་རོ། །ཤནྟི་པས་ནི་འདི་རྨི་ལམ་བཟང་བའི་རྟགས་སུ་བཤད་དོ། །བཞི་བ་རྨི་ལམ་གྱི་དཔེས་ཐེ་ཚོམ་གཅོད་པ་ལ་གཉིས། དཔེས་སྤྱི་དོན་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་དང་། དེས་ཐུན་མོང་མ་ཡིན་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་གཉིས། རྨི་ལམ་གྱི་དཔེས་ཆོས་རྣམས་རང་གི་མཚན་ཉིད་ཀྱི་གྲུབ་པ་སྟོང་པར་བསྟན་པ་དང་། དེ་ལ་བྱ་བྱེད་མི་རུང་བར་འཛིན་པའི་ལོག་རྟོག་བསལ་བའོ། །དང་པོ་ནི། དེ་ལ་འདི་ནི་རྨི་ལམ་ནས་ཆོས་ཉིད་མེད་པའོ་ཞེས་པ་སྟེ། དེ་ལ་འཆད་པ་འདི་ནི་རྨི་ལམ་རྣམ་པར་དཔྱད་པའི་དམ་ཚིག་སྟེ་རྨི་ལམ་ལ་བརྟེན་ནས་དེ་ཁོ་ན་ལ་དཔྱད་པས་ཐེ་ཚོམ་གཅོད་པའི་སྙིང་པོའི་ཚིག་གོ །རང་སེམས་རྣམས་ནི་དམིགས་པ་ལ་ཞེས་པ་སོགས་ལ་དམིགས་ནས་རང་བཞིན་གྱི་གྲུབ་མ་གྲུབ་དཔྱད་ནས་མ་གྲུབ་པར་ཤེས་པའོ། །དེ་བཞིན་དུ་སད་དུས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང་སེམས་ཀྱིས་བཏགས་པ་ཙམ་ལས་གཞན་དུ་མ་གྱུར་པར་རབ་ཏུ་གནས་སོ། །ནམ་མཁའ་རྡོ་རྗེའི་གནས་སེམས་འདི་ཞེས་པའི་ནམ་མཁའི་རྡོ་རྗེ་ནི་རང་བཞིན་གྱིས་སྟོང་པ་སྟེ་དེ་ལ་གནས་པའི་སེམས་ཉིད་ཀྱང་རབ་བཞིན་གྱིས་སྟོང་སྟེ། ཆོས་ཅན་དངོས་པོའི་ཆོས་རྣམས་རང་བཞིན་གྱིས་མེད་པ་དེ་རྣམས་ཀྱི་ཆོས་ཉིད་བདེན་སྟོང་ཀྱང་རང་བཞིན་གྱིས་མེད་པའོ། །གཉིས་པ་ལ་གཉིས། རང་བཞིན་གྱིས་སྟོང་པ་ལ་རྒྱུ་འབྲས་ཀྱི་བྱ་བྱེད་འཇོག་པ་འགལ་བར་ཞུས་པ་དང་། དེ་གཉིས་མི་འགལ་བ་དེ་བཞིན་གཤེགས་པའི་དགོངས་པ་ཡིན་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ནས་ནམ་མཁའ་བསྒོམ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་དེ་སྐད་བཤད་པ་དེ་ལ་ངོ་མཚར་དུ་གྱུར་པ་ནི་རྨི་ལམ་དང་། རྨད་དུ་གྱུར་པ་ནི་དེའི་འབྲས་བུ་འབྱུང་བ་ཡོད་པ་ངོ་མཚར་དུ་ཆེ་བའོ། །དེ་ལྟར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་གི་ཐེ་ཚོམ་གཅོད་པ་ནི་རྡོ་རྗེ་སེམས་དཔའ་ལ་ཞུས་པ། བཤད་པའི་དོན་འདི་ཅི་ཞིག་ལགས་ནི་འདི་དཀའ་བ་ཞིག་སྟེ་ཇི་ལྟར་ལགས། དཀའ་ཚུལ་ནི་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་མང་བ་ཞིག་ལ་ཡང་། ཆོས་ཀྱི་དེ་ཉིད་དེ་དེའི་འབྲས་བུ་འབྱུང་བའི་རྒྱུ་འབྲས་མི་སླུ་བར་ཀུན་ཏུ་བཤད་པ་འདི་ཨེ་མའོ་ངོ་མཚར་ཆེན་པོ་ལས་བྱུང་བ་སྟེ། རྒྱུ་འབྲས་ཀྱི་རྟེན་བརྟེན་པ་ནི་ནམ་མཁའ་གཞིར་བྱས་པ་ལ་བརྟེན་ནས་ནི་ནམ་མཁའ་བསྒོམ་པ་སྟེ་དེ་སྐྱེ་བ་དང་འདྲའོ། །གཉིས་པ་ལ་གཉིས། ནམ་མཁའི་དཔེས་རང་བཞིན་མེད་པའི་སྟོང་ཉིད་ཆོས་ཅན་ཀུན་ལ་ཁྱབ་པར་བསྟན་པ་དང་། དེས་དུ་མ་རོ་གཅིག་གི་དོན་བསྟེན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས་རྗེས་སུ་རྟོགས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་དེ་བཞིན་གཤེགས་པས། འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས། ནམ་མཁའ་ནི་སྣམ་བུ་དང་ག་བུར་ལ་སོགས་པའི་ཆོས་གང་དང་ཡང་དབྱེར་མེད་གཅིག་ཏུ་མི་ལྡན་ཏེ། དེ་གཉིས་སོ་སོར་སྣང་བའི་ཕྱིར་རོ། །དེ་གཉིས་ངོ་བོ་གཅིག་ཏུ་མི་ལྡན་པ་ཡང་མ་ཡིན་ཏེ། དེ་ཐམས་ཅད་ནམ་མཁའི་ཁམས་སུ་གཏོགས་པའི་ཕྱིར་རོ། །འོན་ཀྱང་ནམ་མཁའ་དེས་ནི་ང་ཆོས་ཐམས་ཅད་དུ་ཁྱབ་ཅིང་གཏོགས་པ་ཆོས་ཐམས་ཅད་ཀྱི་རྗེས་སུ་བལྟ་བ་སྟེ་འགྲོའོ་སྙམ་དུ་མི་སེམས་སོ། །སྔ་མ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་རྣམས་རྨི་ལམ་ལྟ་བུ་སྟེ་རྣམ་པ་དང་། རྨི་ལམ་གྱི་དམ་ཚིག་ལས་བྱུང་བ་དེའི་འབྲས་བུ་འབྱུང་བར་རྗེས་སུ་རྟོགས་པར་བྱའོ། །དཔེ་དོན་སྦྱོར་ཚུལ་བདུན་ནམ་མཁའ་དང་སྣོད་བཅུད་ཀྱི་ཆོས་རྣམས་གཅིག་མིན་ཞིང་ངོ་བོ་ཐ་དད་ཀྱང་མིན་པ་དང་། ནམ་མཁའ་དེ་རྣམས་ལ་ཁྱབ་པ་ལྟར་དེ་རྣམས་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་ཀྱིས་དེ་དག་ལ་ཁྱབ་པ་དེ། དེ་ལྟར་ཁྱབ་ཀྱང་ནམ་མཁའ་ལ་རང་ཉིད་ཆོས་དེར་ཁྱབ་པའོ་སྙམ་པའི་ང་རྒྱལ་མེད་པ་ལྟར་རང་བཞིན་གྱི་སྟོང་པ་ཆོས་ཀུན་ལ་ཁྱབ་ཀྱང་དེ་ལ་ཁྱབ་པའོ་སྙམ་པའི་ང་རྒྱལ་མེད་པ་སྟེ། གཉིས་སྣང་ཉེ་བར་ཞི་བའི་དོན་ནོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས་ངོ་བོ་ཉིད་མེད་པའོ་ཞེས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན། ནམ་མཁའ་མིག་གི་གཟུང་བྱའི་ཡུལ་དུ་བསྟན་དུ་མེད་ཅིང་མིག་ལ་སོགས་པའི་དབང་པོས་བལྟ་བྱར་མི་སྣང་བ་དང་། རྩིག་པ་སོགས་ལ་ཐོགས་པ་མེད་པ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དེ་ལྟར་རྗེས་སུ་རྟོགས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ་དཔེར་ན། ལུས་དང་ངག་དང་སེམ་དང་ཆོས་ཐམས་ཅད་བརྗོད་བྱའི་ཡུལ་ལ་རྡོ་རྗེ་ལྟར་མི་བཟློག་པར་གནས་པའི་དམ་ཚིག་སྟེ་དེ་ལས་མི་འདའ་བ་ནི། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཁྱབ་ལ། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་ངོ་བོ་ཉིད་དུ་གཅིག་པ་སྟེ་མཚུངས་པའི་ཕྱིར་ཏེ་འདི་ལྟ་སྟེ། སྔར་སེམས་རང་བཞིན་གྱིས་སྟོང་པའི་ངོ་བོ་ཉིད་བསྟན་པ་བཞིན་ནོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པས་མཚོན་པའི་ཆོས་རྣམས་དང་། ནམ་མཁའི་ཁམས་དེ་དག་ངོ་བོ་གཉིས་སུ་མེད་ཅིང་བློ་གཉིས་དེ་གཉིས་སུ་བྱར་མེད་དོ། །འདིས་ནམ་མཁའ་ཐོགས་པའི་རེག་བྱ་བཀག་ཙམ་ལ་འཇོག་པ་ལྟར། ཆོས་ཅན་སོ་སོ་བའི་ཆོས་རྣམས་ཀྱི་ཆོས་ཉིད་དེ་བདེན་གྲུབ་བཀག་ཙམ་འཇོག་བར་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ་དཔེར་ན། སེམས་ཅན་ཐམས་ཅད་ཀྱང་ནམ་མཁའི་ཁམས་ལ་གནས་ཏེ་ནམ་མཁའི་ཁམས་དེ་ནི་འདོད་པའི་ཁམས་ན་ངོ་བོས་གྲུབ་པའི་ཚུལ་གྱི་གནས་པ་ཡང་མ་ཡིན། དེ་ལྟར་གཟུགས་ཀྱི་ཁམས་ན་གནས་པ་ཡང་མ་ཡིན། གཟུགས་མེད་པའི་ཁམས་ན་གནས་པ་ཡང་མ་ཡིན་ཏེ། རྟེན་དང་བརྟེན་པར་ངོ་བོས་གྲུབ་པ་མེད་པའི་ཕྱིར་རོ། །ཆོས་གང་ཁམས་གསུམ་ན་རང་བཞིན་གྱིས་མི་གནས་པ་དེ་ནི་རང་བཞིན་གྱིས་སྐྱེ་བ་མེད་དོ། །གང་ལ་རང་བཞིན་གྱིས་སྐྱེ་བ་མེད་པའི་ཚུལ་འདི་ནི། རྟོག་བྱེད་ཀྱི་ཆོས་གང་གིས་ཀྱང་དོན་དམ་པར་བརྟགས་ཤིང་འཇོག་པར་མི་ནུས་སོ། །དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་ངོ་བོ་ཉིད་མེད་པའོ། །གཉིས་པ་ལ་བཞི། སྒྱུ་མའི་ཡེ་ཤེས་ཀྱི་སྐུ་འབྱུང་བའི་གནས་བསྟན་པ། ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུས་ཁྱབ་པར་བསྟན་པ། སྒྱུ་མའི་སྐུའི་ངོ་བོ་ཉིད་བསྟན་པ། དངོས་གྲུབ་རྣམ་པ་གཉིས་བདེན་གཉིས་གང་དུ་གནས་བསྟན་པའོ། །དང་པོ་ནི། ཀྱེ་བཅོམ་ལྡན་འདས་ནས་རྡོ་རྗེའི་གནས་ཡིན་ནོ་ཞེས་པ་སྟེ། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་སེམས་སྔར་བཤད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་སྒྱུ་མའི་སྐུ་འབྱུང་བའི་རྡོ་རྗེའི་གནས་བྱེད་པ་དེ་ཁོ་ན་ཉིད་བསྒོམ་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་། ལུས་ལ་སྟེ་འདོད་ཁམས་སུ་མི་གནས། ངག་ལ་སྟེ་གཟུགས་ཁམས་སུ་མི་གནས། །སེམས་ལ་སྟེ་གཟུགས་མེད་ཁམས་སུ་སྔར་ལྟར་མི་གནས་སོ། །ཆོས་གང་ཁམས་གསུམ་ན་རང་བཞིན་གྱི་མི་གནས་པ་དེ་ལ་རང་བཞིན་གྱིས་སྐྱེ་བ་མེད་དོ། །དེ་ལྟར་ཤེས་པ་འདི་ནི་ཡེ་ཤེས་ཀྱི་སྐུ་འབྱུང་བའི་རྡོ་རྗེའི་གནས་ཡིན་ནོ། །གཉིས་པ་ནི། ཀྱེ་བཅོམ་ལྡན་འདས་ནས་རྗེས་སུ་རྟོགས་པར་བྱའོ་ཞེས་པ་སྟེ། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་དེ་ནི་བདག་གིས་ཁམས་གསུམ་གསུམ་སྟེ་རབ་འབྲིང་ཐ་གསུམ་པ་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །རྨི་ལམ་རྨི་མཁན་གྱི་མི་ཡང་བདག་གི་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །འོན་ཀྱང་རྨི་ལམ་དང་དེའི་འབྲས་བུ་འབྱུང་བའི་རྟེན་འབྲེལ་འཐད་དོ། །དེ་ལྟར་ཁམས་གསུམ་གྱི་བྱ་བ་སྟེ་སེམས་ཅན་རབ་འབྲིང་ཐ་གསུམ་གྱི་སད་དུས་ཀྱི་དགེ་མི་དགེའི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུ་དང་། རྨི་ལམ་དང་འདྲ་བར་མི་བདེན་ཀྱང་རྒྱུ་ལས་འབྲས་བུ་འབྱུང་བ། རྨི་ལམ་ལས་བྱུང་བ་བརྫུན་པའི་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཇི་སྙེད་པ་རྣམས་དང་། སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་རྨི་ལམ་དུ་ཤར་བའི་གང་ཟག་ལ་ངར་འཛིན་པའི་བདག་མེད་པའི་གནས་སུ་རྗེས་སུ་སྟེ་དེ་དང་འདྲ་བར་རྟོགས་པར་བྱའོ། །གསུམ་པ་ནི། བཅོམ་ལྡན་ནས་རྗེས་སུ་རྟོགས་པར་བྱའོ་ཞེས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ་དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་དགོས་འདོད་རྣམས་འབྱུང་བས་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་ཐམས་ཅད་དང་ལྡན་པ་གང་ཡིན་པ་དེ་ལ་སེམས་ཅན་གང་དག་གིས་གསོལ་བ་བཏབ་ནས་གསེར་རམ་རིན་པོ་ཆེ་དངུལ་ཡང་རུང་སྟེ་གང་བསླངས་པ་དེ་དག་ཐམས་ཅད་བསམ་པ་ཙམ་གྱི་འབྱོར་བར་བྱེད་དེ། རིན་པོ་ཆེ་གསེར་ལ་སོགས་པ་དེ་དག་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན། གསོལ་བ་འདེབས་པའི་སེམས་ཅན་གྱི་སེམས་ལ་ཡང་མི་གནས་ཤིང་མ་བྱུང་ལ། ཡིད་བཞིན་གྱི་ནོར་བུ་ལ་ཡང་མི་གནས་ཤིང་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བོས་ནས་ཕྱི་ནང་གི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་རང་རང་གི་རྒྱུ་ལས་འབྱུང་བ་སྒྱུ་མ་དང་འདྲ་བའི་ཚུལ་དེ་ལྟར་རྗེས་སུ་རྟོགས་པར་བྱའོ། །བཞི་པ་ལ་གསུམ། འཁོར་གྱིས་ཞུས་པ་དང་། སྟོན་པས་དེའི་ལན་མཛད་པ་དང་། ཁྱད་པར་དུ་རྡོ་རྗེ་འཆང་གི་དངོས་གྲུབ་ལ་ཞུས་ལན་མཛད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་དེ་དག་གང་ལ་གནས་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་དེ་དག་ཐམས་ཅད་རབ་ཏུ་དགྱེས་པའི་སྦྱན་གདངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་གང་ནམ་མཁའི་ཁམས་ཀྱི་རྗེས་སུ་འབྲང་བའི་ཆོས་ཐམས་ཅད་ལ་ཞེས་པ་ནམ་མཁའ་དང་འདྲ་བར་བདེན་སྟོང་དུ་རོ་གཅིག་པས་ཁྱབ་པའི་ཆོས་ཐམས་ཅད་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་ལུས་དེའི་རྗེས་སུ་འབྲང་བ་དེ་ངོ་མཚར་ཏོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཁྱེད་ཀྱི་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་མདོར་བསྡུས་ཏེ་གསུངས་པ་འཕྲེང་བའི་སྔགས་ལ་སོགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ་བསམ་གཏན་གྱི་འབྲས་བུ་མདོར་བསྡུས་པའི་ཚོགས་བཤད་པའི་དངོས་གྲུབ་དེ་དག་གང་ལ་གནས་ལགས། གཉིས་པ་ལ་གསུམ། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པས་གང་ཡང་མི་གནས་པར་བསྟན་པ་དང་། ཀུན་རྫོབ་ཏུ་རང་གི་སྒོ་གསུམ་ལ་བརྟེན་ནས་འབྱུང་བ་དང་། དེ་ལྟར་ན་འོད་དངོས་གྲུབ་དང་དེའི་གཞི་བསམ་གཏན་རྣམས་བདེན་པར་ཡོད་པ་དགག་པའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ནི་སྒྲུབ་པ་པོའི་སྐུ་དང་གསུང་དང་ཐུགས་ཏེ་སྒོ་གསུམ་ལ་དོན་དམ་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་གསུང་ནས་ལན་སྦས་པའི་དགོངས་པ་ནི་དོན་དམ་པར་མེད་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། འོན་ཀྱང་ནས་རྡོ་རྗེ་ལ་ནི་གནས་སོ་ཞེས་པ་སྟེ། དོན་དམ་པར་མེད་པ་ཡིན་མོད་འོན་ཀྱང་ཀུན་རྫོབ་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དང་། སངས་རྒྱས་ཡོན་ཏན་གྱི་ཆོས་ཐམས་ཅད་བདག་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་ནི་བརྟེན་ནས་འབྱུང་ཞིང་གནས་པར་འགྱུར་རོ། །གསུམ་པ་ནི། ལུས་དང་ནས་ངོ་བོ་ཉིད་དག་པའི་ཕྱིར་ཞེས་པ་སྟེ། ལུས་དང་ངག་དང་སེམས་རྡོ་རྗེ་དེ་དག་ཇི་སྐད་དུ་ཡོད་ཀྱང་དོན་དམ་པར་འདོད་པའི་ཁམས་ན་མི་གནས་གཟུགས་ཀྱི་ཁམས་ན་མི་གནས་གཟུགས་མེད་པའི་ཁམས་ན་མི་གནས་ཤིང་། དོན་དམ་པར་སེམས་ཀྱང་ལུས་ལ་མི་གནས་ལུས་ཀྱང་སེམས་ལ་མི་གནས་དག་ཀྱང་སེམས་ལ་མི་གནས་སེམས་ཀྱང་དག་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལྟར་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར་རོ། །གསུམ་པ་ཁྱད་པར་དུ་རྡོ་རྗེ་འཆང་གི་དངོས་གྲུབ་ལ་ཞུས་ལན་མཛད་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས་གང་ན་ཡང་མི་གནས་སོ་ཞེས་པ་སྟེ། དེ་ནས་འཁོར་དེ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རྡོ་རྗེ་འཆང་ཉིད་གང་ན་གནས་གང་ནས་བྱུང་ལགས། དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་བ། རང་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལས་བྱུང་སྟེ་འབྲས་བུའི་ས་ནས་གནས་སོ། །འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ། ལུས་ངག་སེམས་གསུམ་གྱི་ནང་ནས་རྩ་བ་སེམས་དེ་གང་ན་གནས་ལགས། །བཀའ་སྩལ་པ། ནམ་མཁའ་སྟེ་རང་བཞིན་གྱིས་སྟོང་པ་ལ་གནས་སོ། །གསོལ་པ། ནམ་མཁའ་ལྟ་བུའི་རང་བཞིན་གྱིས་སྟོང་པ་དེ་གང་ལ་གནས་ལགས། བཀའ་སྩལ་པ། དེ་ནི་ངོ་བོ་ཉིད་ཀྱིས་གང་ན་ཡང་མི་གནས་སོ། །ལྔ་པ་དེ་ལྟར་བཤད་པས་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བ་ནི། །དེས་ནས་སངས་རྒྱས་དང་ནས་འཁོད་པར་གྱུར་ཏོ་ཞེས་པའི་བར་ཏེ། དེ་ནས་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་ལ་ངོ་མཚར་དུ་གྱུར། །འབྲས་བུ་ལ་རྨད་དུ་གྱུར་ནས་ངང་གི་སེམས་ཀྱི་ཆོས་ཉིད་ལ་གནས་ནས་སྟོན་པས་གསུངས་པའི་དོན་ལ་སེམས་ཤིང་། ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནས་བཅོ་ལྔ་པའོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། སེམས་ཅན་ཐམས་ཅད་ཀྱི་སེམས་བདེན་པས་སྟོང་པའི་བདག་ཉིད་ཅན་ལས་འདའ་བར་མི་བྱ་བའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེའི་སྙིང་པོ་དང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་སོ། །དེ་སྒྲུབ་པ་པོའི་རྒྱུད་ལ་རྡོ་རྗེ་སྟེ་རྒྱུན་ཆགས་པར་འབྱུང་བར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའི་འགྲེལ་པའོ།། །།༈ བཅུ་དྲུག་པ་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་གསུམ། དཀྱིལ་འཁོར་གྱི་དང་། དངོས་གྲུབ་ཀྱི་དང་། སྤྱོད་པའི་ཆོ་གའོ། །དང་པོ་ལ་གཉིས། དཀྱིལ་འཁོར་ཉན་པའི་བསམ་པས་གསོལ་བ་གདབ་ཅིང་མཆོད་པ་དང་། གསོལ་བ་བཏབ་པའི་དོན་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས་མཆོད་པར་བྱས་སོ་ཞེས་པའི་བར་ཏེ། དེ་ནས་བཅོམ་ལྡ་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དགོངས་པ་གཅིག་ཏུ་འདུས་བར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་ལེའུ་བཞི་བར་གསུངས་པའི་དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་སོགས་ཀྱིས་གསོལ་བ་བཏབ་ནས། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་མཆོད་པའི་ཚོགས་ཀྱིས་མཆོད་པར་བྱས་སོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་སོ་སོའི་དང་། ཐུན་མོང་བའི་ཆོ་གའོ། །དང་པོ་ལ་གསུམ། སྐུ་དཀྱིལ་གྱི་དང་། གསུང་དཀྱིལ་གྱི་དང་། ལྷ་ལྷག་མ་རྣམས་ཀྱི་ཆོ་གའོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ཏིང་ངེ་འཛིན་སྔོན་དུ་བཏང་ནས་དཀྱིལ་འཁོར་བཤད་པར་དམ་བཅའ་བ། །དེ་ཉིད་བསྡུས་པའི་ཆོགས་རྟེན་གྱི་དཀྱིལ་འཁོར་བྲི་བ། དེ་ལ་བརྟེན་པའི་ལྷ་ལུས་དང་ཡིད་ཀྱི་བྲིས་ཏེ་དགོད་པ། སྒྲུབ་ཅིང་མཆོད་པ་དོན་བསྡུ་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་རབ་ཏུ་བཤད་པར་བྱ་ཞེས་པ་སྟེ། དེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་ཉོན་མོངས་པས་མི་འཇིག་པས་ན་སེང་གེའི་དམ་ཚིག་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་སྐུ་རྣམ་སྣང་གི་དཀྱིལ་འཁོར་འདི་སངས་རྒྱས་ཐམས་ཅད་དེ་སྒྲུབ་པ་པོ་རྣམས་ཀྱི་དགོངས་པ་གྲུབ་པ་ནི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ནས་སྐུ་ཡི་དཀྱིལ་འཁོར་མཆོག་གི་རྣམ་སྣང་གི་དཀྱིལ་འཁོར་ཆེན་པོའོ། །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ་ནི་སྐུ་དཀྱིལ་དེ་ཡང་ལེའུ་བཞི་པར་བཤད་པའི་ཐུགས་དཀྱིལ་དང་འདྲ་བའོ། །དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་ནི་དཀྱིལ་འཁོར་དེ་ནི་རྒྱུད་སྡེ་འོག་མའི་དཀྱིལ་འཁོར་ལས་མཆོག་ཏུ་གྱུར་པ་སྟེ། དེ་ཉིད་ལེགས་པར་རབ་ཏུ་བཤད་པར་བྱའོ། །གཉིས་པ་ནི། ཁྲུ་ནི་བཅུ་དྲུག་ནས་ཆོ་གས་བྲི་བར་བྱ་ཞེས་པ་སྟེ། དཀྱིལ་འཁོར་དེ་ནི་ལོགས་རེ་རེ་ལ་ཁྲུ་བཞི་བཞི་སྟེ་ཁྱོན་ཁྲུ་ནི་བཅུ་དྲུག་གི་ཚད་དུ་བྱ་ཞིང་། ཕྱི་དཀྱིལ་ནི་གྲུ་བཞི་ལྷམ་པ་རབ་ཏུ་མཛེས་པའོ། །དེས་སྒོ་བཞི་ལ་སོགས་པ་ཡང་མཚོན་ནོ། །དཀྱིལ་འཁོར་དེ་ནི་སངས་རྒྱས་ཀུན་གྱི་བསྔགས་པའི་དཀྱིལ་འཁོར་ཏེ། སྐུ་ཡི་རྡོ་རྗེ་རྣམ་སྣང་གཙོ་བོ་ཉིད་དུ་རབ་ཏུ་གནས་སོ། །དཀྱིལ་འཁོར་དེའི་ནང་དུ་འཁོར་ལོ་ནི་སྟེ་ཟླུམ་པོར་བསྐོར་བ་ལ་འཁོར་ལོའི་འཕྲེང་བས་བརྒྱན་པའི་དཀྱིལ་འཁོར་ནང་མ་བྱའོ། །རྡོ་རྗེའི་ཆོ་གས་བྲི་བར་བྱ་ནི། དེ་ཉིད་བསྡུས་པ་ནས་འབྱུང་བའི་ཐིག་གདབ་པའི་ཆོ་གས་བྲི་བར་བྱའོ། །གསུམ་པ་ནི། སྔགས་རྣམས་ཀུན་གྱི་ནས་སྒོར་བྲིའོ་ཞེས་པ་སྟེ། སྔགས་རྣམས་ཀུན་གྱི་གསང་བ་མཆོག་ནི་སྔགས་ཀྱི་ལྷའི་སྐུའོ། །དེ་རྣམས་ཀྱིི་དབུས་སུ་རྣམ་པར་སྣང་མཛད་གནས་པ་དེའི་ཕྱག་རྒྱ་རྡོ་རྗེ་སྤྱན་མ་རྣམ་སྣང་བསྐྱེད་པའི་གནས་སུ་དགོད་པར་བྱ་ལ། མི་བསྐྱོད་པ་ལ་སོགས་པ འང་ཤར་ལ་སོགས་པའི་གནས་སུ་བྲིའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག་གྲྭ་རྣམས་ཀུན་ཏུ་དགོད་པར་བྱ་ཞིང་། ལྷ་མོ་ལྔ་སྟེ་ཤར་ལྷོ་ལ་སོགས་པའི་མཚམས་སུ་རེག་རྡོ་རྗེ་མ་ལ་སོགས་པ་རྣམས་དགོད་པའི། །སྟོབས་ཆེན་ཕ་རོལ་གནོན་པའི་ཁྲོ་བོ་རྣམས་ཀྱང་སྒོར་བྲིའོ་གཤིན་རྗེ་གཤེད་ལ་སོགས་པ་བཞི་སྒོ་དང་གཞན་དྲུག་མཚམས་དང་སྟེང་འོག་ཏུ་བྲིའོ། །ཤུགས་བསྟན་རྡོ་རྗེ་མ་བཞི་དང་སེམས་དཔའ་རྣམས་ཀྱང་རང་རང་གི་གནས་སུ་བྲི་བར་བྱའོ། །བཞི་པ་ནི། རྡོ་རྗེ་གསང་བ་ནས་སྐུའི་དཀྱིལ་འཁོར་ཞེས་པ་སྟེ། རྡོ་རྗེ་གསང་བ་སྟེ་རྡོ་རྗེ་པདྨ་མཉམ་པར་སྦྱོར་བའི་རང་གི་ཕྱག་རྒྱ་དང་བཅས་པ་རབ་ཏུ་བསྒོམས་པའི་སྒོ་ནས་མཆོད་པ་སྔགས་ཀྱི་ཆོ་ག་ཤེས་པ་ཡིས་བྱའོ། །འདི་ནི་སྔགས་རྣམས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་མཆོད་བྱེད་པའི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །གཤང་དང་གཅི་བ་ལ་སོགས་པ་ན ི་བདུད་རྩི་ལྔ་སྟེ། དེ་ནི་སྐུ་དཀྱིལ་འདིར་བྱེ་བྲག་ཏུ་ནི་ངེས་པར་དབུལ་ལོ། །བདུད་རྩི་ལྔ་བཟའ་བ་འདི་ནི་སྐུ་དཀྱིལ་གྱི་སྔགས་ཀྱི་སྒྲུབ་པ་པོ་རྣམ་ཐམས་ཅད་ཀྱི་སྐུ་ཡི་རྡོ་རྗེ་ལས་བྱུང་བའི་དམ་ཚིག་གོ །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་རོ། །གཉིས་པ་གསུང་དཀྱིལ་ལ་བཞི། སྡུད་པ་པོའི་ཚིག་གིས་ཏིང་ངེ་འཛིན་སྔོན་དུ་བཏང་ནས་དཀྱིལ་འཁོར་བཤད་པར་དམ་བཅའ་བ། རྟེན་གྱི་དཀྱིལ་འཁོར་རྫོགས་པར་བྲི་བ། དེར་ལུས་དང་ཡིད་ཀྱི་ལྷ་དགོད་པ། གྲུབ་ཅིང་མཆོད་པ་དོན་བསྡུ་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་རབ་ཏུ་བཤད་པར་བྱ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་དམ་ཚིག་སྤྲིན་ཞེས་པ་ནི་འོད་དཔག་མེད་ཀྱི་དཀྱིལ་འཁོར་པ་རྣམས་སོ། །བཀོད་པ་དེ་སྟོན་པར་དགོངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་རྡོ་རྗེ་འོད་དཔག་མེད་ཀྱི་དཀྱིལ་འཁོར་གྱི་གསང་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེེ་ལས་ཕྱུང་ངོ་། །དེ་ནས་གསུང་གི་དཀྱིལ་འཁོར་མཆོག་ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ་དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་དེ་ལེགས་པར་རབ་ཏུ་བཤད་པར་བྱ་བ་ནི་སྔར་ལྟར་རོ། །གཉིས་པ་ནི། ཁྲུ་ནི་ཉི་ཤུ་ནས་ཀུན་ཏུ་བྲི་བར་བྱ་བ་ཞེས་པ་སྟེ། ངོས་བཞི་རེ་རེར་ཁྲུ་ནི་ལྔ་ལྔ་སྟེ་ཉི་ཤུའི་ཚད་དུ་བྱ་ཞིང་། ཕྱི་དཀྱིལ་གྲུ་བཞི་ལྷམ་པ་ཆོ་ག་སྔར་བཤད་པ་བཞིན་དང་། གྲུ་བཞི་བ་ལ་སྒོ་བཞི་བར་རྡོ་རྗེེ་སྟེ་དཀྱིལ་འཁོར་བསྒོམས་པས་ཐིག་གདབ་བར་བྱའོ། །དེའི་དབུས་སུ་འཁོར་ལོ་ཆེན་པོ་ནི་དཀྱིལ་འཁོར་ནང་མ་ཟླུམ་པོར་ཀུན་ཏུ་བྲི་བར་བྱ་སྟེ་པདྨས་བརྒྱན་པར་བྱའོ། །གསུམ་པ་ནི། མདོ་རུ་ཕྱག་རྒྱ་ནས་དགོད་པར་བྱ་ཞེས་པ་སྟེ། མདོ་རུ་ནི་བསྡུས་ཏེ་བསྟན་ན་གསུང་དཀྱིལ་དེར་ལྷ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཆོ་ག་བཞིན་དུ་རྫོགས་པར་བྲི་བར་བྱ་ལ། གོས་དཀར་པོ་དང་བཅས་པའི་ཚེ་དཔག་མེད་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ནི་དཀྱིལ་འཁོར་དེ་ཡི་དབུས་སུ་བཞག་པར་བྱའོ། །རྡོ་རྗེའི་གནས་མཆོག་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ་བཀོད་པའི་ལྷ་ཐམས་ཅད་ཀྱང་གསུང་དཀྱིལ་དུ་ཡོངས་སུ་དགོད་པར་བྱའོ། །བཞི་པ་ནི། ཡོངས་སུ་གསལ་བར་ནས་གསུང་གི་དཀྱིལ་འཁོར་ཞེས་པ་སྟེ། རྒྱུད་ལས་བཤད་པའི་ཆོ་ག་བཞིན་དུ་དཀྱིལ་འཁོར་དམ་པ་ཡོངས་སུ་གསལ་བར་བསྒྲུབས་པར་བྱས་ནས་ནི། །དེ་ནས་དབང་པོ་གཉིས་མཉམ་པར་སྦྱོར་བའི་གསང་བའི་མཆོད་པ་སོགས་མཆོད་པ་རྣམས་བྱའོ། །དེ་ལྟར་བྱས་ན་འོན་ཏང་རྡོར་རྗེ་ཅན་དཀྱིལ་འཁོར་བའི་ལྷ་དག་མཉེས་པར་འགྱུར་རོ། །བཤང་གཅི་ཁུ་བའི་དམ་ཚིག་གིས་ཏེ་བདུད་རྩི་རྣམ་པ་ལྔས་མཆོད་ན་འདོད་པའི་དངོས་གྲུབ་ཐོབ་བར་འགྱུར་རོ། །འདི་ནི་སངས་རྒྱས་ཐམས་ཅད་མཆོད་པའི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པའི་གསུང་གི་དཀྱིལ་འཁོར་རོ། །གསུམ་པ་ལྷ་ལྷག་མའི་ཆོ་ག་ལ་གཉིས། །སྡུད་པ་པོའི་ཚིག་གིས་ཆོ་ག་ལྷག་མ་གསུངས་པའི་མཚམས་སྦྱར་བ་དང་། གཙོ་བོ་འཕོ་ཚུལ་དོན་བསྡུ་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་རྡོ་རྗེ་ལས་བྱུང་ངོ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཀུན་ནས་ཏེ་སྒོ་སྣ་ཚོགས་ནས་འདོད་དོན་ཆར་དུ་འབེབས་༼མཚམས་འདི་ན་ཤོག་༡༣༧ཆད་འདུག༽རྒྱ་མ་དེ་ལྷར་བསྒོམས་ལ་སྐུའི་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱི་ཐིག་གདབ་པ་ལ་སོགས་པའི་རིམ་གྱིས་རྣམ་པར་བརྟག་པ་སྟེ་བསྒྲུབ་པར་བྱའོ། །གསུམ་པ་ནི། རྒྱ་ཆེན་རྣམ་པར་ནས་རྨད་དུ་བྱུང་བའོ་ཞེས་པ་སྟེ། དེ་ནས་རྒྱ་ཆེན་རྣམ་པར་སྣང་མཛད་དང་ཞེས་པ་ནི་སྐུའི་དཀྱིལ་འཁོར་འདྲི་བ་ན་རྣམ་སྣང་གི་རྣལ་འབྱོར་དག་ལྡན་པས་རང་གི་ཕྱག་རྒྱ་མ་བཙོ་བླག་མཁན་གྱི་བུ་མོ་རིགས་གཞན་ལ་ལྟོས་ཏེ་ཡང་ན་དེ་སངས་རྒྱས་སྤྱན་མ་ཉིད་དུ་ནི་བསྐྱེད་པར་བྱས་ནས། དེར་ཡེ་ཤེས་པ་དབབ་སྟེ་དེ་དང་ལྷན་ཅིག་ཐིག་གདབ་པ་ལ་སོགས་པར་བྱའོ། །དེ་ནི་སྐུ་སྟེ་རྣམ་སྣང་གི་དཀྱིལ་འཁོར་བའི་གནས་ཡིད་དུ་འོང་བའི་འབྲས་བུ་སྟེར་པའོ། །དེ་ལྟར་བྱས་པས་རྡོ་རྗེའི་སྐུ་སྟེ་སྐུ་རྡོ་རྗེ་ཡི་ཡོན་ཏན་གཟུགས་ཀྱི་བཀོད་པ་སྣ་ཚོགས་སྟོན་ནུས་པ་འཐོབ་པར་འགྱུར་རོ། །ཡང་། སྔགས་པས་རྡོ་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྣང་མཐའ་བསྒོམས་ལ་རང་གི་ཆོས་མོས་གར་མཁན་གྱི་བུ་མོ་གོས་དཀར་མོར་བསྐྱེད་དེ། དེ་ལ་ཡེ་ཤེས་པ་དབབ་པར་བྱ་ཞིང་བྱས་ནས་ལྷན་ཅིག་གསུམ་གི་དཀྱིལ་འཁོར་བྲི་བར་བྱའོ། །རིམ་པ་འདི་ནི་སྔགས་རྣམས་ཏེ་པདྨའི་རིགས་དང་ལྡན་པ་ཐམས་ཅད་ཀྱི་གསང་བ་རབ་ཏུ་རྟག་པ་སྟེ་ཐོག་མ་མེད་པ་ནས་མན་ངག་ཏུ་བརྒྱུད་པ་ཡིན་ནོ། །ཡང་རང་ཉིད་རྡོ་རྗེ་སེམས་དཔའ་རྒྱལ་བོ་ཆེ་སྟེ་མི་བསྐྱོད་པའི་སྐུར་བསྒོམས་ནས། རང་གི་ཕྱག་རྒྱ་རིགས་ངན་གྱི་བུ་མོ་མཱ་མ་ཀཱིར་བསྐྱེད་དེ། ཡེ་ཤེས་པ་དབབ་པར་བྱས་ནས་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །འདི་ནི་སྔགས་རྣམས་ཏེ་རྡོ་རྗེའི་རིགས་ཅན་གྱི་སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་བ་རྨད་དུ་བྱུང་བ་རྡོ་རྗེ་འཆང་ནས་རིམ་གྱིས་བརྒྱུད་པའོ། །བཞི་པ་ནི། དེ་ལྟར་བྱས་ན་ནས་མཆོག་ཀྱང་སྩོལ་ཞེས་པ་སྟེ། རིག་མ་དང་ལྷན་ཅིག་དེ་ལྟར་བྱས་ན་བྱིན་གྱིས་རློབ་ཅིང་ཡིད་ལ་དབང་་ཐོབ་པའི་སངས་རྒྱས་བྱང་སེམས་རྣམས་ཀྱི་གནས་དེར་གཤེགས་ཏེ་རབ་ཏུ་དགྱེས་པར་གྱུར་ནས་ནི། །གསང་བའི་དཀྱིལ་འཁོར་དག་འདྲི་བ་ལ་དངོས་གྲུབ་མཆོག་ཀྱང་སྩོལ་བར་མཛད་དོ། །གཉིས་པ་སྒྲུབ་ཅིང་མཆོད་པ་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་རྫོགས་པར་བྱས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ། ཕྱི་དཀྱིལ་གྱི་ལྷ་ལ་མཆོད་པ། ལུས་དཀྱིལ་ལ་མཆོད་པའོ། །དང་པོ་ནི། འདི་སྐད་ཀྱང་ནས་མཆོད་པར་བྱ་ཞེས་པ་སྟེ། འདི་སྐད་ཀྱང་གསུངས་་སོ། །གང་ན་ཇི་སྐད་བཤད་པའི་སྔགས་ཀྱི་སེམས་པས་དཀྱིལ་འཁོར་རྫོགས་པར་བྱས་ནས་བྱ་བ་ནི། རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་གསང་བ་རྨད་དུ་བྱུང་བ་ཆེན་པོ་ཁྲོ་བོའི་རྒྱལ་པོ་གནོད་མཛེས་མདུན་དུ་བཀུག་སྟེ་བཀའ་ནོད་པ་ལ། རྒྱལ་བ་རྣམས་འབྱོན་པར་བསྐུལ་ཅིག་ཅེས་བསྒོས་པས་དེས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་པ་རྣམས་ལྷ་སོ་གཉིས་སུ་འདུས་པ་ཆུར་བ ཀུག་ནས། རང་རང་གི་དམ་ཚིག་པ་རྣམས་ལ་བསྟིམས་ནས་མཆོད་པར་བྱའོ། །གཉིས་པ་ནི། རྡོ་རྗེ་དྲི་མེད་ནས་ཐོབ་པར་བྱེད་ཅེས་པ་སྟེ། རྡོ་རྗེ་དྲི་མེད་གསུམ་དག་གི་ནི་རྡོ་རྗེ་གསུམ་གྱི་བསྡུས་པའི་ལྷ་རྣམས་སོ། །དམ་ཚིག་ནི་རྡོ་རྗེ་མ་རྣམས་ཏེ་དེ་རྣམས་ཀྱིས་མཆོད་པ་དུས་གསུམ་དུའམ་ཐུན་གསུམ་དུ་མཆོད་པར་བྱའོ། །རྡོ་རྗེ་གསུམ་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཏེ་དེའི་སྦྱོར་བ་ནི་དེ་ཐམས་ཅད་ལྷ་སོ་གཉིས་འདུས་པའི་ཚུལ་གྱིས་མཆོད་པར་བྱའོ། །དེ་ལྟར་བྱས་པས་སྔགས་ཀྱི་་དངོས་གྲུབ་རྣམས་ཐོབ་པར་བྱེད་དོ། །གསུམ་པ་ནི། འདི་སྐད་ནས་རྫོགས་བྱེད་པའོ་ཞེས་པ་སྟེ། འདི་སྐད་ཀྱང་གསུངས་སོ། །གང་ན་སྔགས་རྣམས་ཏེ་སྔགས་པ་དེར་འདུས་པ་ཐམས་ཅད་ལ་ཉིད་ལ་ཡང་རྨད་དུ་བྱུང་བ་ནང་གི་གཏོར་མ་དབུལ་བར་བྱ་བ་ནི་ཚོགས་ཀྱི་མཆོད་པ་བྱ་བ་སྟེ། དེ་ཡང་གཤང་དང་གཅི་བ་དང་ཤ་དང་འབྲུ་མར་དང་སེམས་ལས་བྱུང་བའི་ཙན་དན་ཏེ་ལྔ་ནི་འདོད་ཡོན་ལྔ་སྤྱི་དང་། ཕྱག་རྒྱའི་འདོད་ཡོན་ལྔའོ། ཁུ་བ་ནི་འདིར་ཆང་སྟེ་དེ་དག་གིས་སྔགས་རྣམས་ཀུན་ཚིམ་པར་འགྱུར་བ་ཀུན་དུ་བཤད་པ་ནི་སྒྲུབ་པ་པོ་རྣམས་ནང་གི་གཏོར་མས་ཚིམ་པའོ། །འདི་ནི་མི་འདའ་བའི་དམ་ཚིག་མཆོག་ཡིན་ཏེ་སངས་རྒྱས་སྔགས་པ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་དཀར་པོ་རྫོགས་ཤིང་འཕེལ་བར་བྱེད་དོ། །གཉིས་པ་དམིགས་བསལ་ལ་གཉིས། སློབ་དཔོན་་དང་སྒྲུབ་གྲོགས་ལྷར་བསྐྱེད་པ་དང་། ཚོན་རྩི་བྱིན་གྱིས་བརླབས་ཏེ་གདབ་ཅིང་དགྱེས་པའོ། །དང་པོ་ནི། ཐིག་གདབ་ནས་བསྒོམ་པར་བྱ་ཞེས་པ་སྟེ། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་འདི་ཕྱག་རྒྱ་མ་མེད་པར་བདག་ཉིད་གཅིག་པུ་གང་གི་ཚེ་སྤྱོད་པ་ན། སྐུ་དཀྱིལ་ལ་སློབ་དཔོན་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ནས་སུ། སློབ་མ་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པར་རབ་ཏུ་བསྒོམ་མོ། །ཡང་ན་སློབ་མ་རྡོ་རྗེ་མི་འཆི་སྟེ་བདུད་རྩི་འཁྱིལ་བར་གྲགས་པའི་རྡོ་རྗེ་འོད་པོ་ཆེ་སངས་རྒྱས་ཀུན་གྱིས་བསྟེན་ཅིང་བསྔགས་པ་དེ་ལས་ཀྱི་གོ་འཕང་གི་གནས་སུ་བསྒོམ་པར་བྱའོ། །དེ་བཞིན་དུ་གསུང་དཀྱིལ་ལ་རང་ཉིད་སྣང་མཐར་བསྒོམ་པར་བྱ་བ་སོགས་རིགས་འགྲེའོ། །གཉིས་པ་ནི། སངས་རྒྱས་རྒྱལ་ཆེན་ནས་བྱང་ཆུབ་དམ་པ་ཡིན་ཞེས་པ་སྟེ། སངས་རྒྱས་རྒྱལ་ཆེན་ལྔ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་དག་ནི་ལག་པའི་རྡོ་རྗེའི་་ཐིག་སྐུད་དག་ལ་དགོད་པར་བྱ་སྟེ། དེ་ཡང་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་རིགས་ལྔའི་མདོག་ཅན་གྱི་ཧཱུཾ་ༀ་སོགས་ཀྱི་རྣམ་པར་ཐིག་སྐུད་ལ་གཞུག་པའོ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རྨད་དུ་བྱུང་བའོ། །ཚོན་རེ་རེར་ཡང་རིགས་ལྔའི་རང་བཞིན་གྱི་རྣམ་པ་ཉི་ཤུ་རྩ་ལྔར་ཕྱི་བའི་ཚོན་རྩི་དག་ཀྱང་རིགས་ལྔའི་བདག་ཉིད་ཅན་དུ་རྣམ་པར་བསྒོམ་པར་བྱའོ། །ཆོ་ག་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་བྱང་ཆུབ་སྟེ་བགྲོད་པ་དམ་པ་ཡིན་ནོ། །གཉིས་པ་ནི། སྔགས་རྣམས་ཐམས་ཅད་ནས་བྱིན་རློབ་མཛད་ཅེས་པ་སྟེ། དཀྱིལ་འཁོར་འདྲི་བའི་ཚེ་བགེགས་བྱུང་ན། སྔགས་རྣམས་ཏེ་ལྷ་ཐམས་ཅད་བསྲུང་བའི་ཆེད་དུ་ཉིད་ལ་ཡང་རྡོ་རྗེ་ཧཱུཾ་ནི་སྐབས་འདིར་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །ཇི་ལྟར་ན་སྐུ་དང་གསུང་དང་ཐུགས་གྱི་དམ་ཚིག་མཆོག་སྟེ། དེ་གསུམ་གྱི་སྒོ་ནས་ཕྱི་ནང་གནོད་པ་ཞི་བར་བྱ་ལ། རང་གི་གནས་ལྔ་པོ་དག་ཏུ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །དེ་ལྟར་རྟག་ཏུ་བྱས་ན་ནི་རྡོ་རྗེ་མི་ཕྱེད་གསུམ་གྱི་བདག་ཉིད་ཅན་ལས་སྐྱེས་པ་སྟེ་བྱུང་བའམ་འཇིགས་ཤིང་སྐྲག་ནས། རྡོ་རྗེ་སེམས་དཔའ་བློ་ལྡན་པ་སྟེ་སྒྲུབ་པ་པོའི་དཀྱིལ་འཁོར་གྱིས་ལམ་མི་གནོད་ཅིང་བྱིན་གྱིས་རློབ་པ་སྟེ་ཕན་འདོགས་པར་མཛད་དོ། །གསུམ་པ་ནི། རྡོ་རྗེ་བུམ་པ་ནས་བརྟག་པར་བྱ་ཞེས་པ་སྟེ། རྡོ་རྗེ་བུམ་པ་བཞག་པ་ནི་རྣམ་རྒྱལ་དང་ལས་བུམ་སོགས་དགོད་པར་བྱ་སྟེ། སྔགས་ཀྱི་རྣམ་གཞག་སྟོན་པའི་རྒྱུད་ཀྱི་བདག་པོ་སྟེ། དེ་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་ལ་མཁས་པས་བུམ་པ་དགོད་པའི་གནས་དང་དེའི་རྫས་ལ་སོགས་པའི་ཁྱད་པར་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པ་ནི་སློབ་དཔོན་ཏེ། དེས་བརྟན་པའི་བློས་ནི་བུམ་པ་དགོད་པ་སོགས་བརྟག་པ་སྟེ་བསམ་པར་བྱའོ། །བཞི་པ་ལ་གཉིས། གཉིས་ཀའི་རྒྱུད་ལས་གསུངས་པའི་ཆོ་གས་ནང་དང་ཕྱིའི་ཟས་ཀྱི་་སྦྱིན་སྲེག་གི་རིམ་པ་ཇི་ལྟར་བྱ་བ་དང་། སྙོམས་པར་འཇུག་པ་ལ་གནས་པས་ནང་དང་ཕྱི་ཟས་ཀྱི་སྦྱིན་སྲེག་གཉིས་སྤེལ་ཏེ་བྱ་བའོ། །དང་པོ་ནི། དངོས་གྲུབ་ཀུན་ནས་དབབ་པར་བྱ་ཞེས་པ་སྟེ་འ ཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀུན་གྱི་འབྲས་བུ་འདོད་པའི་སྔགས་ཤེས་པས་ན ི་སྦྱིན་སྲེག་བྱའོ། །དེ་ལ་ནང་གི་སྦྱིན་བསྲེག་བྱ་བ་ནི། གཤང་བ་ནི་ཟས་སོ། །གཅི་བ་ནི་ཚད་མའོ། །འབྲུ་མར་ནི་ཆང་ངོ་། །ཤ་ལ་སོགས་པ་བྱིན་གྱིས་བརླབས་ནས་ལུས་དཀྱིལ་གྱི་ལྷ་རྣམས་ལ་སྦྱིན་སྲེག་ཏུ་ནི་དབུལ་བར་བྱའོ། །རྡོ་རྗེ་མི་ཕྱེད་གསུམ་དག་ལ་ནི་ཚོགས་འཁོར་བྱ་བར་འདུས་པའི་རྣལ་འབྱོར་བ་རྣམས་སོ། །དེ་རྣམས་ཀྱིས་ཟོས་པའི་ལྷག་མ་རྣམས་བསྡུས་ནས་ཐབ་ཁུང་གི་མེ་ལ་རྡོ་རྗེ་གསང་བའི་སྦྱིན་སྲེག་དབུལ་བར་བྱའོ། །གང་ལ་དབུལ་བ་ནི་ཐབ་ཀྱི་དབུས་སུ་རང་གི་ལྷ་ཡི་གཟུགས་ལས་བཞིའི་དབྱེ་བས་བསམས་ཏེ་དེའི་ཞལ་དུ་དབབ་པར་བྱའོ། །གཉིས་པ་ནི། འདི་སྐད་ཀྱང་ནས་འདབ་པའོ་ཞེས་པ་སྟེ། འདི་སྐད་ཀྱང་གསུངས་སོ། །དབང་པོ་གཉིས་ཀྱི་སྦྱོར་བའི་དམ་ཚིག་སྟེ་ཏིང་ངེ་འཛིན་ལ་གནས་ཁ་ཟས་ཀྱི་ལྷག་མས་སྔར་ལྟར་སྦྱིན་བསྲེག་བརྒྱ་རྩ་བརྒྱད་དུ་བྱའོ། །འདི་ནི་སངས་རྒྱས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །གཉིས་པ་སློབ་མ་གཞུག་པ་སོགས་ལ་བཞི། ཕབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་གཞུག་པ་དང་། དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ལྷག་མ། ཞུགས་པ་ལ་དབང་བསྐུར་བ། སྤྱོད་པའི་དམ་ཚིག་དཔོག་པའོ། །དང་པོ་ལ་གཉིས། ཡེ་ཤེས་དབབ་པའི་ཆོ་ག་ཁྱད་པར་བ་དང་། དཀྱིལ་འཁོར་དུ་འཇུག་པའི་སྙིང་པོའོ། །དང་པོ་ནི། རྣམ་སྣང་མཛད་ཀྱི་ནས་རབ་ཏུ་གསོལ་ཞེས་པ་སྟེ། རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་ངོ་། །དེའི་སྦྱོར་བ་ནི་དེ་ཞེ་སྡང་རྡོ་རྗེར་བསྒྱུར་བའོ། །སློབ་མ་རྡོ་རྗེ་གསུམ་ལས་བྱུང་ནི་དང་པོར་སློབ་མ་་ཡི་གེ་གསུམ་ལས་རྡོ་རྗེ་འཆང་དུ་བྱས་ནས་ཞེ་སྡང་རྡོ་རྗེར་བསྒྱུར་བ་སྟེ་དཔོག་ཆོག་གི་སྐབས་སོ། །དེ་ལྟར་བྱས་པ་ལ་ཡི་གེ་ཨཱཿདམར་པོ་ནི་ལུས་དང་ངག་སེམས་དང་བཅས་པའི་ཡན་ལག་ལ་བསྒོམས་ནས། མན་ངག་བཞིན་དུ་དབབ་པའི་རྡོ་རྗེས་གཟུང་བར་བྱ་ཞིང་བྱིན་གྱིས་རློབ་པའི་སྒོ་ནས་བདག་གིར་བྱེད་དོ། །རྒྱལ་ཆེན་ནི་འོད་དཔག་མེད་དང་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་དང་གྲགས་ཆེན་རྣམ་པར་སྣང་མཛད་དག་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་སྟེ་རང་གི་གནས་གསུམ་དུ་བྱིན་གྱིས་བརླབས་པར་ནི་རབ་ཏུ་གསོལ་བ་སྟེ་དེར་འཇུག་པའོ། །གཉིས་པ་ནི། དེ་ལ་འདི་ནི་ནས་རྡོ་རྗེའི་སྙིང་པོའོ་ཞེས་པ་སྟེ། དེ་ལ་ཆད་པའི་ཡི་གེ་ལྔ་པོ་འདི་ནི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྡོ་རྗེའི་དམ་ཚིག་གོ །ཨཱཿཁཾ་བི་ར་ཧཱུཾ། ལྔ་པོ་འདི་ནི་དམ་ཚིག་ཐམས་ཅད་དེ་རིགས་ལྔ་པོ་རྣམས་ཀྱི་སྙིང་པོ་སྟེ། དེ་བཞིན་གཤེགས་པ་རིགས་ལྔའི་ལུས་དང་ངག་དང་སེམས་རྡོ་རྗེ་་སྟེ་སྐུ་གསུམ་ཐུགས་ཀྱི་སྙིང་པོའོ། །གཉིས་པ་ཆོ་ག་ལྷག་མ་ནི། དེ་ལ་འདི་ནི་ནས་སྤྲིན་རྣམས་བསྒོམ་ཞེས་པ་སྟེ། དེ་ལ་འཆད་འགྱུར་འདི་ནི་རྡོ་རྗེ་ཆེན་པོ་ནི་སློབ་མའོ། །དེའི་དབང་བསྐུར་བའི་གསང་བ་ནི་བུམ་དབང་ལ་སོགས་པ་སྟེ། དེ་རྣམས་སྤ་བར་བྱ་བ་ཡེ་ཤེས་ཀྱི་གསང་བའོ། །སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་ཀུན་གྱིས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བ་རབ་ཏུ་བསྒོམ་པར་བྱ་ཞིང་། རྡོ་རྗེའི་རིགས་ནི་འཛིན་པ་ཡི་སློབ་དཔོན་གྱིས་་སིལ་སྙན་དག་དྲི་ལ་སོགས་པའི་མཆོད་པའི་སྤྲིན་གྱིས་ནམ་མཁའི་ལྷ་རྣམས་ལ་མཆོད་ཅིང་། དམ་ཚིག་པའི་ལྷ་རྣམས་བསྒོམ་པར་བྱའོ། །གསུམ་པ་དབང་བསྐུར་བ་ལ་བཞི། བུམ་པའི་དང་། གསང་བའི་དང་། ཤེས་རབ་ཡེ་ཤེས་ཀྱི་དང་། བཞི་བའི་དབང་བསྐུར་བའོ། །དང་པོ་ལ་ལྔ། དབང་ལྔ་སྤྱན་དྲངས་ཏེ་ཆུ་དབང་བསྐུར་བ། སློབ་མ་ལ་ལུས་དཀྱིལ་བཀོད་པ་ནས་དབང་བསྐུར་བ། དབང་བསྐུར་བ་དང་དེའི་དོན་དུ་གསོལ་བ་གདབ་པ། དཀྱིལ་འཁོར་བསྟན་ཅིང་དམ་ཚིག་བསྒྲག་པ། ལྷ་དང་སྔགས་ཀྱི་རྗེས་གནང་སྦྱིན་པའོ། །དང་པོ་ནི། འདི་སྐད་ཀྱང་ནས་དག་གིས་བསྒོམ་ཞེས་པ་སྟེ། འདི་སྐད་ཅེས་ཀྱང་གསུངས་སོ། །གང་ཞེ་ན། རྡོ་རྗེ་སྐུ་གསུམ་སྔགས་ཀྱིས་ནི་ཞེས་པ་རང་ཉིད་གཙོ་བོར་བྱས་པ་དང་ཕྱག་རྒྱ་མ་གཉིས་སྙོམས་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཡུངས་ཀར་ཏེ་ཐིག་ལེ་འོད་ཟེར་གྱི་རྣམ་པ་ཅན་དག་གིས་སློབ་མ་ལ་དབང་བསྐུར་བའི་ཕྱིར་བརྡེག་པ་སྟེ་བསྐུལ་བར་བྱའོ། །སློབ་མ་དེ་ལ་དེ་ཡི་ཚེ་ན་ནི་དེ་བཞིན་གཤེགས་པ་རྣམས་བདག་ཉིད་བྱོན་ནས་དབང་བསྐུར་བ་རབ་ཏུ་སྩོལ་བར་མཛད་དོ། །ཡང་ན་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་རྣམ་སྣང་སོགས་དབང་ལྷ་རྣམས་སྤྱན་དྲངས་པ་བསྒོམ་པར་བྱའོ། །དེའི་ཚེ་བུམ་པ་དམ་ཚིག་མཆོག་སྟེ་སྤྱན་ལ་སོགས་པ་རྣམས་ཀྱི་བཟུང་བ་མཁས་པ་དག་གིས་བསྒོམ་པར་བྱའོ། །གཉིས་པ་ནི། རྡོ་རྗེ་རྣམ་པར་སྣང་མཛད་ནས་དགོད་པར་བྱ་ཞེས་པ་སྟེ། དེ་ནས་སློབ་མ་རྟག་ཏུ་་བློ་བརྟན་པ་དེ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསམ་མོ། །རྣམ་སྣང་དུ་བསྐྱེད་པའི་ལུས་དང་ངག་དང་སེམས་རྡོ་རྗེ་ཅན་ཏེ་དེའི་ལུས་ལ་ལུས་དཀྱིལ་གྱི་ལྷའི་སྔགས་ཀྱི་ས་བོན་ཤེས་པས་ནི་ལྷ་རྣམས་དགོད་པར་བྱའོ། །གསུམ་པ་ནི། དེ་ལ་འདི་ནི་ནས་བཞག་པར་ཞེས་པ་སྟེ། དེ་ལ་འདི་ནི་དབང་བསྐུར་བ་ཐམས་ཅད་ཀྱི་གསང་བ་སློབ་དཔོན་ཐམས་ཅད་ཀྱིས་དབང་བསྐུར་བའི་ཆེད་དུ་རྡོ་རྗེའི་ཚིག་ཏུ་སྨྲ་བར་བྱའོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་སྤྱན་སྔར་རྡོ་རྗེ་གསང་བ་གསུམ་ནི་རྡོ་རྗེ་འཆང་སྟེ། དེ་ལས་བྱུང་བ་ནི་དེའི་རིགས་ལས་སྐྱེས་པའོ། ཁམས་གསུམ་པོ་དག་གིས་ཕྱག་བྱས་པའི་རྡོ་རྗེ་དབང་བསྐུར་བ་ཆེན་པོ་་སྦྱིན་པར་བྱའོ། །དེ་ལ་འདི་ནི་སློབ་མ་ཐམས་ཅད་ཀྱིས་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་དབང་གི་ཆེད་དུ་གསོལ་བར་བྱ་བའི་ཆོ་ག་གསང་བ་བྱའོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པའོ། །མཆོད་ཆེན་ནི་དབང་བསྐུར་བ་ཆེན་པོའོ། །དེ་ཇི་ལྟར་སྩལ་བ་བཞིན་དུ་བདག་ཀྱང་་འཁོར་བ་ལས་རབ་ཏུ་བསྒྲལ་བར་བྱ་བའི་ཕྱིར་ནམ་མཁའི་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཞེས་བོས་ནས། དེང་སྟེ་ད་ལྟ་ཉིད་དུ་བདག་ལ་སྩོལ་ཞེས་གསོལ་བ་བཏབ་པས་དེའི་ཚེ་སློབ་མ་དེ་ལ་རབ་ཏུ་དགྱེས་ནས་དབང་བསྐུར་བ་སྩོལ་བར་མཛད་དོ། །ལྷ་ཡི་གཟུགས་ནི་ཕྱི་དཀྱིལ་དང་དེའི་སྦྱོར་བ་ཡིས་ནི་སློབ་མ་རྣམ་སྣང་དུ་བསྐྱེད་པའི་ལུས་ལ་ལྷ་སོ་གཉིས་འགོད་ཅིང་། སྙིང་གར་བདག་པོ་སྟེ་གཙོ་བོ་བཞག་པར་བྱའོ། །བཞི་པ་ནི། རྡོ་རྗེ་སློབ་མ་ནས་བརྟག་པའོ་ཞེས་པ་སྟེ། དེ་ལྟར་བྱས་པའི་རྡོ་རྗེ་སློབ་མ་བློ་དང་ལྡན་པ་ལ། ༀ་རྡོ་རྗེ་སེམས་དཔའ་ཞེས་སོགས་སྔགས་ཀྱི་ཡི་གེའི་ཚིག་གིས་དཀྱིལ་འཁོར་དག་ནི་བསྟན་པར་བྱས་ནས་ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་གསུངས་པ་ཡི་དམ་ཚིག་གསང་བ་བསྒྲག་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །བུད་མེད་དག་ཀྱང་བསྟེན་པར་བྱ་ཞེས་པའི་དོན་ལེའུ་ལྔ་པ་ལས་དགོངས་བཤད་དུ་གསུངས་པ་ལྟར། །རྡོ་རྗེེ་ལམ་སྟེ་བཤད་མ་ཐག་པའི་ཏིང་ངེ་འཛིན་འདི་དག་གིས་ནི་སེམས་ཅན་ཏེ་སློབ་མ་ཐམས་ཅད་ཉམས་ལེན་ལ་བསྐུལ་བར་བྱ་སྟེ། འདི་སྐད་ཀྱང་གསུངས་ཏེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་འདའ་དཀའ་བའི་དམ་ཚིག་མཆོག་ཏུ་རྟག་པའོ། །ལྔ་པ་ནི། སྔགས་ཀྱིས་བསྐུལ་ནས་ཏིང་ངེ་འཛིན་དང་ཞེས་པ་སྟེ། སྔགས་ཀྱི་དོན་དུ་བསྐུལ་བ་དེར་སྨྲས་པ་ཡིས་སྨྲས་པ་དེ་ལ་སྔགས་ཀྱང་སྦྱིན་པར་བྱའོ། །སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་དང་ཞེས་པ་ནི་རང་གི་ལྷ་གང་ཡིན་པ་དེའི་རྣལ་་འབྱོར་དང་བཟླས་པ་བྱེད་ཚུལ་སྦྱིན་པར་བྱའོ། །གཉིས་པ་གསང་དབང་ནི། གསང་བ་ནས་རྙེད་མི་དཀའ་ཞེས་པ་སྟེ། དེ་ནས་དེ་ལ་གསང་བའི་དབང་བསྐུར་བ་སྦྱིན་པ་བརྩམ་པར་བྱ་སྟེ། ཁུ་བའམ་ཡང་ན་གཤང་བའང་རུང་ནི་བདུད་རྩི་ལྔའོ། །དེ་རྣམས་ཆོ་ག་བཞིན་དུ་ཡི་གེ་གསུམ་གྱིས་བསྔགས་ཞེས་པ་་དེས་སྦྱངས་རྟོགས་སྦར་བ་དང་བཅས་པ་བྱས་ནས་ནི་རྡོ་རྗེའི་བློ་སྟེ་སློབ་དཔོན་གྱིས་ནི་སློབ་མར་བཟར་གཞུག་པར་བྱའོ། །འོན་ཀྱང་སྟེ་དེ་ལྟ་ན་དངོས་གྲུབ་ཁྱད་པར་ཅན་རྙེད་པར་མི་དཀའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རྣམ་པ་འདི་བཞི་ནས་གནས་པའོ་ཞེས་པ་སྟེ། རྣམ་པ་འདི་བཞི་ནི་པདྨ་ཅན་ལ་་སོགས་པ་བཞིའོ། །དེ་བཞི་སྦྱན་སོགས་སུ་བསྒོམས་པ་དང་མཉམ་པར་སྦྱོར་བ་ནི་གསང་ཆེན་བཞིའོ། །རྡོ་རྗེ་ཅན་ནི་ཀུན་གྱི་གསང་ཞེས་པ་བསྐྱེད་རིམ་པ་་ཐམས་ཅད་ཀྱི་གསང་བའོ། །སྔགས་ཀྱི་འཁོར་ལོ་རྣམ་སྣང་སོགས་གཤེགས་པ་རྣམས་ཏེ། དེ་དག་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས་བཞུགས་པའོ། །དགོས་པ་ནི། སེམས་ཅན་རྣམས་ཀྱི་དོན་སྤྱོད་པར་བྱ་བའི་ཕྱིར་དེ་ལྟར་གནས་པའོ། །བཞི་པ་ནི། རྒྱུད་ཕྱི་མ་དང་། རྡོ་རྗེ་འཕྲེང་བ་སོགས་ལས་བཤད་པ་ལྟར་རོ། །བཞི་པ་སྤྱོད་པའི་དམ་ཚིག་ནི། དེ་ལ་འདི་ནི་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། དེ་ལ་འདི་ནི་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྔགས་ཏེ་ལྷ་རྣམས་ཀྱི་མཉེས་པར་བྱ་ཞིང་དབང་དུ་བྱ་བའི་གསང་བའོ། །གླང་པོའི་ཤ་དང་རྟ་ཡི་ཤ་དང་ཤ་ཆེན་དག་ཀྱང་བྱིན་གྱིས་བརླབས་ནས་རང་ཉིད་བཟའ་བར་བྱ་ཞིང་། སྔགས་ཀྱི་ལྷ་རྣམས་ཀུན་ལ་སྦྱིན་བསྲེག་དང་གཏོར་མའི་ཚུལ་གྱིས་དབུལ་བར་བྱའོ། །དེ་ལྟར་བྱས་ན་མགོན་པོ་དེ་དག་མཉེས་ནས་དངོས་གྲུབ་སྟེར་རོ། །ཉིན་རེ་བཞིན་ཏུ་རྡོ་རྗེ་སློབ་མ་ལ་སློབ་དཔོན་མཁས་པས་དཀྱིལ་འཁོར་ཏེ་ཚོགས་ཀྱི་འཁོར་ལོའི་ཆོ་ག་བསྟན་པར་བྱ་སྟེ། དེས་ཟླ་བ་དང་ལོ་ཡང་མཚོན། ཇི་ལྟར་ན་བཤང་གཅི་ནི་བདུད་རྩི་ལྔ་དང་། ཤ་ཡི་ནི་ཤ་རྣམས་ལྔའོ། །བྱ་བ་དང་ནི་གཞན་ཡང་བཟུང་སྟེ། རྡོ་རྗེ་དང་པདྨའི་གསང་བའི་ཚིག་དག་གིས་ནི་དེ་གཉིས་མཉམ་པར་སྦྱོར་བ་དང་། གླུ་ལ་སོགས་པས་མཆོད་པར་བྱའོ། །བཟའ་བ་རྣམ་ཧཱུཾ་གིས་དྲི་མ་སྦྱང་བ་དང་། ཨཱཿས་བདུད་རྩིར་རྟོགས་པར་བྱས་ལ། དེ་ནས་སྔགས་རྣམས་ཀུན་གྱི་དང་པོ་ཡི་གེ་ༀ་ཡིག་བསྒོམས་ན་དེ་མ་ཐག་ཏུ་འབར་བ་སྟེ་འཕེལ་བར་བྱེད་དོ། །བཅོམ་ལྡན་འདས་སྔགས་ཀྱི་རིག་པའི་སྐྱེས་བུ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་་དངོས་གྲུབ་ཀྱི་ཆོ་ག་ལ་གཉིས། དབང་བསྐུར་བས་དམ་ཚིག་བསྲུངས་ནས་དངོས་གྲུབ་གཉིས་ཀ་འགྲུབ་པར་བསྟན་པ་དང་། དངོས་གྲུབ་སྒྲུབ་པའི་ལས་ཚོགས་བཤད་པའོ། །དང་པོ་ནི། དངོས་གྲུབ་ནས་ཐམས་ཅད་འགྲུབ་ཞེས་པ་སྟེ། ཞི་བ་ལ་སོགས་པའི་དངོས་གྲུབ་ཕྲ་མོ་ཐམས་ཅད་སྒྲུབ་པ་དང་། གྲུབ་ཆེན་བརྒྱད་ལྟ་བུ་དམ་ཚིག་ཆེན་པོའི་དངོས་གྲུབ་འབྲིང་སྒྲུབ་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་དངོས་གྲུབ་མཆོག་ཉིད་དག་ཀྱང་ཐབས་འདིས་ནན་ཏན་་དུ་ནི་བསྒྲུབས་ན་འགྲུབ་པར་འགྱུར་རོ། ཁྱད་པར་དུ་མི་སྣང་བར་འགྱུར་བ་དང་། སྟོབས་ནི་རིག་འཛིན་དང་། བརྩོན་འགྲུས་ཏེ་མངོན་ཤེས་ཀྱི་མཐུ་དང་། རྡོ་རྗེ་དགུག་པའི་མཆོག་དགུག་དཀའ་བ་དག་ཀྱང་རྡོ་རྗེ་སྐུ་ཡི་བཀའ་བཞིན་དུ་དཀྱིལ་འཁོར་དུ་དབང་བསྐུར་ནས་དམ་ཚིག་བསྲུང་བ་དག་གིས་དེ་ཐམས་ཅད་འགྲུབ་བོ། །གཉིས་པ་ལ་དྲུག །ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུའི་སྒྲུབ་པ། །མངག་གཞུག་སྒྲུབ་པ། །རྡོ་རྗེ་འཇམ་དཔལ་ཀྱི་སྒོ་ན ས་རྒྱལ་བོ་སོགས་དབང་དུ་བྱ་བ། །གདུལ་བྱ་མ་དད་པ་དད་པར་བྱེད་པའི་སྦྱོར་བ། རྣམ་སྣང་གི་སྒོ་ནས་བཀྲེེས་སྐོམ་ཞི་བའི་སྦྱོར་བ། ལྷ་སོ་སོའི་སྒྲུབ་ཐབས་ལ་བརྟེན་ནས་ལས་སྒྲུབ་པའོ། །དང་པོ་ནི། བཤང་གཅི་ནས་ལྷན་ཅིག་འཁོད་ཅེས་པ་སྟེ། བཤང་གཅི་ནི་བདུད་རྩི་ལྔ་དང་། ཤ་ཆེན་ནི་ཤ་ལྔའོ། །དེ་རྣམས་ཆ་ནི་མཉམ་པར་བྱས་ནས་སུ་རིལ་བུ་བྱས་ཏེ་ཁམ་ཕོར་ཏེ་ཐོད་པ་ཁ་སྦྱར་མའི་ནང་དུ་བཞག་ནས་ནི། སངས་རྒྱས་ཏེ་སྒྲུབ་པ་པོ་ཀུན་དང་ལྷན་ཅིག་འཁོད་ནས་བསྒྲུབ་པར་བྱའོ། །གཉིས་པ་ལ་བདུན། འཇིག་རྟེན་ལས་འདས་པའི་མངག་གཞུག་པ་སྒྲུབ་པ། འཇིག་རྟེན་པའི་མངག་གཞུག་པ་བསྐུལ་བ། དེ་དག་སྒྲུབ་པའི་གནས་དང་དུས། སྒྲུབ་པའི་ཕན་ཡོན། བསྐུལ་བའི་སྙིང་པོ། སྒྲུབ་པའི་ཚུལ་བསྟུས་ཏེ་བསྟན་པ། མཇུག་བསྡུ་བའོ། །དང་པོ་ལ་གསུམ། མངག་གཞུག་པའི་སྒྲུབ་པ་ཐུན་མོང་དུ་བསྟན་པ། རིགས་སོ་སོར་ཕྱེ་བའི་སྒྲུབ་པ། མངག་གཞུག་པ་བསྐུལ་བའི་ཚུལ་ལོ། །དང་པོ་ནི། འདི་སྐད་ཅེས་ནས་ཨཱཿཁཾཿདྷཱི་ཞེས་པ་སྟེ། དེ་ལ་འདི་ནི་གསང་བ་་ཐམས་ཅད་དེ་གནོད་སྦྱིན་རྣམས་ཀྱི་གཙོ་བོ་རྡོ་རྗེའོ། །དེ་ཉིད་སྒྲུབ་པ་པོའི་བཀའ་ནོད་པས་ན་མངག་གཞུག་པ་སྟེ། དེ་རབ་ཏུ་སྒྲུབ་པར་བྱེད་པའི་དམ་ཚིག་གི་སྒྲུབ་ཐབས་ཀྱི་མཆོག་གོ །རང་གི་ལྷའི་ལས་རྒྱལ་མཆོག་གི་ཚེ་ཧྲཱིཿནི་ཁ་དོག་དམར་པོ་འབར་པའི་འོད་བཟང་བོ་རྣམ་པ་ལྔ་དང་ལྡན་པ་རང་གི་མདུན་གྱི་ནམ་མཁའ་རྡོ་རྗེ་སྟེ་ནམ་མཁའི་དབུས་སུ་བསམ་པར་བྱའོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་རྣམ་པར་བསྒོམས་ལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ས་བོན་ཨཱཿསྐུ་ཁཾ་གསུང་དྷཱི་ཐུགས་ཏེ་འདི་གསུམ་སྔགས་ཧྲཱི༔ ཡིག་དེར་ནི་དབབ་པར་བྱའོ། །དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་རྡོ་རྗེའི་གསང་བར་གྱུར་པ་བྱིན་གྱིས་རློབ་པའི་སྙིང་པོར་བསྐྱེད་པའི་གཞིའོ། །ཨཱཿཁཾ་དྷཱི། གཉིས་པ་ནི། ཕྱག་ན་རྡོ་རྗེ་ནས་གནས་བཞག་གོ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་སྟེ་མི་བསྐྱོད་པ་དྲག་པོའི་གཟུགས་ཆེན་པོ་དང་། ཕྱག་ན་རྡོ་རྗེའི་གཟུག་ཆེན་དང་ཞེས་པ་ནི་གནོད་མཛེས་རྒྱལ་པོ་བསམ་པ་ནི་མི་བསྐྱོད་པའི་རིགས་ཀྱི་རྣལ་འབྱོར་བའི་དབང་དུ་བྱས་པའོ། །སྣང་མཐའི་རྣལ་འབྱོར་བ་ཡིན་ན་ཕྱག་ན་པདྨོ་འོད་ཆེན་དང་ཞེས་པ་འོད་དཔག་མེད་དང་འདྲ་བའི་རྟ་མགྲིན་བསམ་ཞིང་། རྣམ་སྣང་གི་རྣལ་འབྱོར་བ་ཡིན་ན། གཞན་གྱིས་མི་ཐུབ་པའི་གཟུགས་ཆེན་དག་སྟེ་རྣམ་སྣང་གི་རིགས་ཀྱི་ཁྲོ་བོའི་གཟུགས་ཆེན་པོ་གཤིན་རྗེ་གཤེད་བསྒོམས་ནས་གསང་བའི་གནས་བཀའ་བསྒོ་བ་དག་ལ་བཞག་གོ །གསུམ་པ་ནི། དེ་ལ་འདི་ནི་ནས་བསྐུལ་བའོ་ཞེས་པ་སྟེ། དེ་ལ་འདི་ནི་རྡོ་རྗེ་གསང་བའི་གནས་བཀའ་བསྒོ་བའི་ཚུལ་ལོ། །སྔར་གྱི་གནོད་མཛེས་རྒྱལ་པོ་དེ་ཉིད་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམ་པར་བྱ་སྟེ་དེ་ཉིད་མི་བསྐྱོད་པའི་སྤྲུལ་པར་རབ་ཏུ་བརྟག་པ་སྟེ་བསྒོམ་མོ། ཚེ་དཔག་མེད་ཀྱི་སྤྲུལ་བ་རྟ་མགྲིན་ནི་ཉི་མའི་དཀྱིལ་འཁོར་ཆེན་པོར་གནས་པ་དང་། རྡོ་རྗེ་སྣང་མཛད་དེ་བཞིན་ཏེ་རྣམ་སྣང་གི་སྤྲུལ་བ་གཤེད་རྗེ་གཤེད་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་་སྟེ། དེ་དག་མངག་གཞུག་བྱེད་པར་བཀའ་བསྒོ་བར་བྱའོ། །མངག་གཞུག་པ་དེ་རྣམས་ནི་འོད་ཟེར་ཆེན་པོ་ལྡན་པ་སྟེ། སེམས་ཅན་སྡུག་བསྔལ་ཆེན་པོ་་ཡིས་གཟིར་བ་ལས་འདོན་སྙམ་པའི་སྙིང་རྗེས་ཐུགས་གདུངས་པའི་མི་བསྐྱོད་པ་ལ་སོགས་པས། མངག་གཞུག་པ་དེ་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་བསྐུལ་བར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་རྣམ་སྣང་ལ་སོགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ་ཐུགས་ཐམས་ཅད་བསྐུལ་བའོ། །ཨཱཾ། གཉིས་པ་ནི། མདུང་རྩི་ཆ་ནས་རབ་ཏུ་འགྲུབ་ཅེས་པ་སྟེ། མདུང་རྩེ་ཆེ་བ་ནི་མདུང་འཛིན་པ་ལ་བསྐུལ་བའོ། །དེ་བཞིན་དུ་རྡོ་རྗེ་ཆེན་པོ་དང་། ལྕགས་ཀྱུ་དང་སྣ་ཚོགས་ཞེས་པ་མཚོན་གཞན་འཛིན་པ་དང་། མཆོག་རྣམས་ཀྱིས་ནི་མི་ཕྱེད་པའི་འཁོར་རྣམས་ལ་རྡོ་རྗེ་ཆོ་ག་བཤད་པ་བཞིན་དུ་བསྐུལ་ན། སངས་རྒྱས་ཏེ་སྒྲུབ་པ་པོས་འདོད་དོན་བྱང་ཆུབ་རབ་ཏུ་འགྲུབ་པོ། །གསུམ་པ་ནི། འདི་སྐད་ཅེས་ནས་གདོན་མི་ཟ་ཞེས་པ་སྟེ། ཉམས་དགའ་བ་ཡི་རི་དྭགས་དང་ཆུ་གླིང་རྣམ་པ་སྣ་ཚོགས་སུ་ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས་སངས་རྒྱས་ཏེ་མངག་གཞུག་པ་བསྐུལ་བའི་ལས་ཐོས་པ་སྟེ་གྲུབ་པ་ཉིིད་གདོན་མི་ཟའོ། །བཞི་པ་ཕན་ཡོན་ལ་གཉིས། རིག་འཛིན་གྱི་འཁོར་ཚད་མེད་པ་འགྲུབ་ཚུལ་དང་། སངས་རྒྱས་ཀྱི་ཞིང་དུ་འཁྲིད་ནས་མཆོག་འགྲུབ་པའི་ཚུལ་ལོ། །དང་པོ་ནི། རི་རབ་སུམ་ཅུ་ནས་བྱང་ཆུབ་འགྲུབ་ཅེས་པ་སྟེ། རིའི་རྒྱལ་པོ་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཚད་དེ་ལྟ་བུ་ཡི་འཁོར་ཚོགས་དང་ལྷན་ཅིག་ཏུ་འཁོར་ལོ་ཅན་གྱི་བྱང་ཆུབ་འགྲུབ་ཅེས་པ་བྱང་ཆུབ་རྡོ་རྗེ་ཅན་གྱི་འཁོར་གྱི་ཚོགས་ནི་འགྲུབ་པར་འགྱུར་ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། ཕྱོགས་བཅུའི་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་འགྱུར་ལ། རྡོ་རྗེ་ཐེག་པའི་ཟབ་མོའི་ཆོས་ཀྱང་ཐོས་པར་འགྱུར་ཞིང་། སངས་རྒྱས་ཀྱི་ས་ཡང་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་བཞད་པ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལྔ་པ་སྙིང་པོ་ནི། དེ་ལ་འདི་ནི་ནས་རྟག་ཏུ་བསྐུལ་ཞེས་པ་་སྟེ། དེ་ལ་འཆད་པ་འདི་ནི་མངག་གཞུག་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་གསང་བའོ། །རྡོ་རྗེ་སེམས་དཔའ་ཡེ་ཤེས་ཆེ་ནི་མི་བསྐྱོད་པའི་ས་བོན་ཧཱུཾ་མོ། །དེ་བཞིན་དུ་གསུང་གི་རྡོ་རྗེ་འཛིན་ནི་སྣང་མཐའི་ཨཱཿ རྡོ་རྗེ་སྐུ་ཡི་དགོད་པ་ཆེ་ནི་རྣམ་སྣང་གི་ༀ་ཏེ། དེའི་སྒོ་ནས་མངག་གཞུག་པ་དང་རྟག་ཏུ་བསྐུལ་བར་བྱའོ། །དྲུག་པ་ལ་གཉིས། དངོས་ཀྱི་དོན་དང་། མངག་གཞུག་པས་ལས་སྒྲུབ་ཚུལ་ལོ། །དང་པོ་ནི། དེ་ལ་འདི་ནི་ནས་དམ་ཚིག་བཅིང་བའོ་ཞེས་པ་སྟེ། དེ་ལ་འདི་ནི་རྡོ་རྗེ་ཡེ་ཤེས་དེ་བཞིན་གཤེགས་པའི་འཁོར་ལོ་སྟེ་ཚོགས་སོ། །དེ་རྣམས་ཀྱི་སྔགས་ན ི་མངག་གཞུག་སྒྲུབ་པའི་ཚིག་གོ །དམ་ཚིག་གི་གནས་ནི་་འདའ་བར་མི་བྱ་བའི་གནས་སྐབས་ཏེ་དབྱེ་བས་རྣམ་པ་བཞིའོ། །དམ་ཚིག་ནི་ཡི་གེ་གསུམ་མོ་སྟེ་དེ་བཟླས་པས་ཐུགས་བསྐུལ་བ་དང་། དམ་ཚིག་གཏོང་བ་ནི་མངག་གཞུག་པ་དགུག་པའི་ཕྱིར་དུ་རང་གི་ཐུགས་ཀ་ནས་འོད་ཟེར་གཏོང་བ་དང་། དམ་ཚིག་བོད་པ་ནི་ལྷ་ལ་འབོད་པ་སྟེ་ལྷའི་མིང་སྤེལ་ཚིག་དང་བཅས་ནས་བརྗོོད་པ་དང་། དམ་ཚིག་བཅིང་བ་ནི་འོད་ཟེར་གྱིས་ཡེ་ཤེས་པ་བཀུག་ནས་དམ་ཚིག་པ་ལ་བསྟིམ་པའོ། །གཉིས་པ་ནི། མཁའ་དབྱིངས་ནས་གཟུགས་ཅན་ནོ་ཞེས་པ་སྟེ། ནམ་མཁའི་དབྱིངས་རྒྱ་ཆེན་པོ་དག་པ་དང་། ཐོགས་པའི་ཆོས་རྣམས་ཐམས་ཅད་རྣམ་པར་སྤངས་པ་འདི་ལྟ་བུའང་གཟུགས་ཅན་གྱི་གོང་བུའི་ཚུལ་གྱིས་ཏེ། རྡོ་རྗེ་ལྟར་སྲ་བ་རྨད་དུ་གྱུར་པའི་གཟུགས་ཅན་་དུ་བྱེད་པར་འདོད་པས་བསྐུལ་ན་མངག་གཞུག་པས་བྱེད་པར་འགྱུར་རོ། །བདུན་པ་མཇུག་བསྡུ་བ་ནི། བཅོམ་ལྡན་འདས་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་གང་གི་བུ་གཅིག་པར་གྱུར་པ་རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་རྡོ་རྗེ་འཇམ་་དཔལ་གྱི་སྒོ་ནས་རྒྱལ་པོ་དབང་དུ་བྱ་བ་ནི། སངས་རྒྱས་རྡོ་རྗེ་སེམས་དཔའ་ནས་དོན་གྱིས་གསུངས་ཞེས་པ་སྟེ། སངས་རྒྱས་ནི་གཞུང་དོན་ཤེས་པའི་མཁས་པའོ། །རྡོ་རྗེ་སེམས་དཔའ་ནི་རྒྱལ་བློན་ལ་སོགས་པའོ། །དེ་རྣམས་གང་ཡང་རུང་བ་གལ་ཏེ་དབང་དུ་བྱ་བར་འདོད་ན། རྡོ་རྗེ་གསུམ་མཆོག་སྟེ་རྡོ་རྗེ་གསུམ་རང་གི་བདག་ཉིད་དུ་འཛིན་པ་ཆེ་འཇམ་དཔལ་གྱི་སྐུ་གསང་བ་ཆེན་པོ་་འོག་ཏུ་འཆད་པ་འདི་བསམ་མོ། །རང་ཉིད་སྐད་ཅིག་གིས་རྡོ་རྗེ་འཇམ་དཔལ་་སྟོབས་པོ་ཆེ་ནམ་མཁའ་རྡོ་རྗེ་འོད་གསལ་གྱི་དབུས་སུ་སྟེ་ལས་བྱུང་བར་བསམ་པར་བྱ་སྟེ། མདའ་ལྔའི་སྦྱོར་བ་དག་གིས་ནི་ཞེས་པའི་མདའ་ལྔ་པོ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་མདའ་ལྔ་དང་སྦྱར་ན། འདོད་ཆགས་ཀྱིས་་སེམས་མྱོས་ཤིང་དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་སྟེ་ལྔའོ། །སྦྱོར་བ་ནི་མདའ་ལྔ་ལས་ས་བོན་ལྔ་གཏོང་བ་སྟེ། དབུ་རྒྱན་རྩེ་མོར་ཏེ་བསྒྲུབ་བྱ་ལ་ཡང་དག་པར་སྤྲོ་བ་ནི་འཕང་བར་བྱའོ། །སྙིང་ཀ་་སྤྱི་བོ་ལྟེ་བ་གསང་གནས་རྐང་པ་སྟེ་གནས་ལྔ་དག་ཏུ་སྔགས་ཧཱུཾ་ༀ་སྭ་ཨཱཿཧ་རྣམས་རིམ་པར་དགོད་པ་དང་གཏོང་ཤེས་པས། རྡོ་རྗེ་ཁྲོ་བོ་སྟེ་ལྷག་བསམ་བརྟན་པས་ཕྱག་གཡས་པའི་སོར་མོ་ལྔའི་ནང་ནས་རཾ་ལས་བྱུང་བའི་མདའ་ཨུཏྤལ་དམར་པོ་ཁ་མ་ཕྱེ་བའི་མདེའུ་ཅན་ལྔ་ལས་ཡི་གེ་ལྔ་དྲེགས་པར་བྱེད་པ་སོགས་མདའ་ལྔ་ངོ་བོར་བསམ་ནས། བསྒྲུབ་བྱའི་གནས་ལྔ་རུ་རབ་ཏུ་དཔའ་བ་སྟེ་བསྣུན་པར་བྱའོ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས་ནི་འཇམ་པའི་དབྱངས་དེ་ལ་བློ་སེམས་པ་སྒྲུབ་པ་པོ་གྲགས་ཆེན་ཏེ་ནུས་པ་ཅན་གྱིས་མདའ་ལྔ་་འཕངས་པས་བསྒྲུབ་བྱ་དེ་སྔངས་ཤིང་བརྒྱལ་བར་བསྒོམ་པར་བྱ་བའོ། །བསམ་གཏན་འདི་ནི་ཟླ་བ་ཕྱེད་དུ་གསང་བའི་བསྐུལ་བ་སྟེ་ནང་ལ་གཞོལ་བ་དག་གིས་བསྒོམ་པ ར་བྱ་བ་ནི། སྔགས་རྣམས་ཏེ་དེ་བཞིན་གཤེགས་པ་ཀུན་གྱི་རབ་ཏུ་གསར་བ་ཡིན་པར་རྡོ་རྗེའི་དོན་གྱི་བློ་ཡིས་ཏེ་རྡོ་རྗེ་འཆང་གིས་གསུངས་སོ། །བཞི་པ་མ་དད་པ་དད་པར་བྱེད་པ་ནི། སངས་རྒྱས་དཀྱིལ་འཁོར་ནས་རྡོ་རྗེ་ཅན་དུ་མཐོང་ཞེས་པ་སྟེ། ལས་སྦྱོར་གྱི་དུས་སུ་ནམ་མཁའ་རྡོ་རྗེ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ཧཱུཾ་དང་། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་དཀྱིལ་འཁོར་གྱི་མཆོག་ལྷ་སོ་གཉིས་རྟེན་དང་བཅས་པ་དག་བསམ་པར་བྱའོ། །སྔགས་ཀྱི་རྡོ་རྗེ་ཧཱུཾཾ་ལ་སོགས་པ་རིགས་ལྔའི་ས་བོན་ལྔ་ལས་རྡོ་རྗེ་གསུམ་ལ་སོགས་པར་བསྒོམ་པར་བྱ་སྟེ། དེ་ནི་བསྒྲུབ་བྱ་དུག་ལྔ་ཤས་ཆེ་བ་རྣམས་ནི་ཡི་གེ་ལྔ་དང་དེ་ལས་རིགས་ལྔར་བསྐྱེད་པའོ། །ༀ་དཀར་པོ་ནི་བསྒྲུབ་བྱ་དེ་རྣམས་ཀྱི་མིང་གི་དབུས་སུ་བསམས་ནས་ནམ་མཁར་བཞུགས་པའི་ལྷ་རྣམས་བསྒྲུབ་བྱ་འདི་དག་གིས་མཐོང་བར་ཤོག་ཤིག་ཅེས་བྱིན་གྱིས་བརླབ་པའི་ཆོ་ག་བཞིན་དུ་བསྟན་པར་བྱའོ། །དེ་ལྟར་བྱས་ན་སྔགས་རྣམས་ཀུན་ཏེ་དཀྱིལ་འཁོར་པའི་ལྷའི་གཟུགས་དག་ནི་ཕྱག་རྒྱ་ཆེན་པོའི་སྐུ་གསུམ་རྡོ་རྗེ་ཅན་དུ་མཐོང་བར་འགྱུར་རོ། །ལྔ་པ་བཀྲེས་སྐོམ་ཞི་བ་ནི། བཀྲེས་སྐོམ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། སྒྲུབ་པ་པོ་བཀྲེས་པ་དང་སྐོམ་པ་ལ་སོགས་པས་ཉོན་མོངས་ཆེ་་སྟེ་སྡུག་བསྔལ་ཆེན་པོས་ནོན་པས། སྦྱོར་བ་འཆད་པ་འདི་ནི་རྣམ་པར་བསམས་ན་རྡོ་རྗེ་ཐུགས་རྡོ་རྗེ་འཆང་གི་བཀའ་བཞིན་དུ་སྡུག་བསྔལ་ཆེན་པོ་དེ་རྣམས་ཐམས་ཅད་བྱང་བར་འགྱུར་རོ། །རང་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཆེན་པོ་དོན་རྣམས་ཐམས་ཅད་འབྱོར་བར་བྱེད་བར་བསམས་ནས། པཾ་ལས་ཟླ་བའི་དཀྱིལ་འཁོར་ཁའི་ནང་སྟེ་རྐན་གྱི་དབུས་དང་། ༀ་ནི་ལྕེ་ལ་འདུག་པ་ལས་བདུད་རྩི་འབབ་བར་བསམས་ན། དེ་ནི་བཟའ་བར་བྱ་བ་ཀུན་གྱི་འཕྲོད་པའི་གནས་སུ་བྱེད་ཅིང་། ཡིད་བཞིན་ནོར་དུ་སྟེ་ཚེ་རིང་བ་དང་ནད་མེད་པ་སོགས་ཀྱིས་བརྒྱན་པར་འགྱུར་ལ། ཉོན་མོངས་པ་རྣམས་ཞི་བར་བྱེད་པ་དང་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའོ། །དེའི་ཚེ་ཡེ་ཤེས་རྡོ་རྗེ་ལས་བྱུང་བ་རྡོ་རྗེ་འཆང་ཉིད་དུ་བསྒོམ་པར་བྱའོ། །འདིས་དང་པོར་རྡོ་རྗེ་འཆང་དུ་བསྐྱེད་ནས་དེ་རྣམ་སྣང་དུ་བསྒྱུར་བར་བསྟན་ཏོ། །བཅོམ་ལྡན་འདས་་ཡིད་བཞིན་གྱི་ནོར་བུས་དེ་སྐད་ཅེས་བཀའ་སྩལ་ཏོ། །དྲུག་པ་ལས་སྒྲུབ་པ་ལ་ལྔ། དཔའ་བོ་རྡོ་རྗེའི་སྒོ་ནས་ཞི་སོགས་ཀྱི་ལས་སྒྲུབ་ཚུལ། སྐུལ་བྱེད་མའི་སྒོ་ནས་ལས་སྒྲུབ་ཚུལ། ཛམ་བྷ་ལའི་སྒོ་ནས་ནོང་སྒྲུབ་ཚུལ། གནོད་སྦྱིན་མོ་དབང་དུ་བྱས་ནས་ལས་སྒྲུབ་ཚུལ། མཁའ་འགྲོ་ལ་གཉིས་དང་སྙོམས་པར་ཞུགས་ནས་འབྲས་བུ་འགྲུབ་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་ནས་ཏིང་ངེ་་འཛིན་ཏོ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དཔའ་བོ་ཆེན་པོ་རྡོ་རྗེ་འཆང་དེ་བཞིན་གཤེགས་པས། དཔའ་བོ་རྡོ་རྗེ་བསྒོམ་པའི་ཚིག་གི་མཆོག་་དེ་རྡོ་རྗེའི་གསུང་ལས་བྱུང་ངོ་། །བཱི་ནི་ས་བོན་ནོ། །ནམ་མཁའ་རྡོ་རྗེ་འོད་གསལ་གྱི་དབུས་སུ་བྱུང་བའི་སངས་རྒྱས་ཀྱི་དཀྱིལ་འཁོར་མི་བསྐྱོད་པ་ལ་སོགས་པའི་འོད་བཟང་བོ་ཅན་བསྒོམ་པར་བྱའོ། །རྡོ་རྗེ་སྐུ་དང་གསུང་དང་ཐུགས་གསུམ་གྱི་སྦྱོར་བ་ཡིས་ནི་དཔའ་བོ་རྡོ་རྗེའི་ས་བོན་ཕྱག་མཚན་ལས་དེ་བསྐྱེད་དེ། འདི་ནི་རྣམ་པར་བསམ་པར་བྱའོ། །སྐུ་དེ་ནི་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཅུང་ཟད་སེར་བ་རིན་འབྱུང་ལྟ་བུ་སྟེ་རྡོ་རྗེ་རིན་འབྱུང་གི་རྣམ་པ་ལྟར་འགྱིང་བ། ཞི་བའི་ཉམས་ཅན་རལ་པའི་ཐོར་ཚུགས་དང་རིན་པོ་ཆེའི་་དབུ་རན་ཅན་དུ་བསམས་ནས་ལས་རྣམས་ཐམས་ཅད་བརྩམ་པར་བྱའོ། །རྡོ་རྗེ་དཔའ་བོ་ནི་རྡོ་རྗེ་འཆང་ངོ་། །དེའི་རླབས་ཀྱི་འཕྲེང་བ་ནི་འདི་གསུངས་པ་ལ་སྤྲོ་བ་སྟེ་དེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱིས་་ཀུན་ནས་དབྱངས་ཀྱིས་བསྟོད་པའི་སྐུལ་བྱེད་མའི་རྡོ་རྗེ་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཆེན་པོ་ལས་བསྐྱེད་ཅིང་བསྒོམ་པའི་སྐུལ་བྱེད་མའི་ཚིག་སྟེ་ས་བོན་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཙུཾ། ཉི་མའི་དཀྱིལ་འཁོར་དམ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་སྟེ་སྟོང་བའི་ངང་ལས་ས་བོན་སོགས་རིམ་གྱིས་བྱུང་བའི་སྐུལ་བྱེད་མ་བསམ་མོ། །སངས་རྒྱས་སྤྲིན་གྱི་ཆོ་ག་ཡིས་ནི། མི་བསྐྱོད་པའི་དཀྱིལ་འཁོར་གྱི་་དབུས་སུ་གནས་པར་བསམས་ནས་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ལྷ་སོ་གཉིས་ཀྱི་སྤྲོ་བསྡུ་བྱ་བའོ། །རྡོ་རྗེ་གསུམ་གྱི་ནི་གནས་གསུམ་དུ་ཡི་གེ་གསུམ་འགོད་པའོ། །གྲགས་ཆེན་ནི་གྲགས་པ་ཆེན་པོ་དང་ལྡན་པའོ། །ལུས་དང་ངག་དང་སེམས་ལ་དབབ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་འབྱུང་བ་ལྟར་ཏེ། སྐུལ་བྱེད་མའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེས་གདུག་པ་ཅན་འཇོམས་པ་སྟེ། དེ་ལྟ་བུའི་སྐུལ་བྱེད་མ་བསྒོམ་པར་བྱའོ། །ཇི་ལྟར་བསྒོམས་ན། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ཁ་དོག་དཀར་མོ་རབ་ཏུ་བསྒོམ་མོ། །དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་མི་བསྐྱོད་པ་བསམས་ལ། སྔགས་ཏེ་དེ་བཞིན་གཤེགས་པ་རིགས་ལྔ་རྣམས་དང་། ཚིག་ནི་མཚན་མ་སྟེ་ཕྱག་མཚན་རྣམས་དགོད་དོ། །རྡོ་རྗེའི་དམ་ཚིག་སྐུལ་བྱེད་མའི་ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་། འདོད་པའི་ཡོན་ཏན་གྱིས་བསམ་པ་ཐམས་ཅད་རྫོགས་པ ར་བྱེད་པ་རྡོ་རྗེ་ལོངས་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་གནས་ཛམ་ལྷའི་ཏིང་ངེ་འཛིན་གྱི་འཁོར་ལོའི་ཚུལ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །ཛཾ་ནི་ས་བོན་ནོ། །སངས་རྒྱས་དཀྱིལ་འཁོར་དམ་པ་བདག་ནི་ཛམ་ལའི་སྐུ་དང་དེའི་ས་བོན་ནོ། །ནམ་མཁའི་རྡོ་རྗེ་དབུས་སུ་བསམ་པ་ནི་སྟོང་པའི་ངང་ལས་བསྐྱེད་པའོ། །སངས་རྒྱས་ཀུན་ནི་རིན་པོ་ཆེའི་རིགས་སུ་གཏོགས་པ་ཐམས་ཅད་ས་བོན་ལས་འོད་ཟེར་སྤྲོ་བསྡུའི་ཆོ་ག་ཡིས། དེ་རྡོ་རྗེ་གནོད་གནས་བསྒོམ་པ་པོས་ས་བོན་ལ་དབབ་ཅིང་བསྟིམ་པར་བྱའོ། །ས་བོན་དེ་ཡོངས་སུ་གྱུར་པ་ལས་བཱི་ཇི་པཱུར་ཛི་གྱིས་མཚན་པ་དེ་ལས་ཛམྦུ་ལས་ནོར་གྱི་དངོས་གྲུབ་སྒྲུབ་པ་སྟེ་སྟེར་བར་བྱེད་པའི་གནོད་སྦྱིན་ཆེན་པོ་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་པར་བྱ་སྟེ། ཞི་བ་གནོད་སྦྱིན་གྱི་གཟུགས་་འཛིན་པ་རལ་པའི་ཐོར་ཚུགས་དང་དབུ་རྒྱན་དུ་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་བསྒོམ་པར་བྱའོ། །རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔ་འགོད་པ་ཡི་ཆོ་ག་ཡིས་ཏེ་མགོ་ལྐོག་མ་སྙིང་ག་ལྟེ་བ་བྱིན་པ་སྟེ་གནས་ལྔ་དག་ཏུ། ༀ་ལ་སོགས་པའི་ས་བོན་ལྔ་ལས་བྱུང་བར་བསྒོམ་པར་བྱའོ། །དེ་ནས་རང་གི་མདུན་གྱི་སྣོད་དུ་གནོད་གནས་སྔར་ལྟར་བསྒོམ་པའི་རིགས་བདག་ཏུ་རྡོ་རྗེ་འཆང་ཡུམ་བཅས་བསྒོམ་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་དེ་ལ་དབང་བསྐུར་བར་བསམ་མོ། ཆུ་རྡོ་རྗེ་བདུད་རྩིའི་ཆུར་བསྐྱེད་པ་དེ་ཡིས་ༀ་ཛཱཾ་བྷ་ལ་ཛཱ་ལེནྟྲཱ་ཡེ་སྭཱཧཱ་ཞེས་པའི་སྔགས་བརྗོད་ཅིང་། བསམ་གཏན་གྱི་གནས་ལ་འདུག་པ་ལ་དབུལ་བར་བྱའོ། །དེ་ལྟར་སྦྱིན་པ་ནི་རྡོ་རྗེ་སེམས་དཔའི་ཆོ་ག་ཡིས་དབུ་རྒྱན་དེ་ལ་རྣམ་པར་བསམ་པ་སྟེ་སྔ་མའི་དོན་བསྡུས་པའོ། །དེ་ལྟར་བྱས་ན་གནོད་སྦྱིན་གྱི་དབང་པོ་གནོན་གནས་དབང་པོ་འོད་ཆེན་ཏེ་གཟི་བརྗིད་ཆེན་པོ་ཅན་མཉེས་ནས་བསམ་པའི་འདོད་དོན་རྫོགས་པར་བྱེད་དོ། །རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་རྫས་སྒྲུབ་པའི་ཏོག་གི་དཔལ་ཏེ་ནུས་པ་དང་ལྡན་པའི་ཏིང་ངེ་འཛིན་ཏོ། །བཞི་པ་ནི། དེ་ནས་བཅོམ་ལྡན་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་གིས་རྡོ་རྗེ་འདོད་པར་བྱ་བའི་གཟུགས་སོགས་ལ་ཉེ་བར་ལོངས་་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གནོད་སྦྱིན་མོའི་དམ་ཚིག་རྫོགས་པར་བྱེད་པའི་རྡོ་རྗེའི་ཚིག་སྟེ་ས་བོན་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །ཀྵིཾ། འཇམ་དབྱངས་ཀྱི་ཏིང་ངེ་འཛིན་གཉིས་སྔོན་དུ་བཏང་ནས་ལས་སྦྱོར་གྱི་ཚེ། མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར་ནི་ཡེ་ཤེས་ཀྱིས་བསྒོམས་ནས། དེའི་དབུས་སུ་ཀྵིཾ་ལས་ཁང་བ་བརྩེགས་པ་གྲུ་བཞི་ལྷམ་པ་རབ་ཏུ་བཟང་ཞིང་མཛེས་པ། རྒྱུ་ཐམས་ཅད་རིན་ཆེན་བཞི་ལས་བྱས་པར་བསམ་མོ། །དེ་ནས་འཆད་པ་ལྟར་ཡེ་ཤེས་པ་བཅུག་་སྟེ་མེ་ཏོག་དང་སྤོས་ལ་སོགས་པའི་ཕྱི་ནང་གི་མཆོད་པའི་སྤྲིན་གྱིས་ཀུན་ཏུ་འཁྲིགས་པས་མཆོད་པར་བྱའོ། །སྔོན་དུ་གནོད་སྦྱིན་མོ་སྤྱན་དྲངས་པ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་ནི་གང་བར་བསམ་ཞིང་། གནོད་སྦྱིན་མོའི་གཟུགས་ནི་སྤྲིན་དག་སྟེ་མ་ལུས་པ་གནོད་སྦྱིན་མོ་ཅིག་གི་གཟུགས་སུ་བསམ་པར་བྱ་སྟེ། རྡོ་རྗེ་གསུམ་གྱི་སྦྱོར་བ་ནི་གནས་གསུམ་དུ་ཡེ་གེ་གསུམ་བཀོད་པའི་འོད་ཟེར་གྱི་གཞལ་ཡས་ཁང་དུ་དབབ་ཅིང་འཁོད་པར་བསམ་མོ། །ལུས་གསུམ་རྡོ་རྗེའི་བྱེ་བྲག་གིས་ཏེ་འབྲུ་གསུམ་གྱི་འོད་ཀྱི་རྡོ་རྗེ་གསུམ་གྱི་ལྷའི་ཚོགས་་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པས། གནོད་སྦྱིན་མོ་དེ་ཡི་གནས་ལྔར་བསམ་གཏན་ཏེ་ས་བོན་ལ ས་རིགས་ལྔར་བསྐྱེད་ཅིང་བསྒོམ་པར་བྱའོ། །དེའི་ཚེ་སྒྲུབ་པ་པོ་དེ་རྡོ་རྗེ་འཇམ་པའི་དབྱངས་ཀྱི་ཏིང་ངེ་འཛིན་ལ་གནས་ནས་བྱའོ། །གནོད་སྦྱིན་མོའི་དབུ་རྒྱན་ལ་ནི་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བ་བསྒོམ་པ་དང་། སྙིང་གར་པདྨའི་ལྟེ་བར་སྔགས་ཀྱི་ཚིག་ཀྵིཾ་བསྒོམས་ལ། རྡོ་རྗེ་དང་པདྨའི་སྦྱོར་བ་སྟེ་རང་དང་སྙོམས་པར་འཇུག་པར་བརྩམ་པར་བྱའོ། །གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ཉིད་དེ་གཅིག་ཏུ་བྱས་ནས་གནས་པ་སྟེ་རོལ་བར་སྒོམ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལྔ་པ་ནི། དེ་ནས་བཅོམ་ལྡན་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བཞིན་གཤེགས་པ་རྡོ་རྗེ་འཆང་། །རྡོ་རྗེ་སྔགས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ལྷ་མོ་རྣམས་ཀྱི་རྣམ་པར་འཕྲུལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཇིག་རྟེན་པའི་མཁའ་འགྲོ་མའི་དངོས་གྲུབ་ཕྲ་མོ་ཐོབ་པའི་ཐབས་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་་དང་གསུང་ཐུགས་ཡང་དག་འགྲུབ་ནི། གཟུགས་སྣ་ཚོགས་སུ་བསྒྱུར་བ་དང་། སྒྲ་སྣ་ཚོགས་ཀྱིས་ཆོས་སྟོན་པ་དང་། སེམས་ཀྱིས་ཇི་ལྟར་འདོད་པའི་དོན་ཐོབ་ནུས་པ་རྣམས་འགྲུབ་པའོ། །སངས་རྒྱས་ཏེ་རྡོ་རྗེ་མཁའ་འགྲོ་མའི་གཟུགས་ལྟ་བུ་འཛིན་ཅིང་འོད་བཟང་བོ་དང་ལྡན་པ་སྟེ། འཛམ་བུའི་ཆུ་བོའི་གསེར་གྱི་འོད་དེ་ཁ་དོག་དང་འདྲ་བའི་དངོས་གྲུབ་མཆོག་དང་། དངོས་གྲུབ་ཕྲ་མོ་སྟེ་ཆུང་ངུ་དག་འགྲུབ་པ་ལ་གནས་པར་འགྱུར་རོ། །རྡོ་རྗེ་མཁའ་འགྲོ་དང་འཇིག་རྟེན་པའི་མཁའ་འགྲོ་མ་གཉིས་པོ་དེ་དང་སྙོམས་པར་འཇུག་པའི་འབྲས་བུ་ནི། མི་སྣང་བ་ནི་རླུང་ཐིམ་ནས་འོད་གསལ་དུ་འཇུག་པའོ། །ལ་སོགས་ནི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་བ་སོགས་ཀྱི་ཁྱད་པར་ཡང་དག་པར་འགྲུབ་ཅིང་། འཇམ་པའི་འོད་དེ་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་ཞིང་དེ་དང་འདྲ་བར་འགྱུར་རོ་ཞེས་པ་ནི་རྡོ་རྗེ་མཁའ་འགྲོའི་དབང་དུ་བྱས་པའོ། །གནོད་སྦྱིན་རྒྱལ་པོ་གྲུབ་པ་ཆེ་ནི་ཞེས་པ་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་དང་སྙོམས་པར་ཞུགས་པས་རིག་པ་འཛིན་པ་དག་གི་དབང་བོར་འགྱུར་རོ། །དེ་ལ་འདི་ནི་རྡོ་རྗེ་ལྷ་མོ་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་གཉུག་མའི་གཟུགས་གསང་བའི་དངོས་གྲུབ་་འགྲུབ་པའི་ཚིག་རྣམས་ཏེ། དགུག་པའི་སྔགས་ཀྱི་དངོས་གྲུབ་ཐོབ་པས་མཁའ་འགྲོ་མ་འགྲུབ་པར་བྱེད་པའོ། །མཁའ་འགྲོ་མའི་རང་གཟུགས་ནི་མཛེས་པའི་གཟུགས་ལྷམ་མེར་ཡོད་པ་ཅན་རྣམས་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ནི་ཐམས་ཅད་དུ། གཞན་གྱིས་མཐོང་བ་ཙམ་གྱིས་དགའ་བ་དེ་སྒྲུབ་པ་པོས་མཐོང་བར་འགྱུར་རོ། །གཙུག་ཏོར་ནི་གཙུག་ཏོར་འཁོར་སྒྱུར་གྱི་སྔགས་་སོ། །ཐམས་ཅད་གྲུབ་པ་ནི་འཁོར་སྒྱུར་དེ་དང་དེའི་སྔགས་གྲུབ་པའི་འཇིག་རྟེན་པའི་ལྷ་མོ་འགྲུབ་པའི་སྒྲུབ་པ་པོ་ནི། ཡིད་བཞིན་ནོར་བུའི་བདག་པོར་འགྱུར་ནི་མྱུར་དུ་འགྲུབ་པར་བྱེད་པས་ནོར་བུ་དང་འདྲ་བར་འདོད་དོན་ཕོ་ཉ་མོའི་བྱ་བས་འགྲུབ་བོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་རྡོ་རྗེའི་མཁའ་འགྲོ་མ་རྣམས་་འགྲུབ་པར་བྱེད་པའི་མཆོག་ཏུ་ཡང་འགྱུར་ཞིང་། སངས་རྒྱས་རྡོ་རྗེ་རབ་བསྒོམ་པའོ་སྟེ་སངས་རྒྱ་རྡོ་རྗེ་འཆང་ཉིད་ཀྱང་འགྲུབ་པོ། །བཅོམ་ལྡན་འདས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྡོ་རྗེ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་སྤྱོད་པའི་ཆོ་ག་ལ་དྲུག །སྤྲོས་མེད་ཀྱི་་སྤྱོད་པ་བྱ་ཚུལ། ཤིན་ཏུ་སྤྲོས་མེད་ཀྱིི་སྤྱོད་པ། །སྤྱོད་པའི་འབྲས་བུ། སྤྲོས་མེད་ཀྱི་སྤྱོད་པའི་ཐུན་མོང་བའི་ཆོ་ག །སྤྱོད་པ་གཉིས་ལ་བརྟེན་ནས་ལམ་བགྲོད་ཚུལ། །སྤྱོད་པའི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་ལྔ། མཚམས་སྦྱོར་སྔོན་འགྲོ་སྤྱོད་པ་བྱེད་པ་ཆ་ལུག་བསྒྱུར་དགོས་ཚུལ། རིགས་གསུམ་སོ་སོར་ཕྱེ་བའི་སྤྱོད་པ། ཟས་ལ་ལོངས་སྤྱོད་ཚུལ་ཕན་ཡོན་དང་བཅས་པ། ངེས་དོན་གྱི་དམ་ཚིག་བཞི་ལ་གནས་པར་བྱ་བ། རང་རིག་གི་ཕྱག་རྒྱ་མ་རྙེད་ན་ཇི་ལྟར་བྱ་བའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་ཐོབ་པར་་འགྱུར་ཞེས་པ་སྟེ། རྡོ་རྗེ་འཆང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་བརྟུལ་ཞུགས་ཏེ་ཆ་ལུགས་ཀྱི་ཁྱད་པར་ཡང་དག་པར་ལེན་པའི་སྤྱོད་པ་སྟེ་སློབ་ཚུལ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱིི་རྡོ་རྗེ་ལས་བྱུང་ངོ་། །སྐུ་གསུང་ཐུགས་ཀྱིི་རྡོ་རྗེ་ནི་རྣམ་སྣང་ལ་སོགས་པའི་རྣལ་འབྱོར་བ་རྣམས་སོ། །དེས་ལུས་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་སེམས་རྡོ་རྗེར་སྒོམ་པར་བྱེད་པ་ནི་རང་ཚུལ་ལམ་རང་གཟུགས་འཛིན་པའི་ཆ་ལུགས་སུ་བསྒྱུར་བ་ཉིད་ཀྱིས་བསྒོམ་པར་བྱ་སྟེ། དེས་ཚུལ་དེ་བཞིན་བྱས་པས་དེ་ལྟར་དངོས་གྲུབ་མཆོག་འཐོབ་པར་འགྱུར་རོ། །གཉིས་པ་ནི། །དེ་ལ་འདི་ནི་ནས་རབ་ཏུ་བྱ་ཞེས་པ་སྟེ། དེ་ལ་འདི་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རིག་པའི་བརྟུལ་ཞུགས་སོ། །རང་ལ་ཐོར་ཚུགས་དང་དབུ་རྒྱན་གྱིས་བརྒྱན་པའི་རྣམ་སྣང་གི་གཟུགས་ཆེན་པོ་ཁ་དོག་དཀར་པོ་འདྲ་བ་སྟེ་རྣམ་པ་ཅན་དུ་བྱས་ལ། སྔགས་ཀྱི་སྐུ་རྣམ་སྣང་དང་སྡོམ་པ་ནི་ཕྱག་རྒྱ་མ་ཏེ་དེས་ཀུན་ཏུ་བསྡམས་པ་ན ི་དེ་དང་ལྡན་པ་སྟེ། རྣམ་སྣང་གི་ཚུལ་ལྟར་ཆོ་ག་བཞིན་དུ་ཐམས་ཅད་བྱའོ། །ཕྱག་རྒྱ་མ་ལོ་གྲངས་བཅུ་དྲུག་ལོན་པ་ནི་རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས་པ་བཞིན་སྡུག་ཅིག་ཡིད་འོང་བ་མིག་གི་དཀྱུས་རིང་བ་རྙེད་ནས་དེ་དང་ལྷན་ཅིག་རིག་པའི་བརྟུལ་ཞུགས་ཀྱིི་སྤྱོད་པ་སྤྱད་པར་བྱའོ། །ཕྱག་རྒྱ་མ་དེ་སྤྱན་གྱི་གོ་འཕང་ལོངས་སྤྱོད་ཅིང་ནི་་སྤྱན་མ་དང་འདྲ་བར་ཆ་ལུགས་སུ་བསྒྱུར་བར་བྱའོ། །ཡང་རྡོ་རྗེ་མཚན་མས་བསྒོམ་པར་བྱ་ན ི་མི་བསྐྱོད་པའི་སྐུ་མདོག་ཞལ་ཕྱག་གི་རྣམ་པས་ཆས་སུ་ཞུགས་པའི་རྣལ་འབྱོར་བས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྒོམ་པ་སྟེ་སྤྱོད་པར་བྱའོ། །ཕྱག་རྒྱ་མཱ་མ་ཀཱིའི་གཟུགས་སུ་སྔགས་ཏེ་རྣལ་འབྱོར་བ་དེའི་ཆོ་ག་ཤེས་པས། སྒྱུ་རྩལ་རྣམས་ཀྱི་སྔགས་ཀྱི་རྒྱུད་རྣམས་ལེགས་པར་བསླབས་པ་རྙེད་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བྱའོ། །དེ་བཞིན་གཤེགས་པ་ནི་འདིར་འོད་དཔག་མེད་དེ། །དེའི་བཙུན་མོ་ཕྱག་རྒྱ་མ་སངས་རྒྱས་བྱང་ཆུབ་གྲོས་དཀར་མོའི་ཚུལ་ལ་རབ་ཏུ་གནས་པར་བྱས་ཏེ་བརྟུལ་ཞུགས་སྤྱད་པར་བྱའོ། །ཇི་ལྟར་སྤྱད་ན་བརྟུལ་ཞུགས་ཆེན་པོ་དེ་དང་ལྷན་ཅིག་ཐོ་རངས་དང་སྔ་དྲོ་ལ་སོགས་པའི་དུས་བཞིར་སྙོམས་པར་འཇུག་པས་གསང་བའི་མཆོད་པ་རབ་ཏུ་བྱའོ། །གསུམ་པ་ནི། སྡོང་བུ་རྩ་བ་ནས་གདོན་མི་ཟ་ཞེས་པ་སྟེ། སྤྱོད་པའི་ཁ་ཟས་ནི། སྡོང་བུ་དང་དེའི་རྩ་བ་དང་འབྲས་བུ་ཡི་བཟའ་བ་དང་བཅའ་བ་སོགས་སྦྱིན་པ་དག་ལ་ལྟོས་པ་མེད་པར་སྤྱད་པར་བྱའོ། །ཕན་ཡོན་ནི། འོན་ཏང་སྟེ་དེ་ལྟར་བྱས་ན་མྱུར་དུ་སངས་རྒྱས་སུ་འགྱུར་ཏེ། རིགས་ཀྱི་བདག་པོ་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་སོགས་སྤྱོད་པ་ཟླ་བ་དྲུག་ཏུ་སྤྱང་བས་འབྲས་བུ་དེ་དག་ཀུན་གདོན་མི་ཟ་བར་འཐོབ་པར་འགྱུར་རོ། །བཞི་པ་ནི། རྟག་ཏུ་ནས་ཀུན་ཏུ་བསྡམས་ཞེས་པ་སྟེ། སྤྱོད་པའི་ཚེ་རྟག་ཏུ་གཞན་གྱི་ནོར་རྐུ་ཞིང་གསང་བ་རྨད་དུ་བྱུང་བ་་དང་འདོད་ཆགས་རྡོ་རྗེའི་གནས་སྤྱད་པའི་སྡོམ་པ་འདིས་ནི་ཀུན་ཏུ་བསྡམས་པར་བྱ་བའི་དོན་ནོ། །ལེའུ་དགུ་པ་ལས་བཤད་པ་ལྟར་རོ། །ལྔ་པ་ནི། འདོད་ཆགས་རྡོ་རྗེ་ནས་ཀུན་ཏུ་རིགས་ཞེས་པ་སྟེ། འདོད་ཆགས་རྡོ་རྗེ་ནི་དེའི་གཉེན་པོ་ཡེ་ཤེས་ཀྱི་རྡོ་རྗེ་བསྐྱེད་པའོ། །ལྕགས་ཀྱུ་མོ་ནི་ཕྱག་རྒྱ་མས་དངོས་གྲུབ་མྱུར་དུ་འགུག་པའོ། །ཡོན་ཏན་གྱི་ལུག་རྒྱུད་ནི་ཡོན་ཏན་སྐ་རགས་སུ་བྱས་པའི་མཱ་མ་ཀཱིར་ལེའུ་བཞི་པར་བཤད་པ་ལྟར་རོ། །གསུང་གི་རྡོ་རྗེ་ཐུགས་མཆོག་ལ་ནི་རྣམ་སྣང་སོགས་གསུམ་གྱི་རྣལ་འབྱོར་བས་ཀྱང་མཱ་མ་ཀཱི་རིག་མར་བྱེད་པའི་ཆོ་ག་འདི་ནི་རྣམ་པ་ཀུན་ཏུ་བྱ་བར་རིགས་སོ། །གཉིས་པ་ཤིན་ཏུ་སྤྲོས་མེད་ནི་བསམ་གཏན་ནས་སྟེར་བར་འགྱུར་ཞེས་པ་ཏེ། ༀ་ལ་སོགས་ཡི་གེ་གསུམ་གྱི་རྡོ་རྗེ་ཅན་གྱི་བསམ་གཏན་པ་རྣམ་སྣང་གི་རྣལ་འབྱོར་པས། རང་གི་སྙིང་ག་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སེམས་ཀྱིས་ཕྱུང་བར་བསམས་ལ་སྙོམས་འཇུག་བྱ་སྟེ། དེ་ལྟར་བྱས་ན་སངས་རྒྱས་ཀུན་མཁྱེན་པ་མཉེས་པར་འགྱུར་བ་གདོན་མི་ཟའོ། །སྒྲུབ་པ་པོ་ནི་བློ་བརྟན་ཅིང་བརྩོན་འགྲུས་དང་ལྡན་པས། །ནགས་ཚལ་ཏེ་དགོན་པ་ཆེན་པོ་དག་ཏུ་བསོད་སྙོམས་ཚོལ་ཞིང་བསླངས་ནས་སྤྱོད་པ་ན། ལྷའི་ཁ་ཟས་བཟང་པོ་བསྟར་བ་དག་གནས་དེར་ཡོད་པའི་ལྷ་དེ་དག་སྐྲག་ནས་སྟེར་བར་འགྱུར་རོ། །གསུམ་པ་སྤྱོད་པའི་འབྲས་བུ་ནི། རྡོ་རྗེ་བདག་ཉིད་ནས་འཇིག་པར་འགྱུར་ཞེས་པ་སྟེ། རྡོ་རྗེའི་གསུམ་གྱི་བདག་ཉིད་ཅན་གྱི་རྣལ་འབྱོར་བ་ཐ་མལ་གྱི་དངོས་པོ་ལས་འདས་ནས། ཐ་མལ་གྱི་ལུས་འཇིག་པའི་རྡོ་རྗེའི་སྐུ་ཡི་གེ་སྟེ་མི་འགྱུར་བ་འགྲུབ་པར་་འགྱུར་རོ། །བཞི་པ་སྤྱོད་པའི་ཐུན་མོང་གི་ཆོ་ག་ནི། ལྷ་མོ་ཀླུ་མོ་ནས་ཡེ་ཤེས་བསྟེན་ཞེས་པ་སྟེ། ལྷ་མོ་དང་ཀླུ་མོ་དང་གནོད་སྦྱིན་མོ་དང་ལྷ་མ་ཡིན་ནམ་མི་མོའང་སྟེ་དེ་རྣམས་གང་ཡང་རུང་བརྙེས་ནས། བསྟེན་ཏེ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བྱ་སྟེ། དེ་གང་གིས་བྱ་ན་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཏེ་རྣམ་སྣང་སོགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་བརྟེན་པས་བྱའོ། །ལྔ་པ་ལམ་བགོད་ཚུལ་ནི། འདི་ནི་སྔགས་རྣམས་ནས་རབ་ཏུ་འཇུག་པའོ་ཞེས་པ་སྟེ། བརྟུལ་ཞུགས་ཀྱི་སྤྱོད་པ་འདི་ནི། སྔགས་རྣམས་ཏེ་རིམ་གཉིས་ཀྱི་སྒྲུབ་པ་པོ་་ཐམས་ཅད་ཀྱི་དེ་ཁོ་ཉིད་དེ་ཤིན་ཏུ་གསང་བའི་ཚུལ་ཏེ་དོན་ཆེན་པོ་བྱེད་པ་ཡིན་ལ། སྐུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་བར་བྱེད་ཅིང་། སངས་རྒྱས་བྱང་ཆུབ་ནི་འོད་གསལ་དང་དེར་རབ་ཏུ་འཇུག་པ་ནི་རིམ་པ་གསུམ་པའི་སྒྱུ་ལུས་ཏེ། འོད་གསལ་གྱིས་སྒྱུ་མའི་སྐུ་དེ་དག་པར་བྱས་པར་ཟུང་འཇུག་ཐོབ་པར་བྱེད་པའོ། །དྲུག་པ་སྤྱོད་པའི་གཞུང་བསྡུ་བ་ནི། བཅོམ་ལྡན་འདས་བཀའ་སྩལ་ཏོ་ཞེས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་བརྟུལ་ཞུགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེས་་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ལེའུའི་མཚན་དོན་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། གཙོ་བོ་འཕོ་ཚུལ་གྱི་ལྷ་སོ་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་གསུམ་སྒྲུབ་པའི་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུ་་སྟེ་བཅུ་དྲུག་པའི་འགྲེལ་པའོ།། །།༈ བཅུ་བདུན་པ་རྡོ་རྗེའི་བྱིན་རླབས་ཀྱི་རྒྱལ་པོའི་ལེའུ་བཤད་ཚུལ་ལ་གཉིས། །ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་བཞི། མཚམས་སྦྱར་ནས་བསྟོད་ཅིང་གསོལ་བ་གདབ་པ། །བསྟོད་པ་ལ་སྟོན་པ་དགྱེས་ནས་གསུང་བ་ལ་མངོན་དུ་ཕྱོགས་པ། གསོལ་བ་བཏབ་པའི་དོན་བཤད་པ། །མཇུག་སྡུད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། སངས་རྒྱས་འདྲ་བར་འགྱུར་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་་ཐུགས་གཅིག་ཏུ་འདུས་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ་ནི། ཉོན་མོངས་པ་རྣམས་ཀྱིས་མི་གཡོ་བས་ན་མི་བསྐྱོད་པའོ། །རྡོ་རྗེ་ནི་ཐུགས་ཀྱི་རིགས་གང་ཡིན་པའོ། །ཐམས་ཅད་སྟོང་བའི་བདག་ཉིད་ཅན་ཡིན་པས་ན་ཡེ་ཤེས་ཆེའོ། །དེ་འཛིན་པར་བྱེད་པས་ན་རྡོ་རྗེ་དབྱིངས་སོ། །བདེན་པ་གཉིས་ཇི་བཞིན་མཁྱེན་པས་ན་མཁས་པ་ཆེའོ། །རྡོ་རྗེ་གསུམ་གྱི་ནང་ནས་གཙོ་བོ་ཡིན་པས་ན་རྡོ་རྗེ་གསུམ་གྱི་མཆོག་གོ །དོན་དམ་པའི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་དང་འབྱིན་པའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན་དཀྱིལ་འཁོར་གསུམ་མོ། །གསང་བའི་དམ་ཚིག་གི་དབྱངས་གསུང་པ་ལ་ཕྱག་འཚལ་ལོ། །འོད་གསལ་གྱི་མེས་འབར་བར་གྱུར་པས་ན་རྣམ་པར་སྣང་མཛད་དག་པ་ཆེའོ། །རྡོ་རྗེ་ནི་རིགས་ལྔའོ། །ལྔ་པོ་དྲི་མས་རྣམ་པ ར་དག་པའི་དྲུག་པར་གྱུར་པ་ནི་དྲི་མ་ཞི་བའོ། །ལྷན་སྐྱེས་ཀྱི་དགའ་བའི་བདག་ཉིད་ཅན་ཡིན་པས་ན་དགའ་བ་ཆེའོ། །ངོ་བོ་ཉིད་ཀྱིས་དག་པས་ན་རང་བཞིན་གྱིས་འོད་གསལ་བའོ། །མཆོག་གི་མཆོག་ལ་ཆོས་སྟོན་པ་ཞེས་འབྱུང་བ་ལྟར་་སྟོན་པ་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །རིན་ཆེན་ནི་རིན་པོ་ཆེའི་རིགས་དང་ལྡན་པ་རྣམས་སོ། །དེ་རྣམས་དགའ་བར་མཛད་པས་ན་རྒྱལ་པོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཀྱིས་ན་རབ་ཏུ་ཟབ་པོ། །དེའི་ཕྱིར་རྡོ་རྗེ་མཁའ་་འདྲ་དྲི་མ་མེད་པའོ། །གཟོད་པ་ནས་དག་པའི་ཕྱིར་རང་བཞིན་དག་པའོ། །གློ་བུར་གྱི་དྲི་མས་མ་གོས་པ འི་ཕྱིར་གོས་པ་མེད་པའི་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་ནི་པདྨའི་རིགས་དང་ལྡན་པའོ། །དེ་རྣམས་ཀྱི་བདག་པོར་གྱུར་པའི་ཕྱིར་རྒྱལ་པོ་ཆེའོ། །སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཕྱིར་མི་རྟོག་པའོ། །དེ་ཉིད་ཀྱིས་ན་ནམ་མཁའ་རྡོ་རྗེ་འོད་གསལ་རང་གི་ངོ་བོར་འཛིན་པའོ། །འདོད་ཆགས་ནི་འཁོར་བར་ཆགས་པའོ། །དེའི་ཕ་རོལ་གྱི་མཐར་ཕྱིན་པ་ནི་ཤེས་རབ་པོ། །དེ་ཐོབ་པའི་ཕྱིར་བརྙེས་པའི་རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་ནི་དོན་གྲུབ་ཀྱིི་རིགས་ཅན་རྣམས་སོ། །དེ་རྣམས་ཀྱིས་རང་གི་མདུན་དུ་བདར་ཞིང་མཆོད་པར་བྱས་པས་ན་རྫོགས་སངས་རྒྱས་སོ། །འདོད་དོན་ཐམས་ཅད་འགྲུབ་པར་མཛད་པའི་ཕྱིར་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་འོད་གསལ་བ་སྟེ་དེ་ལས་བྱུང་བའོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་ཁྱེད་ལ་ཕྱག་འཚལ་ལོ། །བསྟོད་པ་་འདི་དག་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བསྐུལ་བ་སྟེ་གསུངས་པའོ། །བསྟོད་པའི་ཚིག་ཞི་བ་སྟེ་རྣམ་པར་དག་པ་འདི་རྣམས་ཀྱིས་རྡོ་རྗེ་ལོངས་སྤྱོད་ཅེས་བྱ་བ་རྡོ་རྗེ་འཆང་ཆེན་པོ་ལ་གང་གིས་བསྟོད་ན་ནི་དེ་ཡང་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །གཉིས་པ་ནི། དེ་ནས་སྟོན་པ་ན ས་དྲི་མ་མེད་ཅེས་པའི་བར་ཏེ། །དེ་ལྟར་བསྟོད་པས་རྡོ་རྗེ་འཆང་ཉིད་དགྱེས་ནས་གསུང་པར་བཞེད་དོ། །གདུལ་བྱའི་ཉོན་མོངས་པ་ཐམས་ཅད་ཞི་བར་མཛད་པའི་ཕྱིར་སྟོན་པ་སྟེ་ངེས་ཚིག་གིས་བཤད་པའོ། །རྡོ་རྗེ་འཛིན་ནི་གཉིས་སུ་མེད་པའི་ཡེ་ཤེས་རང་གི་བདག་ཉིད་དུ་འཛིན་པའོ། །སངས་རྒྱས་ལྔའི་མིང་ཅན་གྱི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བའོ། །རྡོ་རྗེ་གསང་བ་ནི་སྲོག་གཅོད་པ་སོགས་ཀྱི་དམ་ཚིག་བཞི་སྟེ་དེའི་གཞི་གསུང་དག་པའི་རྡོ་རྗེའི་གསུང་ནི་བཀའ་སྩལ་ཏོ། །ཨེ་མའོ་ནི་ངོ་མཚར་ཆེ་བའོ། །དེ་ཡང་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྒོ་ནས་བསྟོད་པའི་ཆོས་ཀྱི་་དབྱིངས་ཀྱི་ཡི་གེ་ཆེན་པོའི་ཚིག་གི་རྒྱུན་ནི་ངོ་མཚར་བ་སྟེ་རྒྱུ་མཚན་ནི། རང་བཞིན་སྒྱུ་མ་དང་འོད་གསལ་དང་ཡོངས་སུ་དག་པ་ཟུང་འཇུག་གི་དོན་ནམ་མཁའི་དབྱིངས་བཞིན་དུ་དྲི་མ་མེད་པ་སྟོན་པའི་བསྟོད་པ་ཡིན་པའི་ཕྱིར་སྙམ་དུ་་དགོངས་སོ། །གསུམ་པ་ལ་དགུ །དམ་ཚིག་དང་སྡོམ་པ་རྣམས་བསྟན་པ། མཚན་མ་མེད་ཀྱང་ཏིང་ངེ་འཛིན་གཏན་ལ་དབབ་པ། དེའི་ཐབས་སུ་ལྷའི་སྐུ་་ཇི་ལྟར་བསྐྱེད་པ་སྤྱོད་པའི་དམ་ཚིག་དང་བཅས་པ། འཁོར་གྱི་དྲིས་ལན་གྱིས་་བླ་མ་བསྙེན་བཀུར་ཚུལ། བསམ་གཏན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་རྫོགས་པར་བསྐུར་ཚུལ། ལས་ཚོགས་མཆོད་པ་དམ་ཚིག་རྣམས་སྤེལ་ནས་བསྟན་པ། རྒྱུད་ཀྱི་ཆེ་བ། ཐོས་བསམ་གྱིས་ཐེ་ཚོམ་ཆོད་ནས་ཉམས་སུ་བླངས་པའི་འབྲས་བུ་བསྟན་པ། རྒྱུ་ཡོངས་སུ་གཏད་པའི་ཚུལ་ལོ། །དང་པོ་ལ་གསུམ། ཐེག་པ་གསུམ་གྱི་དམ་ཚིག་དང་སྡོམ་པ། འཇིག་རྟེན་པ་གཞན་གྱི་དམ་ཚིག་དང་སྡོམ་པ། རིམ་གཉིས་སོ་སོའི་དམ་ཚིག་དང་སྡོམ་པའོ། །དང་པོ་ལ་གསུམ། རིགས་གསུམ་གྱི་བཟའ་བ་དང་བསྲུང་བའི་དམ་ཚིག་བསྟན་པ། རང་རྒྱལ་གྱི་དམ་ཚིག་བསྟེན་ཚུལ། ཉན་ཐོས་ཀྱི་དམ་ཚིག་བསྟེན་ཚུལ་ལོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་སངས་རྒྱས་འགྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་རྣམ་སྣང་ལ་སོགས་པ་སྟེ། དེ་ཐམས་ཅད་ཀྱི་ནང་ནས་སྐུ་རྡོ་རྗེའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་ནི་རྣམ་སྣང་ལ་སོགས་པའི་རྣལ་འབྱོར་བ་ཡེ་ཤེས་རྒྱ་མཚོ་ལྟ་བུ་མངའ་བ་ཡིས་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་བཞི་ནི་བསྲུང་བར་བྱ་ཞིང་། རྣམ་སྣང་གི་རྣལ་འབྱོར་བས་ཤ་ཆེན་རྟག་ཏུ་བཟའ་བར་བྱ་སྟེ། འདི་ནི་དེའི་དམ་ཚིག་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་ནས་གསུང་རྡོ་རྗེེ་འོད་དཔག་མེད་ཀྱི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། །འདི་ལ་ཡང་དམ་ཚིག་སྔར་བཤད་པ་བཞི་ནི་བསྲུང་བར་བྱ་ཞིང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་ཡི་གེ་ཆེས་ནི་གསུང་རྡོ་རྗེ་རྣལ་འབྱོར་པས་དམ་ཚིག་བཞིའི་སྟེང་དུ་བཤང་གཅི་དག་ནི་རྟག་ཏུ་བཟའོ། །འདི་ནི་གསང་བ་རྨད་དུ་བྱུང་བའི་དམ་ཚིག་གོ །དེ་ནས་ཕྱག་ན་རྡོ་རྗེ་ནས་རྡོ་རྗེ་་འཛིན་ཏེ་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཐུགས་ཀྱི་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། །རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེས་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་པས་དམ་ཚིག་བཞི་པོ་བསྲུང་བར་བྱ་ཞིང་དེའི་སྟེང་དུ་ཁྲག་དང་ཁུ་བ་སྦྱར་བ་དག་བརྟུལ་ཞུགས་བརྟན་པས་རྟག་ཏུ་བཟའོ། །སྐུ་གསུང་ཐུགས་ཀྱིི་རྡོ་རྗེ་ཡི་དམ་ཚིག་འདི་ནི་རྨད་པོ་ཆེ་ནི་རྣམ་སྣང་སོགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་བའི་དམ་ཚིག་རྣམས་རྨད་དུ་བྱུང་བ་སྟེ། སངས་རྒྱས་ཀུན་གྱི་སྟེ་རྣལ་འབྱོར་ཐམས་ཅད་ཀྱིི་བརྟག་པ་སྟེ་བཤད་པ་འདི་ནི་རྡོ་རྗེ་འཛིན་གྱིས་བསྲུང་བར་བྱའོ། །རྣལ་འབྱོར་བ་གང་ཞིག་་དམ་ཚིག་འདི་དག་སྲུང་བར་བྱེད་པའི་རྡོ་རྗེ་སེམས་དཔའ་འོད་པོ་ཆེ་སྟེ་རྣལ་འབྱོར་བ་དེ་ཡི་སྐུ་གསུང་ཐུགས་རྟོགས་པའི་ཞེས་ཐུགས་གནས་འགྱུར་ཞེས་འབྱུང་བ་ལྟར། །དེ་མ་ཐག་སྟེ་སྐད་ཅིག་དེ་ལ་སངས་རྒྱས་སུ་འགྱུར་རོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་མཆོག་ཏུ་རྟག་པའོ་ཞེས་པ་སྟེ་ཕྱག་ན་རྡོ་རྗེ་ནས་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། །རང་སངས་རྒྱས་དེ་ཡི་གཙོ་བོར་ལུས་ཀྱི་སྒོ་ནས་ཆོས་སྟོན་པ་ནི་སེམས་ཅན་རྣམས་རྡོ་རྗེའི་སྐུ་སྟེ་ལུས་ཀྱི་ཆོས་སྟོན་པས་ལམ་ལ་རབ་ཏུ་འཇུག་པར་མཛད་་དེ་གནས་སོ། །རང་རྒྱལ་དེ་དག་སེམས་ཅན་རྗེས་སུ་བཟུང་བར་འདོད་ཅིང་ངང་ཚུལ་ཅན་ཏེ། དེ་དང་མཐུན་པའི་དམ་ཚིག་འདི་ནི་མཆོག་ཏུ་རྟག་པ་སྟེ་ཐོག་མ་མེད་པ་ནས་བྱུང་བའོ། །གསུམ་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་རྨད་པོ་ཆེ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་ནས་ཉན་ཐོས་ཀྱི་བསླབ་པའི་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། །དགེ་བ་བཅུའི་ལས་ཀྱི་ལམ་སྒྲུབ་པར་བྱེད་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་ལམ་གྱིས་མངོན་དུ་བྱེད་པའི་ཐབས་སྤངས་པ། བདག་ཉིད་གཅིག་པུ་གྲོལ་བར་འདོད་པའི་ལམ་དམན་པར་མོས་པ་ཉན་ཐོས་ཐམས་ཅད་གྱི་དམ་ཚིག་འདི་ནི་རྨད་དུ་བྱུང་བ་ཆེན་པོའོ། །གཉིས་པ་འཇིག་རྟེན་པ་གཞན་གྱི་དམ་ཚིག་སོགས་ལ་བཞི། གཙོ་བོ་གསུམ་གྱི་དམ་ཚིག་འཁྲུལ་སྤོང་དང་བཅས་པ། རྫུ་འཕྲུལ་ཆུང་བ་ལྔའི་དམ་ཚིག །དམ་ཚིག་དེ་བརྒྱད་ལ་གསང་བ་འདུས་པས་ཀྱང་སྤྱད་པར་བྱ་བ། དོན་བསྡུ་བ་ཁུངས་དང་བཅས་པའོ། །དང་པོ་ནི། དེ་ནས་ནས་རྫུ་འཕྲུལ་ཆེ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་ནས་ཚངས་པའི་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། །ཚངས་པ་ཐོབ་པས་གྲོལ་བར་སེམས་པ་ནི་གཏི་མུག་ཏེ། གང་ཟག་དེའི་སྤྱོད་པ་ནི་ལས་ཀྱི་ལམ་མོ། །དེས་ཟས་གཅོད་པ་སོགས་ཀྱི་དཀའ་ཐུབ་བྱེད་པ་གང་ཡིན་པ་རྣམས་ནི་མི་འདོད་པ་བསྐྱེད་པ་འཇིགས་ཤིང་མི་སྡུག་པའོ། །སངས་རྒྱས་ནི་ཚངས་པའི་ལམ་དེར་མོས་པ་རྣམས་དང་བྱང་ཆུབ་ནི་དེ་རྣམས་ཀྱི་ཐོབ་བྱའི་ཡེ་ཤེས་སོ། །སྟོན་པ་ནི་་དེ་ཐོབ་པར་བྱེད་པ་སྟེ། ལམ་དེ་ལ་མོས་པས་སྐུ་ཡི་རྡོ་རྗེ་ཚངས་པ་ཉིད་དུ་བསྒྱུར་བར་བྱེད་པར་འདོད་དོ། །དེས་ན་ཕྱག་ན་རྡོ་རྗེ་ནས་དྲག་པོ་དབང་ཕྱུག་གི་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། ཁམས་གསུམ་སྟེ་མཆོག་དམན་འབྲིང་གསུམ་དག་ན་གནས་པ་ཡི་བུད་མེད་རྡོ་རྗེའེ་སྟེ་དགུག་དཀའ་བ་ལས་བྱུང་བ་རྣམས་དགའ་བའི་ཐབས་སྣ་ཚོགས་པའི་དངོས་པོས་ལོངས་སྤྱོད་པ་ནི་དབང་ཕྱུག་གི་དམ་ཚིག་མཆོག་ཏུ་རྨད་དུ་བྱུང་བའོ། །དེ་ནས་ནས་ཁྱབ་འཇུག་གི་དམ་ཚིག་་འདི་སྔར་ལྟར་ཕྱུང་ངོ་། །སེམས་ཅན་སྐྱེ་གནས་བཞི་ལས་བྱུང་བ་ཇི་སྙེད་པ་ཐམས་ཅད་སྟོང་པ་ཉིད་དུ་དབྱེར་མེད་པའི་ཚུལ་གྱིས་སྐུ་གསུམ་སྟེ་སྒོ་གསུམ་ལ་གནས་པ་རྣམས་རྡོ་རྗེའི་མཁའ་དབྱིངས་ཏེ་སྣོད་ཀྱི་འཇིག་རྟེན་དང་བདག་ཉིད་ཀྱང་སྟོང་པ་ཉིད་ཀྱི་བསམ་གཏན་གྱི་རྡོ་རྗེ་གསད་པ ར་བྱ་བ་ནི་རང་བཞིན་གྱིས་་སྟོང་པར་བསྒོམ་པ་སྟེ་ཁྱབ་འཇུག་གི་དམ་ཚིག་གོ དེ་ནས་ཕྱག་ན་རྡོ་རྗེ་ནས་རང་གི་དམ་ཚིག་གི་རྡོ་རྗེ་འདི་སྔར་བཞིན་ཕྱུང་ངོ་། །སྐུ་རྡོ་རྗེ་རྣམ་སྣང་ནི་ཚངས་པར་འགྱུར་ཞིང་གསུང་གི་རྡོ་རྗེ་འོད་དཔག་མེད་ནི་དབང་ཕྱུག་ཆེན་པོ་དང་ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན་པ་མི་བསྐྱོད་པ་དེ་ཉིད་འདིར་ཁྱབ་འཇུག་རྫུ་འཕྲུལ་ཆེན་པོའི་མིང་གིས་བཏག་ནས་བརྗོད་པའོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་གསད་བྱ་ཞེས་པ་སྟེ། གནོད་སྦྱིན་མོ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། ཁྲག་དང་ཤ་ནི་ཟ་བ་དང་རྟག་ཏུ་གཞན་གྱི་བུད་མེད་སྤྱོད་ཞེས་པས་བུད་མེད་རྟག་ཏུ་འདོད་ལྷུར་ལེན་ཞེས་པ་ལྟར་ཏེ་འདིར་བུད་མེད་ནི་གནོད་སྦྱིན་མོའོ། །ཤ་ཟ་བ་སོགས་ཀྱི་དམ་ཚིག་དཀའ་བ་འདི་རྣམས་ཀྱིས་རྡོ་རྗེ་གནོད་སྦྱིན་མོ་ཆེན་པོ་རྣམས་ནི་མཉེས་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ལས་ཀླུའི་རྒྱལ་པོ་ཐམས་ཅད་ཀྱི་དམ་ཚིག་འདི་ནས་སྔར་བཞིན་ཕྱུང་ངོ་། །འོ་མ་འཐུང་བ་དང་ཕྲ་མ་ལ་དགའ་བ་ཅན་གྱི་ཀླུ་མོ་དེ་དག་འདོད་པ་བསྟེན་པ་དང་སྤོས་ཀྱི་དྲི་ལྷུར་ལེ ན་པ་ལ་འབར་བ་ཏེ་དགའོ། །དམ་ཚིག་འདི་ལྟར་ཉམས་སུ་་བླངས་པས་ནི་གནོད་སྦྱིན་མོ་འགྲུབ་པར་བྱ་ཡི། དེ་ལས་གཞན་དུ་མ་བྱས་ན་ངེས་པར་དབང་དུ་མི་འགྱུར་བས་རང་ཉོན་མོངས་པའི་སྡུག་བསྔལ་བར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེ་ནས་ལྷ་མ་ཡིན་གྱི་བུ་མོའི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། ཁྲོ་བ་དང་བཅས་པའི་ང་རྒྱལ་གྱིས་གཞན་གསོད་པ་སྟེ་འཚོ་བས་ཡིད་ནོན་ཅིང་། སྤོས་དང་མེ་ཏོག་སྤྱོད་པ་ལ་དགྱེས་པ་སྟེ་ཆགས་པ་རྣམས་ནི་དེ་དག་གི་དམ་ཚིག་གི་ཕྱོགས་གཅིག་སྟེ། དམ་ཚིག་རྒྱས་པ་ནི་གདུལ་དཀའ་བ་སྟེ་ཉམས་སུ་ལེན་་དཀའ་བའོ། །དམ་ཚིག་རྣམས་རྡོ་རྗེ་ས་འོག་དང་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་གསུང་པས་དེར་ཤེས་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ནས་སྲིན་མོ་རྣམས་ཀྱི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། །ཐོད་རུས་ཀྱི་ཕྱེ་མ་དང་འབྲུ་མར་ཏེ་མིའི་རྐང་མར་དང་། ཤ་སོགས་བཙོས་པའི་ཞག་སོགས་གདུག་པ་དེ་རྣམས་ལ་སྦྱིན་པར་བྱས་ན། དེ་དག་གིས་རབ་ཏུ་དགའ་བར་འགྱུར་ཏེ་འབྱུང་པོ་ཤ་ཟ་ལ་སོགས་པ་འབྱུང་པོ་ཀུན་ཀྱི་ཡང་དམ་ཚིག་ནི་འདི་ཡིན་ནོ། །དག་བྱེད་ནི་བགེགས་འཇིག་པར་བྱེད་པ་དང་། སེམས་ཅན་གྱི་དོན་ཆེན་པོ་སྒྲུབ་པར་བྱེད་པའོ། །དེ་ནས་ཕྱག་ན་རྡོ་རྗེ་ནས་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་དམ་ཚིག་་འདི་སྔར་བཞིན་ཕྱུང་ངོ་། །བཤང་གཅི་དང་ནི་ཁྲག་དག་ཅེས་བདུད་རྩི་ལྔ་དང་ཤ་ལྔ་སྔགས་ཀྱིས་སྦྱངས་ནས་བཟའ་བ་དང་། ཆང་ལ་སོགས་པ་རང་གིས་རྟག་ཏུ་བཏུང་ཞིང་དེ་ལ་བྱིན་ན་རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བ་ཡིས། །གནས་ཀྱི་མཚན་ཉིད་ཀྱིས་ཏེ་གདུག་པ་རྣམས་རྒྱས་བཏབ་ལ་ཁྲག་དྲང་བ་སོགས་ཀྱི་སྒོ་ནས་གསད་པར་བྱ་བ་ནི་དེ་རྣམས་ཀྱི་དམ་ཚིག་གོ །གསུམ་པ་ནི། ངོ་བོ་ཉིད་ཀྱི་ནས་སྤྱད་པར་བྱ་ཞེས་པ་སྟེ། ཚངས་པ་ལ་སོགས་པ་འདི་དག་ནི་རང་གི་ངོ་བོ་ཉིད་ཀྱི་ཏེ་རང་དབང་གི་ཐོག་མ་མེད་པའི་དུས་ཅན་སྣོད་ཀྱི་འཇིག་རྟེན་དང་ལྷན་ཅིག་ཀུན་དུ་འབྱུང་བ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཁམས་གསུམ་པོ་དག་ན་གཟུག་སྣ་ཚོགས་ཀྱི་རྣམ་པར་སྤྱོད་པའོ། །དེ་ལྟར་སེམས་ཅན་དང་དངོས་གྲུབ་་ཀུན་འགྲུབ་པ་ལ་ཕན་པར་འདོད་པའི་བསམ་པས་དམ་ཚིག་དེ་རྣམས་མ་ལུས་པ་་སྤྱད་པར་བྱའོ། །བཞི་པ་ནི། ཁམས་གསུམ་པ་ནས་ཏིང་ངེ་འཛིན་ཏོ་ཞེས་པ་སྟེ། ཁམས་གསུམ་པ་ཐམས་ཅད་ཀྱི་ཚངས་པ་ལ་སོགས་པའི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེའི་དམ་ཚིག་ནི་འདའ་བར་དཀའ་བའོ། །དེའི་རྗེས་སུ་འབྲང་བ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་པ་ནི་མཇུག་བསྡུ་བའོ། །གསུམ་པ་རིམ་གཉིས་ལ་གནས་པ་སོ་སོའི་དམ་ཚིག་ལ་དྲུག །རྫོགས་རིམ་པས་ལས་ཀྱི་ལམ་རྣམས་འོད་གསལ་གྱིས་དག་པར་བྱ་བའི་དམ་ཚིག་དང་སྡོམ་པ། བསྐྱེད་རིམ་པ་དང་རྫོགས་རིམ་པས་ཕྱག་བྱ་བ་དང་མི་བྱ་བའི་ཁྱད་པར། བསྐྱེད་རིམ་པས་འདོད་ཡོན་ལ་སྤྱོད་པའི་དུས་སུ་ཡུལ་དབང་རྣམས་ཐབས་ཤེས་་སུ་སྡུད་པའི་སྡོམ་པ། རྫོག་རིམ་པས་ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེའི་སྐུ་བསྐྱེད་པའི་དམ་ཚིག །ནང་ལ་གཞོལ་པ་རྣམས་ཀྱིས་ཚིམ་པར་བྱ་བའི་ཆོ་ག །སྔགས་ལ་གཞོལ་པ་རྣམས་ཀྱིས་ཚིམ་པར་བྱ་བའི་ཆོ་གའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། དེ་ནས་ནས་ལུས་ཀྱི་དངོས་གྲུབ་ནི་ལུས་ཀྱི་བྱ་བ་སྟེ། དེ་རྣམས་དེ་ཁོ་ནར་མཉམ་པའི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། །ལུས་ཀྱི་རྣམ་གསུམ་ཐམས་ཅད་ནི་ཞེས་པ་སྲོག་གཅོད་པ་སོགས་ལུས་ཀྱི་ལས་རྣམས་སོ། རྡོ་རྗེ་ལས་ནི་བྱུང་བ་ནི་འོད་གསལ་ལས་བྱུང་བ་ཏེ། བདེ་འགྲོ་དང་ངན་འགྲོའི་རྒྱུ་བླང་དོར་དུ་བྱེད་པ་ལ་ལྟོས་པ་མེད་པར་ཉམས་སུ་ལེན་པར་བྱའོ། །དེ་ལྟར་བྱས་པས་སེམས་ཅན་ཁམས་ནི་སྒྲུབ་པ་པོའི་སྒོ་གསུམ་པོ་ཐམས་ཅད་དུ་རྟག་པར་སངས་རྒྱས་ཀྱི་སྐུར་སྐྱེད་པར་བྱེད་པས་་འཁོར་བའི་རྒྱུ་མི་འབྱུང་ངོ་། །དེ་ནས་ཕྱག་ན་རྡོ་རྗེ་ནས་བདག་གི་དངོས་གྲུབ་ཏེ་བྱ་བ་རྣམས་ཀྱི་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། །ཚིག་གི་ལས་ལམ་མ་ལུས་པར་ནི་བརྫུན་དུ་སྨྲ་བ་སོགས་ངག་གི་ལས་བཞིའོ། ཁམས་གསུམ་དྲི་མེད་ནི་རྡོ་རྗེ་འཆང་ངོ་། །དཀྱིལ་འཁོར་ནི་གནས་སོ། ཚིག་གི་དངོས་གྲུབ་ཡིད་འོང་་འདི་ནི་ངག་གི་དབང་ཕྱུག་གི་དངོས་གྲུབ་ཡིད་འཕྲོག་པ་སྟེ། དམ་ཚིག་ཤིན་ཏུ་་འདའ་དཀའ་བའོ། །དེ་ནས་ཕྱག་ན་རྡོ་རྗེ་ནས་སེམས་རྡོ་རྗེའི་དངོས་གྲུབ་ཀྱིི་་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། །ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན་ནི་བརྣན་་སོགས་ཡིད་ཀྱི་ལས་རྣམས་སོ། །རྡོ་རྗེ་བརྟན་པ་འཛིན་པ་ནི་འོད་གསལ་ལ་གཞོལ་བའི་བློས་དེ་ཁོ་ན་ཉིད་དུ་སོ་སོར་བརྟག་ཅིང་བསྒོམ་པའོ། །རྡོ་རྗེ་མི་ཕྱེད་གསུམ་ལྡན་ཏེ་རྫོགས་རིམ་པ་རྣམས་ཀྱི་དམ་ཚིག་བཤད་པ་ནི་འདི་ཡིན་ནོ། །བཅོམ་ལྡན་འདས་ཀུན་ཏུ་མཛེས་དགའ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་་སྩལ་ཏོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་ལས་བྱུང་བའོ་ཞེས་པ་་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་གིས། སྔགས་ལ་མཆོག་ཏུ་གཞོལ་བ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་་དཔའ་དང་ཉན་ཐོས་དང་རང་རྒྱལ་དེ་བཞིན་དུ་ཐམས་ཅད་ལ། རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་གཅིག་ཏུ་བྱེད་ཅིང་སྦྱོར་བའི་སྔགས་པས་ཕྱག་མི་བྱ་སྟེ། རང་དམན་པར་ཞེན་ནས་དེ་རྣམས་ལ་ཕྱག་འཚལ་བ་ནི་མ་རུང་སྟེ་ལེགས་པར་མི་འགྱུར་རོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་ནས་དེ་བཞིན་གཤེགས་པ་སྟེ་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བསམ་གཏན་གྱི་དམ་ཚིག་འདི་སྔར་ལྟར་བྱུང་ངོ་། །ཀུན་དུ་རྡོ་རྗེ་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ་སྒོ་གསུམ་ལ། རྡོ་རྗེ་སེམས་དཔའ་སྟེ་དང་པོའི་མགོན་པོའི་བསམ་གཏན་རྡོ་རྗེ་གསུམ་དབྱེར་མེད་དུ་སྦྱོར་བས། སྔགས་ཟློས་པ་ནི་རྡོ་རྗེ་བཟླས་པ་ལ་གཞོལ་བས་བསམ་གཏན་བྱའོ། །དེ་ན་ཕྱག་ན་རྡོ་རྗེ་ནས་སྔགས་སྒྲུབ་པ་ནི་ཟུང་འཇུག་ལ་གནས་པ་སྟེ། དེ་རྣམས་ཀྱི་་དམ་ཚིག་དང་སྡོམ་པ་འདི་སྔར་ལྟར་ཕྱུང་ངོ་། །སེམས་ཅན་གྱི་ཁམས་ཏེ་ཚོགས་རྣམས་ཐམས་ཅད་ནི་མདོར་ན་སྟེ་གཅིག་ཏུ་བྱེད་པའི་ཚུལ་ནི་རྡོ་རྗེ་གསུམ་་དབྱེར་མི་ཕྱེད་པའི་བསམ་གཏན་རྡོ་རྗེས་བསྐུལ་བ་སྟེ་བསྒྲུབ་པར་བྱའོ། །རྡོ་རྗེ་གསུམ་གྱི་ཕྱག་འཚལ་མཆོག་ནི་སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་ངོ་བོར་བལྟས་ནས། སངས་རྒྱས་ཀྱི་སྐུ་གཟུགས་ལ་ཕྱག་བྱ་བའི་མཆོག་ཏུ་འགྱུར་རོ། །དམ་ཚིག་རྡོ་རྗེ་ནི་ཟུང་འཇུག་པའོ། །དེ་རྣལ་འབྱོར་འདི་ལས་བྱུང་བ་ན ི་རླུང་སེམས་ཙམ་ལས་འགྲུབ་པར་འགྱུར་རོ། །གསུམ་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་རབ་ཏུ་བརྟག་པའོ་ཞེས་པ་སྟེ། དེ་ནས་བསྙེན་པ་དང་སྒྲུབ་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་སྡོམ་པ་འདི་སྔར་ལྟར་ཕྱུང་ངོ་། །གཤང་གཅིས་ནི་ཡུལ་དང་དབང་པོའོ། །རྡོ་རྗེ་ནི་དེ་རྣམས་ལྷའི་ངོ་བོར་མི་ཕྱེད་པར་བྱས་པ་རྣམས་ཀྱི་ནི་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བར་རྣམ་པར་བསམས་ལ། དེ་རྣམས་དུས་གསུམ་རྡོ་རྗེ་སྟེ་སྐུ་གསུམ་མི་ཕྱེད་པའི་ང་རྒྱལ་འཆད་པ་དག་ལ་དབུལ་བ་སྟེ་བསྟེན་པར་བྱའོ། །འདི་ནི་དམ་ཚིག་མཆོག་ཏུ་རྟག་པ་སྟེ་ཐོག་མ་མེད་པ་ནས་སངས་རྒྱས་ལས་རིམ་པར་བརྒྱུད་པའོ། །བཞི་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་རྫོགས་བྱེད་པའོ་ཞེས་པ་སྟེ། རྡོ་རྗེ་ཐམས་ཅད་ནི་ཐུན་མོང་བའི་སྐུ་གསུང་ཐུགས་སོ། །དེའི་མི་སྣང་བ་ནི་འོད་གསལ་དུ་་འཇུག་པའོ། །དེ་ལས་རྡོ་རྗེ་སྐུ་དང་མཉམ་པར་འགྱུར་བས་ན་དམ་ཚིག་སྟེ་འདི་སྔར་བཞིན་ཕྱུང་ངོ་། །དུས་བཞི་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་སོགས་བཞིའོ། །ཇི་ལྟར་མཆོག་བཞིན་དུ་ནི་ཚུལ་དེ་སྟོང་ཉིད་སྒོམ་པའི་ལམ་ཁྱད་པར་ཅན་ཡིན་པའོ། །རྡོ་རྗེ་མོ་ནི་རྡོ་རྗེ་ཅན་ཏེ་ངེས་ཉིན་རེ་བཞིན་དུ་དེ་རྣམ་སྤྱད་པ་སྟེ་བསྒོམ་པར་བྱའོ། །ཡང་ན་ནི་སླར་ཡང་སྟེ་རྫས་ཀྱང་སྟེ་ཟུང་འཇུག་གི་སྒྱུ་མ་བྱིན་པར་་དབྲོག་པར་བྱའོ། །རྟག་ཏུ་ནི་དེ་འཕྲོག་ཅིང་ཐོབ་པའི་ཐབས་རྒྱུན་དུ་བྱེད་པའོ། །འདི་ལྟར་བྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེ་རྫོགས་ཤིང་དེ་རྣམས་མཉེས་པར་བྱེད་པའོ། །ལྔ་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་མི་ཐུབ་པའོ་ཞེས་པ་སྟེ། ནམ་མཁའི་རིག་འཛིན་རྣལ་འབྱོར་བའི་ལུས་རྒྱས་པར་བྱེད་པའི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། །སྒྲུབ་པ་པོ་རང་གི་སྐུ་གསུང་་ཐུགས་ཀྱི་རྡོ་རྗེ་ནི་བདེ་བར་གནས་པའི་ཕྱིར་དུ། རང་གི་དབུ་རྒྱན་ཏེ་ཀླད་རྒྱ་་དག་ལ་བསམ་གཏན་དེ་ནི་ཀླད་རྒྱ་ནས་བྱང་སེམས་ལྕེ་ཆུང་ངུ་བབས་ཏེ་དེས་ཚིམ་པར་བསྒོམ་པའོ། །ཕན་ཡོན་ནི་རྡོ་རྗེ་གསུམ་ནི་རང་གི་ལུས་སོ། །དེའི་དམ་ཚིག་ནི་རླུང་ལ་སོགས་པའི་འབྱུང་བ་ཁྲོས་པ་སྟེ་མ་འཕྲོད་པས་འཁྲུགས་པ་རྣམས་ཀྱིས་བསྐྱེད་པའི་ནད་ཀྱིས་མི་ཐུབ་ཅིང་མི་ཚུགས་པའོ། །དྲུག་པ་ནི། །དེ་ནས་ཕྱག་ན་རྡོ་རྗེ་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། སྔགས་འཆང་ལས་དང་པོ་པ་ཐམས་ཅད་ནི་རིགས་ལྔའི་སྒྲུབ་པ་པོ་སྟེ། དེ་རྣམས་ཀྱི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། །བཟའ་བ་སོགས་ཀྱི་དུས་སུ་སྐུ་ཡི་རྡོ་རྗེ་རྣམ་སྣང་དུ་བསྐྱེད་དེ་ཁ་ཟས་ལ་སྤྱད་པར་བྱ་ལ་དེ་ལས་གཞན་པའི་ཕྱི་རོལ་འདོད་ཡོན་ལ་ལོངས་སྤྱོད་པའི་དུས་སུ་ནི་རྡོ་རྗེ་འཛིན་པ་མི་བསྐྱོད་པར་བྱ་བ་དང་། མདོ་གསུང་རབས་་སོགས་གདོན་པ་དང་ཆོ་གའི་བྱ་བ་སྟེ་དབང་དུ་བྱ་བའི་ལས་ལ་རྟག་པར་རྡོ་རྗེ་ཆོས་སུ་སྟེ་འོད་དཔག་མེད་དུ་བསྐྱེད་ནས་བྱའོ། །བཅོམ་ལྡན་འདས་ངོ་བོ་ཉིད་་དག་པ་རྡོ་རྗེ་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་མཚན་མེད་ཀྱི་ཏིང་ངེ་འཛིན་ལ་ལྔ། རྗེས་འཇུག་གི་ལས་ཚོགས་ལ་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་དགོས་པར་བསྟན་པའི་ཕྱིར་དུ་སྟོན་པ་འོད་གསལ་དུ་ཞུགས་པ། དེ་ལ་སྔོན་བྱུང་གི་དགོས་པ་བསྟན་པའི་ཕྱིར་དུ་འཁོར་རྣམས་ཀྱིས་དྲིས་ལན་མཛད་པ། དེ་ལ་སྟོན་པ་མཉེས་ནས་དོན་དེ་ཉིད་རང་གི་གསུང་གིས་སྟོན་པར་མཛད་པ། སློབ་བཞིན་པའི་རྣལ་འབྱོར་བས་སངས་རྒྱས་སུ་འགྲུབ་པའི་རྒྱུ་ལ་ཞུས་ལན་མཛད་པ། འོད་ཟུང་གི་ཏིང་ངེ་འཛིན་བཤད་པ་ལ་འཁོར་རྣམས་ངོ་མཚར་དུ་གྱུར་པའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་པ་སྟེ། རྡོ་རྗེ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་སེམས་རང་བཞིན་གྱིས་འོད་གསལ་བའོ། །དེ་ལྟར་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་རོ། །གཉིས་པ་ལ་བཞི། འཁོར་གྱི་བྱང་སེམས་རྣམས་ཀྱིས་འོད་གསལ་དུ་བཞུགས་པའི་རྒྱུ་མཚན་ཞུས་པ། དེའི་ལན་འཁོར་གྱི་དེ་བཞིན་གཤེགས་པས་གསུངས་པ། ལན་དེ་ལ་ལོག་རྟོག་འཇམ་དཔལ་ལ་སོགས་པས་བསལ་བ། འཁོར་གྱི་དེ་བཞིན་གཤེགས་པས་བྱང་ཆུབ་ཐོབ་བྱར་ཡོད་མེད་ཀྱི་ཚུལ་དུ་བསྟན་པའོ། །དང་པོ་ནི། དེ་ནས་ཡང་ནས་མི་གསུང་བར་བཞུགས་ཞེས་པ་སྟེ། དེ་ནས་ཡང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་རབ་ཏུ་ཕྲ་བ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དེ་བཞིན་གཤེགས་པ་་ཐམས་ཅད་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ་དེ་བཞིན་གཤེགས་པ་་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་ཅང་མི་གསུང་བར་བཞུགས་ཞེས་ཞུས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས་བཟུང་བས་ཟིན་པ་ཡིན་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་སྐུ་་དང་གསུང་དང་ཐུགས་ཀྱི་བདག་པོ་འདི་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པ་ནི་འོད་གསལ་ལོ། །ངོ་བོ་ཉིད་ཀྱི་ཡི་གེའི་ཚིག་སྟེ་གནས་ལ་དེ་ལྟ་བུའི་ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་བརྗོད་ནས་དེ་་སྟོན་པར་མཛད་པའི་ཕྱིར་ཅང་མི་གསུང་བར་བཞུགས་སོ། །རིགས་ཀྱི་བུ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་འདི་སེམས་པ་སྟེ་དགོངས་པ་ནི་འདི་སྙམ་དུ་གྱུར་ཏོ། །སྐུ་ནི་མི་འགྱུར་བ་སྟེ་རང་བཞིན་གྱིས་མ་སྐྱེས་པའོ། །དེ་བཞིན་དུ་གསུང་དང་ཐུགས་ཀྱང་རང་བཞིན་གྱིས་མ་སྐྱེས་ཤིང་མ་སྐྱེས་པ་དེ་ལྟ་བུ་ལ་ཁ་དོག་དང་དབྱིབས་སོགས་ཀྱི་མཚན་མ་མེད་དོ་ནམ་མཁའ་རྡོ་རྗེར་རྟོག་པ་ནི་བརྟག་བྱའི་དེ་བཞིན་ཉིད་དོ། །དེ་བྱུང་བ་ནི་རྣམ་པར་་དཔྱད་ན་དེ་བཞིན་ཉིད་དེའི་ངང་དུ་ཆོས་ཐམས་ཅད་གནས་པའོ། །དེ་ལྟར་ཡིན་ན་ལྷའི་འཁོར་ལོ་ཇི་ལྟར་འབྱུང་ཞེ་ན། ལོག་པ་ནི་སྒྱུ་མ་ལྟ་བུ་སྟེ་དེ་ཡང་་དག་པར་བླངས་ཤིང་བཟུང་བ་ནི་སྒྱུ་མ་ལྟ་བུའི་རྡོ་རྗེ་འཆང་གི་སྐུའོ། །རྡོ་རྗེ་འཆང་དེ ས་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཡོངས་སུ་བཟུང་བའི་ཕྱིར་ཟིན་པ་ཡིན་པའོ། །གསུམ་པ་ལ་གཉིས། ལོག་པར་བཟུང་བ་ཞེས་པའི་ཚིག་གི་དོན་ལ་ལོག་རྟོག་བསལ་བ་དང་། འོད་ཟུང་གི་ཟབ་པ་དང་རྒྱ་ཆེ་བའི་དགོས་པ་བསྟན་པའོ། དང་པོ་ནི། དེ་ནས་འཇམ་དཔལ་ནས་རྗེས་སུ་འགྲོའི་ཞེས་པ་ཏེ། དེ་ནས་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་གི་གསུང་རྡོ་རྗེའི་ཚིག་ལོག་པར་བཟུང་བ་ཞེས་པ་འདི་ལ་ཕྱིན་ཅི་ལོག་བརྫུན་པའི་ཚིག་དོན་འབྱུང་བར་མི་བརྟག་ཏུ་གསོལ་ནི། །ཚིག་དེ་ཕྱིན་ཅི་ལོག་གི་དོན་ཅན་དུ་མི་འཛིན་པར་མཛད་དུ་གསོལ་ཞེས་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་་དབྱིངས་མྱ་ངན་ལས་འདས་པའི་ངོ་བོ་ཉིད་སྤྱོད་པར་འགྱུར་བ་སྟེ་ཐོབ་པའོ། །འོད་གསལ་དུ་གཤེགས་པ་དང་ཟུང་འཇུག་ཏུ་སྤྱོན་པ་སྟེ་ལྡང་བའི་རྗེས་སུ་འགྲོ་བ་ལ་དབང་བས་འཁྲུལ་པ་མི་མངའ་བའི་ཕྱིར་ཞེས་ཞུས་སོ། །གཉིས་པ་ནི། དེ་ཅིའི་སླད་དུ་ནས་སེམས་པ་ཡང་མཆིས་སོ་ཞེས་པ་སྟེ། བཤད་མ་ཐག་པའི་་འོད་གསལ་དུ་འཇུག་པ་དང་ཟུང་འཇུག་ཏུ་ལྡང་བར་བསྟན་པ་དེ་ལ་དགོས་པ་ཅི་ཞིག་ཡོད་ཅེས་རྟོག་པར་འགྱུར་བས་དེ་ཅིའི་སླད་དུ་ཞེ་ན། ཚངས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་སྟེ་འཇིག་རྟེན་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་ཡེ་ཤེས་ཆེན་པོ་ཐོབ་པ་རྣམས་ཀྱང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པ་དང་། ངོ་བོ་ཉིད་རང་བཞིན་གྱི་རྣམ་པར་དག་པའི་འོད་གསལ་དོན་དམ་པའི་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་འདི་སྙམ་དུ་རྣམ་པར་རྟོག་སྟེ། ཅི་རྡོ་རྗེ་བདག་ཉིད་ཅན་གྱི་སྟོན་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུ་བ་་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཀྱི་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་དོན་མཐར་ཐུག་པ་ཡོངས་སུ་མ་ཤེས་ཀྱང་། གསང་བའི་ཡི་གེ་ཐུན་མོང་མ་ཡིན་པ་རྣམས་འཆད་པར་བྱེད་དམ་སྙམ་དུ་སེམས་པ་ཡང་མཆིས་སོ། །འདིར་དོགས་པ་དེ་ལྡོག་པའི་ཕྱིར་སྟོན་པ་རང་ཉིད་ཀྱིས་བདེན་གཉིས་ཇི་བཞིན་དུ་ཐུགས་སུ་ཆུད་པར་སྟོན་པའི་ཆེད་དུ་འོད་གསལ་དུ་ཞུགས་པ་དང་བཞེངས་པར་སྟོན་པའོ། །བཞི་པ་ལ་གཉིས། དོན་དམ་པར་ཐོབ་བྱ་སོགས་མ་གྲུབ་པས་བྱང་ཆུབ་རྙེད་དཀའ་བར་བསྟན་པ་དང་། ཐ་སྙད་དུ་རྙེད་སླ་བར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་ནས་བྱུང་བའོ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ལྟ་ཅི་སྨོས་ཏེ། ངེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་བྱེད་པའི་རྡོ་རྗེ་ཡི་གེའི་ཚིག་འདུས་པའི་རྒྱུད་གསང་བ་མི་འགྱུར་བ་རྙེད་པའང་། རྡོ་རྗེ་འཆང་གི་སྐུ་དང་གསུང་དང་ཐུགས་ཀྱི་བྱང་ཆུབ་་འབྲས་བུ་མངོན་པར་རྟོགས་པ་ཉིད་སྤྲོས་བཅས་ཀྱི་ཚུལ་གྱིས་མངོན་དུ་མ་བྱས་ཤིང་ཡོངས་སུ་མ་ཤེས་ན། ཚངས་པ་སོགས་ཀྱིས་ལྟ་ཅི་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ་དེའི་མངོན་པར་བྱང་ཆུབ་པ་རྒྱུ་འོད་གསལ་དང་འབྲས་བུ་ཟུང་འཇུག་གཉིས་དོན་དམ་པར་ངོ་བོ་ཉིད་མེད་པ་མི་འགྱུར་བ་སྟོང་པ་ཉིད་རྟོགས་པའི་འོད་གསལ་ལས་བྱུང་བའོ། །གཉིས་པ་ནི། རིགས་ཀྱི་བུ་ནས་ཐོབ་པའོ་ཞེས་པ་སྟེ། རིགས་ཀྱི་བུ་འོན་ཀྱང་ཐ་སྙད་དུ་སེམས་ཅན་ཆེན་པོ་སྐྱེ་གནས་བཞིའི་ཁོངས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་དེ་བཞིན་དེ་ཁོ་ན་ཉིད་ལ་ཐོས་བསམ་བསྒོམ་པས་རིམ་གྱིས་གནས་པར་གྱུར་ན་ནི་སངས་རྒྱས་རྡོ་རྗེར་འགྱུར་རོ། །དེའི་ཅིའི་ཕྱིར་ཞེ་ན། ཀྱེ་མ་སེམས་ཅན་དེ་དག་ནི་སྐུ་གསུམ་རྡོ་རྗེ་སྟེ་ཆོས་སྐུ་སོགས་གསུམ་དང་དེའི་རྒྱུ་ཆོས་རང་བཞིན་རྣམ་དག་དེ་ཉིད་འཛིན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྡོ་རྗེ་འཆང་གི་ཡེ་ཤེས་ཐོབ་པར་འགྱུར་བའོ། །གསུམ་པ་སྟོན་པས་ལན་མཛད་པ་ན། དེ་ནས་ཕྱག་ན་རྡོ་རྗེ་ནས་སྨྲ་བ་མིན་ཞེས་པ་སྟེ། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་གསུངས་སོ། །རང་བཞིན་དག་ཅིང་ནི་སྣོད་བཅུད་ཀྱི་དངོས་པོ་རྣམས་སོ། །བདག་མེད་པ་ནི་དེ་རྣམས་རང་བཞིན་གྱིས་སྟོང་བའི་འོད་གསལ་ལོ། །ཆོས་ཀྱི་དབྱིངས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །འགྱུར་གཞན་ལྟར་ན་དེ་ནི་ལྷའི་འཁོར་ལོ་སྐྱེ་བའི་གནས་སུ་གྱུར་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་བྱུང་བའོ། །རྟོག་པ་ནི་བློའི་རྣམ་འགྱུར་རོ། །སྨྲ་བ་ནི་ལྷའིི་སྐུར་སྣང་ནས་ཆོས་སྟོན་པར་བྱེད་པའོ། །སྨྲ་བ་མིན་ནི་དེ་ཁོ་ན་ཉིད་འཚོལ་བའི་རིགས་པས་དཔྱད་ན་མི་རྙེད་པའོ། །བཞི་པ་སངས་རྒྱས་འགྲུབ་པའི་རྒྱུ་ལ་གསུམ། འཁོར་གྱི་དེ་བཞིན་གཤེགས་པས་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་གང་ལས་འབྱུང་བ་དང་གང་དུ་ཐིམ་པའི་རྒྱུ་ཞུས་པ། སྟོན་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་དུ་ཞུགས་པ་རྒྱུ་ཡིན་པར་བསྟན་པ། དེ་ལ་སླར་ཞུས་ལན་མཛད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་གདན་གནས་ཞེས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་ཆེན་པོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་རྣམས་རྒྱུ་གང་ལས་ཇི་ལྟར་ཡང་དག་པར་འབྱུང་ཞིང་འཇུག་གང་ན་གནས་པ་སྟེ་ཐིམ་པར་་འགྱུར་ལགས། གཉིས་པ་ནི། དེ་བཞིན་གཤེགས་པ་ནས་རྒྱུད་ཀྱི་རྡོ་རྗེ་ལ་གནས་སོ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པས་ལན་གསུངས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་དང་ཐམས་ཅད་མཁྱེན་པ་དང་ཁམས་གསུམ་པོ་ཇི་སྙེད་བདག་ནི་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱུན་གྱི་རྒྱུད་ཀྱི་རྡོ་རྗེ་སྒོ་གསུམ་འོད་གསལ་དུ་ཞུགས་པའི་ཡེ་ཤེས་ལ་གནས་པ་སྟེ་བརྟེན་ནས་འབྱུང་ངོ་། །གསུམ་པ་ལ་གཉིས། དངོས་གྲུབ་དང་ཁམས་གསུམ་གྱི་རྩ་བ་གང་ཡིན་ཞུས་པ་དང་། དེའི་རྩ་བ་འོད་གསལ་དང་དེ་ལ་རྩ་བ་གཉིས་པ་མེད་པར་བསྟན་པའོ། །དང་པོ་ནི། དེ་བཞིན་ནས་གང་ན་གནས་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་དང་། ཁམས་གསུམ་པོ་ཐམས་ཅད་གང་ན་གནས་ཞུས་སོ། །གཉིས་པ་ནི། དེ་བཞིན་ནས་གང་ན་ཡང་མི་གནས་སོ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡེ་ཤེས་རྡོ་རྗེའི་བདག་པོས་གསུང་པ། བཅོམ་ལྡན་འདས་ནས་ཁམས་གསུམ་ཐམས་ཅད་ནི་ནམ་མཁའ་སྟེ་འོད་གསལ་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་གསོལ་བ། ནམ་མཁའ་འོད་གསལ་་དེ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུངས་པ། དེ་ནི་གང་ན་ཡང་མ་ཡིན་ནོ་ཞེས་ལན་གསུངས་ཏེ། བདེན་སྟོང་ལས་གཞན་མེད་པའི་དོན་ནོ། །ལྔ་པ་འཁོར་རྣམས་ངོ་མཚར་དུ་གྱུར་པ་ནི། དེ་ནས་བྱང་ཆུབ་ནས་རྣམ་པར་བསྒོམ་ཞེས་པ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་པ་ནི་འོད་གསལ་ལའོ། །རྨད་དུ་གྱུར་པ་ནི་དེ་ལས་ཟུང་འཇུག་གི་སྐུར་ལྡང་བ་ལ་དེ་ལྟར་གྱུར་ནས། ཨེ་མའོ་རྡོ་རྗེ་ཨེ་མའོ་རྡོ་རྗེ་ནི་འོད་ཟུང་གཉིས་ལ་ངོ་མཚར་བ་བཟླས་པའོ། །ཨེ་མའོ་རྡོ་རྗེ་ཡི་བཤད་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །ཡུལ་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོག་པ་དེའི་ངོ་བོ་གང་དུ་ལུས་དང་ངག་དང་སེམས་ཀྱི་གཉིས་སྣང་མེད་པ་དེ་རུ་སྟེ་དེ་ལས་བདེན་པ་གཉིས་ཀྱི་ལྷའི་གཟུགས་ཟུང་འཇུག་གི་སྐུ་ནི་རྣམ་པར་བསྒོམ་པ་སྟེ་བསྐྱེད་པར་བྱའོ། །གསུམ་པ་ལྷ་སྐུ་བསྐྱེད་པ་སྤྱོད་པ་དམ་ཚིག་དང་བཅས་པ་ལ་ལྔ། རིགས་སོ་སོའི་སྔགས་ཀྱི་སྐུ་བསྐྱེད་ཐབས། རྫོགས་རིམ་པའི་སྤྱོད་པ། དེས་ལག་པའི་ཕྱག་རྒྱ་མི་བཅིངས་པའི་དམ་ཚིག ཕྱག་རྒྱ་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་བསྟན་པ། སྤྱོད་པ་གསུམ་ལ་གནས་པས་ཕྱི་རོལ་གྱི་ལྷར་ཞེན་པ་བསལ་ནས་བདག་ཉིད་ལྷག་པའི་ལྷར་བལྟ་བའི་དམ་ཚིག་གོ །དང་པོ་ནི། དེ་ནས་སྟོན་པ་ནས་བཀའ་་སྩལ་ཏོ་ཞེས་པ་སྟེ། དེ་ནས་སྟོན་པ་རྡོ་རྗེ་འཛིན་ལ། སངས་རྒྱས་ཀུན་གྱི་ཕྱག་བྱས་ནས་རྡོ་རྗེ་གསུམ་ནི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་ཚངས་པ་དང་དབང་ཕྱུག་དང་ཁྱབ་འཇུག་གོ །དེ་རྣམས་ཀྱི་མཆོག་ཆེན་པོ་ནི་ཉན་ཐོས་དང་རང་རྒྱལ་ལོ། །དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་གསུམ་གྱི་དབང་ཕྱུག་མཆོག་ནི་རྡོ་རྗེ་གསུམ་གྱི་ལྷ་རྣམས་མཆོག་ཡིན་ལ། རྡོ་རྗེ་འཆང་གི་དེ་རྣམས་ཀྱི་དབང་ཕྱུག་གོ །རིག་པའི་སྐྱེས་བུ་ནི་ལྷའི་སྐུ་བསྒོམ་པའོ། །དེའི་དངོས་གྲུབ་ཀུན་ནི་མཆོག་ཐུན་གྱི་དངོས་གྲུབ་བོ། དེ་དག་བཤད་པ་ནི་གསུང་བར་མཛད་པའོ། །ནམ་མཁའི་དབྱིངས་ཀྱི་རྡོ་རྗེའི་དབུས་་སུ་གནས་པ་ནི་འོད་གསལ་ལས་ཆུད་པར་སངས་རྒྱས་དཀྱིལ་འཁོར་ཏེ་སྤངས་རྟོགས་རྫོགས་མ་རྫོགས་པའི་གང་ཟག་ཐམས་ཅད་བསྒོམ་པར་བྱ་བ་ནི། དེ་རྣམས་འོད་གསལ་དུ་སྡུད་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དེའི་ངང་ལས་སྐུ་རྡོ་རྗེའི་རྒྱུར་ནི་ཟླ་བའི་དཀྱིལ་འཁོར་རབ་ཏུ་བསྒོམ་མོ། །ཟླ་བའི་སྤྱི་བོར་ཏེ་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་རབ་ཏུ་བསྒོམས་ནས་དེ་ལས་མི་སྤྱོད་པ་ཞལ་གསུམ་པ་སྐུ་གསུམ་གྱི་བདག་ཉིད་ཅན་ལས་བྱུང་བའི་འོད་ཟེར་རྣམ་པར་འཕྲོ་བ་བསམ་པར་བྱའོ། །རྡོ་རྗེ་འཁོར་ལོ་འཛིན་བསམས་ན་ནི་མི་བསྐྱོད་པའི་ལྷའི་ཚོགས་ཀྱི་གཟུགས་འཛིན་ཅིང་སྤྲོ་བར་བསམས་ན། བྱང་ཆུབ་སྟེ་མི་བསྐྱོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །ཐམས་ཅད་ནི་རྣམ་སྣང་ལ་སོགས་པ་རྣམས་ནི་རིགས་ཀྱི་བྱེ་བྲག་གིས་སྔར་ལྟར་ལྷའི་གཟུགས་འཛིན་པའི་གསང་བ་འདི་ནི་རྣམ་པར་བསམས་པར་བྱ་སྟེ། ཚུལ་དེ་ལས་རྣམ་པ་གཞན་དུ་རྣམ་པར་བསྒོམས་ན་ནི་རྣམ་སྣང་སོགས་དེ་དག་གི་དངོས་གྲུབ་མཆོག་གི་རྒྱུར་མི་འགྱུར་རོ། །བཅོམ་ལྡན་འདས་རིག་པའི་སྐྱེས་བུས་དེ་སྐད་ཅེས་བཀའ་སྩལ་ཏོ། །གཉིས་པ་ལ་གཉིས། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པ་ཕན་ཡོན་དང་བཅས་པ་དང་། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། ཁམས་གསུམ་ནས་ཐོབ་པར་འགྱུར་ཞེས་པ་སྟེ། ཁམས་གསུམ་ནི་ལུས་སོ། །ལུས་དེ་ལས་བྱུང་བ་ནི་དེའི་སྙིང་གར་གནས་པའོ། །རྒྱལ་མོ་ཆེ་ནི་ལྷ་མོ་རྡོ་རྗེ་་དབྱིངས་ཀྱི་དབང་ཕྱུག་མ་སྙིང་ག་ནས་ཕྱུང་སྟེ་རིག་མར་བྱེད་པའོ། །མཉེས་པར་བྱེད་མ་ནི་སྙོམས་པར་འཇུག་པར་རྣམ་པར་བསམས་ན། རྡོ་རྗེ་སྐུ་གསུམ་གྱིས་མཚན་པ་སྟེ་སྟོང་པ་གསུམ་མངོན་དུ་བྱེད་ཅིང་། དེ་ལས་ཁྱུ་མཆོག་སྟེ་ཟུང་་འཇུག་གི་སྐུ་སྒྲུབ་པ་པོ་དེས་ནི་མཉེས་པར་འགྱུར་ཞིང་ཐོབ་བོ། །སྒྲུབ་པ་པོ་གང་ཞིག་འདི་དག་སྒོམ་པ་ཡི་བྱང་ཆུབ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དེ་ལ་སེམས་པའི་བྱང་ཆུབ་སེམས་དཔའ་སྟེ། བསྐྱེད་རིམ་པ་དང་། གྲགས་ཆེན་ཏེ་རྫོགས་རིམ་པའི་མཐུ་ཆེན་པོ་ཐོབ་པ་རྣམས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་དེ་ལྟར་སྙོམས་པར་ཞུགས་པས་ཞག་བདུན་གྱིས་ཏེ་རིང་པོར་མི་ཐོགས་པར་གཟི་བརྗིད་ཆེན་པོ་ཅན་གྱི་སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། དེ་ནས་ཡང་ནས་སངས་རྒྱས་ཐོབ་ཅེས་པ་སྟེ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡབ་ཡུམ་གྱི་བྱང་སེམས་ཐིག་ལེའི་གཟུངས་ཀྱིས་གཅིག་ཏུ་བྱས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྡུས་པའི་གསང་བ་ཡུམ་གྱི་པདྨར་གནས་པའི་ཚུལ་སྟོན་པ་འདི་སྔར་བཞིན་ཕྱུང་ངོ་། །སྐུ་གསུམ་་ཐུགས་ཀྱི་དམ་ཚིག་ནི་ཞེས་པ་ནི་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དང་འདྲ་བར་བྱེད་ཅིང་མཉམ་པར་བསྒོམ་པའི་ཕྱག་ཆེན་ནོ། །ཕྱག་རྒྱ་ཆེན་པོའི་དོན་བརྟགས་པ་ནི། ཡབ་ཡུམ་གྱི་སྐུ་ཕྱག་ཆེན་བརྟགས་པ་སྟེ་བསྒོམས་ནས་འཁྱུད་པ་སོགས་བྱས་པས་འདོད་པའི་དོན་ལྷན་སྐྱེས་ཀྱི་བདེ་བ་རྫོགས་པར་བྱེད་པའོ། །ཆོ་ག་བཞིན་དུ་ཞེས་པ་ལས་རྒྱ་འདུ་བྱ་བའི་ཚུལ་བཤད་པ་ལྟར་བྱས་ཏེ་སྒྲུབ་པ་པོ་གང་གིས་ཡབ་ཡུམ་གཉིས་ཀ་ལྟར་ཀུན་ཏུ་བསྒོམས་ཤིང་སྤྱད་ན། རིང་བོར་མི་་ཐོགས་པར་སྐད་ཅིག་གིས་ནི་སངས་རྒྱས་རྡོ་རྗེ་འཆང་ཉིད་འཐོབ་པར་འགྱུར་རོ། །གསུམ་པ་ནི། དེ་ནས་ཕྱག་ནས་རྡོ་རྗེ་ནས་མི་འདའོ་ཞེས་པ་སྟེ། སྟོན་པ་རྡོ་རྗེ་འཆང་གིས་བསྐྱེད་རིམ་པའི་སྒྲུབ་པ་པོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་ཡུལ་མ་ཡིན་པའི་གསང་བ་འདི་སྔར་བཞིན་ཕྱུང་ངོ་། །གལ་ཏེ་བྱང་ཆུབ་མཆོག་འདོད་ན་ལག་པའི་ཕྱག་རྒྱ་མི་བཅིང་ངོ་ཞེས་པ་ནི་རྫོགས་རིམ་གྱི་ཡེ་ཤེས་ཁྱད་པར་ཅན་བསྒོམ་པའི་ཚེ་དེ་ལྟར་མི་ཕྱེད་པའི་དོན་ནོ། །དོན་ཐམས་ཅད་སྒྲུབ་པའི་གསང་བའི་སྔགས་རྣམས་ཀུན་གྱི་དམ་ཚིག་གསང་བ་འདུས་པའི་རྫོགས་རིམ་པས་ནི་ལག་པའི་ཕྱག་རྒྱ་མི་བཅིང་བའི་ཚུལ་འདི་ལས་རྒྱལ་བ་རྣམས་ཀྱང་མི་འདའ། བཞི་པ་ལ་གསུམ། རིག་མ་དང་སྙོམ་པར་འཇུག་པས་བསྐྱེད་པའི་བདུད་རྩི་ཟོས་པའི་བཅུད་ལེན་གྱིས་ལུས་སྟོབས་རྒྱས་པ། གསུང་རྡོ་རྗེའི་ལྕེས་རྩ་བསྐུལ་ནས་བདེ་བ་བསྐྱེད་པ་དེ་ལས་བྱུང་བའི་བདུད་རྩི་ལྕེས་མྱང་བ། པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་ཡིད་དགའ་བར་བྱ་ཞིང་དེ་རྣམས་ཀྱི་ཐུགས་སུན་མི་དབྱུང་བ་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། དེ་ནས་ཡང་ནས་རྡོ་རྗེ་གསུམ་བྱུང་ཡིན་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ནི་སྐུ་རྡོ་རྗེའི་ལུས་དང་དེ་ལས་བྱུང་བའི་བཤང་གཅི་རྣམས་ཤེས། དེ་རྣམས་ཀྱི་དམ་ཚིག་ནི་བཟའ་བའི་སྒོ་ནས་ཉམས་སུ་བླང་བ་སྟེ་དེ་ཉིད་སྔར་བཞིན་ཕྱུང་ངོ་། །བཤང་གཅི་ཁུ་བ་ཁྲག་དང་བཅས་པ་རྣམས་ལ་ནི་སྨད་པ་དག་ཏུ་ཡོང་ཡེ་སྟེ་རྣམ་པ་ཀུན་ཏུ་མི་བྱའོ། །ཆོ་ག་བཞིན་དུ་སྟེ་འཁྱུད་པ་ལ་སོགས་པས་ཁུ་བ་ལ་སོགས་པའི་བདུད་རྩི་གང་བསྐྱེད་པ་དེ་རྟག་ཏུ་བཟའ་བར་བྱའོ། །བདུད་རྩི་བསྟེན་པའི་གསང་བ་འདི་རྡོ་རྗེ་གསུམ་བྱུང་སྟེ་སྒོ་གསུམ་བདེ་བར་གནས་པར་བྱེད་པའི་བཅུད་ལེན་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ནི། དེ་ནས་ཡང་ནས་མི་སྨོད་ཞེས་པ་སྟེ། ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུང་རྡོ་རྗེ་ལྕེའི་དམ་ཚིག་འདི་སྔར་ལྟར་ཕྱུང་ངོ་། ཁམས་གསུམ་དག་གི་མཆོག་ན་ནི་བུད་མེད་མཆོག་དམན་འབྲིང་ཇི་སྙེད་ཡོད་པ་དེ་རྣམས་ཐམས་ཅད་བསྟེན་ཚུལ་ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་བསྟེན་ཅིང་སྤྱད་པར་བྱའོ། །ལམ་ནི་བགྲོད་པར་བྱ་བའི་ཕྱག་རྒྱའི་པདྨར་སྙོམས་པར་འཇུག་པ་སྟེ། གསུང་གི་རྡོ་རྗེ་ནི་ལྕེའི་ཐུར་མའི་བྱ་བས་རྩ་གསུམ་བསྐྱོད་ཅིང་བསྐུལ་བ་ལས་བྱུང་བའི་བདུད་རྩི་རྣམས་མི་སྨད་ཅིང་། སོར་མོ་དང་ལྕེས་བཅལ་བ་ལས་བྱུང་བ་དེ་ཡོངས་སུ་སྤང་བར་མི་བྱའོ། །གསུམ་པ་ནི། དེ་ནས་ཡང་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེ་བུད་མེད་ཀྱི་ཐུགས་ཏེ་སེམས་བསྲུང་བའི་དམ་ཚིག་འདི་སྔར་བཞིན་བྱུང་ངོ་། །རྡོ་རྗེ་སྐུ་གསུམ་ལ་གནས་པ་ནི་རྣམ་སྣང་ལ་སོགས་པའི་རྡོ་རྗེ་གསུམ་གྱི་བདག་ཉིད་དོ། །དམ་ཚིག་ནི་པདྨ་ཅན་ལ་སོགས་པའི་བུད་མེད་ཇི་སྙེད་ཡོད་པ་རྣམས་སོ། །དེ་དག་རྡོ་རྗེ་གསུམ་སྟེ་བདག་ཉིད་ཀྱི་སྒོ་གསུམ་གྱི་བྱ་བའི་དམ་ཚིག་གིས་མགུ་ཞིང་ཚིམ་པ་དག་ཏུ་བྱའོ། ཁྱད་པར་དུ་བུད་མེད་དེ་རྣམས་ཀྱི་ཐུགས་ཀྱི་རྡོ་རྗེ་སྟེ་སེམས་སུན་དབྱུང་བར་འགྱུར་བའི་ཚིག་གིས་མི་སྨད་དོ། །བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆེན་པོ་གསུམ་སྟོན་པར་མཛད་པའི་དམ་ཚིག་གི་རྡོ་རྗེ་སྟེ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལྔ་པ་ནི། དེ་ནས་ཡང་ནས་བཀའ་སྩལ་ཏོ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་སྟོན་པ་་འདི་སྔར་བཞིན་ཕྱུང་ངོ་། །མདོར་བསྡུས་ན་ཕུང་པོ་ལྔ་དབང་པོ་ལྔ་ཡུལ་ལྔ་ཁམས་ལྔ་སྟེ་ཉི་ཤུ་བོ་རེ་རེ་ལ་རིགས་ལྔ་ལྔར་ཕྱེ་བའི་རིགས་བརྒྱད་པོ་རྣམས་ནི་་སངས་རྒྱས་རྣམ་སྣང་ལ་སོགས་པ་ལྔར་རབ་ཏུ་གྲགས་ཅིང་བསྒྲགས་སོ། །རྡོ་རྗེ་སྟེ་དབང་བོ་རྣམས་དང་དེའི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ལ་སོགས་པ་སྟེ། དེ་དག་ཀྱང་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་བོ་ལ་སོགས་པའི་དཀྱིལ་འཁོར་མཆོག་གོ །དེ་ནས་ཕྱག་ན་རྡོ་རྗེས་ཁམས་གསུམ་བསགས་པ་སྟེ་ས་ལ་སོགས་པའི་འཁོར་ལོ་འདི་སྔར་བཞི ན་ཕྱུང་ངོ་། །སའི་ཁམས་གང་ཡིན་པ་དེ་ནི་སངས་རྒྱས་སྤྱན་མ་ཞེས་བྱ་བའི་རང་བཞིན་ཡིན་ལ། ཆུ་ཡི་ཁམས་ནི་མཱ་མ་ཀཱི་དང་། མེ་ཡི་ཁམས་ནི་གོས་དཀར་མོ་དང་། རླུང་གི་ཁམས་ནི་སྒྲོལ་མར་རབ་ཏུ་བསྒྲགས་པ། ནམ་མཁའི་ཁམས་མཁའ་དབྱིངས་རྡོ་རྗེ་ནི་སྣོད་བཅུད་ཀུན་ལ་ཁྱབ་ཅིང་མཉམ་པས་ན་དམ་ཚིག་སྟེ་དེ་ནི་རྡོ་རྗེ་འཛིན་པའི་རང་བཞིན་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་སྣང་ལ་སོགས་པ་ལྔའོ། །གནས་ནི་སྤྱན་སོགས་ཡུམ་རྣམས་ཏེ་དེ་དག་གི་བདག་པོ་དབང་ཕྱུག་རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བཞི་པ་ལ་གསུམ། འཁོར་རྣམས་ལ་དྲིས་ལན་གྱི་སྐབས་དབྱེ་བའི་ཕྱིར་སྟོན་པ་འོད་གསལ་དུ་ཞུགས་པ། དེའི་ཚེ་འཁོར་རྣམས་ཀྱིས་དྲིས་ལན་ཇི་ལྟར་མཛད་པ། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོ མ་ཆོད་ནས་ཐུགས་རངས་པ་ཐོབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་མི་གསུང་བར་གྱུར་ཏོ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་འཆང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པ་ནི་རིགས་ལྔ་དང་སེམས་དཔའ་དྲུག་དང་ཡུམ་ལྔ་རྣམས་ཕུང་སོགས་དང་ངོ་བོ་དབྱེར་མེད་པའོ། །དེ་ལྟ་བུའི་ཏིང་ངེ་ཛིན་ལ་སྙོམས་པར་ཞུགས་སོ་སྙོམས་པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་བཀོད་པ་རྣམས་བསྡུས་ཏེ། སྟོན་པ་རང་གི་ཕུང་སོགས་དང་ངོ་བོ་དབྱེར་མེད་དུ་སྐུ་དཀྱིལ་གྱི་གནས་ཇི་བཞིན་དུ་གནས་པ་ལ་གཟིགས་ནས་ཅང་མི་གསུང་བར་་འོད་གསལ་དུ་ཞུགས་པར་གྱུར་ཏོ། །གཉིས་པ་ལ་བཞི། བྱམས་པས་འདུས་པའི་སློབ་དཔོན་ལ་ཇི་ལྟར་བལྟ་ཞེས་འཁོར་གྱི་དེ་བཞིན་གཤེགས་པ་ལ་ཞུས་པ། བྱམས་པ་ལ་དེའི་ལན་མཛད་པ། འཁོར་གྱི་དེ་བཞིན་གཤེགས་པ་ལྔས་བྱང་སེམས་རྣམས་ལ་བླ་མའི་བསྔགས་པ་བསྟན་པ། སྐུ་གསུང་ཐུགས་ཀྱི་་དངོས་གྲུབ་གང་ལ་གནས་པའི་དྲིས་ལན་ནོ། །དང་པོ་ནི། དེ་ནས་ཡང་ནས་ཇི་ལྟར་བལྟ་བར་བགྱི་ཞེས་པ་སྟེ། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞེས་བོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྫོགས་པ་དང་མ་རྫོགས་པ་རྣམས་སོ། །དེ་རྣམས་ཀྱིི་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་ནི་དེ་ཁོ་ན་ཉིད་དེ། གསང་བ་དེ་་སྟོན་པའི་གཞུང་བསྡུས་པ་ནི་བདུས་པ་སྟེ། དེར་མངོན་པར་དབང་བསྐུར་བར་མཛད་པའི་རྡོ་རྗེ་སློབ་དཔོན་ལ། དེ་བཞིན་གཤེགས་པ་ཁྱེད་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་བདག་ཅག་ཐམས་ཅད་ཀྱིས་ཚུལ་ཇི་ལྟར་བལྟ་བར་བགྱི་ལགས། གཉིས་པ་ནི། རིགས་ཀྱི་བུ་ནས་མི་སྨྲ་བར་གྱུར་ཏོ་ཞེས་པ་སྟེ། རིགས་ཀྱི་བུ་ནས་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་བཞིན་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སློབ་དཔོན་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་མཉམ་ཞིང་ངོ་བོ་རྣམ་པ་གཉིས་སུ་དབྱེར་མེད་དོ། །འདིར་འགྲེལ་བའི་ཚིག་ཟིན་ལ་རྒྱུ་རྡོ་རྗེ་འཆང་དང་འབྲས་བུ་མི་བསྐྱོད་པ་གཉིས་ཐ་མི་་དད་པར་བཤད་པའི་དགོངས་པ་ནི་སྔ་མའོ། །རིགས་ཀྱི་བུ་མདོར་བསྡུས་ཏེ་བསྟན་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་་དཔའ་ཇི་སྙེད་འཁོད་ཅིང་འཚོ་བ་སྟེ་འོག་མིན་དུ་རྒྱུན་མི་ཆད་པར་བཞུགས་ཞིང་། སྐྱོད་པ་ནི་སྤྲུལ་སྐུས་སེམས་ཅན་གྱི་དོན་མཛད་པ་དེ་དག་ཐམས་ཅད་དུས་གསུམ་་སྟེ་སྔ་དྲོ་སོགས་ཐུན་མཚམས་རྣམས་སུ་བྱོན་ནས། གསང་བ་འདུས་པའི་སློབ་་དཔོན་ལ་དེ་བཞིན་གཤེགས་པ་སྟེ་ལུས་ངག་ཡིད་གསུམ་ཐམས་ཅད་ཀྱི་མཆོད་པས་ཡང་དག་པར་མཆོད་པས་རང་གི་སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོ་ཞིང་ངག་རྡོ་རྗེའི་ཡི་གེ་ཡང་འདི་སྐད་དུ་འབྱིན་ཅིང་གསུང་ངོ་། ཁྱེད་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ་མའོ་ཞེས་བྱ་བ་ནས་བདག་ཅག་ཐམས་ཅད་ཀྱི་སྟོན་པའོ་ཞེས་བྱ་བའི་བར་དུ་སྨྲ་བར་མཛད་དོ། །འདི་ལྟ་སྟེ། དཔེར་ན་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་ལ་མཆོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་་དང་ཐུགས་རྡོ་རྗེ་མཉེས་པར་བྱས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་མཆོད་པའི་བསོད་ནམས་ཁྱད་པར་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བའི་བླ་མ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་སྟེ་་དབྱིངས་སུ་གྱུར་པ་དང་། ཡེ་ཤེས་དེ་སྐྱེ་བའི་གནས་སུ་གྱུར་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་རྡོ་རྗེ་སློབ་དཔོན་ལ་མཆོད་པའི་ཕན་ཡོན་བསྟན་པ་་ཐོས་ནས། དེ་ལ་སྐུར་བ་བཏབ་པའི་ཉེས་དམིགས་ཀྱང་ཆེན་པོར་ཤེས་པས་་ཡིད་འཇིགས་ཤིང་སྐྲག་ནས་ཅང་མི་སྨྲ་བར་གྱུར་ཏོ། །གསུམ་པ་ནི། དེ་ནས་དེ་བཞིན་ནས་བདག་པོ་ཡིན་པའི་ཕྱིར་རོ་ཞེས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་དེ་བཞིན་དུ་དཀོན་མཆོག་དཔལ་དང་འོད་དཔག་མེད་དང་གདོན་མི་ཟ་བར་གྲུབ་པ་རྣམ་པར་སྣང་མཛད་རྣམས་ནི། རྡོ་རྗེ་འཛིན་ཏེ་ལོངས་སྐུ་རྡོ་རྗེ་འཆང་དེས་སྤྲུལ་སྐུ་འཛིན་ཅིང་འཆང་བའོ། །དེ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཐམས་ཅད་ཉོན་ཅིག །གང་ཡང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེའི་ཡེ་ཤེས་འོད་གསལ་ལས་བྱུང་བ་དེ་རྣམས་ཀྱང་། གསང་བ་འདུས་པའི་སློབ་དཔོན་དང་འཕྲད་ནས་མཆོད་པར་བྱེད་ཅིང་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་དེ་ཉིད་འདུས་པའི་ལམ་སྟོན་པའི་སྟོན་པ་ཡིན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཡང་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །བཞི་པ་ལ་གསུམ། དངོས་གྲུབ་ཀྱི་རྩ་བ་གང་་ཡིན་ཞུས་པ། དེ་བླ་མ་ཡིན་པར་བསྟན་པའི་ལན། བླ་མའི་རྡོ་རྗེ་གསུམ་ཡང་རྡོ་རྗེ་འཆང་ལ་གནས་པར་བསྟན་པའོ། །དང་པོ་ནི། དེ་ནས་བྱང་ཆུབ་ནས་ཅི་ལ་གནས་ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ཅི་ལགས་ནི་གང་ན་གནས་ཞེས་པའོ། །གཉིས་པ་ནི། དེ་བཞིན་ནས་རྡོ་རྗེ་ལ་གནས་སོ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སྐུ་གསུམ་གསང་བའི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་སློབ་དཔོན་ཏེ་མི་བསྐྱོད་པའི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །གསུམ་པ་ནི། བྱང་ཆུབ་ནས་མི་གནས་སོ་ཞེས་པ་སྟེ། བྱང་སེམས་རྣམས་ཀྱིས་སླར་གསོལ་བ། དེའི་ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས་ཞེས་ཞུས་སོ། །བཀའ་སྩལ་པ། གཞན་གང་ལ་ཡང་མི་གནས་ཀྱི། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཀྱིི་རྡོ་རྗེ་ལ་གནས་སོ་ཞེས་དོན་གྱིས་འཕངས་སོ། །གསུམ་པ་ཐེ་ཚོམ་ཆོད་པ་ནི། དེ་ནས་བྱང་ཆུབ་ནས་ཅང་མི་སྨྲ་བར་འཁོད་དོ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐེ་ཚོམ་ཆོད་ནས་སྟོན་པ་ལ་ངོ་མཚར་དུ་གྱུར། ཆོས་བསྟན་པ་ལ་རྨད་དུ་གྱུར་ནས་ཅང་མི་སྨྲ་བར་འཁོད་དོ། །ལྔ་པ་བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་ལ་བཞི། སྟོན་པ་འོད་གསལ་ལས་བཞེངས་ནས་བསམ་གཏན་གྱི་དཀྱིལ་འཁོར་ཉན་པར་བསྐུལ་བ། འཁོར་རྣམས་ཀྱིས་དེ་བཤད་པར་གསོལ་བ། གསོལ་བ་བཏབ་པའི་་དོན་བཤད་པ། དོན་བསྡུ་བའོ། །དང་པོ་ནི། བཅོམ་ལྡན་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་ཅིག་ཅེས་པ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་་དེ་བཞིན་གཤེགས་པ་ནི་སྟོན་པའོ། །གསང་བའི་རྡོ་རྗེ་ནི་རྣམ་སྣང་སོགས་གང་དུ་ཐིམ་པར་འགྱུར་བའི་ཏིང་ངེ་འཛིན་ནི་འོད་གསལ་ལོ། །འོད་གསལ་དེ་ལས་བཞེངས་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ཏེ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཁྱེད་ཐམས་ཅད་དེ་བཞིན་གཤེགས་པ་སྟེ་ཟུང་འཇུག་པའི་རྣལ་འབྱོར་བ་ཐམས་ཅད་ཀྱི་ཟུང་འཇུག་གི་བྱང་ཆུབ་ཀྱི་སེམས་་དཀྱིལ་འཁོར་ཀུན་གང་ལས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་ཅིག །གཉིས་པ་ནི། དེ་ནས་ཡང་ནས་བཤད་དུ་གསོལ་ཞེས་པ་་སྟེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་དེ་བཤད་དུ་གསོལ། བདེ་བར་གཤེགས་པ་་དེ་བཤད་དུ་གསོལ། གསུམ་པ་ལ་བཞི། བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་བདག་བསྐྱེད་སྒོམ་ཚུལ། ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། སློབ་མ་ལ་དབང་བསྐུར་བ་ལྷག་མའི་མཚོན་བྱེད་ནང་དབང་བསྐུར་བ། དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ནི། ནམ་མཁའི་དབྱིངས་ནས་གཞུག་པར་བྱ་ཞེས་པ་སྟེ། ནམ་མཁའི་དབྱིངས་ནི་ཡེ་ཤེས་ཀྱིས་བསྒོམ་པའོ། །དེའི་དབུས་སུ་བསམ་པ་ནི་རྡོ་རྗེའི་སའི་སྟེང་དུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའོ། །དཀྱིལ་འཁོར་དེ་ནི་གྲུ་བཞི་ལྷམ་པ་རབ་ཏུ་མཛེས་པས་སྒོ་བཞི་ལ་སོགས་པ་གཞན་ཡང་མཚོན་ནོ། །སངས་རྒྱས་ཀྱི་དཀྱིལ་འཁོར་ནི་འབྱུང་བཞི་དང་རྣམ་ཤེས་ཏེ་ལྔའི་བདག་ཉིད་ཅན་གྱི་སྒྲུབ་པ་པོའི་ལུས་སོ། །སངས་རྒྱས་ནི་ལྷ་སོ་གཉིས་ཏེ་དེའི་སྦྱོར་བ་ནི་ལུས་ཀྱི་བདག་ཉིད་ཅན་དུ་སྦྱོར་བ་ཡི་སྒོ་ནས་གཟུགས་ཕུང་རྣམ་སྣང་དུ་སྒོམ་པ་སོགས་བསམ་གཏན་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོས་རབ་ཏུ་བསྐུལ་བ་སོགས་བྱའོ། །བསྐུལ་བའི་དོན་དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་མི་བསྐྱོད་པ་སྤྲོ་བསྡུ་བྱེད་པའོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་དགོད་པའི་རིམ་པའི་བསམ་གཏན་གྱི་ཡུམ་གྱི་མངལ་དུ་བསྒོམ་པའི་མི་བསྐྱོད་པའི་འཁོར་ལོ་ཅན་གྱི་ལྷ་རྣམས་ཀུན་སྤྲོ་བསྡུ་བྱས་ནས། རང་རང་གི་ཡེ་ཤེས་པ་དང་འདྲེས་ནས་བྱོན་ཏེ་རྟེན་གྱི་དཀྱིལ་འཁོར་དུ་བཞུགས་པར་བྱའོ། །གཉིས་པ་ནི། མཆོད་ནས་རྟག་ཏུ་ཞེས་པ་སྟེ། དེ་ནས་ལྷ་རྣམས་ལ་ལེའུ་བཞི་པར་བཤད་པའི་མཆོད་པའི་ཆོ་ག་དེ་ཉིད་ཀྱིས། བློ་དང་ལྡན་པ་སྟེ་ཕྱག་རྒྱ་མ་དང་ལྷན་ཅིག་རྟག་ཏུ་མཆོད་པ ར་བྱའོ། །གསུམ་པ་ནི། སློབ་དཔོན་ནས་བཞིན་དུ་དབབ་ཞེས་པ་སྟེ། དེ་ནས་རྡོ་རྗེ་སློབ་དཔོན་རང་གི་སྙིང་གར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་རབ་ཏུ་བསྒོམས་ནས་ན་དབང་བསྐུར་བ་ནི་བརྩམ་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་ལྷ་སོ་གཉིས་ཀུན་སྤྱན་དྲངས་ཏེ་རང་གི་ཞལ་དུ་ཞུགས་ནས། ནམ་མཁའི་དབྱིངས་ཏེ་ཡུམ་གྱི་ཆོས་འབྱུང་གི་ནང་དུ་་ཡོངས་སུ་གང་བར་རྣམ་པར་བསྒོམ་པར་བྱ་ལ། དེའི་ཚེ་དབང་བསྐུར་བ་ཡི་སློབ་མ་ལྷར་བསྐྱེད་ནས་སྤྱན་དྲངས་པའི་ལྷ་རྣམས་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་་ཐིག་ལེས་དབང་བསྐུར་བའོ། །གནས་གསུམ་གྱིས་ནི་ཚིགས་སུམ་བརྒྱའི་སྒོ་ནས་ཏེ་ཨོ་ལ་སོགས་པའི་ཡི་གེ་གསུམ་འཇུག་གནས་ལྡང་གསུམ་གྱི་ངོ་བོ་རླུང་སྔགས་དབྱེར་མེད་དུ་བྱས་པའི་ཆོ་ག་བཞིན་དུ་སྟེ་སྙོམས་འཇུག་གི་སྒོ་ནས་བྱང་ཆུབ་སེམས་ཐམས་ཅད་སློབ་མའི་མགོར་དབབ་པར་བྱའོ། །བཞི་པ་ནི། སེམས་ཅན་ཀུན་ནས་འགྲུབ་པར་འགྱུར་ཞེས་པ་སྟེ། དབང་བསྐུར་བའི་ཚུལ་་འདི་སེམས་ཅན་ཀུན་ཏེ་སློབ་མ་རྣམས་ལ་ཕན་པར་འདོད་པས་དབང་བསྐུར་ན། ཐབས་འདི་ཡིས་བྱང་ཆུབ་མྱང་འདས་འཐོབ་པར་འགྱུར་ཞིང་། སྟོབས་བཅུ་ལ་་སོགས་པའི་ངོ་མཚར་ཆེན་པོའི་དངོས་གྲུབ་ཀུན་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་ནི་འགྲུབ་པར་འགྱུར་རོ། །བཞི་པ་དོན་བསྡུ་བ་ནི། སངས་རྒྱས་དང་ནས་དཀྱིལ་འཁོར་རོ་ཞེས་པ་སྟེ། སངས་རྒྱས་ནི་རྣམ་སྣང་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སའི་སྙིང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་དམ་ཚིག་གི་འཁོར་ལོ་ནི་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་ལྷའི་འཁོར་ལོ་སྟེ་བསམ་གཏན་གྱི་དཀྱིལ་འཁོར་རོ། །དྲུག་པ་ལས་ཚོགས་མཆོད་པ་སོགས་སྤེལ་ནས་བསྟན་པ་ལ་དྲུག །རྡོ་རྗེའི་མཁའ་འགྲོའི་རྣལ་འབྱོར་གྱི་གདུག་པ་རྣམས་ཚར་གཅོད་པ། མཆོད་པའི་ཆོ་ག །ལུས་རྟས་པའི་ཆོ་ག །རྫོགས་རིམ་པའི་ངག་གི་དམ་ཚིག །ལེའུ་བཅོ་ལྔ་བ་ལས་གསུངས་པའི་ལས་ཕྲ་མོའི་ལྷག་མ། ལས་ཀྱི་མཐར་རྡོ་རྗེ་ཨཉྫ་སྒྲུབ་པའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་གདབ་པར་བྱ་ཞེས་པ་སྟེ དེ་ནས་སྟོན་པ་ཕྱག་ན་རྡོ་རྗེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་་སྦྱོར་བ་སྟེ་གདུག་པ་ཅན་རྣམས་ཚར་གཅོད་པའི་ལས་སྦྱོར་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་ཡི་གེ་གསུམ་པོ་འདི་ཉིད་ཀྱི་སྐུ་ལ་སོགས་ལས་ཕྱུང་ངོ་། །ཧཱུཾ་ཐུགས་ཧྲཱི་གསུང་ཁཾ་སྐུའོ། །སྒྲུབ་པ་པོས་རང་གི་ལུས་ཤ་དང་རུས་པ་དང་རྩ་རྒྱུད་སོགས་ཀྱི་རང་བཞིན་དུ་བལྟས་ལ། དེ་ལྟ་བུའི་ལུས་ཀྱི་དཀྱིལ་འཁོར་དེ་ཉིད་ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ་པ་སྟེ་འོད་གསལ་དུ་གཞུག་པར་བྱའོ། །བཤད་མ་ཐག་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་སྙིང་པོ་ཡི་གེ་དེ་དག་ཁ་དོག་ནག་པོ་ལས་རྩེ་གསུམ་དང་། དེ་ཡི་གེ་གསུམ་གྱིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་མཁའ་འགྲོ་བསྐྱེད་ཅིང་བསྒོམ་པར་བྱའོ། །དེ་ཡང་དྲག་པོ་མི་སྡུག་པའི་གཟུགས་ཅན་ཁྲོས་པའི་རྣམ་པ་ཅན། ཨུཏྤལ་སྔོན་པོའི་ཁ་དོག་དང་འདྲ་བ་ཕྱག་བཞི་བར་ནི་འོག་ནས་འཆད་པའི་ཆོ་ག་ཡིས་ཕྱག་ན་ཐོད་པ་ལ་སོགས་པ་བསྣམས་པར་བསྒོམ་པར་བྱའོ། །དེ་ནས་འོད་ཟེར་ལྔ་རྣམས་ཞེས་པ་ཡ་ར་ལ་ཝ་ཧཱ་སྟེ་འབྱུང་བ་ལྔའི་ས་བོན་ནོ། །དེ་ལས་འོད་ཟེར་ནག་དམར་སེར་དཀར་སྔོན་པོ་སྟེ་ཁ་དོག་ལྔ་བ་ཅན་ཡང་དག་པར་འབྱུང་ཞིང་འཕྲོ་བ་རང་གི་ལྕེ་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པ་ལ་བཀོད་པ་བརྟུལ་ཞུགས་ཅན་གྱི་སྒྲུབ་པ་པོས་བསྒོམ་པར་བྱའོ། །བཤད་མ་ཐག་པའི་བསམ་གཏན་རྡོ་རྗེའི་སྦྱོར་བ་ནི་ས་བོན་ལྔ་བརྗོད་ཅིང་། ཧཱུཾ་ཧྲཱིཿཁཾ་བཛྲ་ཌཱི་ནི་སོགས་ཀྱི་སྔགས་བཟླ་ཞིང་ཧཱུཾ་ལས་བསྒྲུབ་བྱའི་ལུས་ནང་ཁྲག་གིས་གང་བར་བསམས་ལ། དེའི་སྙིང་ག་སོགས་ལ་རྡོ་རྗེ་མཁའ་འགྲོའི་ཕྱག་གི་མདུང་སོགས་ཀྱིས་བསྣུན་པ་་དང་། རྡོ་རྗེ་རྩེ་ལྔ་བའི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ཀྱི་ཁྲག་ཐམས་ཅད་དྲངས་ནས་རང་ཉིད་ལ་བསྟིམ་པ་ཁྲག་དྲང་བ་ནི་མཆོག་ཏུ་འགྱུར་བ་ཡིན་ནོ། །གཞན་ཡང་ཕྱག་གཡས་དང་པོ་ན་རྩེ་གསུམ་དང་གཉིས་པ་ན་རྡོ་རྗེ་དམ་ཚིག་དང་། གཡོན་དང་པོ་ན་ཐོད་པ་དང་གཉིས་པ་ན་ཕུར་བུ་དྲག་པོ་མཆོག་བསྣམས་བ་དག་གིས་བསྒྲུབ་བྱ་མདུན་དུ་གནས་པར་བསམས་ལ་བཅད་བཏུབ་སོགས་བྱའོ། །དེ་ལྟར་བྱས་ནས་སངས་རྒྱས་ཉིད་ཀྱི་སྐུ་དག་ཀྱང་རྡོ་རྗེའི་མཚོན་གྱི་སྦྱོར་བས་གདབ་པར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་ཕུལ་བྱུང་བརྗོད་པའོ། །གཉིས་པ་ལ་ལྔ། ནང་གི་སྦྱིན་སྲེག་གི་མཆོད་པ། ཡིད་དུ་འོང་པའི་ཡུལ་ལྔའི་ཐུན་མོང་གི་མཆོད་པ། རིགས་ཀྱི་སྲས་བསྐྲུན་ཏེ་བསྲུང་བ་དང་གསོ་བ་ལ་སོགས་པའི་ཁྱད་པར་གྱི་མཆོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ས་ལ་ལོངས་སྤྱོད་པ་ཕུལ་དུ་བྱུང་བའི་མཆོད་པ། མཆོད་པ་རྣམས་སྒྲུབ་པ་ལ་མཚོན་་འཛིན་གྱི་དྲི་མ་དག་པར་བྱ་བའི་ཐབས་བསྟན་པའོ། །དང་པོ་ནི། དེ་ནས་་ཡང་ནས་ཡོངས་སུ་བརྟག་ཅེས་པ་སྟེ། ཡང་ཕྱག་ན་རྡོ་རྗེས་རྡོ་རྗེའི་ཁ་ཟས་ཀྱི་་དམ་ཚིག་གི་བྱ་བ་འདི་སྔར་བཞིན་ཕྱུང་ངོ་། །བཟའ་བ་ནི་འབྲས་ཆན་དང་ཟན་དྲོན་ལ་སོགས་པའོ། །བཏུང་བ་ནི་འོ་མ་ལ་སོགས་པའོ། །གང་ཅུང་ཟད་ནི་གང་ཡང་རུང་བ་སྟེ་བརྟུལ་ཞུགས་ཅན་གྱི་སྒྲུབ་པ་པོས་གང་བཟའ་བའམ་འཐུང་བ་ན། བཤང་གཅི་ཤ་ཡི་སྦྱོར་བ་ཡིས་ཏེ་ཤ་ལྔ་དང་བདུད་རྩི་ལྔའི་སྒོ་ནས་བསྐྱེད་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་ཅིང་བཟའ་བར་ཡོངས་སུ་བརྟག་པར་བྱའོ། །གཉིས་པ་ནི། དེ་ནས་ཡང་ནས་འདའ་དཀའ་བའོ་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་མིང་གིས་བཏགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་སྒོ་གསུམ་མཆོད་པའི་མཆོག་འདི་སྔར་བཞིན་ཕྱུང་ངོ་། །མཆོད་པའི་ཡོ་བྱད་མཆོག་རྣམ་པ་ལྔ་ཡི་སྟེ། མཆོད་པར་བྱ་བ་ཡུལ་ལྔ་པོས་རང་གཞན་ལྷར་བསྐྱེད་པ་དེ་དག་མཆོད་པར་བྱའོ། །མཆོད་ཚུལ་འདི་ནི་རྡོ་རྗེ་རྣལ་འབྱོར་བ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །གསུམ་པ་ནི། དེ་ནས་ཡང་ནས་ཐོབ་བར་འགྱུར་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་སྔར་བཤད་མ་ཐག་པ་ཐམས་ཅད་ཀྱིི་སྐུ་དང་གསུང་དང་ཐུགས་ཏེ་སྒོ་གསུམ་གྱི་མཆོད་པ་གསང་བ་འདི་སྔར་བཞིན་ཕྱུང་ངོ་། །ཡབ་ཡུམ་ལྷར་གསལ་བའི་དབང་པོ་གཉིས་ཏེ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ཡིས། བདག་གི་ཁུ་བ་་དང་ལ་སོགས་པ་ནི་ཡུམ་གྱི་བྱང་སེམས་དམར་པོ་གཉིས་འདུས་པ་ལས་མེར་མེར་པོ་ལ་སོགས་པ་དང་། བུ་དང་ཚ་བོ་སོགས་པར་གྱུར་ཏེ་རྒྱུ་གཞན་ནས་བཤད་པ་ལྟར་བསྲུང་བ་དང་གསོ་བ་ལ་སོགས་པའི་ཆོ་ག་བཞིན་དུ་ཀུན་མཆོད་ཅིང་བཟུང་བ་བྱས་ན་དེས་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ། །བཞི་པ་ནི། དེ་ནས་ཡང་ནས་རྨད་པོ་ཆེ་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་སྟེ་སྐྱེ་འཆི་བྱེད་པའི་རིམ་པས་འགྲོ་བའི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་སྤྱོད་པ་ལུས་དང་ངག་དང་སེམས་ཀྱི་སྡོམ་པ་འདི་སྔར་བཞིན་ཕྱུང་ངོ་། །སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི་ནི་སེམས་ཅན་ཐམས་ཅད་དོ། །དམ་ཚིག་འཛིན་པ་ནི་སྐྱེ་གནས་འཇིག་གསུམ་དང་ལྡན་པའོ། །མ་ནི་ས་རྣམས་ལ་སྟེ་ཇི་ལྟར་སྤྱད་ན་དམ་ཚིག་གསུམ་གྱི་རྡོ་རྗེ་སྤྱད་ཅེས་པ་ནི་བདག་ཉིད་ཀྱི་སྒོ་གསུམ་གྱི་དགེ་བའི་བྱ་བ་རྣམས་སེམས་ཅན་ཕུགས་སུ་ཕན་ཞིང་་འཕྲལ་དུ་བདེ་བ་དང་ལྡན་པའི་ཆེད་དུ་དེ་ལ་སྤྱད་པར་བྱ་ཞིང་རྗེས་སུ་གསུང་བར་བྱའོ། །དེ་ལྟར་བྱེད་པའི་སྡོམ་པ་འདི་ནི་གསང་བ་རྨད་དུ་བྱུང་བ་ཆེན་པོའོ། །ལྔ་པ་ནི། དེ་ནས་ཡང་ནས་འཇིག་པར་འགྱུར་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེས་བྱང་ཆུབ་སྒྲུབ་པ་ཐམས་ཅད་ཀྱི་མཆོད་པའི་སྡོམ་པ་སྟེ་སྡུད་པའི་རྡོ་རྗེ་འདི་སྔར་བཞིན་ཕྱུང་ངོ་། །མཆོད་པ་རྣམས་སྒྲུབ་པ་ལ་ལུས་དང་ངག་སེམས་ལོངས་་སྤྱོད་ནི་ཞེས་པ་སྒོ་གསུམ་གྱི་བྱ་བ་བྱེད་པའི་གསང་བ་གསུམ་གྱི་གནས་རྡོ་རྗེ་སྟེ་རང་བཞིན་གྱི་སྟོང་བའོ། །དེ་ལས་སྐྱེས་པ་ནི་དེའི་ངང་ནས་བྱུང་བ་སྟེ། གང་ན་བཟང་པོ་སངས་རྒྱས་ཉིད་བདག་གིས་བསྒྲུབ་པར་བྱའོ། །རང་བཞིན་གྱིས་་སྟོང་པ་རྟོགས་པའི་ལྟ་བས་ཟིན་པའི་སྒོ་ནས་མ་བྱས་ན་བྱང་ཆུབ་ཀྱི་ཚོགས་ལ་འབད་པ་འདིར་ནི་འབྲས་བུ་ཡོང་ཡེ་སྟེ་རྣམ་པ་ཐམས་ཅད་དུ་འཇིག་པར་འགྱུར་ཏེ་བདེན་འཛིན་གྱིས་བཅིངས་པའི་ཕྱིར་རོ། །གསུམ་པ་ནི། དེ་ནས་ཡང་ནས་་དོགས་པ་མེད་ཅེས་པ་སྟེ། ཡང་ཕྱག་ན་རྡོ་རྗེ་སྒྲུབ་པ་པོ་ཐམས་ཅད་དེ་རང་གི་ལུས་སོ། །ལུས་དེའི་རྡོ་རྗེ་སེམས་དཔའི་སྡོམ་པ་ནི་རྡོར་སེམས་བསྐྱེད་སྔགས་ཀྱི་སྡོམ་པ་དང་ལྡན་པ་སྟེ་དེ་སྔར་བཞིན་ཕྱུང་ངོ་། །རང་གི་སྤྱི་བོ་ནས་མཐོ་གང་ཙམ་གྱི་སྟེང་དུ་དཔགས་པར་ནི་པཾ་ལས་ཟླ་བའི་དཀྱིལ་འཁོར་བརྟག་པར་བྱ་ལ། ༀ་ནི་རླུང་ནང་དུ་འཇུག་པའི་ཚེ་ཟླ་བའི་འོག་གི་དབུས་སུ་གནས་པར་བསམས་ནས་དེ་ལས་བདུད་རྩི་ལྔ་པོ་འོད་ཟེར་ཁ་དོག་སྣ་ལྔ་པ་དབབ་པར་བྱ་སྟེ། དེས་ལུས་ཐམས་ཅད་གང་ཞིང་ཚིམ་པར་བསམ་མོ། །རྡོ་རྗེའི་སྦྱོར་བ་སྟེ་རྣལ་འབྱོར་་འདི་ཡིས་ནི་སྐད་ཅིག་གིས་ཏེ་རིང་པོར་མི་ཐོགས་པར་གཟི་ཅན་ཏེ་གཟི་མདངས་ཅན་དུ་འགྱུར་ཞིང་། ལུས་དང་ངག་དང་སེམས་བདེ་བར་གནས་པར་འགྱུར་བ་་འདི་ནི་དོགས་པ་མེད་དོ། །བཞི་པ་ནི། དེ་ནས་ཡང་ནས་ཕྱག་མི་བྱའོ་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེས་འདུས་པའི་རྫོགས་རིམ་པའི་སྔགས་འཛིན་པའི་རྣལ་འབྱོར་པ་ཆེན་པོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་གསང་བ་འདི་སྔར་བཞིན་ཕྱུང་ངོ་། །ས་སོགས་ལས་མཆོད་རྟེན་བྱེད་པ་དང་བྱས་པ་ལ་མཆོད་པའི་ལས་དག་མི་བྱ་ལ། རྡོར་བཟླས་ཉིད་བྱ་བའི་ངག་གིས་གླེགས་བམ་ཀླག་པའང་མི་བྱ་ཞིང་། ཕྱིའི་དཀྱིལ་འཁོར་བྲི་བ་དག་ཀྱང་ཡོང་ཡེ་མི་བྱ་བ་དང་། ཉན་རང་སངས་རྒྱས་ཀྱི་སྐུ་གཟུགས་བྱས་པའི་རྡོ་རྗེ་གསུམ་མཆོག་ལ་ཕྱག་ཀྱང་མི་བྱའོ། །ལྔ་པ་ལས་ཕྲ་མོའི་ལྷག་མ་ལ་གཉིས། དུག་བསལ་བ་སོགས་ཀྱི་ཆོ་ག་དང་། གཞན་སྲུང་བའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་ཡང་ནས་ལས་བྱུང་བའོ་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེ་ནས་དུག་ཐམས་ཅད་འབྱིན་པའམ་གནོན་པ་དང་འདྲེན་པའི་གསང་བ་འདི་སྔར་བཞིན་ཕྱུང་ངོ་། །རྣམ་སྣང་གི་ལས་རྒྱལ་མཆོག་གི་དུས་སུ་ༀ་དཀར་པོ་འོད་ཟེར་དཀར་པོའི་འཕྲེང་བ་ཅན་ལས་འཁོར་ལོ་དཀར་པོ་དེ་ལྟ་བུ་ༀ་གྱིས་མཚན་པའི་འཁོར་ལོ་དེའི་དབུས་སུ་དུག་ཕོག་པའི་ཆུད་པར་བྱས་ནས་བཞག་ལ། འོད་ཟེར་སེར་པོ་འཁྲིགས་པའི་་དུག་ཁ་དོག་སེར་པོ་ནད་པའི་ལུས་ཁྱབ་པ་ལྟ་བུར་བསྒོམ་པར་བྱ་ཞིང་། འཁོར་ལོའི་ལྟེ་བའི་ༀ་གྱི་འོད་ཟེར་གྱིས་མགོ་བོ་ནས་རིམ་གྱིས་དེད་པར་བསམ་པར་བྱའོ། ཁ་དོག་སེར་པོར་བསྒོམ་པ་ནི་དུག་རེངས་པར་འགྱུར་བའི་ཐབས་་སོ། །རྡོ་རྗེ་གསུམ་གྱི་འོད་ཟེར་ནི་ཁ་དོག་དཀར་སེར་དུད་ཁའི་འོད་ཟེར་ཏེ། དམ་ཚིག་ནི་འོད་ཟེར་གྱི་དུག་སེལ་བར་བྱེད་པའོ། །ས་བོན་གསང་གསུམ་ལས་བྱུང་བའོ་ནི་གསང་བ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་གིས་བཤད་པའི་ༀ་འདི་ནི་དུག་འབྱིན་པ་ལ་སོགས་པའི་ཐབས་དམ་པའོ། །གཉིས་པ་ནི། དེ་ནས་ཡང་ནས་གནས་བསྡུས་པའོ་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེ་ནས་བསྒྲུབ་བྱའི་ལུས་དང་ངག་དང་སེམས་བསྲུང་བའི་འཁོར་ལོའི་སྔགས་རྡོ་རྗེ་དང་ལྡན་པ་་འདི་སྔར་བཞིན་ཕྱུང་ངོ་། །རྣམ་སྣང་དམ་བདུད་རྩི་འཁྱི ལ་བའི་ལས་རྒྱལ་མཆོག་གི་དུས་སུ་གྲོགས་སོགས་ལ་འཁོར་ལོ་རྩིབས་བརྒྱད་པ་ནི། ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པར་བྲིའོ། །ཧཾ་ནི་འཁོར་ལོའི་དབུས་ཀྱི་ལྟེ་བར་བཞག་ནས་སུ། ཧཾ་དེའི་མགོ་བོའི་དབུས་སུ་བསྲུང་བྱའི་མིང་ནི་སྤེལ་ཚིག་དང་བཅས་པ་བྲི་བར་བྱའོ། །ༀ་ཧུ་ལུ་ཧུ་ལུ་སོགས་སྔགས་ཀྱིི་ཡི་གེའི་ཆོག་རྣམས་ཀྱིས་འཁོར་ལོ་ལ་བརྒྱན་པ་སྟེ་བཀོད་ནས་རྟག་ཏུ་གཞག་པར་བྱ་སྟེ། རྩིབས་དང་པོ་ནས་བརྒྱད་པའི་བར་ལ་རིམ་པ་བཞིན་དུ་ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ། ཧཱུཾ་ཕཊ། ཅེས་བྲིའོ། །འདི་ནི་སྔགས་ཏེ་སྒྲུབ་པ་པོ་རྣམས་ཐམས་ཅད་ཀྱི་གསང་བ་སྒོ་གསུམ་གྱི་བསྲུང་བའི་གནས་བསྡུས་པའོ། །དྲུག་པ་ལས་ཀྱི་མཐའ་རྡོ་རྗེ་ཨཉྫ་ན་གྲུབ་པའི་ཆོ་ག་བསྟན་པ་ནི། དེ་ནས་ཡང་ཞེས་གསུངས་སོ་ཞེས་པ་སྟེ། ཡང་ཕྱག་ན་རྡོ་རྗེ་ནས་རྡོ་རྗེ་ཨཉྫ་ན་སྟེ་མི་བསླུ་བའི་དམ་ཚིག་འདི་སྔར་བཞིན་ཕྱུང་ངོ་། །ལམ་གྱི་གཞི་མདོའམ་ཤིང་གཅིག་གི་དྲུང་ངམ་མ་མོ་སྔར་བཤད་པ་བདུད་ཀྱི་གནས་སམ་ཞི་བ་དབང་ཕྱུག་གི་ལིངྒ་ཡོད་པའི་གནས་དེ་རུ་རྡོ་རྗེ་ཨཉྫ་ན་མིག་སྨན་ཐོད་པར་རྟག་ཏུ་དབབ་པར་བྱའོ། །རང་གི་ལས་རྒྱལ་མཆོག་གི་དུས་སུ་ཚིལ་ཆེན་པོ་དང་ཁྲག་དང་གཤང་བ་དང་ཁུ་བ་དང་དྲི་ཆུ་ལྔ་ལ་སྤངས་པའི་པདྨོའི་སྐུད་པ་དང་ཨརྒའི་སྐུད་པས་མེ་མར་གྱི་སྙིང་པོ་སྟེ་སྡོང་བུ་བྱས་ལ། ཐོད་པ་གསུམ་གྱི་སྐྱེད་བུ་བྱས་པའི་ཐོད་པར་ཚིལ་ཆེན་བཞུས་པའི་ཞག་གི་ནང་དུ་བཙུགས་ཏེ་མེ་སྦར་སྟེང་དུ་ཆང་གིས་བཀང་བའི་ཐོད་པ་བཞག་སྟེ་མར་མེའི་དུད་པ་འཆགས་པར་བྱས་ལ། ༀ་ཧུ་ལུ་ཧུ་ལུ་སོགས་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཚེས་ཉི་ཤུ་དགུའི་ནམ་ཕྱེད་ན་ཐོད་པའི་སྟན་ལ་གནས་པའི་སྒྲུབ་པ་པོས་བསྲུང་བ་བྱས་ཏེ་དུད་པ་དབབ་པར་བྱ་སྟེ། དེ་ནི་རྡོ་རྗེ་ཨཉྫ་ནའི་ཆོ་གའོ། །དེ་ནས་དུད་བ་བླངས་ནས་སྣོད་དུ་བཞག་སྟེ་དེ་ཉིད་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་ནས་རང་གི་མིག་ལ་བྱུགས་ན། དངོས་གྲུབ་མཆོག་དམན་འབྲིང་རྣམ་པ་གསུམ་གང་རུང་འགྲུབ་པར་འགྱུར་རོ། །དེ་ལ་མི་སྣང་བ་ནི་རབ། ས་འོག་གི་གཏེར་མཐོང་བ་ནི་འབྲིང་། གཞན་དབང་དུ་བྱེད་པ་ནི་དམན་པའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཀུན་ཏུ་བཟང་བོས་གསུངས་སོ། །བདུན་པ་རྒྱུད་ཀྱི་ཆེ་བ་ལ་བཞི། རྒྱུད་འདི་ལ་དད་ཅིང་སྒོམ་པ་ལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་གནས་རྟོགས་དགོས་པར་བསྟན་པ། རྒྱུད་ཤིན་ཏུ་རྙེད་དཀའ་བར་བསྟན་པ། རྒྱུད་འདི་ལ་བརྟེན་ནས་ཚེ་འདིར་མཆོག་འགྲུབ་པར་བསྟན་པ། རྒྱུད་ཤིན་ཏུ་ཟབ་པར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་མི་གསུང་བར་གྱུར་ཏོ་ཞེས་པ་སྟེ། འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་ཡི་གེ་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གི་སྤྱོད་པའི་འདི་ཐོས་ནས། འདུས་པ་འདི་ལ་དད་ཅིང་དེ་ལམ་སྒོམ་པར་འགྱུར་ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་གིས་དེ་བཞིན་གཤེགས་པ་དེ་དག་ལ་ལན་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་དུ། སྤྱོད་པའི་རྡོ་རྗེ་འདུས་པ་གང་ཡིན་པ་དེ་ལ་དད་ཅིང་དེའི་ལམ་སྒོམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་གསོལ་པ། གསུམ་པོ་གང་ཞིག་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་དེ་བཞིན་དུ་སྦྱར་ཏེ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་སྟེ་དེ་གསུམ་མོ། །དེ་ཡང་ལེའུ་དང་པོར་བཤད་པ་ལྟར་གསང་བ་དང་འདུས་པའི་དོན་རྟོགས་ན་དད་ཅིང་སྒོམ་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་ཅང་མི་གསུང་བར་གྱུར་ཏོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་སྐལ་བ་མེད་པའི་ཕྱིར་རོ་ཞེས་པ་སྟེ། ཕྱག་ན་རྡོ་རྗེ་ནས་དེ་བཞིན་གཤེགས་པ་་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་བ་ཡང་འདས་པ་ནས། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འདས་པ་ནས་ཐུབ་པ་ཆེན་པོ་འོད་སྲུང་མངོན་པར་སངས་རྒྱས་པའི་བར་གྱིས་ཀྱང་ཐེག་པ་་འདི་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་ཆེན་པོའི་གནས་ཀྱི་དོན་བཤད་པ་དེ། དེའི་ཚེ་དེའི་དུས་ན་གནས་པའི་སེམས་ཅན་རྣམས་ལ་གསང་ཆེན་གྱི་ལས་ཉན་པའི་སྣོད་དུ་མ་གྱུར་ཅིང་སྐལ་བ་མེད་པའི་ཕྱིར་རོ། །སངས་རྒྱས་མར་མེ་མཛད་ཀྱིས་སྔགས་ཀྱི་ཐེག་པ་འདི་གསུངས་ནས་འདས་ཏེ་ད་ལྟའི་བར་བསྐལ་ཆེན་གྲངས་མེད་གཅིག་དང་གོ་གཅིག་སོང་བར་བཤད་དོ། །དེ་ཡང་དུས་འཁོར་འགྲེལ་ཆེན་ལྟར་ན་འཛམ་བུའི་གླིང་འདིར་མ་གསུངས་པ་ཡིན་གྱི། ཕྱོགས་གཞན་དུ་མ་གསུངས་པ་མིན་ཏེ། མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱི་གསུངས། མ་འོངས་རྣམས་ཀྱང་གསུང་འགྱུར་ལ། ད་ལྟར་བྱུང་བ་རྫོགས་སངས་རྒྱས། ཡང་དང་ཡང་དུ་གསུངས་པ་གང་། ཞེས་གསུངས་པའི་ཕྱིར་ཞེས་བཞེད་དོ། །གསུམ་པ་ནི། འོན་ཀྱང་ནས་གྲངས་སུ་འགྲོའོ་ཞེས་པ་སྟེ། དེ་ལྟར་ཡིན་མོད་འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་འདི་ལ་བརྟེན་ན། སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་མྱུར་བར་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །ཆུ་བོ་ཆེན་པོ་གངྒཱའི་ཀླུང་གི་བྱེ་མའི་ཆུའི་རྡུལ་དུ་མ་ནི་རྡུལ་རེ་རེའི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་བ་མང་བོར། བྱང་ཆུབ་སེམས་་དཔའ་རྣམས་ཀྱིས་བསམ་པས་འབད་ཅིང་སྤྱོར་བས་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་གང་ཡིན་པ་དེ། གསང་བ་འདུས་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ལྟ་བུས་སྙིགས་དུས་ཀྱི་ཚེ་གཅིག་པོ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་་འགྲོ་བར་འགྱུར་རོ། །བཞི་པ་ལ་གསུམ། རྗེས་འཇུག་གི་གང་ཟག་བཞིས་་འདུས་པའི་རྒྱུད་མ་ལུས་པ་ཉན་ཡང་དོན་མ་རྟོགས་པར་བསྟན་པའི་ཕྱིར་སྔོན་བྱུང་ལ་བྱང་སེམས་རྣམས་བཤུམས་པ། རྗེས་འཇུག་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་དེ་རྣམས་དབུགས་འབྱིན་པ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་བསལ་བའི་དྲིས་ལན། རིན་པོ་ཆེ་ལྟ་བུའི་གང་ཟག་གིས་དེ་རྣམས་ཀྱི་རབ་རིབ་བསལ་བས་དེ་དག་གིས་ཀྱང་དེ་ཁོ་ན་ཉིད་རྟོགས་པར་བསྟན་པའོ། །དང་པོ་ནི། དེ་ནས་བྱང་ཆུབ་ནས་རབ་ཏུ་དུས་སོ་ཞེས་པ་སྟེ། དེ་སྐད་ཅེས་གསུངས་པ་དང་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་གསུང་རྡོ་རྗེའི་ཡི་གེའི་ཚིག་འདི་ཐོས་ནས་རབ་ཏུ་དུས་སོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་མ་ངུ་ཞིག །ལུས་ངག་ཡིད་ཀྱི་སྡུག་བསྔལ་གསུམ་མ་སྒོམས་ཤིག །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་མི་ངུ་བར་བགྱི། ཇི་ལྟར་སྡུག་བསྔལ་གསུམ་མི་བསྒོམ་པར་བགྱི། དེ་ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེའི་མིང་ཙམ་ཐོས་པའི་སྐལ་བ་ཡང་མ་མཆིས་པས་སོ་ཞེས་གསོལ་ཏོ། །གསང་བའི་ཡི་གེ་རྫོགས་རིམ་རྫོགས་པར་སྐྱེ་བའི་སྐལ་བ་མེད་པའི་དོན་ཡིན་གྱི། རྒྱུད་ཀྱི་ཚིག་རྫོགས་པར་མ་ཐོས་པ་མིན་ཏེ། སྔར་དེ་རྫོགས་པར་ཐོས་སུ་ཡོད་པར་བསྟན་མ་ཐག་ཡིན་པའི་ཕྱིར་རོ། །འདིར་གསང་བ་གསུམ་ལ་ཚུལ་བཞིར་བཤད་དེ། ལེའུ་དང་པོར་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག །ཡི་གེ་ནི་ཐུན་མོང་བ་སྟེ། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཇི་ལྟར་མི་ཤེས་པ་སྟེ་དོན་མངོན་དུ་མ་གྱུར་པ་དང་། མ་ཐོས་པ་སྟེ་ཐོས་བསམ་གྱིས་མ་ཤེས་པ་དེ་བཞིན་དུ་ངེད་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་་དཔའ་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་བུ་གསང་བའི་ཡི་གེ་འདི་དག་མ་ཐོས་ཤིང་མངོན་པར་སངས་མ་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་དོན་དམ་ལ་དགོངས་ནས་གསུངས་པའོ། །གསུམ་པ་ནི། དེ་ནས་བྱང་ཆུབ་ནས་གནས་པར་གྱུར་ཏོ་ཞེས་པ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །བརྒྱད་པ་ཐེ་ཚོམ་ཆོད་ནས་ཉམས་སུ་བླང་པའི་འབྲས་བུ་བསྟན་པ་ལ་ལྔ། ཐོབ་བྱའི་འབྲས་བུ་བསྟན་པའི་འོད་གསལ་དུ་ཞུགས་པ། དེ་ལ་ལྷ་མོ་བཞིས་ཀླུས་བཞེངས་པར་བསྐུལ་བ། འོད་གསལ་ལས་བཞེངས་ནས་རིགས་བཞིའི་ངོ་བོས་སྤྱན་སོགས་དང་སྙོམས་པར་ཞུགས་པ། དེའི་འོག་ཏུ་རྡོ་རྗེ་གསུམ་གྱི་ནམ་མཁའི་ཁམས་གང་བར་བསྟན་པ། སྟོན་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་འགྲོ་བའི་དོན་མཛད་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་བྷ་ག་ལ་ཞུགས་སོ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་བཙུན་མོ་་འོད་གསལ་དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བའི་གཞིར་གྱུར་པས་བྷ་ག་སྟེ་་དེ་ལ་ཞུགས་སོ་ནི་འོད་གསལ་དུ་ཞུགས་པའོ། །གཉིས་པ་ནི། དེ་ནས་དེ་བཞིན་ནས་མཛད་དུ་གསོལ་ཞེས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་རྣམ་སྣང་གི་བཙུན་མོ་སངས་རྒྱས་སྤྱན་མས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་་འཛིན་པ་ཆེན་པོ་ལ་སྙོམས་པར་འཇུག་འདོད་ཀྱི་དགའ་བས་དབྱངས་ཀྱིས་བསྟོད་ཅིང་བསྐུལ་བ་ནི། སེམས་ཅན་ཁམས་ཏེ་དབྱིངས་ན་དེའི་རང་བཞིན་རྣམ་དག་གི་བདག་ཉིད་དུ་གྱུར་ཅིང་། གནས་ཏེ་ཁམས་གསུམ་གྱི་དབང་ཕྱུག་ཆོས་ཀྱི་རྒྱལ་བོར་གྱུར་པ་ཁྱོད་ནི་རྡོ་རྗེའི་ཐུགས་ལ་དབང་དུ་གྱུར་པ་བརྙེས་པའོ། །སྙོམས་འཇུག་གི་དགའ་བ་ཡིད་འོང་བ་དོན་ཆེན་པོ་ལྷན་སྐྱེས་ཀྱི་བདེ་བ་དེ་འདོད་པས། དེའི་ཆེད་དུ་བདག་ལ་རོལ་བར་མཛད་པའི་སྒོ་ནས་བསྐྱབ་ཏུ་གསོལ། མགོན་པོ་ཞེས་བོས་ནས་གལ་ཏེ་དེ་རིང་སྤྱན་མ་བདག་ནི་གསོན་ཞིང་འཚོ་བར་མཆིས་པར་བཞེད་ན། སེམས་ཅན་ཀུན་གྱི་ཡབ་ཆེན་པོ་ཡིན་ཞིང་གཉེན་གྱི་མཆོག་ཆེན་པོས་བདག་ལ་དགྱེས་ཤིང་རོལ་པར་མཛད་དུ་གསོལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་མི་བསྐྱོད་པའི་བཙུན་མོ་མཱ་མ་ཀིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་རྡོ་རྗེ་འདོད་པའི་དགའ་བའི་མཆོད་པའི་མཆོག་ཁྱད་པར་འཕགས་པའི་་ཡི་གེའི་ཚིག་འདིས་ཡང་དག་པར་བསྟོད་ཅིང་བསྐུལ་ལོ། །འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པའི་རྡོ་རྗེའི་སྐུ་ཁྱོད་ནི་བཀའ་ཡི་འཁོར་ལོ་ཆོས་སྟོན་པའི་སྒོ་ནས་སེམས་ཅན་ཀུན་ལ་ཕན་པར་མཛད་ལ། སངས་རྒྱས་ནི་ཕུང་པོ་ལྔ་སྟེ། དེ་རྣམས་ཀྱི་ཤིན་ཏུ་ཕྲ་བའི་དོན་ནི་སྒྱུ་མའི་སྐུའོ། །བྱང་ཆུབ་ནི་འོད་གསལ་དང་། དེའི་དོན་དམ་པ་ནི་ཟུང་འཇུག་གི་སྐུ་སྟེ་དེ་སེམས་ཅན་ལ་རྗེས་སུ་ཕན་པར་དགོངས་ནས་སྟོན་པའོ། །མགོན་པོ་གལ་ཏེ་སོགས་སྔར་ལྟར་ལ། འདོད་ཆགས་ཀྱིས་འདོད་ཆགས་རྣམས་པར་སྤྱོད་པའི་སྒོ་ནས་དམ་ཚིག་ཆགས་པས་བདག་ལ་དགའ་བས་དགྱེས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་་འདས་དེ་བཞིན་གཤེགས་ཐམས་ཅད་ཀྱི་བདག་པོ་འཇིག་རྟེན་དབང་ཕྱུག་འོད་་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་གོས་དཀར་མོ་ཅན་གྱིས། རྡོ་རྗེ་འཛིན་པ་ཆེན་པོ་ལ་འདོད་པ་ཉེ་བར་ལོངས་སྤྱོད་པའི་ཚིག་གིས་ཡང་དག་པར་བསྟོད་པ། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ངག་གི་དབང་ཕྱུག་བརྙེས་པས་སེམས་ཅན་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ་ཆེན་པོ་དང་ལྡན་ལ། ཚད་མེད་བཞིས་འཇིག་རྟེན་གྱི་སེམས་ཅན་དག་གི་དགོས་པའི་དོན་མཛད་པ་ལ་དུས་རྟག་ཏུ་བརྩོན་པ་སྟེ། མགོན་པོ་སོགས་སྔར་ལྟར་རོ། །རབ་ཏུ་དགའ་བའི་སྤྱོད་པ་་ཀུན་ཏུ་བཟང་བོས་བདག་ལ་དགྱེས་ཤིང་རོལ་པར་མཛད་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་དམ་ཚིག་གི་རྡོ་རྗེ་དོ ན་གྲུབ་ཀྱི་བཙུན་མོ་སྒྲོལ་མས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་དེའི་བདེ་བ་དང་ཡིད་བདེ་བའི་དགའ་བ་བསྐྱེད་པའི་ཚིག་འདིར་ཡང་དག་པར་བསྟོད་ཅིང་བསྐུལ་ལོ། ཁྱོད་ནི་རྡོ་རྗེ་འདོད་པ་སྟེ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་ལྷའི་ཚོགས་སྤྲུལ་ཏེ་སེམས་ཀྱི་ཞེ་སྡང་སོགས་སྤྱོད་ཞིང་། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་དམ་ཚིག་མཆོག་གོ །འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་འདོད་ཆགས་ལམ་དུ་བྱས་པའི་ཚུལ་གྱིས་སྤྱོད་ཞིང་འོད་གསལ་གྱི་ཡེ་ཤེས་སྩོལ་བས་ན་ཕན་པའི་དོན་ཆེན་པོ་མཛད་དོ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་ནི་བུ་རམ་ཤིང་བའི་གདུང་བརྒྱུད་ཤཱཀྱའི་རིགས་ལས་འཁྲུངས་པའོ། །ཡང་ན་བྱ་གྲུབ་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པས་ན་རྫོགས་སངས་རྒྱས་ཀྱི་གདུང་མཆོག་གོ །རང་གཞན་ངོ་བོས་གྲུབ་པའི་་ཐ་དད་དུ་ཞེན་པ་དང་བྲལ་ཞིང་ཉེ་རིང་མེད་པར་མཉམ་པ་ཉིད་དུ་གཟིགས་པ་སྟེ། མགོན་པོ་སོགས་སྔར་ལྟར་རོ། །དེ་ལྟ་བུའི་ཡོན་ཏན་རིན་པོ་ཆེ་མང་པོའི་གཏེར་དུ་གྱུར་པ་ཁྱོད་ཀྱིས་བདག་ལ་དགྱེས་ཤིང་རོལ་པར་མཛད་དུ་གསོལ་ལོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་ནས་མི་གསུང་བར་གྱུར་ཏོ་ཞེས་པ་སྟེ། དེ་ནས་སྟོན་པ་འོད་གསལ་ལས་བཞེངས་ནས་མཛད་པ་བསྟན་པ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རིག་མའི་གཟུགས་སོགས་ལ་ལོངས་སྤྱོད་པས་ན་འདོད་པར་བྱ་བ་ཐམས་ཅད་ལ་ལོངས་སྤྱོད་པའི་རྡོ་རྗེའི་དཔལ་བདེ་སྟོང་ལ་རོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་རིགས་བཞི་པོ་ཐམས་ཅད་ཀྱི་བཙུན་མོ་དེ་དག་ལ་དམ་ཚིག་གི་འཁོར་ལོ་སྟེ་རྣམ་སྣང་སོགས་རིགས་བཞིའི་ངོ་བོ་འདོད་པ་སྤྱོད་ཅིང་ཅང་མི་གསུང་བར་གྱུར་ཏོ། །བཞི་པ་ནི། དེ་ནས་ནམ་མཁའི་དབྱིངས་ནས་གནས་པར་གྱུར་ཏོ་ཞེས་པ་ཏེ། དེ་ལྟར་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་ནམ་མཁའི་དབྱིངས་འདི་དག་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་གི་ཁུ་བ་སྟེ་རྣམ་སྣང་ལ་སོགས་པའི་ལྷའི་འཁོར་ལོས་ཡོངས་སུ་གང་སྟེ། འདོད་པ་ཐམས་ཅད་རྫོགས་པར་བྱེད་པའི་བུམ་པ་བཟང་པོ་རྡོ་རྗེའི་ཆུས་གང་བ་ལྟར་བར་མཚམས་མེད་པར་གང་ཞིང་གནས་པར་གྱུར་ཏོ། །ལྔ་པ་ལ་བཞི། སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་་འོད་ཟེར་གྱིས་སེམས་ཅན་རྣམས་ལ་དབང་བསྐུར་བས་དེ་རྣམས་ཀྱང་ཀུན་ཏུ་བཟང་པོའི་མིང་ཅན་དུ་གྱུར་པ། སེམས་ཅན་རྣམས་ཀུན་དུ་བཟང་པོར་མཉམ་པ་ཉིད་དུ་བསྟན་པ་འཁོར་རྣམས་ཀྱིས་གཟིགས་ཚུལ། དེ་ལ་འཁོར་རྣམས་ངོ་མཚར་སྐྱེས་ནས་ཞུས་པ། འདོད་ཆགས་ཀྱི་རང་བཞིན་མཉམ་པ་ཉིད་ཡིན་པ་ཙམ་ལ་ངོ་མཚར་ཆེ་རྒྱུ་མེད་པར་བསྟན་པའོ། །དང་པོ་ནི། དེ་ནས་རྡོ་རྗེ་ནམ་མཁའི་ནས་དབང་བསྐུར་བར་གྱུར་ཏོ་ཞེས་པ་སྟེ། རྡོ་རྗེ་ནམ་མཁའི་དབྱིངས་ནི་ཁམས་གསུམ་གྱི་གནས་ཏེ་འདི་ན་གནས་པའི་སེམས་ཅན་རྣམས་སྐུ་གསུམ་གྱི་ངོ་བོའི་དམ་ཚིག་གོ །དེ་ལས་ཡང་དག་པར་བྱུང་བ་ནི་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་་དོ། །རྡོ་རྗེ་དཔལ་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རེག་པས་དེ་ནས་་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་ཏོ། །དེ་ནས་བརྩམས་ཏེ་སེམས་ཅན་དེ་ཐམས་ཅད་ཀུན་ཏུ་བཟང་པོ་ཀུན་དུ་བཟང་པོ་ཞེས་བྱ་བའི་མིང་ཅན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེས་དབང་བསྐུར་བར་གྱུར་ཏོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས་མཐོང་ལགས་སོ་ཞེས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་སྟོན་པ་ཕྱག་ན་རྡོ་རྗེས་འཁོར་གྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མཐོང་ངམ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་སྟེ་སྟོན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་་ཇི་ལྟར་བསྟན་པ་བདག་ཅག་གིས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་ནས་ངོ་མཚར་ཏོ་ཞེས་པ་སྟེ། དེ་ནས་འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་འོད་གསལ་་དུ་ཞུགས་པ་ལས་མངོན་པར་བྱུང་སྟེ་ལངས་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱུ་མཚན་གང་གིས་ན་་འདོད་ཆགས་ཀྱི་ཡི་གེའི་ཚིག་གིས་བསྟན་པའི་འདོད་ཆགས་ཀྱི་སྤྱོད་པས། སངས་རྒྱས་ཀྱི་བྱང་ཆུབ་རྡོ་རྗེ་འཆང་གི་གོ་འཕང་རྗེས་སུ་རྟོགས་པ་སྟེ་ཐོབ་པར་་འགྱུར་པ་དེ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཞི་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་མི་གསུང་བར་གྱུར་ཏོ་ཞེས་པ་སྟེ། དེ་ནས་ཕྱག་ན་རྡོ་རྗེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཁྱེད་་ཐམས་ཅད་དེ་སྐད་ཅེས་མ་ཟེར་ཅིག །རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། ཆོས་་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ནམ་མཁའ་རྡོ་རྗེའི་རྡོ་རྗེ་འཆང་གི་དམ་ཚིག་དང་མཚུངས་པའི་ཕྱིར་ཆགས་སོགས་རྣམས་ལ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ན་དེ་རྣམས་ནི་གཟུགས་ཀྱི་ཕུང་པོ་མ་ཡིན། ཚོར་བའི་ཕུང་པོ་མ་ཡིན། འདུ་ཤེས་ཀྱི་ཕུང་པོ་མ་ཡིན། འདུ་བྱེད་ཀྱི་ཕུང་པོ་མ་ཡིན། རྣམ་པར་ཤེས་པའི་ཕུང་པོ་མ་ཡིན། ཁམས་བཅོ་བརྒྱད་པོ་གང་ཡང་མ་ཡིན། སྐྱེ་མཆེད་བཅུ་གཉིས་ཀྱང་མ་ཡིན། དེ་བཞིན་དུ་འདིར་འདོད་ཆགས་མ་ཡིན་ཞེ་སྡང་མ་ཡིན་གཏི་མུག་མ་ཡིན་ཆོས་མ་ཡིན་ཆོས་མ་ཡིན་པ་ཡང་མ་ཡིན་ཏེ། བཏགས་དོན་རིགས་པས་བཙལ་བའི་ཚེ་མི་རྙེད་པའི་ཕྱིར་རོ། །དེ་ལྟར་འདོད་ཆགས་སོགས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་བྱང་ཆུབ་ཐོབ་པར་འགྱུར་བའི་ཚུལ་བསྟན་པས། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅང་མི་གསུང་བར་དེ་ཁོ་ན་ཉིད་བསམ་པའི་སྒོ་ནས་བཞུགས་སོ། །དགུ་པ་རྒྱུད་ཡོངས་སུ་གཏད་པ་ལ་གསུམ། འདུས་པ་སངས་རྒྱས་བྱང་སེམས་རྣམས་ལ་སྤྱིར་གཏང་བ། བྱེ་བྲག་ཏུ་རྡོ་རྗེ་ཆོས་ལ་གཏད་དེ་ཞལ་གྱི་བཞེས་པ། གཏད་པའི་འོག་ཏུ་འཁོར་རྣམས་རྡོ་རྗེ་གསུམ་དུ་གྱུར་པར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས་སྐལ་བ་ཡོད་པའི་ཕྱིར་རོ་ཞེས་པ་སྟེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་ཉིད་ཀྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་རྣམ་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་འདི་བསྒོ་བར་གྱིས་པ་སྟེ། འཛིན་དུ་ཆུག་ཅིག །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་་དཔའ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་ཡོད་པ་སྟེ་ལྡན་པའི་ཕྱིར་རོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་པ་སྟེ། དེ་ནས་ཕྱག་ན་རྡོ་རྗེ་ནས་རྡོ་རྗེ་ཆོས་གསང་བའི་བདག་པོ་ལ་བཀའ་སྩལ་བ་རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་གཅིག་ནས་གཅིག་ཏུ་བརྒྱུད་པ་འདའ་བར་མི་བྱ་བའི་བདག་ཉིད་ཅན་འདི་ཟུངས་ཤིག ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་དབང་ཕྱུག་ཏུ་གྱུར་པའི་རྡོ་རྗེ་ཞེས་དབང་བསྐུར་བར་གནང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ་ཞེས་གསོལ་ནས་ཅང་མི་གསུང་བར་གྱུར་ཏོ། །གསུམ་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་ཁྲོ་བོ་ལ་སོགས་པ་རྣམས་ཏེ། རྡོ་རྗེ་སེམས་དཔའི་ཡི་གེ་གསུམ་ལ་རང་གི་སྐུ་དང་གསུང་དང་ཐུགས་ཞུགས་པར་གྱུར་ཏོ་ནི་དེ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་བྱས་པའོ། །དེ་ནས་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ལུས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་དང་ངོ་བོ་དབྱེར་མེད་པའི་ཚུལ་དུ་གནས་ཤིང་དེ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིི་སྐུ་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྒྱུ་མ་ལྟ་བུའི་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་གསུང་རྡོ་རྗེ་འོད་དཔག་མེད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དག་གི་རྡོ་རྗེ་དེ་ཁོ་ན་ཉིད་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཉིད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་ལ་སྔར་ལྟར་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །བཞི་པ་མཇུག་སྡུད་པ་ནི། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་སྟེ། གསང་བ་འདུས་པའི་རྒྱུད་འདི་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་མཚན་དོན་ནི། དེ་བཞིན་གཤེགས་པ་ནས་ལེའུ་སྟེ་བཅུ་བདུན་པའོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟེ་རྡོ་རྗེ་གསུམ་གཙོ་བོར་བྱས་ནས་གཅིག་ཏུ་གྱུར་པས། གསང་བ་གསུམ་པོ་བསྡུས་ནས་སྟོན་པའི་རྒྱུད་ཀྱི་རྒྱལ་པོ་འདུས་པ་ལས། དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱི་་དམ་ཚིག་ཉམས་སུ་བླང་བར་བྱ་བའི་དོན་བསྲུང་བ་དང་བཟའ་བ་དང་བསྟེན་པ་རྣམས་དང་སྡོམ་པ་ནི་དེ་རྣམས་ནན་ཏན་དུ་སྒྲུབ་པའོ། །རིགས་ལྔས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་ནི་འདའ་བར་མི་བྱ་བས་ན་རྡོ་རྗེ་སྟེ་མི་ཕྱེད་པའོ། །དེའི་བྱིན་གྱིས་བརླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་པའི་འགྲེལ་པའོ། །བཞི་པ་མཇུག་གི་དོན་ནི། རྒྱ་གར་གྱི་མཁན་པོཤྲ་དྷཱ་ཀ་ར་ཝརྨ་ཏེ་་དད་བྱེད་གོ་ཆ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ན་ཀ་ར་སྟེ་དཔལ་ཡེ་ཤེས་བྱེད་པས་བཤད་ནས། ཞུ་ཆེན་གྱི་ལོཙྪ་བ་འགོས་ལྷས་བཙས་ཀྱིས་ཞུས་གཏུགས་གཡར་ཁྲལ་ལམ་ཁ་ཁྲལ་དུ་འཚལ་བ་སྟེ་བགྱིས་སོ། །སླར་ཡང་པཎྜི་ཏ་ནག་པོའི་ཞབས་ཀྱིས་བཤད་ནས་འགོས་ཉིད་ཀྱི་འགྱུར་བཅོས་མཛད་དོ། །སྨྲས་པ། དབྱངས་དང་གསལ་བྱེད་ཡི་གེ་སོ་གསུམ་གྱི། །མཐའ་ཅན་རྒྱུད་དེ་སྟོང་ཕྲག་སོ་གསུམ་དང་། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི །གཞི་དང་རྩ་བ་འདུས་པའི་རྒྱུད་འདིའོ། །འདི་ཡི་དགོངས་འགྲེལ་འཆད་ཉན་ཕྱོགས་གཅིག་ཙམ། །འཛིན་གང་དེ་ཡང་རྡོ་རྗེ་འཆང་ཆེན་དང་། །འདྲ་བར་བལྟས་ནས་ཕྱག་བྱའི་གནས་ཉིད་དུ། །གསུངས་ན་ཚུལ་བཞིན་སྒྲུབ་རྣམས་ལྟ་ཅི་སྨོས། །སྔོན་ཚེ་ཐོག་མ་མེད་ནས་ད་ལྟའི་བར། །ལུས་རྟེན་མཆོག་དམན་གྲངས་མེད་བརྒྱུད་གྱུར་ཀྱང་། །འདི་འདྲའི་ཟབ་མོའི་རྒྱུད་ཀྱི་དགོངས་འགྲེལ་བའི། །སྐལ་བ་ལྡན་ཞིག་བྱུང་ངམ་བྱུང་མིན་ཚོ། །ད་ལྟ་བླ་མའི་ལེགས་བཤད་མིག་སྨན་གྱི། །བློ་ཆུང་བདག་ལྟའི་བློ་མིག་རབ་རིབ་དག །བསལ་བས་རྒྱུད་དོན་ཁོང་ན་གནས་པའང་། །ཅུང་ཟད་མཐོང་བས་དགའ་དད་སྤུ་ལོང་གཡོས། །དེ་ཕྱིར་ཀླུ་སྒྲུབ་དཔལ་ལྡན་ཟླ་བ་དང་། །རྒྱལ་བ་གཉིས་པའི་མན་ངག་ལ་བརྟེན་ནས། །དཔལ་ལྡན་འདུས་པའི་རྩ་རྒྱུད་ཡོངས་རྫོགས་ཀྱི། །ཚིག་དོན་་ཇི་ནུས་བློ་དང་འཚམ་པར་བཀྲལ། །འདི་ལ་སྒེར་ཀྱི་ཁྱད་ཆོས་གཞན་དཀའ་་ཡང་། །རྒྱུད་ཀྱི་ས་བཅད་སོ་སོའི་གཞུང་རྣམས་ཀྱི། །ཐོག་མཐའ་བཟུང་བའི་ཚུལ་གྱིས་གསལ་བཀོད་པ། །དེ་ནི་འགྲེལ་བ་འདི་ཡི་ཁྱད་པར་རོ། །ཚུར་མཐོང་བློ་མིག་མི་གསལ་ཟབ་མོའི་དོན། །མ་བཤད་ལོག་བཤད་ཉེས་ཀུན་བདག་གི་སྟེ། །ལེགས་པར་བཤད་པའི་ཆ་ཤས་ཇི་ཡོད་པ། །དེ་ནི་ལྷ་དང་་བླ་མའི་དྲིན་ལས་ཡིན། །ཚུལ་འདིར་སྒོ་གསུམ་འབད་ལས་བྱུང་བའི་དགེ །ཇི་སྙེད་མཆིས་དེས་ཚེ་རབ་ཀུན་དུ་བདག །ཟབ་མོའི་ལམ་མཆོག་འདི་དང་མི་འབྲལ་ཞིང་། །མྱུར་དུ་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །ཅེས་བྱའོ། །འདུས་པའི་རྩ་རྒྱུད་ཀྱི་ཊཱིཀྐ་ཡོངས་སུ་རྫོགས་པ་འདི་ནི། མདོ་སྔགས་དང་ཐ་སྙད་ཀྱི་རིག་གནས་དུ་མ་ལ་མཁྱེན་པ་རྒྱས་ཤིང་། ལུགས་གཉིས་ཀྱི་སྒོ་ནས་ཕྱོགས་འདིར་མདོ་སྔགས་ཀྱི་བསྟན་པ་འཛིན་པ་ལ་འགྲན་ཟླ་དང་བྲལ་བའི་མཁས་དབང་ཀོའུ་ཤི་ནང་སོ་ཡེས་ཀྱིས། རང་ཕྱོགས་ཅོ་ནེ་དགོན་དུ་མདོ་སྔགས་ཀྱི་བཤད་གྲྭ་གཉིས་གསར་དུ་བཙུགས་པའི་ནང་ཚན་རྒྱུད་པ་གྲྭ་ཚང་གི་འཆད་ཉན་གྱི་རྒྱུན་ལ་ཕན་སྲིད་པར་དགོངས་ནས། གནང་སྦྱིན་དང་བཅས་ཏེ་བཀས་བསྐུལ་བ་ལྟར། རྒྱུད་པའི་སློབ་དཔོན་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། ༧ །སློབ་དཔོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོ་དང་བློ་བཟང་སྦྱིན་པ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྩ་རྒྱུད་འགྲེལ་བ་མཐའ་དཔྱོད་བསྡུས་དོན་དང་བཅས་པ་དང་། འདི་སྐོར་གྱི་གཞུང་དུ་མ་ལ་འདྲིས་ཤིང་དོན་ཕལ་ཆེར་ཁོང་དུ་ཆུད་པ་བྱས་ནས། བཤད་རྒྱུད་ཀྱི་དོན་འགྲེལ་བ་ལས་འཕྲོས་པ་འགའ་ཞིག་མང་དུ་དོགས་ཤིང་། འགྲེལ་པ་ནས་འབྱུང་བའི་བསྡུས་དོན་དང་རྒྱན་གྱི་སྐོར་བཤད་ཐབས་དང་བཅས་པ་ཞིག་ནི་བདག་གིས་ལོགས་སུ་བྲིས་ཟིན་པས་འདིར་ཡང་བཞག་སྟེ། རྩ་རྒྱུད་ཉིད་ཀྱི་ཚིག་དོན་འདི་ལྟར་ས་བཅད་འགྲེལ་པ་མཆན་བུ་དང་བཅས་པ་དང་བསྟུན་ནས་བགྱིས་པའི་ཚེ། སྔགས་རམ་པ་ཀུན་དགའ་ཆོས་འབྱུང་དང་། བྱམས་པ་རིན་ཆེན་དང་། ཀུན་དགའ་ཆོས་ལྡན་གསུམ་གྱིས་རྒྱུད་གྲྭ་ནས་མཚན་བདག་མཛད་པའི་ཚེ་པར་དུ་བརྐོས་པ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་འདུས་པའི་བསྟན་པ་ཕྱོགས་ཀུན་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །


previousའདུས་པའི་རྩ་རྒྱུད་ཀྱི་ཊིཀྐ་རྒྱ་མཚོའི་ཆ་ཤས་འཇུག་ངོགས་བདེ་བའི་ལམ་བཟང་སྙིང་པོ་བསྡུས་པའི་ཆུ་ཀླུང་བློ་གསལ་གདུང་བ་འཕྲོགno next