Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་ངག་འདོན་འཁྲིགས་ཆགས་སུ་བཀོད་པ་ཕལ་སྲེག་དང་བཅས་པ།
   
   
   
   


 
previousའཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་ངག་འདོན་འཁྲིགས་ཆགས་སུ་བཀོད་པ་ཕལ་སྲེག་དང་བཅས་པ།next

འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་ངག་འདོན་འཁྲིགས་ཆགས་སུ་བཀོད་པ་ཕལ་སྲེག་དང་བཅས་པ།

འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་ངག་འདོན་འཁྲིགས་ཆགས་སུ་བཀོད་པ་ཕལ་སྲེག་དང་བཅས་པ་བཞུགས།

ན་མོ་བཛྲ་བྷཻ་ར་ཝཱ་ཡེ། འདིར་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་ངག་འདོན་བྱ་ཚུལ་འཇུག་པ་བདེ་བ་ཞིག་བྲི་བར་བྱའོ། །དེ་ལ་སྔར་ཆོ་ག་མ་བྱས་པའི་གཞིར། སྔོན་དུ་ས་སྤྱང་དགོས་པས། གྲུབ་ན་རང་གི་ལྷའི་རྣལ་་འབྱོར་རྒྱས་པར་བསྒོམས་ནས། ས་སྤྱད་པ་རྒྱས་པར་བྱ་ཞིང་། དེ་ཙམ་མ་གྲུབ་ན། རང་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་པས། ལག་པ་གཡས་རྡོ་རྗེ་་དང་བཅས་པ་ས་ལ་བཞག་ནས། ༀ་ཨཱཿཧཱུཾ། ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་ཞིང་རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱང་བར་གྱུར་བར་བསམས་པའམ། འདོད་ན་ལས་སྔགས་བརྗོད་དེ་ཐལ་བ་ཡུངས་དཀར་དྲི་ཆུ་སོགས་ཀྱིས་སྦྱང་བ་དང་ཡང་ན་ལས་སྔགས་བརྒྱ་རྩ་བརྗོད་པས་ཀྱང་རུང་སྟེ། ཀུན་རྫོབ་ཀྱི་དག་པ་དང་། སའི་ཉེས་སྐྱོན་་ཐམས་ཅད་རང་བཞིན་གྱི་སྟོང་པའི་བདག་ཉིད་དུ་གྱུར་པར་བསམ་པ་ནི་དོན་དམ་པའི་སྦྱང་བའི། །ས་གཞི་རང་བཞིན་གྱིས་དཀར་བའམ། ས་དཀར་པོ་བྱུགས་པ་ལ་ཐོག་མར་དབུས་བཙལ་ནས། ཚངས་ཟུར་གྱི་ཐིག་བཏབ་སྟེ། དེ་ནས་ཐིག་སྐུད་ཁྲུ་ཕྱེད་པ་ཞིག་གིས་དབུས་ནས་ཟླུམ་བོར་བསྐོར་བར་བྱའོ། །དེ་ནས་ཕྱེད་པ་དེ་ལ་སོར་བཞི་བསྣན་ནས། དེས་དབུས་ནས་ཟླུམ་པོར་བསྐོར་བར་བྱའོ། ཁ་ཁྱེར་ལོགས་སུ་བསྐོར་ན་སོར་བཞི་བསྣམས་ནས་བྱའོ། །ཡང་དབུས་ནས་སོར་བཞིས་ཟླུམ་སྐོར་བྱ་སྟེ་ལྟེ་བའོ། །ཐབས་ཀྱི་དཔངས་སུ་་སོར་བཅུ་གཉིས་དང་། ཁ་ཁྱེར་སོར་བཞི་པ་གུད་དུ་བཏགས་ན་ལེགས། ཁ་ཁྱེར་ལ་འཁོར་ལོའམ་རྡོ་རྗེའི་ཕྲེང་བས་བསྐོར་བར་བྱ་ཞིང་། ཟླུམ་ཐིག་ཕྱི་མའི་ཕྱོགས་བཞི་ནས་སོར་གཉིས་རེ་དོར་ནས་གྲུ་བཞིར་གདབ་ཅིང་གྲུ་བཞི་པའི་ཟུར་་དུ། ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་ཕྱེད་པས་མཚན་པ་དང་། ཐབས་ཀྱི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་སྲིད་ཏུ་སོར་བརྒྱད་པ། དཔངས་སུ་སོར་གཅིག་པ་བྱའོ། །དེ་ནས་ཟླུམ་ཐིག་ནང་མའི་སྟེང་ནས་བུད་ཤིང་སྐམ་པོ་སྲོག་ཆགས་མེད་ཅིང་དྲི་ཞིམ་པས་ཟླུམ་པོར་བརྩིགས་ཏེ། བུད་ཤིང་བརྩིགས་པ་ལས་དཀར་པོས་བྱུགས་ཤིང་། ཕྱི་རོལ་་དུ་བའི་ལྕི་བ་དང་། བདུད་རྩི་དཀར་པོ་དང་ལྡན་པའི་དྲི་དཀར་པོས་བྱུགས་ལ། མེ་ཏོག་དཀར་པོ་བསིལ་མར་བཀྲམ་པར་བྱའོ། །དེ་ནས་ཆུ་བཞི་དང་བཟེད་ཞལ་གསུམ། བསང་གཏོར་གྱི་ཀུ་ཤའི་ཆུན་པོ་དང་བཅས་པ། མཎ་ཛི་ལ་་སོགས་པའི་སྟེང་དུ་གཡོན་དུ་དགོད་པར་བྱ་ཞིང་། བསང་ཆུའམ། ལས་བུམ་ཡང་གཡོན་དུ་དགོད་ལས་བུམ་པ་བསྒྲུབས་པ་ཡོད་ན། བསང་ཆུ་བསྒྲུབ་མི་དགོས་ཤིང་། མེད་ན་བསྒྲུབ་དགོས་པས། བསྒྲུབ་ཚུལ་ནི། སྣོད་གཙང་མར་ཆུ་གཙང་མ་ལ་དྲི་བཟང་བཏབ་ལ་བཞག་སྟེ། དེ་ཉིད་སྤོས་ཀྱིས་བདུག་ཅིང་། ཁངྒ་དྷྲིཀ་བརྒྱ་རྩ་བརྒྱད་དམ། བདུན་ཙམ་བཟླས་པས་བྱིན་གྱིས་བརླབ། ཐོག་མར་གཡས་སུ་བསྲེག་རྫས་རྣམས་འབུལ་བའི་རིམ་པ་བཞིན་ལས་བསྒྲིགས། དེའི་ནང་རོལ་དུ་འཇིག་རྟེན་པའི་མེ་ལྷའི་མཆོད་རྫས་རྣམས་རིམ་པ་བཞིན་དུ་བཀོད་པའི་མཐར་འཇིག་རྟེན་པའི་མེ་ལྷའི་གཏོར་མ་ཡང་བཤམ། དེའི་ནང་རོལ་དུ་འཇིག་རྟེན་ལས་འདས་པས་འབུལ་བའི་མཆོད་རྫས་ཆུ་བཞི་མ་གཏོགས་པ་རྣམས་རིམ་པ་བཞིན་བཀོད། མར་ཁུ་དང་། དགང་་བླུགས་དང་། རྡོ་རྗེ་དྲིལ་བུ་དང་། ནང་མཆོད་རྣམས་མདུན་དུ་བཞག་ཅིང་། མེ་གསོ་བའི་ཆས་དང་ཐབ་ཀྱི་ཁ་ཁྱེར་ལ་འགོད་རྒྱུའི་ཀུ་ཤ་ཡང་སྟ་གོན་བྱས་ལ། རྫས་ཐམས་ཅད་ལ་བདུད་རྩི་རིལ་བུ་བཏབ་པའི་ནང་མཆོད་ཀྱིས་བྲན་པར་བྱ་ཞིང་། སློབ་དཔོན་གྱི་སྟན་ལ་པདྨ་དཀར་པོ་འདབ་མ་བརྒྱད་པ་ཙམ་བྱའོ། །དེ་ལྟར་ཆོ་གའི་ཡན་ལག་རྣམས་ཚོགས་པར་བྱས་ལ། བསྒྲུབ་མཆོད་ལ་སོགས་པའམ་སྐབས་གཞན་ཡང་རུང་སྟེ། སྔར་སྒྲུབ་ཐབས་བསྒོམ་པའི་ཆོ་གའི་རྒྱུན་་ཡིན་ན་དེས་ཆོག །མིན་ན་ནང་མཆོད་བྱིན་རླབས་ནས་བཟུང་སྟེ། ཉེར་བསྡུའི་བར་བདག་བསྐྱེད་རྫོགས་པར་བསྒོམས་ཏེ། འཇམ་ཞིང་བདེ་བའི་སྟན་ཧ་ཅང་མཐོན་པོ་བ་ཡིན་པ་ལ། རྐང་པ་གཉིས་ཅུང་ཟད་བརྐྱང་ལ། རྐང་མཐིལ་གཉིས་སྦྱར་བ་པདྨའི་འདུག་སྟངས་ཀྱིས། ཁ་ཤར་ལ་ཕྱོགས་པས་འདུག་སྟེ། སྨྲ་བ་གཞན་བཅད། རྡོར་དྲིལ་བྱིན་རླབས་བྱས་པ་ནས་བཟུང་སྟེ་སྦྱིན་སྲེག་མ་ཚར་བར་ལག་པ་རྡོལ་དྲིལ་དང་མ་བྲལ་བར་བྱའོ། །དེ་ནས་ཆོ་ག་དངོས་ལ་འཇུག་པ་ནི། རྡོ་རྗེ་ནི་ཐབས་དང་དྲིལ་བུ་ནི་ཤེས་རབ་སྟེ། དེ་གཉིས་ཀའང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །སྙམ་དུ་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲ་ས་མ་ཡེ། ཏིཥྛ་ཨེ་ཥ་སྟྭཾ། དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ ཧཱ། ཞེས་བརྗོད་དེ་ལག་པ་གཡས་པའི་མཐེ་བོང་དང་མིང་མེད་ཀྱིས་ཐུགས་ཀར་བཟུང། ༀ་བཛྲ་གྷཎྜ་ཧཱུཾ། ཞེས་བརྗོད་དེ། ལག་པ་གཡོན་བའི་མཐེ་བོང་དང་མིང་མེད་ཀྱིས་དྲིལ་བུ་གཡོན་གྱི་དཀུར་ཁ་གྱེན་ལ་བསྟན་ཏེ་བཟུང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ། །སྙམ་དུ་བསམ་ལ། ཧཱུཾ་སེམས་ཅན་རྨོངས་ནང་འབྲལ་བ་ཡི། །རྡོ་རྗེ་གསོལ་བ་མཛེས་པ་ཡིས། །རྣམ་ཐར་ཆོས་ཀྱི་བྱ་བ་སྟེ། །སྤྲོ་དང་བཅས་པས་རྡོ་རྗེ་བཟུང་། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་པའི་དཀུར་བཟུང་བའམ་གསོར་ལ། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ། ནཱ་ད་སྭ་བྷཱ་ཝེ། བཛྲ་ས་ཏྭ་ཧྲཱིཿད་ཡ། སནྟོ་ཥ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། སྭཱ ཧཱ། ཞེས་བརྗོད་ཅིང་དྲིལ་བུ་ནི་ནང་གི་ཕྱོགས་བརྒྱད་དུ་ལྕེ་བསྐྱོད་པས་དཀྲོལ་བར་བྱའོ། །དེ་ནས་ལག་པ་གཡས་པས་ལས་བུམ་གྱི་ཁ་རྒྱན་ན། ཀུ་ཤས་ལས་བུམ་གྱི་ཆུའམ། བསང་སུ་ནས་བླངས་ཏེ། ཐབ་དང་། མཆོད་རྫས་སོགས་དང་། རང་ལའང་རང་གི་གཡོན་ངོས་ནས་བརྩམས་ཏེ། གཡས་སྐོར་དུ་བསང་གཏོར་ལན་གསུམ་བྱ་ཞིང་། སྔགས་བརྗོད་པར་བྱའོ། །དེ་རྗེེས་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ནས་ཀྱང་གཡས་སྐོར་དུ་ལན་གསུམ་བྱ་ཞིང་། ལས་སྔགས་བརྗོད་པར་བྱའོ། །དེ་ནས་སླར་་ཡང་མེ་ལྷའི་མཆོད་རྫས་རྣམས་ལ་ནང་མཆོད་གཏོར་ལ། ལས་སྔགས་བརྗོད་ཅིང་། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲེ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག བདུག་སྤོས། མར་མེ། དྲི། ཞས་ཟས། རོལ་མོ་ལ་སོགས་པ་རྣམས། རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ༀ་ཨརྒཾ་ཨཱཿཧཱུཾ། དེ་བཞིན་དུ། ཨརྒཾ་གྱི་གནས་སུ། པཱ་དྱཾ། ཨཱཉྩ་མ་ཎཾ། པྲོཀྵ་ཎཾ། ཀུ་ཥྤཾ། དྷཱུ་པཾ། ཨ་ལོ་ཀེ། གནྡྷེ། ནཻ་ཝེ་ཏ། ཤཔྟ། རཱུ་པ། ཤཔྟ། གནྡྷེ། ར་ས། པརཤ། རྣམས་བཅུག་སྟེ། ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། ཡང་ན་གསང་གཏོར་ཞལ་བསིལ་ཞེས་ཀྱང་རུང་ངོ་། །དེ་ནས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད་དེ། ཡམ་ཤིང་དང་། མར་ཁུ་སོགས་བསྲེག་རྫས་རྣམས་ལ་རེག་ཅིང་། ༀ་སྭཱཧཱ། ཞེས་བརྗོད་དེ་རྫས་རྣམས་བཀྲུ་བར་བསམ། འདིར་ཁ་ཅིག་ༀ་ༀ་སྭཱཧཱ། ཞེས་ཟེར། ༀ་ཨཱཿསྭཱཧཱས་ཡམ་ཤིང་། ༀ་ཤྲཱི་སྭཱཧཱས་མར་ཁུ། ༀ་ཛྲིཾ་སྭཱཧཱས་འབྲུ། ༀ་ཀུ་རུ་ཀུ་རུ་སྭཱཧཱ ས། དེ་དག་ལས་གཞན་པའི་རྫས་རྣམས་ཀྱིི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་བྱང་ཞིང་དག་ནས་བདུད་རྩི་ལྔའི་ངོ་བོར་གྱུར་བར་བསམ། དེ་ནས་ཤིང་འོ་མ་ཅན་ལས་བྱུང་བའམ། གཙུབ་ཤིང་ལས་བྱུང་བའམ། མེ་ཐ་མལ་པའམ། །དགོན་པའི་མེ་གང་ཡང་རུང་བ། ༀ་ཨཱཿཧཱུཾ་ལན་གསུམ་བརྗོད་དེ་སྣོད་དུ་བཞག་ལ་ཞུན་མར་གྱི་སྒྲོན་མེ་སྦར་ཞིང་། ལས་སྔགས་བརྗོད་ལ་བསང་ཆུ་དང་ནང་མཆོད་ཀྱིས་མེ་དེ་ལ་གཡས་སྐོར་དུ་ལན་གསུམ་གསུམ་བསང་ངོ་། །དེ་ནས་སྒྲོན་མེ་དེ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩྭའི་ཆུན་པོ་དང་བཅས་པས་ཐབ་ཀྱི་ནང་་དུ་བཅུག་ལ། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བརྗོད་ཅིང་གཟི་བརྗིད་བསྐྱེད། ཧཱུཾ། ཞེས་བརྗོོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ལས་སྔགས་བརྗོད་ལ། མར་ཁུ་བླུགས་གཟེར་བདུན་གྱིས་ཀྱང་མེ་གསོ། །དེ་ནས་ཀུ་ཤ་རྣམས་ལག་ཏུ་བཟུང་ལ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་ལན་བདུན་བརྗོད་ལ་ཀུ་ཤ་བྱིན་གྱིས་བརླབ། དེ་ནས། ༀ་ཀུ་ཤ་འདི་ནི་གཙང་ཞིག་དགེ །ཚངས་པའི་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེག་རྣམས་ཐམས་ཅད་ནི། །ཞི་་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་བརྗོད་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་མ་ཆགས་ཤིང་འདམ་མ་གྲུགས་པ་ཧ་ཅང་ཡང་མི་རིང་བ་གཉིས་གཉིས་རྩེ་མོ་གཤིབས་པ་རང་གི་གཡོན་ངོས་ནས་བརྩམས་ཏེ་ཐབ་ཀྱི་ཁ་ཁྱེར་ལ་རང་ཁ་གང་ལ་བལྟས་པའི་ངོས་ལ་ཤར་དུ་བྱས་པའི་ལུགས་ཀྱི། རྩེ་མོ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བསྟན་ལ་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་གནོན་པར་དགྲམ་ཞིང་། ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །ཀུ་ཤ་བཀོད་ཚར་བ་དང་། རྡོར་དྲིལ་འཛིན་པའི་ལག་པ་་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བགེགས་ཐམས་ཅད་ཞི་བ་དང་། བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་གདབ་བྱ། དེ་དག་ནི་སྦྱོར་བའི་ཆོ་གའོ། །དངོས་གཞིའི་ཆོ་ག་ལ། བསང་ཆུས་ཐབ་བསངས་ཏེ། ལས་སྔགས་བརྗོོད། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཐབ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། སཾ་དང་རྡོ་རྗེ་ལས་རྡོ་རྗེ་འཛིན་པ་དཀར་པོ། དཀར་མཐིང་་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུལ་ལ་འཁྱུད་པ། གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་ར ན་ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པར་གྱུར། །ཐབ་ཀྱི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་པའི་དབུས་སུ། །སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་བགྲང་ཕྲེང་། དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཉུག་མར་གནས་པའི་རང་འོད་ཀྱི་རིག་མ་དང་གཉིས་སུ་མེད་པའི་སྐུ། ཕྱག་གཡས་ཀྱི་དང་པོ་ན་བགྲང་ཕྲེང་། གཉིས་པས་མི་འཇིགས་པ་སྦྱིན་པ། གསུམ་པ་ན་གྲི་གུག །གཡོན་གྱི་དང་པོ་ན་དབྱུག་གུ་རྩེ་གསུམ་པ། །གཉིས་པ་ན་སྤྱི་བླུགས། །གསུམ་པ་ན་ཐོད་པ་བསྣམས་པ། གཡོན་བརྐྱངས་པའི་་སྟབས་ཀྱིས་བཞུགས་པ། ཁྲོ་བོའི་རྒྱན་རྣམས་ཀྱིས་བརྒྱན་པའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པ། དམ་ཚིག་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམས་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲང་པར་བསམ་ལ། ལག་པ་གཉིས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་མཐེ་བོང་གཡོ བ་ཅིང་། ༀ་ཚུར་བྱོན་ཚུར་བྱོན་འབྱུང་བོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། ༀ་ཊཀྐི་ཧཱུཾ་ཛཿ ཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། སྔགས་བརྗོད་ཅིང་བསང་ཆུ་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད། འོག་ནས་ད་ལྟ་ཉིད་དུ་འབྱུང་བར་འགྱུར་བ་ལྟར་ཆུ་བཞི་ཕུལ་ཏེ། ༀ་མུད་ག་ར་ཛཿ ཞེས་པས་དམ་ཚིག་པ་དང་ཉེ་བར་དགུག །ༀ་དཎྜ་ཧཱུཾ་ཀྱིས་དམ་ཚིག་པ་ལ་གཞུག ༀ་པདྨ་བཾ་ཀྱིས་དབྱེར་མེད་དུ་བ ཅིང་། ༀ་ཁངྒ་ཧོཿ ས་དབང་དུ་བྱས་ཏེ། རྡོར་དྲིལ་གྱིས་འཁྱུད་པའི་ཚུལ་དང་ལྡན་པའི་ཕྱག་རྒྱ་གཉིས་ཀྱིས་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས་གཞུག་པ་སོགས་བྱའོ། །དེ་ནས། ༀ་ཨཱཿཧྲཱིཿ པྲ་ཝ་ར་སད་ཀ་རཾ་པྲོཀྵ་ཎཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ་དེ་བཞིན་དུ་ཐོག་ཐ་འདྲ་བ་ལ་ཨཱཉྩ་མ་ཎཾ་ཨརྒྷཾ། པ་ཏྱཾ་ཞེས་སྦྱར་ཏེ་གཞན་ནས་འབྱུང་བ་ལྟར་རང་རང་གི་ཕྱག་རྒྱ་དང་བཅས་པས་ཆུ་བཞི་དབུལ་ཞིང་། ༀ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་དི་བྱཱ་ཨཱ་བི་ཤ་ཨཱ་བི་ཤ། མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། བ་ཧ་ནཱ་ཡ་བཛྲ་ཤཔྟ་ཨཱཿཧཱུཾ། ༀ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ༀ་ཨཱཿཧཱུཾ། ཞེས་པས་ཉེར་སྤྱོད་རོལ་མོ་ནང་མཆོད་དབུལ། དྲིལ་སྟབས་དང་བཅས་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊ ཀྐིས་དབང་བསྐུར་བ། ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེས་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་བའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་ཞིང་བགྲང་འཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུཎྜེ་བསྣམས། །ཆོས་ཀྱི་བདུད་རྩིི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། །ༀ་བཛྲ་ཨ་ན་ལ་མ་ཧཱ་བྷཱ་ཏ་ཛཱ་ལ་ཛྭ་ལ་ཡ། སརྦ་བྷསྨི་ཀུ་རུ། སརྦ་དུཥྚ་ན་ཧཱུཾ་ཕཊ། ཏྲི་ཤྱཱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཞེས་ལན་གསུམ་གྱིས་དམ་ཚིག་བསྒྲག་གོ །དེ་ནས། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་དགང་བླུགས་ཀྱི་ཁ་ལ་ཡ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར་པར་བསམ། ལག་པ་གཡོན་པའི་ཁུ་ཚུར་བཅིངས་པའི་སྟེང་ནས་མཐེ་བོང་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱང་བ་གན་རྒྱལ་དུ་བྱས་པས་དགང་གཟར་མར་ཀྱིས་བཀང་བ་བཟུང་། གཡས་པ་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པ་ཁ་ཐུར་དུ་སྦུབ་ལ་བླུགས་གཟར་ཀྱི་ཡུ་བ་བཟུང་ཏེ། གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་ནས། དགང་གཟར་གྱི་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ། མེ་ལྷའི་ཞལ་ཅུང་ཟད་གདངས་པར། དགང་བླུགས་གསུམ་མམ། བདུན། མེ་ལྷའི་སྔགས་སམ། དགང་བླུགས་ཀྱི་སྔགས་སམ། མར་གྱི་སྲེག་བླུགས་ཀྱི་སྔགས་ལ་སྤེལ་ཚིག་བཏགས་ལ་དབུལ་ཏེ། སྔགས་དང་པོ་ནི། ༀ་ཨགྣ་ཡེ་ནས་ན་ཡཿ སྤེལ་ཚིག་འོག་ཏུ་འཆད་པ་ལྟར་རམ། སྒྲུབས་མཆོད་སོགས་ཀྱི་སྐབས་ཡིན་ན། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་་ཐམས་ཅད་ཀྱི་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབས་ལ་བར་དུ་གཅོད་པ་དང་། སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་་དང་། བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་དང་། གཉིས་པ་ནི། ༀ་ན་མཿ ས་མནྟ་བུདྡྷཱ་ནཱཾ་ན་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལ་སྤེལ་ཚིག་སྦྱར་བ་དང་། གསུམ་པ་ནི། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལ་སྤེལ་ཚིག་སྦྱར་བའོ། །སྐབས་འདིར་མེ་ལ་བགེགས་ཡོད་མེད་བརྟགས་ནས། ཡོད་ན་སེལ་ཐབས་སྦྱིན་སྲེག་གི་ཆོ་ག་ཆེན་མོར་གསུངས་པ་ལྟར་བྱའོ། །དེ་ནས་ཡམ་ཤིང་ནི་དྲི་ཞིམ་ཞིང་ཚེར་མ་མེད་པའི་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཕྱོགས་སྲིད་དུ་སོར་བཅུ་གཉིས་པ། སྦོམས་སུ་མཐེའུ་ཆུང་གི་ཚད་ལོ་མ་མ་རྙིང་བ། རླན་དང་བཅས་པ་མཉམ་པོར་བཅད་ཅིང་མ་གས་པ། རྩེ་མོ་གཉིས་མར་དང་སྤྲང་རྩིས་བྱུགས་པ། གཉིས་གཉིས་སྦྱར་བའམ། ཡང་ན་རྐྱང་བ། ལག་པ་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་གྱི་ཕྱག་རྒྱས་རྩེ་མོ་ལྷ་ལ་བསྟན་ནས་དབུལ་ཞིང་། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། པར་བསམས་ལ། ༀ་ཨགྣ་ཡེ་ཨཱ་དི་བྱཱ་ཞེས་པ་ནས། བྱ་བ་ཧ་ནཱ་ཡ་ༀ་བོ་དྷི་པྲིཀྵ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་ཐམས་ཅད་་དང་། ཁྱད་པར་དུ་ཡང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ ཧཱ། ཡང་ན། ཁྱད་པར་དུ་ཡང་སྦྱིན་པའི་བདག་པོའི་ནད་གདོན་བར་ཆད་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ལྟ་བུ་གང་འདོད་དེ་་སྦྱོར་། དེ་ནས་མར་ཁུ་ལ། ༀ་ཨགྣ་ཡེ་ཞེས་པ་ནས། ད་ཧ་ནཱ་ཡ། ༀ་ཨགྣ་ཡེ། བདག་ཅག་དཔོན་སློབ་ནས། འབྱོར་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ ཏིལ་ལ། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། བདག་ཅག་ནས། སྡིག་པ་ཐམས་ཅད༴ དེ་ནས་དུར་བ་གཉིས་གཉིས་སྦྱར་ནས་དབུལ་ཞིང་། ༀ་ཨགྣ་ཡེ་ནས། མ་ཧ་ནཱ་ཡ། ༀ་བཛྲ་ཨཱ་ཡུ་ཥེ། བདག་ཅག་ནས། ཆེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་། མས་འབྲས་མ་གྲུགས་པ་ལ། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་བཛྲ་པུཥྚཱ་ཡེ། བདག་ཅག་ནས། བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ༴ ཞོ་ཟན་ལ། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་སརྦ་སཾ་པཱ་དེ། བདག་ཅག་ནས། བདེ་བ་མཆོག་ལ་བར་དུ་གཅོད་པ༴ ཀུ་ཤ་གཉིས་གཉིས་་སྦྱར་ནས་དབུལ་ཞིང་། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ། བདག་ཅག་ནས། བསྲུང་བ་མཆོག་ལ་བར་དུ་གཅོད་པ་དང་། གྲིབ་དང་མི་གཙང་བ༴ ཡུངས་ཀར་ལ། ༀ་ཨགྣ་ཡེ་ནས། བ་ཧ་ན་ཡ། ༀ་སརྦ་ཨརྠ་སིདྷ་ཡེ། བདག་ཅག་ནས། བགེགས་ཐམས་ཅད། སོ་བ་ལ། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་བཛྲ་བི་ཛ་ཡེ། བདག་ཅག་ནས། ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ ནས་ལ། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་མ་ཧཱ་བེ་གཱ་ཡེ། བདག་ཅག་ནས། མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ སྲན་མ་ལ། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་མ་ཧཱ་བ་ལ་ཡ། བདག་ཅག་ནས། སྟོབས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སཱཧཱ། དེ་ནས་གྲོལ། ༀ་ཨགྣ་ཡེ་ནས། བ་ཧ་ནཱ་ཡ། ༀ་བཛྲ་གྷ་སྨ་རི། བདག་ཅག་ནས། བཀྲ་མི་ཤིས་པ་དང་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སཱ་ཧཱ། གཞན་ཡང་ཞོ་འོ་མ་འབྲས་ཟན་འབྲས་ཡོས། ཙནྡན་བྲི་ཡང་ཀུ། ཐང་ཆུ་དྲི་ཞིམ་པོའི་མེ་ཏོག་རྣམས་ཀྱང་འདིར་མེ་ལྷའི་སྔགས་དང་། འདས་པའི་སྐབས་སུ་ལྷ་གཙོ་འཁོར་རང་རང་གི་སྔགས་ཀྱིས་དབུལ་ལོ། །དེ་ལྟར་བསྲེག་རྫས་རྣམས་སྙན་པའི་གདངས་ཀྱིས་ཕུལ་ནས། ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨཉྩ་མ་ཎཾ། ཞེས་པས་ཞལ་བསིལ་དང་། ༀ་ཨཱཿཧཱིཿཔྲ་ཝ་ར་སད་ཀ་རཾ་པྲོཀྵ་ཎཾ། ཞེས་པས་བསང་གཏོར་དབུལ་ལོ། །དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ལ། མཆོད་རྫས་སྒེར་དུ་ཡོད་ན་བྱིན་རླབས་བྱས་ཏེ། ཐོག་མར་ལྷ་བསྐྱེད་པ་ནི། སྒྲུབ་མཆོད་མ་འབྲེལ་བའི་དབང་དུ་བྱས་ན། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིར། ཞེས་པ་ནས། རི་དྭགས་ཕོ་མོ་དང་བཅས་པའི་གཞལ་ཡས་ཁང་གི་ནང་གི་རེ་མིག་དགུ་པའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནས། སྣ་ཚོགས་པདྨ་དང་ཟླ་བའི་གདན་ཟུང་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ། དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ནང་གི་ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ། ཞེས་པ་ནས། ཕྱིའི་གྲྭ་བཞིར་ཎ་ཡོ་ནི་རའི་ཡི་གེ་བཞི་འོད་ཟེར་འཕྲོ་ཞིང་འདུ་བ་དང་བཅས་པ། ཕྱག་མཚན་ས་བོན་གྱི་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐུར་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ། ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ། ཞེས་པ་ནས། གཡོན་པས་ཡབ་ལ་འཁྱུད་པ། ནང་གི་ཤར་དུ་གཏི་མུག་གཤིན་རྗེའི་གཤེད། ཅེས་པ་ནས། ཕྱིའི་གྲྭ་བཞིན་མིའི་ཐོད་པ་བདུད་རྩིས་གང་བ་བཞིར་གྱུར། ཅེས་པའི་བར་སྒྲུབ་ཐབས་ལྟར་བརྗོད་ཅིང་། ལྷ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་་དཀར་པོའི་ཚོགས་འཕྲོ་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་་ས་སྙིང་གི་རང་བཞིན་ཀྵིཾ་ཀྵིཾ་དཀར་པོ་སོགས་སམ་ཡང་ན། མིག་གཉིས་སུ་ཀྵིཾ། རྣ་བ་གཉིས་སུ་ཛྲིཾ། སྣར་ཁཾ། ལྕེའི་རྩ་བར་རཾ། དཔྲལ་བར་ཀཾ །ལྟེ་བར་་སཾ། སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གྱིས་མཚན་པར་གྱུར། ༀ་ཧྲཱིཿཧ་བྷོ་མ་ཧཱ་ཀྲོ་དྷ་ཞེས་པ་ནས། ཀུ་རུ་སྭཱ ཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། །ༀ་ཧྲཱིཿཥྚྲཱིིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ༀ་ཧྲིཿཥྚིིཿཧ་ཞེས་པ་ནས། བྱང་་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་དེ་ཉིད་ལ་ཐིམ་པར་གྱུར། ཞེས་པའི་བར་སྒྲུབ་ཐབས་ལྟར་བརྗོད་ཅིང་། སྔར་གོང་དུ་བཤད་པ་ལྟར་ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་ནང་མཆོད་དང་བཅས་པས་མཆོད་ལ། གཉིས་མེད་ཐུན་མོངས་མ་ཡིན་ཞེས་སོགས་ཀྱིས་བསྟོད། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་གིས་མཚན་པར་གྱུར་ཞེས་བརྗོད། དེ་ནས་བསྲེག་རྫས་རྣམས་དབུལ་ཞིང་། བསྲེག་རྫས་རྣམས་་འབུལ་བའི་སྔོན་དུ་ཐོག་མར། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བདག་ཅག་་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་ཁྱད་པར་དུ་ཡང་འབྱོར་བ་ཕུན་་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དགང་བླུགས་བདུན་ཕུལ་ནས་གསོལ་བ་བཏབ་པས། འཕྲིན་ལས་མཛད་པར་ཞལ་གྱིས་བཞེས་པར་བསམ་མོ། །དེ་ནས་བསྲེག་རྫས་འབུལ་བ་ལ་གྲུབ་ན། ལྷའི་སྔགས་དང་། སྲེག་རྫས་ཀྱིི་སྔགས་དང་། སྤེལ་ཚིག་གསུམ་ག་སྦྱར་ནས། བསྲེག་རྫས་རེ་རེ་འབུལ། བསྲེག་རྫས་ཀྱི་གཙོ་བོ་ཡམ་ཤིང་དང་མར་ཁུ་འབུལ་ཐེབས་རེ་དང་སྔགས་རེ་སྦྱར་བ། སྦྱིན་སྲེག་རེའི་གྲངས་སུ་རྩི་བ་ཡིན་ཞིང་། མར་ཁུ་བླུགས་གཟར་རེ་རེར་བགྲང་བར་བྱའོ། །བསྲེག་རྫས་འདུལ་བའི་གྲངས་ནི། བསྲེག་བླུགས་གཅིག་གམ། གཉིས་གསུམ་ནས་བརྒྱ་སྟོང་གི་བར་གང་རུང་སྟེ། དེ་ཡང་ཡམ་ཤིང་དང་མར་གཙོ་བོ་ཡིན་བསམ་པ་དང་། གཞན་རྣམས་དེ་ལས་ཉུང་བ་དང་། སྡིག་པ་ཞི་བ་དགོས་པ་གཙོ་བོ་ཡིན་ན་ཏིལ་མང་བ་འབུལ་ཞིང་། བགེགས་ཞི་བ་ལ་ཡུངས་ཀར་དང་ཚེའི་བར་ཆད་ཞི་བ་དོན་དུ་གཉེར་ན་དུར་བ་མང་བར་འབུལ་བ་སོགས་ཤེས་པར་བྱའོ། །ལྷའི་སྔགས་དང་སྦྱོར་ཚུལ་ནི། ༀ་ཧྲིཿཥྚྲཱིིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ༀ་བོ་དྷི་བྲིཀྵ་ཡེ། བདག་ཅག་དཔོན་སློབ་ཅེས་སོགས་སོ། །བསྲེག་རྫས་འབུལ་བའི་ཆོ་ག་གཞན་ཐམས་ཅད་སྔར་ཇི་ལྟ་བ་བཞིན་ནོ། །དེའི་ཚེ་སྤེལ་ཚིག་ནི་སྔར་ལྟར་སྐབས་དང་བསྟུན་ནས་འབུལ་ཚུལ་ལྷ་རེ་རེའམ། སྡེ་མཚན་ནམ། ཐམས་ཅད་དཀྱུས་གཅིག་ལ་འབུལ་བ་གང་བདེ་བྱ། རྒྱས་པར་ན་དང་པོ་ལྟར་གཙོ་འཁོར་རྣམས་ལ་ལྷ་རང་རང་གི་སྔགས་ལ་སྤེལ་ཚིག་བཏགས་ཏེ། བསྲེག་རྫས་རྣམས་ལྷ་རེ་རེ་ལ་གསུམ་མམ། བདུན་ནམ། ཉེར་གཅིག་ལ་་སོགས་པ་ཅི་འབྱོར་བ་དབུལ་ལོ། །དེ་ནས་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩིས་གང་བ་ཐོགས་ནས་བསྒྲུབ་བྱ་ཟླ་བའི་དཀྱིལ་ལ་གནས་པ་ལ་ཁྲུས་བྱས་པས་སྡིག་སྒྲིབ་ནད་གདོན་ལ་སོགས་པ་ཐམས་ཅད་དག་ནས་ལུས་ཤེལ་ལྟར་དག་པར་གྱུར། བུཾ་ཆུ་བླུད་པའམ་མཐོར་ཡང་རུང་། མར་ཁུ་དགང་བླུགས་བདུན་ནམ་གསུམ་ལ་སོགས་པ་གཙོ་བོའི་སྔགས་ཀྱིས་དབུལ་ཞིང་། ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་སོགས་ཀྱིས་མཆོད་ཡོན། ཞལ་བསིལ། བསང་གཏོར་གསུམ་དབུལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། ཞེས་སོགས་དང་། ༀ་བཛྲ་ཝ་ས་སྱ་སྭཱ་ཧཱ། ཞེས་པས་གོས་གསར་པ་ཟུང་རེ་མེ་ནང་དུ་དབུལ་ཞིང་། ལྷ་ལ་ན་བཟའ་ཕུལ་བར་བསམ། ༀ་བཛྲ་ཏཾ་བུ་ལ་སྭཱཧཱ། ཞེས་པས་སོ་རྩི་དབུལ། དེ་ནས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་རྣམས་སྤྲོ་ན་ཚིགས་བཅད་སྔགས་དང་བཅས་པ་་དང་། བསྡུ་ན་སྔགས་ཙམ་གྱི་འབུལ། དེ་ནས་སོ་སོའི་སྔགས་ཀྱི་མཐར། ༀ་ཨཱཿཧཱུཾ་བཏགས་ལ་ནང་མཆོད་དབུལ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཞེས་པ་ནས། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད་དེ་ཕྱག་བྱས་ནས། ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་མཆོད་ཡོན་དབུལ། དེ་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བར་བྱ་བའི་དོན་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་ནས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱི་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །སྐབས་འདིར་བཟོད་གསོལ་འདི་ཙམ་གྱི་ཆོག །ༀ་བཛྲ་ས་ཏྭ་ཨཱཿ ཞེས་མང་དུ་བརྗོད་ནས། གཤིན་རྗེའི་གཤེད་ཀྱི་ཡི་གེ་བརྒྱ་པ་བཟླ་བར་བྱའོ། །དེ་ནས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་བསྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། ༀ་ཨཱཿབཛྲ་མུཿ ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་་སུ་གཤེགས། །དམ་ཚིག་པ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ༀ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། པུཥྤཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་པ་ནས། ཀ་བྱ་བ་ཧ་ནཱ་ཡ་ༀ་ཨཱཿ་ཧཱུཾ། ཞེས་པའི་བར་གྱིས་ཉེར་སྤྱོད་ལྔ་རོལ་མོ་ནང་མཆོད་དང་བཅས་པས་མཆོད། ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་པྲོ་ཀྵ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ ཧཱ། ཞེས་པས་བསང་གཏོར། དེ་བཞིན་དུ། ཨཱཉྩ་མ་ཎཾ་ཞེས་པས་ཞལ་བསིལ། ༀ་བཛྲ་ཏཾ་པུ་ལ་སྭཱ ཧཱ། ཞེས་པས་སོ་རྩི། ༀ་བཛྲ་ཝ་ས་སྱ་སྭཱཧཱ། ཞེས་པས་གོས་གསར་བ་རྣམས་ཕུལ་ནས། སླར་ཡང་ཡཾ་ཤིང་ནས་བཟུང་སྟེ་བསྲེག་རྫས་ལྷག་མ་རྣམས་གོང་དུ་འཇིག་རྟེན་པའི་མེ་ལྷའི་སྐབས་སུ་བཤད་པ་ལྟར་ཚང་མར འབུལ། དེ་ནས་དྲིལ་སྟབས་དང་བཅས་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། ཞེས་སོགས་ཀྱིས་བསྟོད་ནས། ༀ་ཨཱཿ ཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨཱཉྩ་མ་ཎཾ་པྲ་ཏི་ཙྪ་སྭཱཧཱས་ཞལ་བསིལ། དེ་བཞིན་དུ། པྲོ་ཀྵ་ཎཾ་གྱིས་བསང་གཏོར་ཕུལ་ནས། མེ་ལྷའི་སྔགས་ལ་པུཥྤེ་སོགས་སྦྱར་ཏེ། ཉེར་སྤྱོད་རོལ་མོ་ནང་མཆོད་རྣམས་ཀྱིས་མཆོད། དེ་ནས་གཏོར་མ་ཆང་དང་ཆུ་དང་ནང་མཆོད་ཀྱིས་སྦྱངས་ཏེ། སྒྲུབ་ཐབས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ལ། ༀ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏ་པན་ན་ཏྭ་ད་ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པ་གསུམ་གྱི་གཏོར་མ་དབུལ། །མེ་ལྷའི་སྔགས་ཀྱི་མཐར། པུཥྤཾ་སོགས་སྦྱར་ལ་སྔར་ལྟར་མཆོད། དྲིལ་སྟབས་དང་བཅས་པས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་་ཀུན་འགྲུབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲཏཱི་ཙྪ་ཧཱུཾ་སྭཱ་ཧཱ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་པ་ནས། དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ༀ་བཛྲ་ས ཏྭ་ཨཱཿ རང་གི་དོན་དང་གཞན་གྱི་་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཞིང་། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་ཨཱ༔བཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་གི་གནས་སུ་གཤེགས། །དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། །འདོད་ན་བསྔོ་བ་སྨོན་ལམ་བཀྲ་ཤིས་དང་བཅས་པ་བྱའོ། །དེ་ནས་གཤིན་པོའི་སྤུར་སྦྱང་བྱེད་ཚུལ་ཕན་ཐོགས་ཆེ་བ་ཕལ་སྲེག་གི་དབང་དུ་བྱས་ཏེ་འདོན་ཆ་གཞན་སྦྱིན་སྲེག་སྐམས་ལ་ཁ་འཕང་ཞིང་། དམིགས་བསལ་འཇུག་དགོས་པ་རྣམས་སྐབས་དེ་དང་དེར་འཇུག་ཚུལ་ས་འཚམས་བཟུང་ནས་ཚིག་ཉུང་ངུས་གོ་བདེར་བཤད་པར་བྱའོ། །ས་གཞི་སྟབས་བདེ་བར་ཐབ་ཀྱི་་འོག་གཞི་བྱས་ཏེ་མཐའ་ནས་ཤིང་ཁང་གྲུ་བཞི་བ་རྒྱང་ཁྲུ་དོ་དང་དཔངས་སུ་ཁྲུ་གང་སོགས་ཅི་ཙམ་འཚམ་པ་བྱ་ཞིང་དེའི་ཕྱོགས་བཞིར་སྒོ་དང་། སྟེང་དུ་སྤུར་ཁང་རབ་བྱུང་ལ་མཆོད་རྟེན་ལྟ་བུ་དཀར་པོ། རྒྱལ་པོ་ལ་གཙུག་ཏོར་ལྟ་བུ་སྔོན་པོ། བློན་པོ་ལ་ཟ་མ་ཏོག་ལྟ་བུ་དམར་སྐྱ། དགེ་བསྙེན་ལ་པདྨ་ཁ་སྦྱར་ལྟ་བུ་དམར་པོ། ཐ་མལ་པ་ཕོ་ལ་གདན་ཁྲི་ལྟ་བུ་སེར་སྐྱ། མོ་ལ་བིལ་པ་ལྟ་བུ་སྔོ་སྐྱ། བྱིས་པ་ལ་ལྷུང་བཟེད་ལྟ་བུ་དམར་སེར་བྱ་བར་བུ་སྟོན་རིན་པོ་ཆེས་བཤད་པས་གྲུབ་ན་དེ་ལྟར་བྱའོ། །མཁས་པ་འགའ་ཞིག་དེ་ཐམས་ཅད་མྱང་་འདས་མཆོད་རྟེན་གྱི་དབྱིབས་སུ་བྱ་བར་ཡང་བཤད་དེ་གང་རུང་ངོ་། །དེའི་ཕྱོགས་བཞིར་སྒོ་ཆུང་བཞི་དང་། རྫས་འབུལ་བའི་སྒོ་ནི་ཁའམ་སྙིང་གའི་ཐད་་དུ་བྱ། རོའི་གནས་ཡིག་ནི་འཇིགས་བྱེད་ལ་མིག་གཉིས་སུ་ཀྵི། རྣ་བར་ཛིཾ་་སོགས་བྲིས་ནས་འདོགས་པའམ་མར་སོགས་ཀྱིས་སྦྱར་ཞིང་། གཞུང་ཆེ་བ་ནས་མི་འཁྲུགས་པའི་གཟུངས་དང་ཀུན་རིག་གི་རྩ་རིག་གཉིས་གསེར་རམ། དངུལ་ལམ་དེ་བསྲེས་པའི་མཚལ་དང་སྣག་ཚས་མིང་སྤེལ་སྦྱར་ཏེ་བྲིས་ནས་རོ་་དེའི་མགོའམ་སྐེ་ལ་བཏགས་ན་གཤིན་པོ་དེ་ཉིད་ངན་སོང་དུ་མི་འགྲོ་བར་བཤད་པས་གནད་ཆེ། གཟུངས་དེ་གཉིས་བཟླས་པའི་བུམ་ཆུ་ལྟ་བུས་རོ་ལེགས་པར་བཀྲུས་ནའང་དེ་བཞིན་དུ་འགྱུར་བར་བཤད་པས་དེས་བཀྲུ། གཞན་འགའ་ཞིག་ནི་མཐོང་རྒྱུ་ལས་ཤེས་པར་བྱའོ། །ལྷོ་སྒོ་སྔོན་དུ་བྱས་པ་ཡིན་ན་འདི་ངེས་པར་དགོས་པ་མིན་ཀྱང་། གཞན་ལྷོ་སྒོ་བྱས་ཏེ་ཟས་གཏད་ཀྱི་གོང་དེའམ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་གོང་དེའི་བར་དུ་བྱས་ནའང་ལེགས། དེ་ནས་རྡོར་དྲིལ་བྱིན་བརླབ་སོགས་གཞུང་ལྟར་ལ། །མེ་སྦོར་བའི་ཚེ་བསངས་ཏེ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་ལྔ་ཡི་མེ་སྦར་རོ། །རྐང་བ་་དང་པོ་གཉིས་གཞན་རྣམས་ཀྱིི་ཐོག་མར་སྦྱར་བའམ། །མ་སྦྱར་ཀྱང་ཆོག་པས། འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི༴ དབང་པོ་དྲུག་གི༴ བྱང་ཆུབ་སེམས་དཔའི༴ ཡུལ་རྣམ་དྲུག་གི༴ །ལྷ་མོ་དྲུག་གི༴ ལུས་ངག་ཡིད་གསུམ་བུད་ཤིང་ལ། རྒྱལ་བའི་སྐུ་གསུམ་མེ་སྤར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་བུ་སྟོན་རིན་པོ་ཆེས་བཞེད་པ་ལྟར་བྱ་སྟེ་ལན་གཅིག་གིས་ཆོག །དེ་ནས་གཟི་བྱིན་བསྐྱེད་ཅིང་ཧཱུཾ་གིས་སྤར་ནས་གཟུགས་སྟོང་པའོ། །ཞེས་པ་ནས་སངས་རྒྱས་སོའི་བར་བརྗོད་ན་ལེགས། །དེ་ནས་དགང་བླུགས་བདུན་འབུལ་བར་བྱའོ། །དེ་ན ས་མེ་ལྷ་ལ་དགང་བླུགས་གསུམ་སོགས་ཕུལ་བའི་རྗེས་སུ། མེ་ལྷ་རྡོ་རྗེ་ལས་ཀྱི་གཙོ། །ཚེ་འདས་སྒྲིབ་པ་སྦྱོང་བ་དང་། །ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར། །འདི་ཉིད་དུ་ནི་འཕྲིན་ལས་མཛོད། །ཞེས་གསོལ་བ་བཏབ་པས་མེ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཚེ་ལས་འདས་པ་མདུན་དུ་བཀུག་སྟེ་དེའི་སྡུག་བསྔལ་་དང་། སྡིག་སྒྲིབ་ཉེས་པ་ཐམས་ཅད་དྲངས་ནས་སྤུར་དང་སྲེག་རྫས་རྣམས་ལ་་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ། དེ་ནས་ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར་བར་བསམ་ལ། སྲེག་རྫས་རྣམས་རིམ་པར་་འབུལ་ཞིང་། སྤེལ་ཚིག་རྒྱས་པའམ་འཇུག་པ་བདེ་ཆེན་ཐམས་ཅད་ལ། ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་་ཡེ་སྭཱ་ཧཱ། གལ་ཏེ་སྦྱིན་བདག་ཀྱང་སྦྱོར་དགོས་པ་བྱུང་ན། སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཀྱང་ཤིནྟཾ་ཀུ་རུ་ཡེ་སཱ་ཧཱ། ཞེས་བྱེད་དགོས་པ་ལ། སྐུ་གཤེགས་པ། ས་སྐྱོང་། གནས་བརྟན་སོགས་གང་འགྲིག་སྦྱོར། དེ་ནས་འདས་ལྷ་ལ་དགང་བླུགས་གསུམ་སོགས་ཕུལ་བའི་རྗེས་་དེར། གཙོ་བོ་དཀྱིལ་འཁོར་ལྷ་ཚོགས་དང་བཅས་ཀྱིས། དམིགས་ཡུལ་ཚེ་་འདས་ལ་སོགས་འགྲོ་རྣམས་ལ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །བརྩེ་ཆེན་ཐུགས་རྗེ་ཆེན་པོས་ལེགས་བཟུང་ལ། སྔོན་ཆད་བསགས་པའི་སྒྲིབ་པ་གང་མཆིས་པ། །བག་ཆགས་བཅས་པ་རབ་ཏུ་སྦྱང་བ་་དང་། སྲིད་དང་རྣམ་གྲོལ་བདེ་བ་གང་ལགས་པའི། །དངོས་གྲུབ་བདེ་ཆེན་མྱུར་དུ་སྩལ་དུ་གསོལ། །ཅེས་གསོལ་བ་བཏབ་པས་དཀྱིལ་འཁོར་པའི་ལྷའི་་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་ཚེ་ལས་འདས་པ་མང་དུ་བཀུག་ནས་དེའི་སྡུག་བསྔལ་དང་སྡིག་སྒྲིབ་ཉེས་པ་ཐམས་ཅད་དྲངས་ཏེ་སྤུར་དང་སྲེག་རྫས་རྣམ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཅེས་བརྗོད། བསྡུ་ན་དེས་ཆོག་ལ། རྒྱས་པར་ན་ལྟུང་བ་སློང་བའི་ཕྱག་རྒྱ་དང་བཅས་ཏེ། ༀ་སརྦ་ཨ་པཱ་ཡ་ཨཱ་ཀཪྵ་་ཡ་བྷི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ངན་སོང་གསུམ་དང་ཚེ་འདས་མདུན་དུ་བཀུག་པར་གྱུར། འདོད་རྒྱལ་གྱི་ཕྱག་རྒྱས། ༀ་ཤོདྷ་ནི་ཤོ་ནི་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་བཀུག་པར་གྱུར། སྡིག་པ་་འདྲལ་བའི་ཕྱག་རྒྱ་བྱས་ཏེ། ༀ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་ཞེས་སོགས་དང་། ཀཾ་ཀ་ནི། དུར་ག་ཏི་དང་། ཡིག་བརྒྱ་བཞི་ཀའམ་གང་རུང་བཟླས་པའི་མཇུག་ཏུ། ༀ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུཾ་ཕཊ། བཛྲ་བྷནྡྷ་ཏྲཊ། རྡོ་རྗེ་བསྡམ་པ་དང་སྒྲ་དང་བཅས་པ་ལན་གསུམ་བྱས་ནས། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་དྲལ་ཏེ་སྤུར་དང་སྲེག་རྫས་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ། དེ་ནས་ཕུང་པོ་ཡོན་འབུལ་བྱ་བ་ནི། བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཚེ་འདས་ཕུང་པོ་མཆོད་པར་འབུལ། །ཕུང་པོའི་སྒྲིབ་པ་མ་ལུས་པ། །ཡེ་ཤེས་མེ་ཡིས་སྦྱང་དུ་གསོལ། །བཅོམ་ལྡན་ལྷ་མོ་རྣམ་བཞི་ལ། །ཚེ་འདས་འབྱུང་བཞི༴ །འབྱུང་བའི༴ ཡེ་ཤེས༴ བཅོམ་ལྡན་སེམས་དཔའ་རྣམ་དྲུག་ལ། ཚེ་འདས་དབང་བོ༴ དབང་བོའི༴ ཡེ་ཤེས༴ བཅོམ་ལྡན་སེམས་མ་རྣམས་བཞི་ལ། །ཚེ་འདས་ཡུལ་རྣམས༴ ཡུལ་གྱི༴ ཡེ་ཤེས༴ བཅོམ་ལྡན་རྒྱལ་བའི་སྐུ་གསུམ་ལ། །ཚེ་འདས་སྒོ་གསུམ༴ སྒོ་གསུམ༴ ཡེ་ཤེས་མེ་ཡིས་སྦྱང་དུ་གསོལ། །ཞེས་བརྗོད། དེ་ནས་ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་ཞེས་སོགས་ཀྱི་རྗེས་སུ་བསྲེག་རྫས་རྣམ་རིམ་པར་འབུལ་ཞིང་། འབུལ་ཚུལ་ནི་གཙོ་བོ་ཡབ་ཡུམ་གཉིས་ལ་མཉམ་དུ་དང་། གཞན་རྣམས་སྡེ་ཚན་ནམ། དཀྱུས་གཅིག་ལ་འབུལ་ཞིང་སྤེལ་ཚིག་ནི་སྔར་ལྟར་རོ། །དེ་ནས་ཕུལ་ཚར་བའི་རྗེས་སུ། ལྷ་རྣམས་ཀྱི་ཐུགས་ཀ་ཞེས་པ་ནས། ཚེ་འདས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱང་ཏེ་ཚེ་འདས་དེ་ཉིད་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། །དཀོན་ཅོག་རིན་ཆེན་དཔལ་ཞིང་དུ། ཞེས་པ་ནས། མ་ཧཱ་སུ་ཁ་བ་ཏི་གཙྪ་ནྟུ་སྭཱཧཱ། ཚེ་འདས་ཀྱི་རྣམ་ཤེས་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས་བདེ་བ་ཅན་དུ་གཤེགས་པར་གྱུར་ཞེས་བརྗོད་ཅིང་བསམས། འདི་ནས་ཉིང་འཚམས་སྦྱར་མ་ཐག །ཞེས་་སོགས་ཀྱི་སྨོན་ལམ་བྱའོ། །དེ་ནས་དགང་བླུགས་བདུན་འབུལ་བ་སོགས་ལྷག་མ་ལ་འཇུག་གོ །ཞེས་པ་འདི་ནི་བཤད་སྒྲུབ་མིང་ཅན་གྱིས་གཞན་རེ་གཉིས་ལ་ཕན་ཆེད་འཇུག་པ་བདེ་བར་བསྒྲིགས་པའོ།། །།སརྦ་མངྒལཾ།། །།


previousའཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་ངག་འདོན་འཁྲིགས་ཆགས་སུ་བཀོད་པ་ཕལ་སྲེག་དང་བཅས་པ།next