Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
ཆོས་རྒྱལ་ཕྱི་ནང་གཉིས་ཀྱི་མངོན་རྟོགས་བསྐང་གསོ།
   
   
   


 
previousཆོས་རྒྱལ་ཕྱི་ནང་གཉིས་ཀྱི་མངོན་རྟོགས་བསྐང་གསོ།next

ཆོས་རྒྱལ་ཕྱི་ནང་གཉིས་ཀྱི་མངོན་རྟོགས་བསྐང་གསོ།

ཆོས་རྒྱལ་ཕྱི་ནང་གཉིས་ཀྱི་མངོན་རྟོགས་བསྐང་གསོ་བཅས་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །བཀའ་སྡོད་བསྟན་སྲུང་ཀུན་གྱི་གཙོ། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ལ། །འདུད་དོ་བརྩེ་བས་དགོངས་ཏེ་སྐྱོངས། །འདིར་ཆོས་རྒྱལ་གྱི་མངོན་རྟོགས་ཕྱོགས་འདིའི་འདོན་ཚུལ་དང་མཐུན་པར་བསྡུས་ནས་བརྗོད་པར་བྱ་སྟེ། ཆོས་རྒྱལ་གྱི་བྲིས་སྐུ་དང་ཆོས་གཏོར་སོགས་སྟ་གོན་བྱས་ནས། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་རྒྱས་བསྡུས་གང་རུང་སྔོན་དུ་བཏང་སྟེ་མཆོད་པ་བྱིན་གྱིས་བརླབས་ལ། མདུན་བསྐྱེད་ནི། ཧྲཱིཿཥྚིཿབསངས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པདྨ་དང་ཉི་མ་དང་དགྲ་བགེགས་རྣམས་ཀྱི་སྙིང་ག་ནས་བརྗིས་པའི་མ་ཧེ་རབ་ཏུ་ཁྲོས་པའི་གདན་གྱི་སྟེང་དུ། ཡ་ལས་ཐོད་དབྱུག་ཡས་མཚན་པ། དེ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། མ་ཧེ་རབ་ཏུ་ཁྲོོས་པའི་གདོང་པ་ཅན། རྭ་རྣོན་པོ་གཉིས་དང་ལྡན་པ། བསྐལ་འཇིག་པའི་དུས་ཀྱི་མེའི་ཕུང་པོ་དང་མཚུངས་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། །ཞལ་རབ་ཏུ་གདངས་ཤིང་འབར་བའི་མཆེ་བ་རྣོན་པོ་བཞི་གཙིགས་ནས་ལྗགས་རྣམ་པར་བསྐྱོད་པ། སྨིན་མ་དང་སྨ་ར་རབ་ཏུ་འབར་ཞིང་། སྐྲ་ཁམ་པ་གྱེན་དུ་འཛིངས་ལ་འཕྱར་བ། ཕྱག་གཡས་ཐོད་དབྱུང་འཕྱར་ཞིང་གཡོན་སྡིགས་མཛུབ་རབ་ཏུ་བསྒྲེང་བས་དུས་ཀྱི་ཞགས་པ་ནག་པོ་འཛིན་པ། ཞབས་གཡས་བསྐུམས་པས་མ་ཧེ་རབ་ཏུ་ཁྲོས་པའི་རྭ་ཕྲག་ནས་བརྫིས་ཤིང་། གཡོན་བརྐྱངས་པས་མ་ཧེ་རབ་ཏུ་ཁྲོས་པའི་ཚང་སྟེང་ནས་བརྫིས་པ། མི་རུས་ཀྱི་རྒྱན་གྱིས་སྤྲས་པ། སྤོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། གཅེར་བུ་ལིངྒ་དམར་པོ་གྱེན་དུ་ལངས་པའོ། །དེའི་གཡོན་དུ་ཙི་དང་རྩེ་གསུམ་ལས་སྐྱེས་པའི་ཙ་མུཎྜི་ནག་མོ་ཞལ་གཅིག་ཕྱག་གཉིས་པ། ཁ་གདངས་ཤིང་མཆེ་བ་གཙིགས་པ། རལ་བ་ནག་པོ་གཡེངས་ཤིང་། ནུ་མ་འཕྱང་བ་ཤིན་ཏུ་འཇིགས་ཤིང་མི་སྡུག་པའི་གཟུགས་ཅན། དུད་འགྲོའི་པགས་པ་རློན་པ་གོས་་སུ་གྱོན་པ། གཡས་རྩེ་གསུམ་དང་གཡོན་ཐོད་པ་འཛིན་པ། ཡབ་ཡུམ་གཉིས་ཀྱི་འཁོར་དུ་གཤིན་རྗེ་ཡ་བ་ཏི་བེ་ཅོན་འཛིན་པ། ཕྱྭ་བསང་འཁོར་ལོ་་འཛིན་པ། རྨིག་པ་གསལ་ཤིང་འཛིན་པ། རལ་པ་ཚར་དགུ་ཅན་མདུང་འཛིན་པ་རྣམས་རྒྱལ་པོའི་ཚུལ་དང་། བློན་པོའི་ཚུལ་དང་། སྡེ་དཔོན་གྱི་ཚུལ་དང་། ཕོ་ཉའི་ཚུལ་དུ་གནས་པ། གཞན་ཡང་གཤིན་རྗེ་མིག་དམར་དང་། ཏིལ་བ་དང་། གླང་མགོ་ཅན་ལ་སོགས་པ་ལག་ན་གསལ་ཤིང་དང་། འཁོར་ལོ་དང་མདུང་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ། རེ་རེའང་དགྲ་བོའི་སྲོག་ལེན་ཅིང་། གཤིན་རྗེ་ཕོ་རྒྱུད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཤིན་རྗེ་ཕོ་ཉ་མོ་ནག་མོ་ལྕགས་ཀྱུ་ཐོགས་པ། དུས་ཀྱི་ཞགས་པ་མོ་ནག་མོ་ཞགས་པ་ཐོགས་པ། གཤིན་རྗེ་དམ་སྲི་མ་ནག་མོ་བེ་ཅོན་་ཐོགས་པ། གཤིན་རྗེ་སྲེག་མ་ནག་མོ་མཆེ་བ་འབར་བ་ཐོགས་པ། གཞན་་ཡང་དུས་མཚན་མ་དང་། གསོད་མ་དང་། ནག་མོ་དང་། ནམ་གྲུ་དང་། ཤ་ཀ་ལི་དང་། གཤིན་རྗེ་འབེབས་མ་དང་། གཤིན་རྗེ་མཚན་མོ་ནག་མོ་ལ་་སོགས་པ་ལ་ལ་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་ལ་ཞོན་པ། ལ་ལ་བོང་བུ་ག་པ་ལ་ཞོན་པ། ལ་ལ་རླུང་ནག་ཚུབ་མ་ཞོན་པ། ལ་ལ་ཆུ་བྱ་ནག་པོ་ལ་ཞོན་པ། ལ་ལ་ལས་ཀྱི་མེ་ལོང་དང་། ལ་ལ་ནད་ཀྱི་རྒྱལ་བ་དང་། ལ་ལ་མཚོན་གྱི་གྲུ་གུ་དང་། ལ་ལ་བདུད་ཀྱི་ཁྲམ་ཤིང་དང་། ལ་ལ་ཤོ་རྡེའུ་དཀར་ནག་ཐོགས་པ། རེ་རེའང་ནད་བདག་མ་མོ་གཤིན་རྗེ་མོ་རྒྱུད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾཾ་གིས་མཚན་པར་གྱུར་པར་བསམས་ལ། བེ་ཅོན་གྱི་ཕྱག་རྒྱ་རོལ་མོའི་དབྱངས་དང་བཅས་སྟེ། རང་གི་ཐུགས་ཀའི་ཧཱུཾ་ནག་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། ལྷོ་ཕྱོགས་རིམ་པ་བདུད་ཀྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་སྒོ་མེད་ལྕགས་མཁར་བཅུ་དྲུག་གི་ནང་ནས་ཆོས་རྒྱལ་འཁོར་དང་བཅས་པ་་སྤྱན་དྲངས། ཛཿའཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་མཆོག །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ལ་བ་ཏི། ཕོ་ཉ་མོ་ལ་སོགས་པའི་འཁོར་དང་བཅས། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། གླིང་གི་མཆོག་གྱུར་འཛམ་གླིང་ལྷོ་ཡི་ཕྱོགས། །མཐར་བྱེད་ལྕགས་ཀྱིི་ཐོད་མཁར་འབར་བ་ནས། །ལྷོ་སྤྲིན་ནག་པོ་རླུང་གིས་བསྐྱོད་པ་བཞིན། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ༀ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨཱ ཀཪྵ་ཡ་ཛཿ ཞེས་བརྗོོད་པས་ཆོས་རྒྱལ་འཁོར་བཅས་ཐོགས་པ་མེད་པས་བདུན་དུ་བྱོན་པར་བསམས་ལ། ཛཿཧཱུཾ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་གཤིན་རྗེ་གཤེད་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས་ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། ༀ་བཛྲི་བྷ་ཝ་ཨ་བྷ་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་གྱུར། དེ་ནས་ལག་པ་རྡོ་རྗེ་བསྡམས་པ་ལས། སྲིན་ལག་གཉིས་གཤིབས་ཏེ་བརྐྱངས་པས་དམ་ཚིག་གི་ཕྱག་རྒྱ་སྙིང་གར་བཞག་སྟེ་བསྟན་ལ། ༀ་ཧྲཱིཿཥྚིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཡ་མ་ར་ཛ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་བརྗོད་དེ་དེའི་འཁོར་གདུག་པ་ཅན་རྣམས་ཀྱིས་རང་ལ་གླགས་བལྟ་མི་ནུས་པར་བསམ་ཞིང་། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས། དམ་ཚིག་དབང་གིས་འདིར་བརྟན་བཞུགས། མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །འཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ། ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་བརྗོད། དེ་ནས་འདིར་མཆོད་པ་འབུལ་ཚུལ་ཚིགས་ལྷུགས་སུ་འབྱུང་བ་དེའམ་དེའི་དོན་བསྡུས་པ་ནི། ཧཱུཾ་སྟོང་གསུམ་ཁྱོན་ལྟར་ཡངས་པའི་ཐོད་པའི་ནང་། ཁྲག་གི་རྒྱ་མཚོ་ཞག་གི་རྦ་ཀློང་འཁྲུག །དམར་སེར་ལྦུ་བའི་ཕྲེང་ལྡན་མཆོད་ཡོན་འདི། །གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། དགྲ་བགེགས་དབང་པོ་ལྔ་ཡི་མེ་ཏོག་དང་། ལྷ་དང་མི་ཡི་མེ་ཏོག་སྣ་ཚོགས་པ། ལྷུན་སྟུག་གཞལ་མེད་རྣམ་པ་ཡིད་འོང་ལྡན། གཤིན་རྗེའི༴ ༀ་ཀཱ་ལ༴ པུཥྤེ༴ རབ་འབར་རོ་སོལ་ཕུང་བོའི་མེ་ནང་དུ། བམ་ཆེན་གསར་སྙིང་བསྲེགས་པའི་དུ་བའི་སྤྲིིན། བཻཌཱུརྱ་ཡི་ལྷུན་པོ་བརྩེགས་འདྲ་བ། །གཤིན་རྗེའི༴ ༀ་ཀཱ་ལ༴ དྷཱུ་པེ༴ ཚིལ་ཆེན་ཞུན་མར་ཞིང་གི་ཁྱོན་གང་བར། རོ་སྐྲའི་སྡོང་བུ་རི་ལྟར་བཙུགས་པ་ལ། །རབ་འབར་མར་མེའི་འཕྲེང་བ་ཚར་དུ་་དངར། །གཤིན་རྗེའི༴ ༀ་ཀཱ་ལ༴ ཨཱ་ལོ་ཀེ༴ །ག་བུར་ངད་ལྡན་ཁྲག་ཞག་རྒྱ་མཚོ་ཡི། །ལུས་ཀུན་ཕྱགས་པས་གདུང་བ་ཀུན་སེལ་ཞིང་། ཟག་མེད་བདེ་བའི་དཔལ་སྟེར་དྲི་ཆབ་འདི། །གཤིན་རྗེའི༴ ༀ་ཀཱ་ལ༴ གནྡྷེ༴ འཆི་མེད་བདུད་རྩིའི་བཏུང་བ་མཚོ་ལྟར་བསྐྱིལ། །ཤ་དང་ཁྲག་གི་ཕུང་པོ་རི་ལྟར་སྤུངས། །རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་ཚོགས། གཤིན་རྗེའི༴ ༀ་ཀཱ་ལ༴ ནཻ་ཝི་དྱ༴ རྫ་རྔ་ཟོམ་རྔ་རྔ་ཟླུམ་རྔ་བོ་ཆེ། ཟངས་དུང་རྐང་གླིང་ཅང་ཏེའུ་ལ་སོགས་པ། སྙན་ཅིང་བརྗིད་པའི་སྒྲ་ལྡན་རོལ་མོའི་ཚོགས། གཤིན་རྗེའི༴ ༀ་ཀཱ་ལ༴ ཤཔྟའི་བར་དང་། རཱུ་པ་ནས་སྤར་ཤའི་བར་གྱིས་མཆོད། ནང་མཆོད་ནི། ༀ་མཆོད་དོ་སྐུ་བཞིའི་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿ ཧཱུཾ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་དུ༴ རྗེ་བཙུན་འཇམ་པའི་དབྱངས་ཀྱི༴ སློབ་དཔོན་དཔའ་བོ་རྡོ་རྗེའི༴ ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ༴ མཁས་གྲུབ་ཐམས་ཅད་མཁྱེན་པའི༴ གཞན་ཡང་གཤིན་རྗེ་གཤེད་ཀྱི་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ༴ ཀཱ་ལ་རཱུ་པ་ༀ་ཨཱཿ་ཧཱུཾ། ཙ་མུཎྜི ཡ་བ་ཏི་ལ་སོགས་པའི་གཤིན་རྗེ་དྲེག་པ་ཕོ་བརྒྱད་མོ་བརྒྱད་དང་ཕྱི་ནང་གསང་གསུམ་གྱི་བཀའ་སྡོད་བྲན་གཡོག་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། བསྟོད་པ་ནི། འཇམ་དཔལ་བཀའ་ཉན་བསྟན་བསྲུང་ནི། དམ་ཅན་གཤིན་རྗེའི་རྒྱལ་པོ་སྟེ། ཞལ་གཅིག་ཕྱག་གཉིས་འཇིགས་གཟུགས་ཅན། མགོན་པོ་ཁྱོད་ལ་བདག་བསྟོད་དོ། །བསྡུ་ན་དེ་ཙམ་མམ། སྲིད་གསུམ་མ་མོ་ཀུན་གྱི་བདག །ཡུམ་མཆོག་ནག་མོ་ཙ་མུཎྜི། །ཡ་བ་ཏི་དང་ཕྱྭ་བསང་སོགས། །གཤིན་རྗེ་ཕོ་མོའི་ཚོགས་ལ་བསྟོད། །དེ་ནས་ཡིག་བརྒྱ་བརྗོད་དེ། བཤགས་པ་དང་བསྐང་གསོ་བསྡུས་པ་རྗེ་དགེ་བདུན་རྒྱ་མཚོ་དང་རྒྱལ་བ་པཎ་ཆེན་གྱིས་མཛད་པ་གཉིས་སྣང་བ་ལས་སྔ་མའི་དེ་འདོན་པ་དང་འདུག་པས། དེ་ལྟར་ན་བཤགས་པ་ནི། ཧཱུཾ། བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ཚོགས་དང་། བཀའ་སྡོད་བསྲུང་མར་བཅས་པ་དགོངས་སུ་གསོལ། །རྩ་བརྒྱུད་བླ་མ་ཆོས་སྐུར་མ་རྟོགས་པར། །ཉོན་མོངས་དབང་གིས་ལོག་ལྟ་བགྱིས་པ་དང་། རྩ་བ་ཡན་ལག་དམ་ཚིག་མ་བསྲུངས་དང་། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བ་ཡི། །དམ་ཚིག་ལས་འདས་བསྙེན་བསྒྲུབ་གཡེལ་བ་དང་། །མཆོད་གཏོར་སྨན་དང་་དམ་རྫས་སྦགས་པ་སོགས། །མདོར་ན་སྒོ་གསུམ་སྒོ་ནས་ཉེས་པའི་ཚོགས། །ཐུགས་དང་འགལ་བར་གྱུར་བ་ཅི་མཆིས་པ། །བླ་མ་ཡི་དམ་བསྲུང་མར་བཅས་པ་ལ། །སྤྲོས་བྲལ་ཆོས་དབྱིངས་ངང་དུ་བཤགས་པར་བགྱི། །དེ་ནས་བསྐང་རྫས་རྣམས་བསངས་སྦྱངས། །སྟོང་པའི་ངང་ལས་བསྐང་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལ་བྱུང་བའི། །བླ་མ་ཡི་་དམ་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས་སྤྱན་ག ཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་ཡི་དམ་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ༀ་སརྦ་འདི་པཱུ་ར། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ༀ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱུ་པཾ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ། རཱུ་པ། ཤཔྟ། གནྡྷེ། ར་ས། སྦར་ཤ་ཨཱཿཧཱུཾ། བསྐང་གཏོར་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། བསྐང་གསོ་ནི། ཧཱུཾ་བདེ་ཆེན་ལྷུན་གྲུབ་གདོད་མའི་རང་བཞིན་ལས། །སྣ་ཚོགས་མཆོད་པའི་བྱེ་བྲག་མཐའ་ཡས་པ། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་སྤྱན་ལམ་དུ། །ལེགས་པར་འབྱུང་བས་དགྱེས་པ་བསྐྱེེད་གྱུར་ཅིག །དམར་ཆེན་ཁྲག་གི་མཆོད་ཡོན་དགྲ་བགེགས་ཀྱི། །དབང་པོའི་མེ་ཏོག་ཤ་སྣའི་དུད་སྤྲིན་དང་། ཚིལ་ཆེན་མར་མེ་ཞག་ཆེན་དྲི་ཆབ་དང་། ཤ་རུས་ཞལ་ཟས་སྣ་ཚོགས་རོལ་མོ་འདིས། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ཐུགས་དམ་བསྐང་། །དྲེགས་པ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པའི། །བཀའ་སྡོད་ལས་བྱེད་ཐུགས་་དམ་སྐོངས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །རླུང་ལྟར་མྱུར་མགྱོགས་རྟ་ནག་ཚོགས་རྣམས་དང་། །མིག་སྨན་མདངས་ཆགས་སྟོབས་ལྡན་ར་དང་ལུག །རྔམས་བརྗིད་གཡག་རྒོད་དགྲ་འཇོམས་གཅན་གཟན་དང་། འཕུར་ལྡིང་རོལ་པའི་བྱ་ནག་ཚོགས་རྣམས་ཀྱིས། །ཆོས་ཀྱི་རྒྱལ་པོ༴ ཆར་སྤྲིན་ལྟར་ནག་དྲག་པོའི་ང་རོ་ཅན། །རྔམས་པའི་ཁ་རླངས་དུས་ཀྱི་སྤྲིན་ལྟར་གཡོ། །རྡོ་རྗེའི་རྭ་ལྡན་དགྲ་བགེགས་སྲོག་ལ་རོལ། །རབ་བརྗིད་མཛེས་པའི་མ་ཧེའི་ཚོགས་རྣམས་ཀྱིས། །ཆོས་ཀྱི་རྒྱལ་པོ༴ དམ་ཉམས་ཀླད་ལ་རྔམས་པའི་ཐོད་དབྱུག་དང་། །དགྲ་བགེགས་འཆིང་བྱེད་དུས་ཀྱི་ཞགས་པ་དང་། །སྲོག་འཕྲོག་མཚོན་ཆ་ཁྲམ་བམ་ཐོད་ཁྲག་སོགས། །བསྟན་དགྲ་འཇོམས་པའི་ཆ་རྐྱེན་དམ་པ་འདིས། །ཆོས་ཀྱི༴ ཞིང་ཆེན་གཡང་གཞི་མགོ་ཕྲེང་དོ་ཤལ་དང་། རྡོ་རྗེའི་གོ་མཚོན་དམར་ཆེན་གཏོར་མའི་ཚོགས། །འདོད་ཡོན་སྣ་ལྔ་ལྷུན་པོ་གླིང་བཞིར་བཅས། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་འདིས། །ཆོས་ཀྱི༴ རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །འདིར་འདོད་ན་པཎ་ཆེན་གྱི་གསུང་ལྟར། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །མ་རུང་འདུལ་ཕྱིར་གཤིན་རྗེའི་སྐུར་བསྟན་པ། །རྩ་བརྒྱུད་བླ་མ་སྐུ་བཞིའི་བདག་ཉིད་དུ། །ཡིད་ཆེད་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། །ཆོས་ཀྱི་རྒྱལ་༴ །སྒྲུབ་པར་མཛོད། །ཅེས་བརྗོད་ནའང་ལེགས་སྟེ་ཆོས་རྒྱལ་ཕྱི་ནང་གསང་གསུམ་ཐམས་ཅད་ནི་འཇམ་དཔལ་གྱི་འཕྲིན་ལས་རྣམ་འཕྲུལ་དུ་བཤད་པས་སོ། །སྟོབས་ཆེན་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱིས། །ཨ་ཏི་ཤ་དང་བློ་བཟང་གྲགས་པ་ཡི། །བསྟན་ལ་གནོད་པའི་་དགྲ་བགེགས་ཚར་བཅད་ལ། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། །དེ་ནས་བཟློག་པ་ནི། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་ཀྱིས། །ཞེས་ནས། ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། ཞེས་དང་། མཐུན་པའི་དངོས་གྲུབ་ནས་སྲུང་མའི་ཚོགས། །ཞེས་སྤྱི་ལྟར་བྱའོ། །དེ་ནས་སྔགས་གཉིས་ཅི་འགྲུབ་བཟླས་ནས་གཏོར་མ་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྤུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲང་ཏེ་གསོལ་བར་གྱུར་བར་བསམས་ལ། ཧཱུཾ་ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ༀ་ཙ་མུཎྜི་ས་པ་རི༴ ཁཱ་ཧི་ཁཱ་ཧི། ལན་བདུན་དང་། ཡ་བ་ཏི་ལ་སོགས་པའི་གཤིན་རྗེ་ཕོ་མོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། བསྡུ་ན། ཀཱ་ལ་རཱུ་པ་ཨི་དཾ་ནས་ཁཱ་ཧི་ཁཱ་ཏི། ཙ་མུ་ཌི་ཡ་བ་ཏི་ལ་སོགས་པའི་ཞེས་བྱས་ཀྱང་རུང་ངོ་། །དེ་ནས་ༀ་ཀཱ་ལ་རུ་པ་ས་པ་རི་ཝཱ་ར་ཨརྒྷཾ། ནས་ཤཔྟ་པྲ་ཏིཙྪ་སྭཱཧཱའི་བར་གྱིས་མཆོད་པའི་རྗེས། ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་ལ། །ཞེས་སོགས་བརྗོད་དམ་མིན་ཡང་རུང་ངོ་། །དེ་ནས་གཞི་བདག་གཏོར་མ་ཡང་བསྔོས་ལ། ཧཱུཾ་ཀཱ་ལ་རཱུ་པ་རབ་བརྗིད་དྲག་པོའི་སྐུ། ཁ་ནས་ཁྲག་འཛག་མི་མགོའི་ཕྲེང་བ་ཡི། །ག་ཤལ་རབ་འཕྱང་མི་བཟང་བདུད་དཔུང་གི། ང་རྒྱལ་དྲེགས་པ་འཇོམས་པ་ཁྱོད་ལ་བསྟོད། །ཅ་ཅོ་ཆེ་ལྡན་རྡོ་རྗེའི་གླུ་དབྱངས་དང་། །ཆ་ཤས་ཡོངས་སུ་རྫོགས་པའི་གཏོར་མ་ནི། །ཇ་ཆང་ཕུད་དང་དགྲ་བགེགས་བསྒྲལ་བའི་ཤ །ཉ་ཤ་ཁྲག་ཞགས་རྒྱ་མཚོས་བརྒྱན་པ་འབུལ། །ཏ་ཐ་ག་ཏའི་བསྟན་ལ་གནོད་བྱེད་པའི། །ཐ་ཆད་དགྲ་བགེགས་རྡུལ་དུ་རློག་པ་དང་། །ད་ནས་བཟུང་སྟེ་རྣལ་འབྱོར་བདག་ཅག་གི །ན་རྒ་འཆི་བའི་འཇིགས་པ་འཇོམས་ལ་བསྟོད། །པ་བ་སངས་ལྟར་རབ་དཀར་མཆེ་བ་གཙིགས། །ཕ་རོལ་འཇོམས་པའི་སྤྱན་རྩ་གློག་ལྟར་འཁྱུག །བ་སྤུ་དུས་མཐའི་མེ་ཆེན་འབར་བ་ཡིས། །མ་ལུས་བགེགས་དཔུང་བསྲེག་པ་ཁྱོད་ལ་བསྟོད། །ཙ་མུཎྜི་སོགས་མ་མོ་ཀུན་གྱི་བདག །ཚ་ཟེར་རབ་ཏུ་རྒྱས་པའི་གཟི་བརྗིད་ཅན། །ཛ་ཞེས་་འཕྲིན་ལས་བསྒྲུབ་ལ་བོས་པའི་ཚེ། །ཝ་སྐྱེས་ལྟ་བུའི་བགེགས་འཇོམས་ཁྱོད་ལ་བསྟོད། །ཞ་ལྟར་འབྱུང་པོ་ཀུན་གྱིས་སྤྱི་བོས་བསྟེན། །ཟ་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་། །འ་འུར་དར་དིར་སྒྲོག་པས་ས་ཆེན་གཡོ། །ཡ་ལས་སྐྱེས་པའི་ཐོད་དབྱུག་འཛིན་ལ་བསྟོད། །རྭ་དང་རྨིག་པ་རྣོ་བའི་མ་ཧེ་དང་། ལ་ལ་རླུང་ནག་ཚུབ་མ་ཞོན་པའི་འཁོར། ཤ་ཀ་ལི་དང་གཤིན་རྗེ་འབེབས་མ་་སོགས། །ས་གསུམ་འབྱུང་བོའི་འཁོར་གྱིས་བསྐོར་ལ་བསྟོད། །ཧ་ཧ་དྲག་ཏུ་བཞད་པའི་དཔལ་ཡོན་ཅན། །ཨརྒྷཾ་ལ་སོགས་མཆོད་པ་བཞེས་ནས་ཀྱང་། །དཔལ་ལྡན་གཤིན་རྗེའི་གཤེད་ཀྱི་སྤྱན་སྔ་རུ། །ཞལ་བཞེས་དམ་བཅའ་གཡེལ་བ་མེད་པར་མཛོད། །བྷྱོཿ མ་སྐྱེས་མ་འགག་ཆོས་དབྱིངས་ཀློང་ཡངས་ནས། །མ་ཧ་ཀཱ་ལི་སྲིན་མོ་ཁྲོས་པའི་སྐུ། །མ་རུངས་འདུལ་ཕྱིར་རྩེ་གསུམ་་ཐོད་ཁྲག་འཛིན། མ་མོ་ཆེན་མོ་ཙ་མུཎྜི་ལ་བསྟོད། །མ་ཧེའི་གདོང་ཅན་གཤིན་རྗེའི་དགའ་མ་ཁྱོད། མ་རུངས་དགྲ་ལ་ཁ་གདངས་མཆེ་བ་གཙིགས། །མ་ལུས་བདུད་ཀྱི་སྲོག་གཅོད་བཤན་པ་མོ། །མ་ཡེངས་བསྟན་པའི་བསྲུང་མ་ཁྱོད་ལ་བསྟོད། །མ་གཅིག་འདོད་པའི་ཁམས་ལ་དབང བསྒྱུར་མ། མ་མོ་མཁའ་འགྲོ་སྡེ་བརྒྱད་འཁོར་དང་བཅས། །མ་མོའི་དལ་ཡམས་ལ་སོགས་ཆོ་་འཕྲུལ་གྱིས། །མ་དུལ་གདུལ་དཀའ་འཇོམས་པ་ཁྱོོད་ལ་བསྟོད། །མ་བཅོས་རང་བཞིན་དག་པའི་ཆོས་ཀྱི་དབྱིངས། །མ་གཏོགས་བདུད་ཀྱི་ཆོ་འཕྲུལ་ཅི་བྱུང་ཡང་། མ་ཆེན་ཁྱོད་ཀྱི་མིང་ནས་བོས་པའི་ཚེ། །མ་གཡེལ་མྱུར་དུ་བྱོན་ལ་མཐུ་རྩལ་སྐྱེད། །མ་རུངས་རྣམས་ལ་རབ་ཏུ་ཁྲོས་གྱུར་ཀྱང་། །མ་ལྟར་བརྩེ་བས་བསྟན་འཛིན་སྐྱོང་བ་ཁྱོད། །མ་སྲིང་ཆུང་མ་བྲན་མོའི་ཚུལ་བཟུང་ནས། །མ་བསྐུལ་བར་ཡང་མཐུན་པའི་ལས་ཀུན་སྒྲུབས། །མ་ནོར་ལམ་མཆོག་སྟོན་པའི་བླ་མ་དང་། །མ་རིག་མུན་སེལ་རྒྱལ་བའི་བསྟན་པ་ལ། །མ་དད་ལོག་པར་བསྒྲུབ་པའི་གདོན་དང་བགེགས། །མ་བསྒྲལ་བ་རྣམས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མ་ལུས་འགྲོ་བའི་དོན་དུ་རྣལ་འབྱོར་ངས། །མཉྫུ་གྷོ་ཥའི་གོ་འཕངས་དམ་པ་དེ། །མ་ཐོབ་དེ་སྲིད་ནག་མོ་ཆེན་མོ་ཁྱོད། །མ་གཡེལ་མ་གཡེལ་འཕྲིན་ལས་ཚུལ་བཞིན་སྒྲུབས། །མ་མོ་ཆེན་མོ་བསྟོད་ཅིང བསྐུལ་བས་བདག །མ་རིག་འཁྲུལ་པས་བསྐྱེད་པའི་འཁོར་བ་འདི། །མ་་སྟོངས་བར་དུ་བསྟན་པ་འཛིན་པ་ལ། མ་ཧཱ་ཀཱ་ལིས་རྟག་ཏུ་གྲོགས་བྱེད་ཤོག །ཧཱུཾ་འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ན། །སྲོག་ལ་རྔམས་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང་། །ཟ་བྱེད་ཞལ་གདངས་མཆེ་བ་གཙེགས། ཁྲོས་པའི་སྤྱན་རྩ་་དམར་པོ་འཁྲུག །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་་དགྲ་བགེགས་འཆིང་། །གཡས་པ་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །མ་མཆེན་མོ་ཙ་མུཎྜི། །རྩེ་གསུམ་ཐོད་ཁྲག་འཛིན་མཛད་པ། །བྲན་དང་བཅས་པའི་དུས་ལ་བབ། །ས་ཆེན་ཁྲག་ཞག་ཆེན་པོ་་ཡི། །གཏོར་མ་རྒྱ་མཚོ་མཆོད་པ་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང་། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེེ་ཞིག་གནོན་ཅིག་རྨུགས་པར་གྱིས། །ཐུལ་ཞིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ༀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ༀ་ཙ་མུཎྜི་ཧཱུཾ་ཕཊ། བསྡུ་ན་དེ་ཡན་གྱི་ཆོག་ལ། རྒྱས་པར་ན། ཧཱུཾ་འཇམ་དཔལ་བཀའ་ཉན་སོགས་ཚིགས་བཅད་གཅིག་གི་ཕྲོར་དམར་ལ་བརྗིད་པའི་ཞེས་སོགས་ཀྱི་བསྟོད་པའམ། ཡང་ན །མ་ལུས་རྒྱལ་བའི་མཐུ་སྟོབས་ནུས་པའི་དཔུང་། །གཏུམ་དྲག་གཤིན་རྗེ་ཁྲོས་པའི་སྐུར་བསྟན་ནས། །བློ་བཟང་རྒྱལ་བའི་བསྟན་པ་སྲུང་མཛད་པ། །ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །དགེ་སྡིག་ཤན་འབྱིད་དམ་ཉམས་སྲོག་གི་བདུད། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ལས་མཛོད་ཅིག །དམ་ཅན་བཀའ་ཉན་་ཡ་བ་ཏི་ལ་སོགས། །སྲོག་གཅོད་གཤིན་རྗེའི་ཚོགས་ཀྱིས༴ །དམ་ཅན་བཀའ་ཉན་ཕོ་ཉ་མོ་ལ་སོགས། །ནད་བདག་མ་མོའི་ཚོགས་ཀྱིས༴ དམཅན་བཀའ་ཉན་རྔམས་ཤིང་བརྗིད་པའི་སྐུ། །ཕྱོགས་སྐྱོང་འཁོར་ཚོགས་རྒྱ་མཚོས་ལས་མཛོད་ཅིག །ཅེས་བྱས་ནའང་ལེགས་སོ། །ཆོས་རྒྱལ་ནང་སྒྲུབ་ནི། ཧྲཱིཿཥྚཱིཾས་བསངས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་གནོད་བྱེད་ཀྱི་གདན་ལ་གཡས་བརྐྱངས་ཀྱིས་བཞུགས་པའི་ཞལ་གཅིག་ཕྱག་གཉིས་པ། ཁྲོ་བོའི་ཞལ་ཅན་སྲིན་པོ་ཁྲོས་པ་ལྟ་བུ་བསྐལ་བ་འཇིག་པའི་ཞེས་པ་ནས་སྐྲ་ཁམ་སེར་གྱེན་དུ་འཛིངས་ལ་འཕྱར་བ། ཕྱག་གཡས་གྲི་གུག་འཕྱར་ཞིང་། །གཡོན་པ་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། མི་རུས་ཀྱི་རྒྱན་གྱི་སྤྲས་ཤིང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ཅན། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བའོ། །དེའི་ཕྱོགས་བཞིར་ཤར་དུ་གཤིན་རྗེ་་དཀར་པོ་གཡས་ཌ་མ་རུ་དང་། གཡོན་མདའ་དར་མེ་ལོང་གིས་བརྒྱན་པ་འཛིན་པ། ལྷོ་གཤིན་རྗེ་སེར་པོ་གཡས་རལ་གྲི་དང་། གཡོན་རྒྱལ་མཚན་་འཛིན་པ། ནུབ་ཏུ་གཤིན་རྗེ་དམར་པོ་གཡས་ཡིད་བཞིན་གྱི་ནོར་བུ་དང་།གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། བྱང་དུ་གཤིན་རྗེ་སྔོན་པོ་གཡས་་དབྱུག་པ་དང་གཡོན་ཞགས་པ་འཛིན་པ། བཞི་ཀའང་མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན། སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྗེས་ཤིང་། མི་མགོ་བསྐམ་པོ་ལྔའི་་དབུ་རྒྱན་དང་། མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པས་མ་ཧེ་རབ་ཏུ་ཁྲོས་པའི་གདན་ལ་བཞུགས་ཤིང་། ལིངྒ་དམར་པོ་གྱེན་དུ་ལངས་པའོ། །དེ་དག་གི་འཁོར་དུ་གཤིན་རྗེ་ཕོ་མོའི་ཚོགས་རྣམས་ཀྱིས་བསྐོར་བའི་གཙོ་འཁོར་་ཐམས་ཅད་ཀྱི་སྤྱོ་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། གཡས་བེ་ཅོན་གྱི་ཕྱག་རྒྱ་དང་། རོལ་མོའི་དབྱངས་དང་བཅས་ཏེ། རང་གི་ཐུགས་ཀ འི་ཧཱུཾ་ནག་པོའི་འོད་ཟེར་ལྕགས་ཀྱུའི་ཞེས་སོགས་སྔར་ལྟར་ཏེ་ཁྱད་པར་ནི། ཛཿ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་མཆོག །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ནག་པོ་ཆེ། །བཀའ་སྡོད་ལས་བཞིའི་གཤིན་རྗེ་འཁོར་དང་བཅས། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །ཞེས་པ་ནས་ས་མ་ཡ་སྟྭཾ་ཞེས་པའི་བར་སྔར་ལྟར་ལ། མཆོད་པ་སྔར་བཞིན་ནམ་ཚིགས་ལྷུགས་ཀྱིས་འབུལ་ན། གཡོན་པས་ཁྲག་ཆང་གི་མཆོད་ཡོན་གཟུང་ལ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ། ཨརྒྷཾ་གསོལ་བས་དམར་གྱི་ཨརྒྷཾ། ཞག་གི་མེ་ཏོག་རྒྱ་མཚོ་ལྟར་མི་ཟད་པ་འབྱུང་བར་གྱུར་ཅིག །ༀ་ཧྲཱིཿཥྚིཿནས་ཨརྒྷཾ་པཱུ་ཛ་ས་མ་ཡེ་ཧཱུཾ། གཡོན་པས་མེ་ཏོག་བཟུང་སྟེ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ། མེ་ཏོག་ཕུལ་བས་མེ་ཏོག་གི་ཁང་བ་བརྩེགས་པ་ཏོག་བ་བད་དང་ལྡན་པ། ཀ་བ་བརྒྱད་ཟུག་པ། བླ་རེ་དང་། གདུག་དང་། ཕྲེང་བས་བརྒྱད་པ། རིན་པོ་ཆེའི་རང་བཞིན་ཅན་འབྱུང་བར་གྱུར་ཅིག༴ །པུཥྤེ་པཱུ་ཛཿ༴ ཧཱུཾ། ཤ་ཆེན་གྱི་སྤོས་བཟུང་སྟེ། གཤིན་རྗེའི༴ ཤ་ཆེན་གྱི་བདུག་པ་ཕུལ་བས། གཞལ་ཡས་ཁང་གི་མགུལ་དུ་འདུག་པའི་སྤྲིན་བཻཌཱུཪྱའི་མདོག་ལྟ་བུ་རིན་པོ་ཆེ་བརྩེགས་པ་འདྲ་བ་འབྱུང་བར་གྱུར་ཅིག །ༀ༴ ས་པ་རི་ཝཱ་ར་དྷཱུ་བཾ་པཱུ་ཛ༴ ཧཱུཾ། ཞུན་ཆེན་གྱི་མར་མེ་བཟུང་སྟེ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཞུན་ཆེན་གྱི་མར་མེ་ཕུལ་བས་གཞལ་ཡས་ཁང་གི་ཕྱོགས་མཚམས་རྣམས་སུ་མུན་པ་འཇོམས་པ་ལྟ་བུའི་འོད་གསལ་བ་འབྱུང་བར་གྱུར་ཅིག །ༀ༴ དཱི་པཾ་པཱུ་ཛ་ས་མ་ཡེ་ཧཱུཾ། དྲི་བཟུང་སྟེ། གཤིན་རྗེའི༴ བཅས་པ་ལ་ཁྲག་ཞག་གི་བྱུག་པ་ཕུལ་བས། ལུས་དང་གནས་ཀྱིི་དྲི་མ་དག་སྟེ། རེག་ན་བདེ་བའི་རེག་བྱ་དང་དྲི་སྣམ་བཟོད་པ་དང་ལྡན་པས་ཚིམ་པར་གྱུར་ཅིག །ༀ༴ གནྡྷེ་པཱུ་ཛ་ས་མ་ཡེ་ཧཱུཾ། ལྷ་བཤོས་བཟུང་སྟེ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་བཤོས་ཕུལ་བས་ཁ་ཟས་དྲི་དང་རོ་དང་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པ་བདུད་རྩི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་བཅས་པ་ཁམ་གྱི་ཟས་ལ་གནས་པ་རྣམས་ཚིམ་པར་བྱེད་པའི་མཐུ་དང་ལྡན་པར་འབྱུང་བར་གྱུར་ཅིག ༀ་ཧྲཱིཿ༴ བཛྲ་ནཻ་ཝིཏྱ་པུ་ཛ་ས་མ་་ཡེ་ཧཱུཾ། རོལ་མོ་བཟུང་སྟེ། གཤིན་རྗེའི༴ སིལ་སྙན་ཕུལ་བས་ཤེས་རབ་ཀྱི་སྒྲ་ཕུན་སུམ་ཚོགས་པ་རྣ་བའི་བཅུད་ལེན་རྒྱས་པར་བྱེད་པའི་མཐུ་དང་ལྡན་པ་འབྱུང་བར་གྱུར་ཅིག །ཤཔྟ་པཱུ་ཛ་ས་མ་ཡེ་ཧཱུཾ། ཅེས་བརྗོད། དེ་ནས་ༀ་་སརྦ་བིད་སྤུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ། ཞེས་ནམ་མཁའ་མཛོད་ཀྱིི་སྔགས་བརྗོད་དེ་མཆོད། དེ་ནས་ནང་མཆོད་ལྟ་བུ་ལ་ཅུང་ཟད་མ་གཏོགས་སྔར་ལྟར་ལ། བསྐང་གསོའི་སྐབས་སུ། ཆོས་ཀྱི་རྒྱལ་པོ་འཁོར་བཅས་སྤྱན་ལམ་དུ། ཞེས་དང་། དམ་ཅན་ཆོས་ཀྱི་རྒྱལ་པོའི་་ཐུགས་དམ་བསྐང་། །ལས་ཀྱི་གཤིན་རྗེ་བཞི་ཡི་ཐུགས་དམ་བསྐང་། །བཀའ་སྡོད་ཅན་ཞེས་བསྒྱུར་དགོས་སོ། །གཤགས་པ་དང་བསྐང་གསོ་རྒྱས་པར་འདོད་ན་པཎ་ཆེན་གྱི་གསུངས་ལྟར་བྱས་ན་ལེགས་སོ། །བསྙེན་པ་ནི་གཙོ་བོའི་སྔགས་ཅི་འགྲུབ་བཟླ་ཞིང་། གཏོར་མ་ནི། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧཱི་ཁཱ་ཧཱི། ལན་བདུན་གྱིས་ཕུལ་ནས། ༀ་གཱ་ལ་རཱུ་པ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། ནང་མཆོད་འབུལ་བའི་ཚེ། ༀ་ཀཱ་ལ་རཱུ་པ་ༀ་ཨཱཿཧཱུཾ། ལས་བཞིའི་གཤིན་རྗེ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ་ཧཱུཾ། དེ་ནས་བསྟོད་པ་ནི། ནམཿ ཤྲི་བཛྲ་བྷཻ་ར་ཝ་ཡ། བརྐྱངས་བསྐུམས་ཞབས་ནི་ཅུང་ཟད་བརྡབས་པ་ཙམ་གྱིས་དཀྱིལ་འཁོར་བཞིར་བཅས་རི་དབང་ཤིག་ཤིག་བོར་་འགྱུར་ཞིང་། གཏུམ་དྲག་མ་ཧེའི་ཞལ་ནི་རབ་ཏུ་གདངས་བས་བསྒྲགས་པའི་གད་རྒྱངས་ཆེན་པོས་ས་གསུམ་ཀུན་འགེངས་པ། རྒྱལ་པའི་ཡབ་གཅིག་འཇམ་པའི་དབྱངས་གང་མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་བཅོམ་ལྡན་གཤིན་རྗེའི་གཤེད། །གང་དེར་གུས་པས་བཏུད་ནས་གཤིན་རྗེའི་རྒྱལ་པོ་བསྟོད་ཀྱིས་་ད་ནི་བགེགས་རྣམས་བག་ཡོད་དུས་ལ་བབ། །རི་བོ་རལ་ཞིང་ཆུ་གཏེར་འཁྲུགས་པ་ལྟ་བུར་འུར་འུར་ཞེས་པའི་སྒྲ་ཆེན་རྒྱུད་མར་རབ་སྒྲོག་པ། དྲག་པོའི་མེ་ལྕེ་གནག་པའི་དུ་བས་འཁྱུད་པའི་ཚོགས་རྣམས་འབུམ་ཕྲག་ཀློག་ཕྲེང་ཆར་སྤྲིན་ནང་འཁྱུག་བཞིན། །ཤིན་ཏུ་བཟོད་དཀའི་རེག་བྱ་ཚ་བའི་ངད་ལྡན་ཁ་དོག་ལྔ་ཡི་ཕྲེང་བས་ཟླུམ་པོར་བསྐོད་པའི་དབུས། །མུན་པ་བྱེ་བས་བྱུགས་ལྟར་གནག་པའི་ཆོས་འབྱུང་ཆལ་ཆིལ་གཡོ་བའི་ཁྲག་ཞག་རྒྱ་མཚོས་གང་བའི་སྟེང་། རྟ་བདུན་བདག་པོའི་གདན་ལ་གནོད་བྱེད་ནག་པོ་གན་རྐྱལ་བསྒྱེད་པའི་སྟེང་ན་གཤིན་རྗེའི་རྒྱལ་པོ་ནི། མིག་སྨན་ལྟར་གནག་ཐུང་ལ་སྦོམ་པའི་ལུས་ཅན་གཡས་བརྐྱངས་གཡོན་བསྐུམས་ས་ཆེན་གཡོ་བའི་གོམ་སྟབས་ཅན། སེར་སྐྱའི་རལ་པ་གྱེན་དུ་འཛིངས་པའི་དབུ་ལ་ཐོད་བསྐམ་ལྔས་བརྒྱན་དྲག་པོའི་རྡོ་རྗེ་སྤྱི་བོར་འཛིན། ཁྲག་གིས་སྤ གས་པའི་མགོ་རློན་ཕྲེང་བ་མགྲིན་པར་འཕྱང་ཞིང་སྤྱན་གསུམ་བགྲད་པའི་སྡང་མིག་གཡོ་བ་ཅན། མཆེ་བ་རྣོན་པོ་གཙིགས་པའི་བགྲད་པའི་ཞལ་ནས་དབུགས་ཕྲེང་གཡོ་བ་གདུག་པའི་སྤྲུལ་གྱི་ཁ་རླངས་བཞིན། གཡས་པས་འབར་པའི་གྲི་གུག་བདུད་དཔུང་ཀླད་ལ་འཕྱར་ཞིང་ཁྲག་ལྡན་ཐོད་པ་གཡོན་གྱིས་བཟུང་ལ་རོལ། །སྟག་པགས་སྨད་གཡོགས་བགོས་པའི་གཏུམ་ཆེན་ཁྱོད་ཀྱིས་གཤིན་རྗེའི་གཤེད་ལ་ཇི་ལྟར་ཞལ་བཞེས་དེ་བཞིན་དུ། མ་གཡེལ་མ་གཡེལ་མྱུར་དུ་དྲན་པར་མཛོད་ལ་རྣལ་འ བྱོར་བདག་གིས་གང་ཞིག་བསྒོ་བ་ཐམས་ཅད་སྒྲུབས། །གཞན་ཡང་ཁྱོད་ཀྱི་ཕྱོགས་བཞིར་རྭ་དང་རྨིག་པ་རབ་ཏུ་རྣོ་བའི་མ་ཧེ་དྲག་པོའི་གདན་སྟེང་ན། དཀར་དང་སེར་་དང་དམར་དང་གནག་པའི་གཤིན་རྗེ་ཆེན་པོ་དྲག་ཏུ་ཁྲོས་པའི་མ་ཧེའི་གདོང་བ་ཅན། །བརྐྱངས་བསྐུམས་སྟབས་ཀྱིས་རབ་ཏུ་འགྱིང་ཞིང་དུར་ཁྲོད་ཆས་ཀྱིས་ལེགས་བརྒྱན་ཞལ་གདངས་མིག་རྩ་ཀུན་ཏུ་དམར། །བགེགས་དཔུང་འཇོམས་ལ་རྡོ་རྗེའི་ཐོགས་ལྟར་བསྔགས་པ་དེ་དག་གིས་ཀྱང་ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབས། །མདོར་ན་རྒྱལ་བ་ཀུན་ཀྱིས་ཡང་དང་ཡང་བསྔགས་འཇམ་པའི་དབྱངས་ཞེས་ས་སྟེང་ཀུན་ཏུ་གྲགས་པ་དེའི། །ཕུན་ཚོགས་གོ་འཕང་མཆོག་དེ་མཁའ་མཉམ་ལུས་ཅན་ཀུན་གྱི་དོན་དུ་ཇི་སྲིད་བདག་གིས་མ་མནན་པ། །དེ་སྲིད་གཤིན་རྗེའི་གཤེད་ཀྱི་བཀའ་ནི་གུས་པས་ལྷུར་ལེན་ཆོས་རྒྱལ་གཤིན་རྗེ་འཁོར་དང་བཅས་པ་ཡིས། །ཡང་དག་ལམ་གྱི་ནོར་མཆོག་འཕྲོག་ལ་བརྩོན་པའི་ནག་པོའི་རྩ་ལག་སྡེེ་དང་བཅས་པ་གཞོམ་པར་མཛོད། །ཅེས་པས་བསྟོད། སྤྲོ་ན། འཇམ་དཔལ་བཀའ་ཉན་མའི་མཇུག་ཏུ། དམར་ལ་བརྗིད་པའི་སྤྱན་གསུམ་གྱིས་ཞེས་པ་ནས་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་པའི་བར་གྱིས་བསྟོད་ཅིང་འཕྲིན་ལས་བཅོལ་བར་བྱའོ། །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་སྙམ་སྟེ་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པའོ། །།མངྒལཾ།


previousཆོས་རྒྱལ་ཕྱི་ནང་གཉིས་ཀྱི་མངོན་རྟོགས་བསྐང་གསོ།next