Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
ཆོས་རྒྱལ་ལ་བརྟེན་པའི་ཟོར་ལས་གནམ་ལྕགས་ཐོགས་འབེབ།
   
   


 
previousཆོས་རྒྱལ་ལ་བརྟེན་པའི་ཟོར་ལས་གནམ་ལྕགས་ཐོགས་འབེབ།next

ཆོས་རྒྱལ་ལ་བརྟེན་པའི་ཟོར་ལས་གནམ་ལྕགས་ཐོགས་འབེབ།

ཆོས་རྒྱལ་ལ་བརྟེན་པའི་ཟོར་ལས་གནམ་ལྕགས་ཐོགས་འབེབ་བཞུགས།

ན་མོཿ བཛྲ་བྷཻ་ར་ཝ་ཡེ། གང་གི་མཁྱེན་བརྩེ་ནུས་པའི་སྤྲིན་ཕུང་ལས། བཟོད་དཀའི་གནམ་ལྕགས་ཐོག་གི་ཟོར་བབས་པས། ཁམས་གསུམ་དགྲ་བགེགས་བྲག་རི་སྐད་ཅིག་ལ། ཐལ་བར་བརླག་མཛད་བསྟན་སྲུང་ཚོགས་རྣམས་རྒྱལ། །འདིར་གཞན་དོན་བྱེད་པའི་དོན་གཉེར་ཅན་འགའ་ཞིག་ལ་ཕན་འདོད་ཀྱི་བསམ་པས། ཆོས་རྒྱལ་ལ་བརྟེན་པ་གཙོ་བོར་བྱས་པའི་སྒོ་ནས་གློ་བུར་ལས་བཅོལ་གྱི་ཟོར་ལས་བྱེད་ཚུལ་ཞིག་བརྗོད་པར་བྱ་སྟེ། འདི་ལའང་ཟོར་ཉིད་ལྷར་བསྐྱེད་མི་བསྐྱེད་གཉིས་ལས་མི་སྐྱེད་པ་ནི་འཇུག་པ་བདེ་བས་དེའི་་དབང་དུ་བྱས་ན། ཆོས་རྒྱལ་གྱི་བསྐང་གསོ་གང་མང་བསྟོད་བསྐུལ་དང་བཅས་པ་དང་། མགོན་པོ་སོགས་ཆོས་སྐྱོང་གཞན་གྱི་བསྐང་གསོ་སོགས་མ་གྲུབ་ཀྱང་མི་འགལ་ཡང་། འགྲུབ་ན་བྱས་ཚེ་ཕན་པའི་ཡན་ལག་ཏུ་འགྱུར་བས་་དེར་བསྟུན་གྱིས་སྔོན་དུ་བཏང་ནས། འཕེན་གཏོར་ཆེན་པོའམ་ཆུང་ཡང་རུང་་སྟེ་གདོང་གྲལ་གྱི་མཇུག་ཏུ་སྟེགས་ཀྱི་ཁར་བཞག །ཆུ་གཉིས་ཉེར་སྤྱོད་རྣམས་་དང་དེའི་མདུན་དུ་དྲུག་ཅུ་པ་དཀྱུས་ལྟར་བཤམས་ལ། །མེ་རམ་ལེགས་པར་བྱས་ནས་ཆད་ཆུ་ནང་མཆོད་རྣམས་རིམ་པར་བྲན་ལ་མཆོད་གཏོར་རྣམས་ཐུན་མོང་དུ་བྱིན་རླབས་མཛད་པར་ཞུ་ཞེས་སྙན་གསན་འབུལ་བའམ། མིན་ཡང་རུང་སྟེ། མཆོད་པ་དང་གཏོར་མ་བྱིན་གྱིས་བརླབས་ལ། དེ་ནས་རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཞེས་པ་ནས། སྤུ་གུ་ཅན་རྣམས་སུ་གྱུར། ༀ་ཡ་མ་རཱ་ཛ་ནས་ཧཱུཾ་ཧཱུཾ་ཕཊ་ཕཊ་ༀ་བྷུ་ཙ་ར་ཎཾ་སོགས་ལན་བཞིས་ཕྱག་རྒྱ་དང་བཅས་བཞི་ཆ་ཕུལ། །སྤྱན་འདྲེན་གྱི་སྐབས་ལས་ཀྱི་གཤིན་རྗེ་ཕྱོགས་སྐྱོང་བཅོ་ལྔ་ཞེས་སྦྱར་ན འང་ལེགས། །ༀ་ད་ཤ་དི་ཀ་སོགས་ཀྱི་མཐར་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་དང་། ༀ་ཨཱཿ་ཧཱུཾ་བཏགས་ལ་ནང་ཆོད་ཀྱང་འབུལ། །བཅོམ་ལྡན་ཆོས་རྗེ་སོགས་ཀྱིས་འཕྲིན་ལས་བཅོལ། སྤྲོ་ན། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ་བསྟན་པ་དང་དགོན་གནས་རྣལ་འབྱོར་བ་སྦྱིན་བདག་འཁོར་བཅས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པའི་འཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་དེ་བརྗོད་པ་ཐལ་མོ་བརྡེབ །སླར་ཡང་། ཧྲཱིཿཥྚཱི ས་ནང་མཆོད་གཏོར་ཞིང་མཐར་ཡི་གེ་གསུམ་ལན་གསུམ་བརྗོད་་དེ། གཉིས་པ་གསུམ་པ་བཞི་པ་ཡང་སྔར་ལྟར་ཕུལ། འདི་ནི་དྲུག་ཅུ་རྩ་བཞིའི་གཏོར་འབུལ་བསྡུས་པ་སྟེ་ལན་རེ་རེ་ལའང་ཟོར་གྱི་རྣམ་པ་བཞི་བཞི་སྟེ་བཅུ་དྲུག་རེ་འབུལ་ཞིང་། དེ་ལྟར་ལན་བཞི་བསྡོམས་པ་ལ་དྲུག་ཅུ་རྩ་བཞི་འབུལ་བ་འབྱུང་ངོ་། །དེ་ནས་གཏོར་རོ་རྣམས་ཀྱང་འཕེན་གཏོར་ཟུར་དུ་ཕྱོགས་གཅིག་ཏུ་བཞག །གཏོར་མ་སྔར་ཐུན་མོང་དུ་བྱིན་གྱིས་བརླབས་པ་ཡིན་ན་དེས་མཐུས་ལ། མིན་ན་འཕེན་གཏོར་སྒེར་དུ་བྱིན་གྱིས་བརླབས་ཀྱང་རུང་། འབུལ་ཡུལ་ཆོས་རྒྱལ་འཁོར་བཅས་ཟུར་དུ་སྤྱན་འདྲེན་པའམ། སྔར་སྤྱན་དྲངས་ནས་ཡོད་པ་རང་གི་མདུན་གྱི་ནམ་མཁར་བཞུགས་པར་དམིགས་ཏེ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པའི་ལྗགས་ལན་བདུན་ནམ་གསུམ་ཕུལ་ནས། ཆུ་གཉིས་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་པ་འབུལ། སྤྲོ་ན་ཧོ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྟོད་སོགས་གཏོར་རྫོང་རྒྱས་པའམ། ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་ལ། སོགས་ཀྱི་བསྡུས་པ་བྱའོ། །དེ་ནས་གཞི་བདག་གཏོར་མ་ཡང་ཕུལ་ལ། ཕུལ་ཟིན་པའི་རྗེས་སུ་སྔར་གྱི་གཏོར་རོ་རྣམས་དང་འཕེན་གཏོར་ཉིད་ཟོར་དུ་སྒྲུབ་པ་ནི་དེ་ལ་དམིགས་ཏེ། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝ་ནས་ཤུཎྜོ ཉ་ཧཾ། ཟོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ཡ་ཡིག་ནག་པོ་ཧཱུཾཾ་གིས་མཚན་པ་དེ་ལས་དྲག་པོའི་འོད་ཟེར་ཕྱོགས་བཅུར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་སྲིན་པོ་དྲག་ཏུ་ཁྲོས་པ་ལྟ་བུའི་རྣམ་པར་སྤྱན་དྲངས་ཏེ། ཡ་ཡིག་ཧཱུཾ་གིས་མཚན་པ་ལ་ཐིམ། །དེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཐོག་ཟོར་མེ་རབ་ཏུ་འབར་བ་སྟོང་གསུམ་གྱི་དགྲ་བགེགས་ཐམས་ཅད་སྐད་ཅིག་གིས་བརླག་པར་བྱེད་པའི་ནུས་པ་ཅན་དུ་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིི་ནུས་མཐུ་ཐམས་ཅད་ཀྱང་ཐོག་ཟོར་གྱི་རྣམ་པར་བཀུག་ནས་གཏོར་ཟོར་ལ་ཐིམ་པར་གྱུར་ཅེས་ལན་གསུམ་མམ་གཅིག་དྲག་བསྒྲུབ་དང་བཅས་པ་བྱའོ། །དེ་ནས་ཟོར་བསྐུལ་ནི། ཧཱུཾ་རྣལ་འབྱོར་བདག་གི་གཏོར་ཟོར་གཉན་པོ་འདི། །རིག་འཛིན་རྩ་བརྒྱུད་བླ་མས་བྱིན་གྱིས་བརླབས། །ཡི་དམ་ལྷ་དང་མཁའ་འགྲོས་ནུས་པ་བསྐྱེད། །བསྟན་སྲུང་དམ་ཅན་རྒྱ་མཚོས་དྲག་པོར་བསྒྲུབས། ཁྱད་པར་གསོད་བྱེད་ལས་ཀྱི་གཤིན་རྗེ་ཁྱོད། །ཆོ་འཕྲུལ་སྟོང་གིས་དགྲ་ལ་ལྟས་ངན་ཐོང་། །འཁོར་བཅས་ཟོར་ཆེན་རྫས་ཀྱི་མཐུ་བསྐྱེད་ལ། །དགྲ་བགེགས་འབྱུང་པོའི་སྲོག་ལ་དབང་མཛོད་ཅིག །བཀའ་སྡོད་དམ་ཅན་རྒྱ་མཚོ་མཐུ་མ་ཆུང་། །སྒྲོལ་བྱེད་ཕོ་ཉ་ལས་མཁན་རྩལ་མ་ཞན། །བདག་གི་གཏོར་ཟོར་གཉན་པོའི་མཐུ་བསྐྱེད་ལ། །དགྲ་བགེགས་འབྱུང་པོའི་སྲོག་ལ་དབང་མཛོད་ཅིག །སྡང་དགྲ་གནོད་བྱེད་བགེགས་ལ་འཕེན་པའི་ཕྱིར། །དམ་ཉམས་སྡིག་ཅན་ཐལ་བར་བརླག་པའི་ཟོར། །དམ་ཅན་སྡེ་བརྒྱད་དམག་དཔུང་བསྐྱེད་པའི་ཟོར། །མི་མཐུན་རྐྱེན་དང་བར་ཆད་བཟློག་པའི་ཟོར། ཞེས་དང་། ཧཱུཾ་བླ་མ་ཡི་དམ་གཤིན་རྗེ་གཤེད་པོ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྣང་སྲིད་དྲེགས་པ་སྡེ་བརྒྱད་འཁོར་བཅས་ཀྱིས། །དོ་ནུབ་དྲགས་པོའི་ཟོར་གྱི་ལས་མཛོད་ཅིག །ཅེས་འཕེན་གཏོར་དགྲ་བགེག་་འཇོམས་པའི་ནུས་པ་མཐུ་ཆེན་དུ་སོང་བར་བསམ་མོ། །དེ་ནས་ལམ་སེལ་གྱི་གཏོར་མ་དེ། ༀ་ཨཱཿ་ཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབས་ལ། ༀ་ཀཱ་རོ་ལན་གསུམ་གྱིས་བསྔོོས་པའི་མཐར། ཡུལ་ལྷ་གཞི་བདག་གཉན་པོ་ཁྱོད་རྣམས་ལ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་ཤིག བཞེས་ནས་ཀྱང་རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས་པས་དོ་ནུབ་དྲག་གཏོར་གྱི་ལས་བྱེད་པ་འདི་ལ། ཀོ་ལོང་དང་རུ་ང་ཕྲག་དོག་མི་བྱེད་པར་ཟོར་སྣ་དགྲ་བགེགས་འབྱུང་པོའི་སྟེང་དུ་དྲོངས་ལ་ཐལ་བར་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ཅིག ཅེས་བསྒོའོ། །དེ་ནས་འཆི་བདག་མ་སྔར་མ་བཏང་ན་འདིར་རྡུལ་དུ་རློག་ཅེས་པའི་བར་གཏོང་ཞིང་ཟོར་བསྒྱུར་ནི། ཧཱུཾ་ད་ནི་ཟོར་བསྒྱུར་དགྲ་ལ་བསྒྱུར། །ད་ནི་ཟོར་འཕེན་དགྲ་ལ་་འཕེན། །ད་ནི་ཟོར་ཁ་དགྲ་ལ་བསྒྱུར། །ད་ནི་ཟོར་ཁ་བགེགས་ལ་བསྒྱུར། །ཞེས་ཟོར་ཁ་སྒོ་ཕྱོགས་སུ་བསྒྱུར། །དེ་ནས་ཞྭ་གྱོན་ནས་བཞེས་ཏེ་ཟོར་ལམ་དབྱེ་བ་ནི། ཧཱུཾ་རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །རྣལ་འབྱོར་དབང་ཕྱུག་ཟོར་འཕེན་པས། །ཉོན་ཅིག་ལྷ་སྲིན་སྡེ་བརྒྱད་རྣམས། །མཐོ་བ་རྣམས་ཀྱི་ཞབས་བསྡུས་ཤིག །དམའ་བ་རྣམས་ཀྱི་དབུ་ཞུམ་ཞིག །ཐད་ཀ་རྣམས་ནི་སྐུ་གཟུར་ཅིག །གལ་ཏེ་མ་གཟུར་ཟོར་ཕོག་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །ཉེས་པ་བསྡེབས་སུ་མི་འཛིན་པར། །ཟོར་སྣ་སྡང་བའི་དགྲ་ལ་དྲོངས། །ཟོར་སྣ་གནོད་པའི་བགེགས་ལ་དྲོངས། །རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །རྣལ་འབྱོར་དབང་ཕྱུག་གཏོར་ཟོར་འདི། །རྩེ་མོ་རྡོ་རྗེའི་མདུང་ལས་རྣོ། །རྩ་བ་རྡོ་རྗེའི་བྲག་ལས་སྲ། །དྲག་ཤུལ་གནམ་ལྕགས་ཐོགས་ལས་ཆེ། །རྣལ་འབྱོར་དབང་ཕྱུག་ཟོར༴ །རྣལ་འབྱོར་དབང་ཕྱུག༴ །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ༴ བར་གྱི་བཙན་ལ༴། །གཞི་བདག་རྣམས་ལ༴ །རྣལ་འབྱོར༴ རྣལ་འབྱོར༴ སྡང་བར་བྱེད་པའི་དགྲ་ལ་འཕེན། །གནོད་པར་བྱེད་པའི་བགེགས་ལ༴ །ཕུང་བར་བྱེད་པའི་སྲི་ལ༴ །རྣལ་འབྱོར༴ རྣལ་འབྱོར༴ སྒོ་བ་རྣམས་ཀྱིས་སྒོ་ཕྱེ་ཞིག །སྒོ་བ་རྣམས་ཀྱིས་སྒོ་ཕྱེ་ན། བཙས་སུ་གཟུགས་ཅན་དགྲ་འབུལ་ལོ། །འཕྲང་བ་རྣམས་ཀྱི་འཕང་སོལ་ཞིག །འཕྲང་བ་རྣམས་ཀྱི་འཕྲང་བསལ་ན། །བཙས་སུ་གཟུགས་མད་འགག་པ༴ བྷྱོ་བྷྱོ་དེ་ནི་དགྲ་ལ་བྷྱོ། །བྷྱོ་བྷྱོ་དེ་ནི་བགེགས་ལ་བྷྱོ། །ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་ནུ་མཚོན་འཕྱོར། །ཞེས་བརྗོད་ལ་སྒོའི་ཕྱི་རོལ་ཏུ་ཐོན། །དེ་ནས་གཏོར་མ་རྣམས་བཞག་ལ། །གསེར་སྐྱེམས་འབུལ་བ་ལ་གསུམ་གྱི་དང་པོ་འབུལ་བ་པོས་རང་གི་རྒྱབ་ངོས་གྱི་སྟེང་ནམ་མཁར་བཞུགས་པའི་བླ་མ་ཡིན་དམ་རྣམས་དང་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་དང་། གཉིས་པ་ཆོས་རྒྱལ་སོགས་ཆོས་སྐྱོང་རྣམས་དང་། གསུམ་པ་ནི་མདུན་ངོས་ཀྱི་ལྷ་ཀླུ་གཞི་བདག་སོགས་ལ་འབུལ་བར་བསམས་ཏེ། ཧཱུཾ་བླ་མ་ཡི་དམ་དཀོན་མཆོག་གསུམ། རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། ཁྱད་པར་བཅོམ་ལྡན་གཤིན་རྗེ་གཤེད། །གསེར་སྐྱེམས་མཆོད་པ་འདི་བཞེས་ནས། །བདག་གི་གཟུ་དང་དཔང་མཛོད་ལ། །དམ་ཉམས་འདི་ཡི་སྐྱབས་མ་མཛད། །གཤིན་རྗེ་གཤེད་ཀྱི་བཀའ་སྡོད་མཆོག །ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས། །གཞན་ཡང་དམ་ཅན་རྒྱ་མཚོའི་ཚོགས། །གསེར་སྐྱེམས༴ བདག་གི༴ དམ་ཉམས༴ དབྱུ་གུ་དྲུག་ཅུ་རྩ་བཞི་སོགས། །ལོ་ཟླ་ཞག་དུས་ལྷ་རྣམས་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་འཁོར་བཅས་རྣམས། །གསེར་སྐྱེམས༴ བདག་གི༴ །དམ་ཉམས༴ གཟུ་དང་དཔང་ལས་མཐོ་བ་མེད། །རྣམ་པར་དག་པའི་ཐུགས་ཀྱིས་གཟིགས། །གསེར་སྐྱེམས་མཆོད་པ་རྒྱ་རེ་ཆེ། །འབྲུ་སྨན་སྣ་ཚོགས་རིན་ཆེ་བས། །དེ་རིང་བདག་གི་གྲོགས་མཛོད་ཅིག །ཞེས་བརྗོོད་ཅིང་ཁམས་ཕོར་རམ་གཏོར་ཐེབ་སོགས་ཀྱི་སྣོད་ནས་འབུལ་ཏེ་ཕྲིན་ལས་བཅོལ་བས་ཁས་བླངས་པར་བསམ་མོ། །དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། ཞེས་སོགས་སམ། །དགེ་སྡིག་ཤན་འབྱེད་མ་གང་རིགས་དང་། འདོད་ན་གནོད་སྦྱིན་བཞི་བསྐུལ་ཡང་། བཏང་ཆོག་པའི་སྐབས་ཡོད་ཅིང་། །ༀ་མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བཞི་ཁྲོོའི་ཚོགས། །ཨཱ་བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཧཱུཾ་བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །ཧྲཱིཿ མཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད། །ཅེས་བསྐུལ་བས་ནམ་མཁར་བཞུགས་པའི་ཞི་ཁྲོའི་ཚོགས་ཐམས་ཅད་ཁྲོས་པའི་རྣམ་པར་གྱུར་ནས་རང་དང་ལྷན་ཅིག་་འབྱོན་བར་བསམས་ལ་འཆམ་པ་དང་ཅེས་སཾ་མིན་ཡང་རུང་སྟེ། གུ་གུལ་སོགས་ཀྱིས་འདུག་ཅིང་གསེར་སྐྱེམས་དང་ཁྲག་ཆང་གི་ཕུད་རྣམ་གཏོར། རོལ་མོ་དང་བཅས་པ་རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་གཏོར་མ་འཕེན་སར་ཕྱིན་ནས་གཏོར་མ་རྣམས་བསྒྲིགས་ཏེ། །གྲོགས་རྣམས་ཀྱིས་སྡང་དགྲ་མ་ལྟ་བུས་བསྐུལ་བའམ་མིན་ཡང་། ཆོས་སྐུ་ཡངས་པའི་་སོགས་ཀྱིས་ཟློག་པ་དལ་བུས་བརྗོད། །དེའི་རིང་ལ་སློབ་དཔོན་གྱི་གཏོར་མའི་རྒྱབ་ནས་སྔར་གྱི་གསེར་སྐྱེམས་འབུལ་བའི་ཚིགས་བཅད་དེ་དག་གམ། བསྡུ་ན་དང་པོ་ལ། བདུད་རྩིའི་གསེར་སྐྱེ མས་འདི་ནི་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱུད་སྡེ་བཞི་འབྲེལ་གྱི་ཡི་དམ་ལྷ་ཚོགས་རྣམས་ལ་འབུལ་ལོ། །གཉིས་པ་ལ་འདི་ནི་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ལ་སོགས་པའི་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ་འབུལ་ལོ། །གསུམ་པ་ལ། འདི་ནི་ལྷ་ཀླུ་རྣམས་དང་ཡུལ་ལྷ་གཞི་བདག་གི་ཚོགས་ཐམས་ཅད་ལ་འབུལ་ལོ། །ཁྱེད་རྣམས་ཀྱིས་བདུད་རྩིའི་གསེར་སྐྱེམས་ཀྱི་མཆོདཔ་འདི་བཞེས་ལ། དམ་ཉམས་འདིའི་མགོན་སྐྱབས་མ་མཛད་པར་བདག་གིས་གཟུ་དང་དཔང་པོ་མཛོད་ཅིག །ཅེས་འཕྲིན་ལས་བཅོལ། དེ་ནས་གཞི་བདག་གཏོར་མ་ཡང་བླངས་ཏེ། ༀ་ཨཱཿ་ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། མཆོད་སྦྱིན་གཏོར་མ་འདི་ནི་ལྷ་ཀླུ་གཟའ་སྐར་རྣམས་དང་ས་ཕྱོགས་འདིར་རྒྱུ་བའི་གཞི་བདག་གནས་བདག་སོགས་མི་མ་ཡིན་གྱི་ཚོགས་རྣམས་ལ་འབུལ་ལོ། །གཞེས་ནས་ཀོ་ལོང་ཕྲག་དོག་མི་བྱེད་པར་མཐུན་རྐྱེན་ཐམས་ཅད་སྒྲུབ་པའི་གྲོགས་མཛད་དུ་གསོལ། ཞེས་བསྔོ། དེ་ནས་ལིངྐ་བསྐྱེད་ཆ ོག་དང་དགུགས་གཞུག་བསྡུ་ན། རང་གི་མདུན་དུ་བསྲེག་ཁང་གྲུ་གསུམ་པའི་དབུས་སུ་འབྲུབ་ཁུང་ནག་ལ་གཏིང་ཡངས་པའི་ནང་དུ་བསྟན་པ་དང་དགོན་གནས་རྣལ་འབྱོར་པ་སྦྱིན་བདག་འཁོར་བཅས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གཅེར་བུའི་གཟུགས་ཅན། སྐྲ་བཤིག་ཅིང་ཉམ་ཆུང་བ། །འདར་ཧད་ཧད་བྱེད་པ་ཡན་ལག་ཐམས་ཅད་བཅིངས་ཏེ་མགོ་འཐུར་དུ་བལྟས་ནས་གནས་པར་གྱུར། རང་གི་ཐུག་ཀ་ནས་་འོད་ཟེར་འཕྲོས་པའི་སྣེ་ལས་ཁྲོ་བོ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་དང་ཐོ་བ་ཐོགས་པ་དཔག་ཏུ་མེད་པ་བྱུང་སྟེ་གང་ལ་དམིགས་པའི་གནོད་བྱེད་ཀྱི་དགྲ་བགེགས་དེ་དག་བཟུང་བཅིངས་བརྡེག་བཞིན་པར་བཀུག་ནས་ལིངྒ་ལ་བཅུག་པར་གྱུར། ཅེས་བརྗོད། རྒྱས་པར་ན་བདེན་བརྗོད་གྱིས་དགུགས་གཞུག་ཀྱང་བྱའོ། །འདི་ནི་ཅུང་ཟད་རྒྱས་པའི་ལུགས་ཡིན་ལ། ཤིན་ཏུ་བསྡུ་ན་ད་ལྟར་བསམ་པ་ཙམ་བྱས་ཀྱང་རུང་ངོ་། །གཏོར་གདུགས་ཡོད་དམ་མེད་ཀྱང་རུང་ལ་ཡོད་ན་དེ་ཉིད་འདེག་པ་ཙམ་མ་གཏོགས་ལྷ་བཏེག་རྒྱུ་ནི་མེད་དོ། །དེ་ནས། ཧཱུཾ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །སོགས་ཀྱིས་བསྐུལ་བའམ་མིན་ཡང་རུང་སྟེ། གཏོར་མ་ཕྲག་གོང་གཡས་སུ་འཕྱར་ཏེ་རྡོར་རའི་སྒབ་བཏེགས་པའི་ཕྱི་རོལ་ནས་རྔམ་བརྗིད་དང་ལྡན་པས་གཏོར་རྩེ་ཚུར་མི་ལྡོག་པའི་ཚུལ་གྱིས་དགྲ་བགེགས་དངོས་གནས་སུ་བསམ་པ་དེའི་སྟེང་དུ་འཕངས་པས་བཤང་ལམ་ནས་ཞུགས་ཏེ་སྙིང་ཀའི་རྣམ་ཤེས་མར་མེ་ལྟར་ཡོད་པ་དེ་ཉིད་ལ་ཕོག་པས་ནག་ཐུམ་གྱིས་སོང་བར་བསམ་ཞིང་། དེ་དང་མཉམ་དུ་ཟོར་ཆུང་མང་པོ་་ཐོག་ལྟར་བྱུང་ནས་གནོད་བྱེད་ཀྱི་རིགས་ཐམས་ཅད་བརླག་པར་བསམ་མོ། །དེ་ནས་དགྲ་བགེགས་ཀྱི་རྣམ་ཤེས་འཆི་བ་འོད་གསལ་གྱི་ངོ་བོར་གནས་པ་དེ་ཉིད་རང་གཤིན་རྗེ་གཤེད་དུ་གསལ་བའི་བདེ་སྟོང་གི་ཡེ་ཤེས་དང་དབྱེར་མེད་དུ་འདྲིས་ཏེ། སླར་ཡང་གི་སྙིང་ཁ་ནས་ཟུར་དུ་བྱེ་ནས་བདེ་བ་ཅན་ནམ་མངོན་དཀའ་སོགས་སུ་སོང་བར་བསམ་པ་ནི་དེ་ལ་ཕན་གདགས་པའོ། །གསད་བྱ་བ་སྒྲལ་བའི་ཤ་རུས་སོགས་ནི་ཆོས་སྐྱོང་འཁོར་བཅས་ཀྱིས་གསོལ་བའམ་སྤྲུལ་པའི་བྱ་རྒོད་སོགས་ཀྱིས་ཟ་ཞིང་ཁྱེར་བའམ་ཅི་རིགས་སུ་བསམ་པར་བྱའོ། །དེ་ནས་ཞྭ་དང་གོས་བརྡབ་པའམ། ཡང་ན་གཡོ བ་དང་ལན་གསུམ་གཡོབ་ཅིང་། ཞལ་ཚུར་ལ་ཕྱོགས་ཏེ་ༀ་བཛྲ་རཀྵ་རཀྵ། ༀ་ཛྭ་ལ་རཀྵ་རཀྵ་ཞེས་བརྗོད་ནས་རྡོ་རྗེའི་ར་བའི་སྒབ་བཏེག་པ་སླར་ཕབ་པའི་མོས་པ་བྱ་ཞིང་། རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པའི་སྲུང་བའི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར་པར་བསམས་ལ། ངག་གཞན་བཅད་ཧྲཱིཿཥྚཱིཿབཟླ་ཞིང་ཕྱི་མིག་མེ་བལྟ་བར་ནང་དུ་འོངས་ནས་སྲུང་འཁོར་རྒྱས་པར་ན། ཧཱུཾ་སྟེང་ཡང་རྡོ་རྗེའི་གུར་ཁང་ལ། འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། ཕྱོགས་མཚམས་རྡོ་རྗེའི་ར་བས་བསྐོར། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ༀ་བཛྲ་རཀྵ་རཀྵ་ཧཱུཾ། སྟེང་ཡང་རལ་གྲིའི༴ འོག༴ ཕྱོགས༴ རལ་གྲིའི༴ ༀ་ཁདྒ་རཀྵ༴ སྟེང་ཡང་འཁོར་ལོའི༴ འོག༴ ཕྱོགས༴ འཁོར་ལོའི༴ ༀ་ཙཀྲ༴ སྟེང་ཡང་མདའ་ཡི༴ འོག༴ ཕྱོགས༴ མདའ་ཡི༴ ༀ་སྭ་ར༴ སྟེང་ཡང་མེ་ཡི༴ འོག༴ ཕྱོགས༴ མེ་ཡི༴ ༀ་ཛྭ་ལ་རཀྵ་རཀྵ་ཧཱུཾཾ་ཞེས་བརྗོད། དེ་ནས་ཐུན་པའི་དངོས་གྲུབ་མ་འདོན་ཅིང་མཆོད་རྫས་བྱིན་གྱིས་བརླབས་ནས་འབུལ། མངའ་གསོལ་བྱ་བ་ནི། ཧཱུཾ་འཇམས་དབྱངས་བཀའ་སྡོད་སྟོབས་ཆེན་གཤིན་རྗེའི་གཙོ། །ཁྱོད་ནི་དྲིན་ཅན་རྩ་བརྒྱུད་བླ་མ་དང་། །རབ་འབྱམས་རྒྱུད་སྡེ་བཞི་དང་ཡོང་འབྲེལ་བའི། །ཡི་དམ་ལྷ་ཚོགས་ངོ་བོར་མངའ་གསོལ་ལོ། །དྲན་པ་ཙམ་གྱིས་མཆོག་དང་ཐུན་མོང་གི །འདོད་རྒུའི་ཆར་འབེབས་སངས་རྒྱས་ཆོས་ཚོགས་དང་། གནས་གསུམ་དཔའ་བོ་མཁའ་་འགྲོ་ཆོས་སྐྱོང་བའི། །བསྟན་སྲུང་ཀུན་གྱི་གཙོ་བོར༴ སྲིད་གསུམ་སྐྱེེ་འགྲོའི་སྲོག་ལ་དབང་བསྒྱུར་ཞིང་། །དགེ་སྡིག་ཤན་འབྱེད་བསྟན་དགྲ་ཀུན་གྱི་གཤེད། །བསྟན་འཛིན་བུ་བཞིན་སྐྱོང་བའི་དམ་ཚིག་ཅན། །རྣལ་འབྱོར་དགྲ་ལྷ་ཆེན་པོར༴ །ཁྱད་པར་རྒྱལ་བ་གཉིས་པ་གཙོང་ཁ་པའི། །བསྟན་དང་བསྟན་འཛིན་་ཡོན་མཆོད་མ་ལུས་པ། །བུ་སྟར་བརྩེ་བས་སྲུང་ཞིང་སྐྱོང་མཛད་པ། །བསྟན་སྲོག་དཔའ་བོ་ཆེན་པོར༴ །མདོར་ན་རྣལ་འབྱོར་མི་ནོར་དགོན་གནས་བཅས། །ལྷ་ཆེན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ལ། །བཅོལ་ལོ་བལྟོས་སོ་རྟག་ཏུ་གཉེར་མཛོད་ལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །ཞེས་པ་དང་། ཤིས་བརྗོད་ཀྱང་བྱའོ། །དེ་ནི་གཏོར་མ་ལྷར་མ་བསྐྱེད་པའི་ལུགས་ཡིན་ལ། ལྷར་བསྐྱེད་པར་འདོད་ན་གཏོར་ཆེན་གྱི་མདུན་དུ་འབུལ་གཏོར་གྲུ་གསུམ་པ་ཤ་ཁྲག་གིས་བརྒྱན་པ་བཤམ་དགོས་ཤིང་། ཐོག་མའི་མཆོད་གཏོར་བྱིན་རླབས་ཀྱི་རྗེས་སུ། འཕེན་གཏོར་ཧྲཱིཿཥྚཱིཿས་བསངས། སྭ་བྷཱས་སྦྱངས། །སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཡ་ལས་་ཐོད་དབྱུག་སོགས་བསྐྱེད་ཚུལ་རྒྱས་བསྡུས་ཅི་རིགས་ཀྱིས་ཆོས་རྒྱས་འཁོར་བཅས་སུ་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ནས། ས་མ་ཡ་སྟྭཾ་གྱི་བར་དང་། ༀ་ཀཱ་ལ་རུ་པ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾཾ་སྭཱཧཱ་ནས། ཤཏྤའི་བར་དང་། ནང་མཆོད་ཀྱང་དབུལ་ལོ། །དེ་ནས། འཇམ་དཔལ་བཀའ་ཉན་མ་སོགས་ཀྱིས་བསྟོད་དེ། ཕྱོགས་སྐྱོང་སྤྱན་དྲངས་ནས་དྲུག་ཅུ་བ་དང་གཏོར་ཆུང་ཆོས་རྒྱལ་འཁོར་བཅས་ལ་འབུལ་བ་སོགས་སྔར་བཞིན་ཡིན་ཡང་། སྐབས་དེར་ཟོར་བསྐྱེད་གཞག་ནས་ཟོར་བསྒྱུར་སོགས་བྱས་ཏེ། གཏོར་མ་འཕེན་པར་ཕྱིན་པའི་ཚེ་དགུག་གཞུག་གི་རྗེས་སུ། ཧཱུཾ་བཛྲ་ཨུད་ཏིཥྛ། ཞེས་པས་གཏོར་གདུགས་ལྟག་པའི་ཕྱོགས་སུ་བཏེག་པའི་ཚེ། ཆོས་རྒྱལ་འཁོར་བཅས་རྣམས་་སུ་དམག་དཔུང་གི་ནང་དུ་བཞུགས་པར་བསམས་ལ། གཏོར་མ་ཟོར་དུ་བསྐྱེད་པ་སོགས་བྱའོ། །དེ་ལྟ་བུའི་གཏོར་ལས་འདི་ནི་དགོན་སྡེ་ལྟ་བུ་སྤྱིིའི་དོན་དུ་ཡིད་ན། དགྲ་བགེགས་གང་ལ་དམིགས་ཀྱང་བྱར་རུང་ལ། དེར་མ་ཟད་ལྕགས་མཐར་དང་དྲག་པོའི་སྦྱིན་སྲེག་སོགས་ཀྱི་སྒོ་ནས་ཀྱང་དྲག་ལས་བྱེད་པའང་དེ་ལྟར་རོ། །བསྟན་པ་དང་སེམས་ཅན་ལ་ཕན་མི་ཐོགས་པའི་གང་ཟག་རེ་རེ་གཉིས་རེ་ཙམ་གྱི་ཆེད་དུ་རང་དགར་དུ་དགྲ་ལ་དམིགས་པའི་དྲག་ལས་མི་རུང་ཡང་། གདོན་བགེག་ལ་དམིགས་པའི་དྲག་ལས་ནི་གང་ཟག་རེ་རེ་བ་གཞན་གྱི་ཆེད་དུའང་རུང་ངོ་། །སྦྱིན་སྲེག་ལ་བརྟེན་ནས་དྲག་ལས་ཅུང་ཟད་བྱེད་ན་དྲག་པོའི་སྦྱིན་སྲེག་སྟབས་མ་བདེ་བའི་ཚེ་ལས་ཐམས་ཅད་པའི་སྦྱིན་སྲེག་ལ་བརྟེན་ནས་བྱ་སྟེ། དེ་ཡང་རྗེའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལས། ལས་ཐམས་ཅད་ནི་བའི་ཐབ་ནི་རྒྱ་དང་དབྱིབས་ཞི་བའི་ཐབ་དང་འདྲ་ཡང་ཞེས་་སོགས་གསུངས་པ་ལྟར། །དེ་ལ་ཞི་བ་ལས་ཐམས་ཅད་པ་སོགས་བཞི་ཡོད་ཀྱང་བཞི་ཀའང་ཐབ་ཀྱི་དབྱིབས་དང་རྒྱ་དཔངས་ནི་ཞི་བ་དང་འདྲ་བ་ལ། མུ་རན་ལ་གེ་སར་ཟེའུ་དང་བཅས་པ་དང་། ཁ་ཁྱེར་པད་འདབ་ཀྱི་དབྱིངས་ལྟ་བུ་་དང་། ནང་དུ་རྡོར་འཕྲེང་གིས་བསྐོར་བའི་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི། སྣ་ཚོགས་རྡོ་རྗེ། དབུས་སུ་ཁྲོ་བོའི་རྡོ་རྗེའམ་རྡོ་རྗེ་རྩེ་ལྔ་བ། ཁ་ཁྱེར་གྱི་སྟེང་གི་མཚམས་རྣམས་སུ་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་རྩེ་གསུམ་པའམ་རལ་གྲི་འབྲིའོ། །ཐབ་དང་ལྷའི་ཁ་དོག་ནི་ལས་བཞི་གང་བྱེད་པ་དེའི་མདོག་དང་བསྟུན་ནས་སོ། །ཡང་དངོས་གྲུབ་རྒྱ་མཚོ་ལས། འོད་སྙེར་ཐབས་ཀྱིས་བཞི་དང་བུད་ཤིང་དང་མེའི་སྐབས་སུ་ལས་་ཐམས་ཅད་པ་ལ་ལས་སོ་སོ་དང་རྗེས་སུ་མཐུན་པར་བྱ་བར་གསུངས་པ་ཙམ་ལས། ལས་བཞི་ཀ་འོད་མི་འོང་མི་གསལ་ཡང་བཞི་ག་ཡོད་པ་ཡིན་ཏེ། ཞེས་གསུངས་ནས་རྡོ་རྗེ་འཕྲེང་བའི་ལུང་དྲངས་པ་ལྟར་ན། དྲག་པོ་ལས་ཐམས་ཅད་པའི་ཐབ་ཏུ་མ་ཟད། ཞི་བ་ལས་ཐམས་ཅད་པའི་ཐབ་ཏུ་ཡང་དྲག་ལས་བྱར་རུང་བར་མངོན་ཏེ་བརྟག་གོ །སྦྱིན་སྲེག་ཐམས་ཅད་ལ་ཡམ་ཤིང་་དང་མར་ཁུ་ངེས་པར་དགོས་ཀྱང་། རྫས་གཞན་རྣམས་ཚང་དགོས་པའི་ངེས་པ་མེད་པར་གསུངས་ཤིང་། མར་ཁུ་ཞེས་པས་ནི་འབྲུ་མར་ཡང་སྡུད་དོ། །ལིངྐ་བསྒྲལ་བར་འདོད་ན་ཟན་དང་ཤོག་ལིང་གང་བྱེད་སྐབས་དང་བསྟུན་ནས་་དགུག་གཞུག་སྤེལ་ཚིག་སྦྱོར་ཚུལ་སོགས་ཀྱང་སྐབས་ཐོབ་ཀྱིས་བྱ་སྟེ། འདིར་ཁུངས་བསྟན་པ་ཙམ་བྱས་ཀྱི། རྒྱས་པར་མི་བརྗོད་དེ་གཞན་དུ་ཤེས་པར་བྱའོ། །རྒྱལ་བའི་ཡབ་གྱུར་འཇམ་དཔལ་ཞི་ཁྲོ་ཡི། །བཀའ་སྡོད་ལས་ཀྱི་གཤིན་རྗེ་ལ་བརྟེན་ནས། །ཟོར་ལས་བྱང་ཚུལ་འཕྲོས་དང་བཅས་པ་ནི། །ཅུང་ཟད་བརྗོད་འདི་གཞན་ལ་ཕན་ཐོགས་ཤོག །ཅེས་པ་འདི་ཡང་། ཅོ་ནེའི་སློབ་དཔོན་པ་གྲགས་པ་བཤད་སྒྲུབས་ཅེས་བྱ་བས་དགོན་སྡེ་ཕན་ཚུན་སོགས་ཀྱི་དོན་གཉེར་ཅན་འགའ་ལ་ཕན་འདོད་ཀྱི་བསམ་པས། རང་དགོན་ནས་འཇུག་པར་བདེ་ཁུལ་དུ་བྱས་ནས་བསྒྲིགས་པའོ།། །།མངྒལཾ། དགེ་ལེགས་འཕེལ།། །།


previousཆོས་རྒྱལ་ལ་བརྟེན་པའི་ཟོར་ལས་གནམ་ལྕགས་ཐོགས་འབེབ།next