Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
རྣམ་སྲས་མངོན་རྟོགས།
   


 
previousརྣམ་སྲས་མངོན་རྟོགས།next

རྣམ་སྲས་མངོན་རྟོགས།

རྣམ་སྲས་མངོན་རྟོགས་བཞུགས།

ན་མོ་བཛྲ་པ་ཎི་ཡེ། །རྒྱལ་བ་ཀུན་གྱི་གསང་བའི་མཛོད། །འཛིན་མཛད་ཕྱག་ན་རྡོ་རྗེའི་སྤྲུལ། །རྒྱལ་ཆེན་རྣམ་མང་ཐོས་སྲས་ལ། །འདུད་ཀྱིས་འདོད་རྒུའི་མཆོག་སྦྱིན་མཛོད། །འདིར་སྟོན་པ་ཉིད་ཀྱི་དྲུང་ནས་ལན་དུ་མར་འཇིག་རྟེན་སྐྱོང་ཞིང་བསྟན་པ་སྲུང་བར་ཞལ་གྱི་བཞེས་པའི་ནོར་གྱི་བདག་པོ་རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ་མཆོད་བསྟོད་ཇི་ལྟར་བྱ་བའི་རིམ་པ་དགོན་སྡེ་འདིའི་འདོན་ཚུལ་དང་མཐུན་པར་བརྗོད་པར་བྱ་སྟེ། དེ་ཡང་རྒྱལ་པོ་་འཁོར་བཅས་ཀྱི་ཕོ་བྲང་དང་བཅས་པའི་སྐུ་སོགས་བཀྲམ། མཆོད་གཏོར་སོགས་གཞུང་འདི་ཉིད་ནས་འབྱུང་བ་ལྟར་གྲུབ་ན་ལེགས་ཤིང་། མིན་ཀྱང་ཅི་་འགྲུབ་བཤམས་ལ། བདག་བསྐྱེད་ཕྱག་རྡོར་རམ། འཇིགས་བྱེད་གང་བྱས་ཀྱང་རུང་ལ། མཆོད་པ་ལས་སྔགས་ཀྱིས་བསངས། །སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིག་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག་ཅེས་སོགས་རྒྱུད་སྡེ་འོག་མ་ལྟར་བྱིན་གྱིས་བརླབས་ལ། རྟེན་བསྐྱེད་པ་ནི། ཨ་མྲྀ་ཏ་འམ། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི་རྟ་བབས་བཞི་དང་བཅས་པ། འཁོར་ས་རིམ་པ་གསུམ་དང་ལྡན་པའི་དབུས་ན་ཁང་བུ་བརྩེགས་པ་དགུ་ཡོད་པའི་དབུས་མའི་ཕོ་བྲང་སུམ་བརྩེགས་སུ་གནས་པའི་རྩེ་མོར་ནོར་བུ་རིན་པོ་ཆེའི་ཏོག་གིས་སྦྲས་པ། ལོགས་རྣམས་སུ་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་ཞིང་མདའ་ཡབ་པུ་ཤུ་དང་ལྡན་པ། ཤར་ཤེལ། ལྷོ་བཻཌཱུཪྱ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པའི་ཀ་བ་ཉིས་སྟོང་ལྔའི་བརྒྱས་ཕྱོགས་རེ་ནས་བརྒྱན་པ། གཏེར་གྱི་ཁང་བ་བཅོ་ལྔ་དག་གི་སྤྲས་པ་དེའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་་དུ། བུམ་པ་བཟང་པོ་བརྒྱད། དཔག་བསམ་གྱི་ཤིང་བརྒྱད། རིན་པོ་ཆེའི་ལྗོན་ཤིང་བརྒྱད། རྫིང་བུ་བཟང་པོ་རིན་པོ་ཆེའི་ལྗོན་ཤིང་མེ་ཏོག་དང་ལྡན་པ་བརྒྱད། འདོད་འཇོའི་བ་བརྒྱད་རྣམས་སྤེལ་མར་གནས་པའི་ཕྱི་རོལ་ནས་རིན་པོ་ཆེའི་རྭ་བ་གྲུ་བཞི་པས་བསྐོར་བ། ཕོ་བྲང་དབུས་མའི་ནང་དུ་ཧྲཱིཿལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བཻ་སེར་པོ་ལས་བྱུང་བའི་རྒྱལ་མཚན་བཻས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་བཻ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་ངལ་བསོས་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་རིན་པོ་ཆེའི་རྒྱལ་མཚན་འཛིན་ཅིང་། གཡོན་རིན་པོ་ཆེ་སྣ་ཚོགས་སྐྱུག་པའི་གཏེར་གྱི་ནེའུ་འཛིན་པ། སེང་གེ་ཉལ་བ་ལ་དེ་ཉིད་ལ་བལྟ་བའི་སྟེང་ནས་སེམས་དཔའི་སྐྱིལ་མོ་དཀྲུངས་གིས་བཞུགས་པ། ཞལ་ནས་རིན་པོ་ཆེའི་ཆར་འབེབས་པས་སྐྱེ་དགུ་ཐམས་ཅད་ཕོངས་པ་ལས་སྒྲོལ་ཞིང་། དབུ་ལ་རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་ཤིང་། ཕྲག་གོང་གཉིས་ནས་ཉི་མ་དང་ཟླ་བས་བརྒྱན་པ། ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ། ཤར་གྱི་ཁང་བརྩེགས་ཀྱི་ནང་དུ་པདྨའི་གདན་ལ་ཛམྦྷ་ལ་སེར་པོ་གཡས་རིན་པོ་ཆེ་བསྣམས་པ། ལྷོར་གང་བ་བཟང་པོ་སེར་པོ་གཡས་བུམ་བཟང་བསྣམས་པ། ནུབ་ཏུ་ནོར་བུ་བཟང་པོ་དགུ་ཚིག་གཡས་ནོར་བུ་བསྣམས་པ། བྱང་དུ་ཀུ་བེ་ར་ནག་པོ་གཡས་རལ་གྲི་བསྣམས་པ། ཤར་ལྷོའི་ཡང་དག་ཤེས་སེར་པོ་གཡས་གསེར་གྲི་བསྣམས་པ། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་གཡས་རིན་པོ་ཆེའི་མདུང་བསྣམས་པ། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་གཡས་ཁང་བརྩེགས་བསྣམས་པ། བྱང་ཤར་དུ་འཇམ་པོ་འཁྱིལ་བ་དཀར་པོ་གཡས་གྲི་ཕུབ་བསྣམས་པ། ཐམས་ཅད་ཀྱང་གཡོན་པས་གཏེར་གྱི་ནེའུ་ལེ་བསྣམས་པ། རང་རང་གི་སྐུ་མདོག་དང་མཚུངས་པའི་རྟ་ལ་ཆིབས་ཤིང་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། དཔའ་ཞིང་བརྗིད་ལ་རྔམས་པ། མི་སྡུག་པའི་ཆ་བྱད་ཅན། འཁོར་ས་བར་པ་ལ་གནོད་བྱིན་བྱེ་བའི་ཚོགས་དང་། འཁོར་ས་ཐ་མ་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་སྲིན་པོའི་གཟུགས་ཅན་དྲག་ཏུ་ཁྲོས་ཤིང་རྔམས་པ། ཕྱག་གཡས་ན་མཚོན་ཆ་སྣ་ཚོགས་པ་འཛིན་ཅིང་། གཡོན་ཐམས་ཅད་ནེའུ་འཛིན་པ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ་མགྲིན་པར་ཨ༔དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་་འོད་ཟེར་འཕྲོས་པའི་སྣེ་ལ་ཁྲོ་བོ་འདོད་རྒྱལ་དམར་པོ་ལྕགས་ཀྱུ་དང་ཞགས་པ་་ཐོགས་པ་སྤྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྐད་ཅིག་སྤྱན་དྲངས་པར་བསམས་ལ། སྦྱར་སྤོས་བསྲེག རོལ་མོ་དབྱངས་དང་བཅས་པས། ༈ བཻ །ས་འཛིན་དབང་པོའི་བྱང་གི་ཕྱོགས། །རིག་སྔགས་འཆང་བ་ཀུན་གྱི་གནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ནོར་གྱི་བདག་པོ་རྣམ་ཐོས་སྲས། །འཁོར་དང་བཅས་པ་སྤྱན་འདྲེན་ན། །རྣལ་འབྱོར་བདག་ལ་བརྩེར་དགོངས་ལ། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིང་བས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་བསྲུང་བ་དང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་གི་ཕྱོགས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གོསལ། །ༀ་བཻ་ཤྲ་ཝ་ཎ་ཡེ་ས་པ་རི་ཝཱ་ར་ཛཿཛཿཛཿ ཛཿཧུཾ་བཾ་ཧོ། ༀ་བཻ་སྭཱཧ། ༀ་བཻ་ཤྲ་ཝ་ཎ་ཡེ་ཨ་ཀཪྵཱ་ཡ་ཛཿ ཞེས་བརྗོད་ཅིང་། བཻ་རིང་པོ་བརྗིད་བ ག་དང་བཅས་པ་མིག་འཛུམ་སུམ་ཅུ་སོ་གཉིས་ཀྱི་བར་དུ་བརྗོད་པས། རྒྱལ་པོའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་འདབ་མ་རེ་རེར། བཻ་བཞི་བཞི་བསམ་ཞིང་། དམ་ཚིག་པ་དང་ཡེ་ཤེས་པའི་ཐུགས་ཀར་འོད་ཟེར་གྱི་ལྕགས་ཀྱུས་སྤྲེལ་བར་བསམ་མོ། །དེ་ནས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་བསམ་ཞིང་། ༀ་རཏྣ་མུ་ཀུ་ཏྲ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད། དེ་ནས་མཆོད་པ་འབུལ་བ་ནི། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་བཟང་པོའི་བསང་གཏོར་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ༀ་བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་པྲོཀྵ་ཎཾ་པྲ་ཏཱི་ཙྪ་ཡ་ཨཱཿཧཱུཾ། དེ་བཞིན་དུ་བསང་གཏོང་གི་ག ནས་སུ། མཆོད་ཡོན། ཞབས་བསིལ། མེ་ཏོག་སོགས་དང་། པྲོཀྵ་ཎཾ་གྱི་གནས་སུ་ཨརྒྷཾ། པཱདྱཾ། ཨཉྫ་མ་ཎཾ། པུཥྤེ་སོགས་སྦྱར་ནས་རོལ་མོའི་བར་དུ་དབུལ། རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་དང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ༀ་བཻ་ཤྲ་ཝ་ཎ་ས་པ་རི་ཝ་ར་ཨཥྚ་མཾ་ག་ལ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པས་བཀྲ་ཤིས་རྟགས་བརྒྱད་དང་། ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང་། །ཅང་ཤེས་རྟ་དང་ཐེག་ཆེན་གླང་། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །དམག་དཔོན་རིན་ཆེན་སྣ་བདུན་རྣམས། །བདག་གི་བསམ་པ་རྫོགས་པའི་ཕྱིར། །རྒྱལ་ཆེན་སྲས་དང་བཙུན་མོར་བཅས། །འཁོར་དང་བཅས་པ་བཞེས་སུ་གསོལ། །ས བྟ་རཏྣ་སོགས་ཀྱིས་རིན་ཆེན་བདུན་འབུལ། །རབ་་འབྱམས་ཞིང་ན་ཡིད་འོང་གཟུགས་མཛེས་མཆོག །རྣར་སྙན་ཡིད་འབབ་སྒྲ་སྙན་གང་ཡོད་དང་། །དྲི་ཞིམ་ངད་ཀྱིས་སྟོང་གསུམ་ཡོངས་གང་ཞིང་། །རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་དང་། །འཇམས་མཉེན་འཁྲིལ་ཆགས་ལྷ་རྫས་ན་བཟའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་པ་བཞིན། །རྒྱལ་ཆེན་འཁོར་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་མི་ཟད་གཏེར་ལ་ལོངས་་སྤྱོད་ཤོག །ༀ་བཻ༴ པཉྩ་ཀ་མ་གུ་ཎ་པུ་ཛི་ཏེ་ཨཱཿཧཱུཾ་གིས་འདོད་ཡོན་ལྔ་འབུལ། དེ་ནས་ཡན་ལག་བདུན་པ་བྱ་བ་ནི། རྒྱ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང་། །སྤྲིན་བྲལ་ཉི་མ་སྟོང་གི་གཞི་ལྡན་པ། །འདོད་དགུའི་ཆར་འབེབས་ཁྱོད་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཡིད་འོང་ལྷ་རྫས་དངོས་ཀུན་དང་། །བཀའ་འབངས་བྲན་སླད་རང་ལུས་ཉེར་བསྡོགས་བཅས། །མ་ཆགས་མི་ཞུམ་ཟབ་དང་རྒྱ་ཆེའི་ཕྱིར། །དགོངས་ཆེན་བསྒྲུབ་ཕྱིར་དགེ་ཚོགས་རྒྱ་མཚོས་མཆོད། །རང་གི་རྒྱུ་སྔོན་མ་བསགས་་འབྲས་འདོད་དང་། །དོན་མེད་དོན་ལོག་ཅུང་ཟད་དོན་གྱི་ཕྱིར། །ཧ་ཅང་་འདོད་ཆེན་བསྐྱེད་དང་ཆོག་མི་ཤེས། །བསམ་སྦྱོར་ནོངས་པ་གང་བགྱིས་མཐོལ་ལོ་བཤགས། །ལྷ་ཀླུ་མི་རྣམས་འཇིགས་དང་ཕོངས་པ་ལས། །མྱུར་སྐྱོབ་འཇིག་རྟེན་སྐྱོང་རྒྱལ་འཇིག་རྟེན་ལས། །ཀུན་སྒྲོལ་ཀུན་ལ་ཕན་དང་བདེ་་སྟེར་བ། །འཕྲིན་ལས་རྒྱུན་ཆད་མེད་ལ་རྗེས་ཡི་རང་། །སྣ་ཚོགས་ཡ་ང་འཇིགས་དང་མགོན་མེད་དང་། །སྡིག་སྡུག་བྲེལ་འཕོངས་བརྒྱས་གཟིར་སྐལ་ངན་རྣམས། །དབུགས་དབྱུང་སླད་དུ་ཐུགས་གསུང་སྐུ་དང་འོད། །ཉི་ཟླ་ནེའུ་ལེ་རྒྱལ་མཚན་རྣམ་རོལ་བསྐུལ། ཁྱོད་སྐུ་ཁྲོ་དང་འཛུམ་དང་བརྗིད་མཛེས་འགྱིང་། །སྒེག་དུལ་བརྟན་འཇིགས་དཔའ་བོའི་གར་དགུ་ཡིས། །མི་བསྲུན་ཚར་གཅོད་སྐལ་ལྡན་རྗེས་བཟུང་ཕྱིར། །བསྐལ་བརྒྱར་མྱ་ངན་མི་འདའ་བདག་གསོལ་འདེབས། །དེ་ལྟར་འགྲོ་སྐྱབས་ཁྱོད་ལ་འགྲོ་བདེའི་སླད། །ལྷ་མཆོག་ལྷག་པའི་ལྷར་བཟུང་བསྙེན་བཀུར་བས། །བདག་སོགས་མགོན་མེད་མགོན་མཛོད་རྟག་ཏུ་ཡང་། །ཤེས་རབ་ཐུགས་རྗེས་མི་བསྣེལ་མི་གཏོང་ཤོག །དེ་ནས་ཡིག་བརྒྱ་བརྗོད་ཅིང་བཤགས་པ་བྱ་བ་ནི། བཻ་བྱང་ཕྱོོགས་སྐྱོང་བ་གསེར་ལྟར་མཛེས་པའི་སྐུ། །དྲི་མེད་ཉི་ཟླ་ལྟ་བུ་འོད་ཟེར་འཕྲོ། །སྒྲུབ་མཆོག་སྐྱོང་ཕྱིར་རྒྱལ་མཚན་ནེའུ་ལེ་འཛིན། །བསྟན་བསྲུང་གནོད་སྦྱིན་འཁོར་་དང་བཅས་ལ་འདུད། །རྒྱལ་པོ་ཁྱོད་ཀྱི་སྐུ་གསུང་ཐུགས་དང་ནི། །སྤང་ཞིང་བླང་བའི་དམ་ཚིག་བསྲུང་མཚམས་ལས། །རྣལ་འབྱོར་མི་བརྩོན་དབང་གིས་འདས་སྲིད་ན། །བཟོད་པ་བཞེས་ཤིང་བུ་བཞིན་སྐྱོང་བར་མཛོད། །དང་པོ་སྤང་བར་བྱ་བའི་དམ་ཚིག་ལས། །རོ་ལ་འཇུས་ཤིང་རོ་གོས་གྱོན་པ་དང་། རྟ་ནག་ཞོན་ཅིང་རེ་ནག་བཏིང་བ་དང་། ཞྭ་ནག་གོས་ནག་གྱོན་པ་མཐོལ་ལོ་བཤགས། །རྟ་བོང་ཤ་ཁྲག་ཟོས་ཤིང་འཐུངས་པ་དང་། །ཡུག་མོས་བཅོས་པའི་ཁ་ཟས་ཟོས་པ་དང་། །གས་ཤིང་ཆག་པའི་སྣོད་དུ་ཟོས་པ་རྣམས། །རྒྱལ་ཆེན་ཁྱོད་ཀྱི་སྐུ་ལ་བཟོད་པར་གསོལ། །དང་དུ་བླང་བའི་དམ་ཚིག་ལས་འདས་ཏེ། །བསྙེན་པ་མ་ཐེངས་གནད་ལ་བོར་བ་དང་། །སྦྱིན་པ་མ་བཏང་འདོད་ཆེན་ནོར་བླངས་དང་། །དུས་སུ་མཆོད་གཏོར་མ་བྱས་བཟོད་པར་གསོལ། ཁྱོད་ཀྱི་རྟེན་མཆོག་འཆང་བར་དམ་བཅས་ནས། །ཕྱི་ནང་གསང་བའི་རྟེན་གསུམ་མ་རྙེད་དང་། །རྙེད་ཀྱང་ལུས་ལ་མ་བཅིངས་བྲལ་བ་དང་། །ལུང་ཐང་ཕྲེང་བས་མ་བགྲངས་བཟོད་པར་གསོལ། །མདོར་ན་ཆོས་སྐྱོང་ཁྱོད་ཀྱི་དམ་ཚིག་ལས། །འགའ་ཞིང་ཉམས་པར་གྱུར་པ་ཅི་མཆིས་པ། །གནོད་སྦྱིན་ཁྱོད་ལ་བཟོད་པར་གསོལ་ལགས་ཀྱི། །ཚངས་པར་བསྩལ་ནས་གྲུབ་མཆོག་སྩལ་དུ་གསོལ། །དེ་ནས་བསྐང་རྫས་རྣམས་བསང་་སྦྱངས། སྟོང་པའི་ངང་ལས་བསྐང་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་རྒྱལ་པོ་ཆེན་པོ་ངལ་བསོས་པོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས། སྤྱན་གཟིགས། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཞིག་རྒྱལ་ཆེན་འཁོར་དང་བཅས་པའི་སྤྱན་ལམ་་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ༀ་སརྦ་བིད་པཱུ་ར་པཱུ་ར་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས བརླབ་ཅིང་། རྒྱས་པར་བྱེད་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་ཀྱང་བྱིན་གྱིས བརླབ་བོ། །དེ་ནས་རོལ་མོ་་དབྱངས་དང་བཅས་ཏེ་འབུལ་བ་ནི། ཧཱུཾ་རིན་ཆེན་མང་སྤྲུལ་རྒྱལ་པོ་ཆེན་པོ་སྟེ། བདེ་མཛད་སྲིད་གསུམ་ཕོངས་དང་རྒུད་པ་ལས། །མྱུར་སྐྱོབ་བཀྲ་ཤིས་དཔལ་འབར་བདེ་སྟེར་བ། །མགོན་པོ་སིདྡྷིའི་གཏེར་མཆོག་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོངས་གྱུར་ནས། །བདག་ཅག་སྒྲུབ་པ་པོ་ལ་་དངོས་གྲུབ་སྩོལ། །གོས་སྔོན་ལུང་ཐང་ཕྲེང་བ་ཅང་ཤེས་རྟ། །འདོད་འཇོའི་བ་དང་གཏེར་བུམ་དཔག་སམ་ཤིང་། །ཁྲུས་ཀྱི་རྫིང་བུ་གཙུག་ལག་ཁང་ཆེན་་དང་། །གསང་ཆེན་བྲིས་སྐུ་དམ་པས་ཐུགས་དམ་བསྐང་༴ ༴ །དོན་དམ་སྤྲོས་བྲལ་སྐྱེ་འགག་གནས་གསུམ་བྲལ། །རྡོ་རྗེ་འཛིན་དང་རྒྱལ་པོ་ཆེན་པོ་ཡང་། །ཏིང་འཛིན་འཇའ་ཚོན་ལྟ་བུར་དུས་ཀུན་སྤྱོད། །ལྟ་སྒོམ་སྤྱོད་པ་ཟབ་མོས༴ ༴ །གསང་སྔགས་བསྙེན་བསྒྲུབ་ཐུན་མོང་ཁྱད་པར་དང་། །སྐུ་གསུང་ཐུགས་དང་བྱེ་བྲག་སྤྱི་རྣམས་ཀྱི། །དམ་ཚིག་གཙང་མའི་དགེ་བ་ཅི་མཆིས་པ། །མགོན་པོ་འཁོར་དང་བཅས་པའི༴ ། རྟག་གཏོར་རྒྱུན་གཏོར་དུས་གཏོར་གཉན་པོ་དང་། །མཆོད་པ་ལྔ་དང་འདོད་ཡོན་རྣམ་ལྔ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱིས། །མགོན་པོ༴ ནས་འབྲས་གྲོ་སྲན་ཏིལ་དང་འབྲུ་ཡི་ཚོགས། །ཛཱ་ཏི་གུར་གུམ་ཙནྡན་ག་བུར་དང་། །གླ་རྩི་དྲི་ལྔ་འབྲུ་སྣ་ལྔ་དང་ནི། །བྱི་དྲི་་སིང་དྲི་ཏ་སི་དེ་བ་དང་། །ཀར་ནི་ཀར་དང་སྨན་མཆོག་རྣམ་ལྔ་དང་། །ཆུ་་ཡི་སྙིང་པོ་ལན་ཚྭ་རྩི་ཐོག་དང་། །ཤིང་ཏོག་བུ་རམ་བྲང་རྩི་ཏིལ་མར་དང་། །སྨན་ལྔ་སྙིང་པོ་ལྔ་ཡིས་ཐུགས༴ །ལུས་འཕགས་པོ་དང་འཛམ་གླིང་བ་ལང་སྤྱོད། །སྒྲ་མི་སྙན་དང་གླིང་ཕྲན་བརྒྱད་པོ་དང་། །ཉི་ཟླ་རི་རབ་ཀུན་བཟང་མཆོད་པའི་སྤྲིན། །མགོན་པོ་འཁོར་དང་༴ དངོས་གྲུབ་སྩོལ། །མི་འཇིགས་སེང་གེའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་བསྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་བའི་ལོངས་སྤྱོད་ཕུན་ཚོགས་ཤིང་། །འདོད་དགུ་ཡིད་བཞིན་འགྲུབ་པ་་དང་། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་བཟློག་པ་སྤྱི་ལྟར་བྱའམ། །མ་བྱས་ཀྱང་རུང་ལ། མཐུན་པའི་དངོས་གྲུབ་མས་དངོས་གྲུབ་ཞུ་བར་བྱའོ། །བཟླས་པའི་དམིགས་པ་བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་་འོད་ཟེར་འཕྲོས་པས་རྒྱལ་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག །དེའི་་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་སྲིད་ཞིའི་དཔལ་འབྱོར་ཕུན་་སུམ་ཚོགས་པ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀའི་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་གྱུར་པར་བསམས་སྟེ། གཟུངས་རིང་ནི། ཏ དྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ༀ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱ་ཐཱ། སུ་དྷ་ནི། སུ་ར་གེ །སུ་མ་ཏི། སུ་སུ་ཁེ། ཧི་ལི་མི་ལི་སྭཱཧཱ། སྙིང་པོ་ནི། ༀ་བཻ་ཤྲ་ཝ་ཎ་ཡེ་སྭཱཧཱ། འཁོར་ཀྱི་སྙིང་པོ་ནི། ༀ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ ཧཱ། ༀ་པུརྞ་བྷ་དྲ་ཡེ་སྭཱ ཧཱ། ༀ་མ་ཎི་བྷ་དྲ་ཡེ་སྭཱཧཱ། ༀ་ཀུ་བེ་ར་ཡེ་སྭཱཧཱ། ༀ་སུམྦ་ཛ་ན་ཡེ་སྭཱ ཧཱ། ༀ་གུ་ཧྱ་ཧ་ན་ཡེ་སྭཱཧཱ། ༀ་པཉྩི་ཀ་ཡེ་སྭཱཧཱ། ༀ་པི་ཙི་ཀུཎྜ་ལི་ཡེ་སྭཱཧཱ། བསྙེན་པའི་གྲངས་ནི། གཟུངས་རིང་ཅི་འགྲུབ་དང་། གཙོ་བོའི་སྔགས་རབ་འབུམ་ཕྲག་བཞི་བཅུའམ། མ་མཐར་སུམ་འབུམ་བཟླ་ཞིང་འཁོར་རྣམས་ལ་ནི་ཁྲི་ཕྲག་རེ་བཟླའོ། །མཐར་ཡིག་བརྒྱ་བཟླས་ནས་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་གཅིག་པ་འོད་ཀྱི་སྤུ་གུ་ཅན་དུ་གྱུར་པར་བསམས་ལ། གཞན་ཡང་འབྱུང་བ་ལྟར་རམ། བསྡུ་ན། ༀ་བཻ་ཤྲ་ཝ་ཎ་་ཡེ་སྭཱཧཱ། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་དང་། ༀ་ཛམྦྷ་ལ་ཛ་ལེནྟྲ་ཡེ་སཱཧཱ། ཞེས་པ་ནས། བཻ་ཙ་ཀུཎྜ་ལི་ས་པ་རི་ཝཱ་ར་ཨི་དམ་པ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། འཁོར་གཞན་ལ་ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ་ནས་འཕྲིན་ལས་བཅོལ་བ་ནི། ཧཱུཾ་བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་བསྐྱང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །དེ་ནས་བསྟོད་པ་ནི། ཧཱུཾ་རིན་ཆེན་དམ་པའི་ཕོ་བྲང་ནས། །མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་མདོག་གསེར་གྱི་འོད་ལས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །སྐུ་ལ་རིན་ཆེན་རྒྱན་གྱིས་བརྒྱན། །བྱང་ཕྱོགས་རྒྱལ་བོར་སྐུ་ཡང་སྤྲུལ། །རྣམ་ཐོས་སྲས་སུ་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །དབུ་ལ་རིན་ཆེན་ཅོད་པན་གསོལ། །ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །སྡེ་པོ་ཆེ་ལ་ཕྱག་འཚལ་བསྟོད། །གཞན་གྱི་དཔུང་རྣམས་འཇོམས་པར་མཛད། །སྟོབས་པོ་ཆེ་ལ༴ བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམ་ཤིང་དང་རིན་ཆེན་ཤིང་། །རྫིང་བུ་བཟང་དང་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་དང་ཡང་ན་དེའི་མཇུག་ཏུ། དཔག་མེད་་དུས་ནས་སངས་རྒྱས་ཀྱང་། །རྒྱུན་ཞུགས་ས་བརྒྱད་དབང་ཕྱུག་སོགས། །གང་མཚམས་དུ་མའི་རྣམ་རོལ་གྱིས། །རེ་བ་བསྐོང་ལ་ཕྱག་འཚལ་ལོ། །ཅེས་སྦྱར་ནའང་ལེགས་སོ། །བཻ ཛམྦྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ༴ །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི༴ གཡོན་པ་ནེའུ་ལེ༴ བུམ་པ་བསྣམས༴ ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་ཕྲུལ༴ གཡོན་པ༴ ནོར་བུ༴ ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ་ཡི༴ གཡོན་པ་ནེའུ༴ རལ་གྲི་བསྣམས་ལ༴ ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ༴ གསེར་གྲི་བསྣམས་ལ༴ འབྲོག་གནས་སྐུ་མདོག་ནག་པོ་ལ། རྫུ་འཕྲུལ༴ གཡོན་པ༴ མདུང་དམར་བསྣམས་ལ༴ ལྔས་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ་རྟ་ཡི༴ གཡོན་པ་ནེའུ་ལེ༴ ཁང་བརྩེགས་བསྣམས་ལ༴ པི་ཙི་ཀུཎྜ་ལི་ནི་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། གྲི་ཕུབ་འཛིན་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་དང་། །གཡས་ན་མཚོན་ཆ་སྣ་ཚོགས་འཛིན། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་འཁོར་བཅས་ཁྱེད་རྣམས་ཀྱིས། ཁམས་གསུམ་ཐམས་ཅད་དབང་དུ་བསྡུས། ཁྱོད་ནི་ནོར་བདག་ཆེན་པོ་སྟེ། །ནོར་བདག་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་རྣམས་མཆོད་ཅིང་གསོལ་བཏབ་པས། །མི་མཐུན་རྒུད་པའི་ཕྱོགས་ཞིང་ཞིང་། །མཐུན་རྐྱེན་འདོད་པའི་དངོས་གྲུབ་རྣམས། །འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་བསྟོད་ཅིང་འཕྲིན་ལས་བཅོལ་ལོ། །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་ཆེད་ཅོ་ནེ་དགོན་ཉིད་དུ་བསྒྲིགས་ནས་པར་དུ་བརྐོས་སོ།། །།མངྒལཾ།།


previousརྣམ་སྲས་མངོན་རྟོགས།next