Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་སྦས་པའི་དོན་ཀུན་གསལ་བའི་སྙིང་བོ་བསྡུས་པ།


 
previousབདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་སྦས་པའི་དོན་ཀུན་གསལ་བའི་སྙིང་བོ་བསྡུས་པ།no next

བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་སྦས་པའི་དོན་ཀུན་གསལ་བའི་སྙིང་བོ་བསྡུས་པ།

བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་སྦས་པའི་དོན་ཀུན་གསལ་བའི་སྙིང་བོ་བསྡུས་པ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རབ་སྔོ་ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །རབ་མཛེས་མཚམས་སྦྲིན་གཞོན་ནུས་འཁྱུད་པ་བཞིན། །རབ་བརྗིད་ཧེ་རུ་ཀ་དཔལ་ཡབ་ཡུམ་ལ། །རབ་ཏུ་དད་པས་སྤྱི་བོས་ཕྱག་འཚལ་ལོ། །གྲུབ་པ་མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །སྩོལ་མཛད་དཔའ་བོ་མཁའ་འགྲོ་ཀུན་གྱི་གཙོ། །བདེ་ཆེན་སྐུ་གསུང་ཐུགས་དང་དམ་ཚིག་གི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་གུས་པས་འདུད། །འཁོར་ལོ་སྡོམ་པའི་ལམ་གྱིས་མཆོག་བརྙེས་པ། །ལཱུ་དྲིལ་ནག་པོའི་ཞབས་སོགས་གྲུབ་ཆེན་དང་། །རྒྱལ་བ་གཉིས་པར་གྲགས་པ་ཡབ་སྲས་སོགས། །དངོས་དང་བརྒྱུད་པའི་བླ་མ་རྣམས་ལ་འདུད། །ཆེ་བའི་བློས་ཀྱང་ཤིན་ཏུ་དཔག་དཀའ་བའི། །རྒྱུད་དོན་རྒྱ་མཚོར་འཇུག་པ་རབ་དཀའ་ཡང་། །བློ་བཟང་རྒྱལ་བའི་མན་ངག་ལ་བརྟེན་ནས། །རྩ་རྒྱུད་ཟབ་མོའི་ཊིཀྐའི་སྙིང་པོ་བྲི། །དེ་ལ་འདིར་བདེ་མཆོག་རྩ་རྒྱུད་ཉུང་ངུའི་དོན་རྗེ་ཉིད་ཀྱིས་བཀྲལ་བའི་རྗེས་སུ་ཞུགས་ཏེ་སྙིང་བོ་བསྡུས་ནས་འཆད་པར་བྱ་སྟེ། དེ་ཡང་སྔོན་འགྲོ་བདེ་མཆོག་གི་རྩ་བཤད་ཀྱི་རྒྱུད་ངེས་བཟུང་ནས་དེ་དག་གིས་བརྗོད་བྱ་ཇི་ལྟར་བསྟན་པ་དང་། རྒྱུད་འདིའི་དོན་གྱི་བསྡུས་དོན་ཇི་ལྟར་བྱ་བ་སོགས་ནི་རྗེ་ཉིད་ཀྱིས་རྒྱུད་འགྲེལ་སྦས་དོན་ཀུན་གསལ་དུ་བཤད་པ་ལྟར་བདག་གིས་ཀྱང་ལོགས་སུ་བྲིས་ཟིན་པས་འདིར་ཚིག་མང་དུ་དོགས་པས་མི་འཆད་དེ། རྒྱུད་ཀྱི་ཚིག་འགྲེལ་ཙམ་གཙོ་བོར་འཆད་པར་འདོད་པས་སོ། །འདི་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྒྱུར་བ་དང་། མཚན་བཤད་པའོ། །དང་པོ་ནི། རྒྱ་གར་ནས་ནཱ་མའི་བར་ཏེ། རྒྱ་གར་ན་སྐད་རིགས་བ ཞི་ཡོད་པ་ལས་ལེགས་སྦྱར་གྱི་སྐད་དུ་ནི། རྒྱུད་འདིའི་མཚན་ལ་ཤྲཱི་ཧེ་རུ་ཀ་ནས། ནཱ་མའི་བར་ཞེས་བྱའོ། །དེ་བོད་ཀྱི་སྐད་དུ་བསྒྱུར་ན། ཤྲཱི་ནི་དཔལ། ཧེ་རུ་ཀ་ནི་ཁྲག་འཐུང་སྟེ། དེ་ཡང་ཧེ་ལ་རོལ་བ་དང་། རུ་དྷི་ར་ཁྲག་དང་། ཀ་པཱ་ལ་ཐོད་པ་ལ་འཇུག་པས། བསྡུ་ན་ཐོད་ཁྲག་ལ་རོལ་པར་འགྱུར་ཡང་ཁྲག་འཐུང་དུ་བསྒྱུར་རོ། །རཱ་ཛཱ་ནི་རྒྱལ་པོ། ཙཀྲ་ནི་འཁོར་ལོ། །སཾ་བ་ར་ནི་སྡོམ་པ། བྷི་དྷ་ནི་བརྗོད་པ། ཡོ་གི་ནི་རྣལ་འབྱོར་མ། རུད་ཏ་ར་ནི་བླ་ན་མེད་པ། སརྦ་ཏནྟྲ་ནི་རྒྱུད་ཐམས་ཅད། ཏྲོ་ད་ཅེས་པའི་ཏྲའི་ན་རོར་སོང་བའི་ཨུད་དང་སྦྱར་བས་ཡུད་ཏར་ནི་བླ་མ། སཾ་བ་ར་ནི་བདེ་མཆོག །སཾ་གྲ་ཧ་ནི་བསྡུས་པ། ནཱ་མ་ནི་ཞེས་བྱ་བ་སྟེ། དེ་ལ་མི་འདྲ་བ་ཡོད་ཀྱང་མར་དོའི་འགྱུར་གྱི་དབང་དུ་མཛད་དོ། །གཉིས་པ་མཚན་བཤད་པ་ནི། ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཕུན་སུམ་ཚོགས་པའམ་འདོད་ཅིང་བསྟེན་པར་བྱ་བས་ན་དཔལ་ལོ། །ཧེ་རུ་ཀ་ནི་བཤད་ཟིན་ཅིང་། དེའི་ངེས་དོན་ལ་ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་བའི་སེམས་ཏེ། ཞེས་སོགས་འབྱུང་བ་ལྟར་རོ། །རྒྱལ་བོ་ནི་ཁྲག་འཐུང་གི་གཙོ་བོའོ། །སྡོམ་པ་ནི་བསྡུས་པ་སྟེ། སྡོམ་རྒྱུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་མོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡང་ཡིན་པ་ནི་ཙཀྲའོ། །སྡོམ་ཚུལ་ནི་དེ་རྣམས་ངོ་བོ་དབྱེར་མི་ཕྱེད་པར་གཅིག་ཏུ་སྡོམ་པ་སྟེ། དེ་ལ་ཡང་བདེ་སྟོང་གཅིག་ཏུ་སྡོམ་པ་དང་ལྷན་སྐྱེས་ཀྱི་ཧེ་རུ་ཀ་གཅིག་གི་ངོ་བོར་སྡོམ་པ་གཉིས་སོ། །བརྗོད་པ་ནི་འཁོར་ལོ་སྡོམ་པར་གྲགས་པའོ། །རྣལ་འབྱོར་བླ་ན་མེད་པ་ནི་མ་རྒྱུད་སྟོན་པའོ། །རྒྱུད་ཐམས་ཅད་ཀྱི་བླ་མ་ནི་མ་རྒྱུད་ཐམས་ཅད་ཀྱི་གོང་མ་སྟེ་མཆོག་གོ །རྒྱུད་ཀྱི་དོན་ནི་རྒྱུན་ཆགས་པ་སྟེ། དེ་ལ་བརྗོད་བྱ་རྗོད་བྱེད་ཀྱི་རྒྱུད་གཉིས་ལས་སྡོམ་ལ་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་རྒྱུ་རྒྱུད་དང་། རིམ་གཉིས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ཐབས་རྒྱུད་དང་། ཟུང་འཇུག་གི་སྐུ་ནི་འབྲས་བུའི་རྒྱུད་དེ་གསུམ་དང་། འདིར་དེ་གསུམ་བརྗོད་བྱར་སྟོན་པའི་རྗོད་བྱེད་ཀྱི་རྒྱུད་ལ་དེའི་མིང་གིས་བརྗོད་པའོ། །སཾ་བར་ཕྱི་མ་བདེ་མཆོག་ཏུ་བསྒྱུར་བ་ནི་སཾ་སུ་ཁ་ན་བདེ་བ་དང་བ་ར་མཆོག་ལ་འཇུག་པའི་དབང་དུ་བྱས་པ་སྟེ། སྔ་མ་ལའང་ཚུལ་དེ་ཤེས་དགོས་སོ། །གཉིས་པ་འགྱུར་ཕྱག་ནི། བཅོམ་ལྡན་འདས་ནས་ཕྱག་འཚལ་ལོ་ཞེས་པའི་བར་ཏེ། བཅོམ་ལྡན་འདས་དང་དཔལ་ནི་གོ་སླ་ལ། རྡོ་རྗེ་སྟོང་པ་ཉིད་མཐར་ཐུག་པ་དང་སེམས་དཔའ་ཡེ་ཤེས་གཉིས་རོ་གཅིག་ཏུ་ཞུགས་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །གསུམ་པ་གཞུང་གི་དོན་ལ་གཉིས། །རྒྱུད་འདིར་ཐོག་མར་འདི་སྐད་སོགས་དངོས་སུ་མ་སྨོས་པའི་རྒྱུ་མཚན་དང་། ཚིག་གི་དོན་བཤད་པ་དངོས་སོ། །དང་པོ་ནི། འདི་ལ་རྒྱ་བོད་ཀྱི་མཁས་གྲུབ་དུ་མས་རྒྱུ་མཚན་མི་འདྲ་བ་འགའ་རེ་བཤད་ཀྱང་རྗེའི་ལུགས་མདོར་བསྟན་ན། །རྩ་རྒྱུད་དུ་མཚུངས་ཀྱང་ཕྱིས་རྒྱུད་རྒྱས་པ་གཉིས་ལས་བསྡུས་ནས་བཤད་ཅིང་སྔ་མའི་འཕྲོ་ལྟ་བུ་ཡིན་པས་ན་འདིར་ཐོག་མར་འདི་སྐད་སོགས་དངོས་སུ་མ་སྨོས་པ་ཡིན་ནོ། །དེ་ཡང་དངོས་སུ་མེད་པའི་དབང་དུ་བྱས་ཀྱི། མི་གསལ་བའི་ཚུལ་གྱིས་དོན་ལ་ཡོད་དེ་འཆད་པར་འགྱུར་རོ། །གཉིས་པ་ལ་གསུམ། ལེའུ་དང་པོས་རྒྱུད་དོན་ཀུན་མདོར་བསྟན་པ། ལྷག་མ་ཞེ་དགུས་རྒྱས་པར་བཤད་པ། ངག་གཅིག་པས་དོན་རྣམས་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། གཞུང་དངོས་དང་། དེའི་མཚན་བསྟན་པའོ། །དང་པོ་ལ་བཞི། །གསང་བ་བཤད་པར་དམ་བཅའ་བ། ཉན་པར་བསྐུལ་བ། ལམ་གྱི་གསང་བའི་བགྲོད་པ་རྫོགས་བྱེད་ཀྱི་ཐབས། གསང་བ་སྒྲུབ་པའི་གནས་བསྟན་པའོ། །དང་པོ་ནི། དེ་ནས་དེ་ལས་ནས་རྒྱས་པ་མིན་ཞེས་པའི་བར་ཏེ། དོན་ནི། དེ་ནས་ཞེས་པའི་སྐད་དོད་ཨཱ་ཐ་ཞེས་ཡོད་པ་ལ་ནཱ་རོ་བས་ཚུལ་བཞིར་བཤད་དེ། རྩ་རྒྱུད་སྔ་མ་རྫོགས་པའི་དེ་ནས་རྒྱུད་འདི་འཆད་པ་ནི་ཡིག་དོན་ནོ། །ཨཱ་ལ་ཡི་གེ་བསྣན་པས་ཨཱ་ཀ་རོ་མུ་ཁཾ་སརྦ་དྷ་རྨཱཿནཾ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་མེད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང་། དེའི་ཟླ་སྟོབས་ཀྱིས་ཐ་ནི་བསོད་ནམས་ཀྱི་ཚོགས་ཏེ་སྤྱི་དོན་ནོ། །ཨཱ་ནི་ཤེས་རབ་ཀྱི་པདྨ་དང་ཐ་ནི་ཡབ་ཀྱི་རྡོ་རྗེ་སྟེ་སྦས་དོན་ནོ། །ཨཱ་ནི་རྣམ་པར་དག་པའི་ཤེས་རབ་དང་ཐ་ནི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་སྟེ་མཐར་ཐུག་པའོ། །གཞན་ཡང་ཨཱ་ནི་བཀྲ་ཤིས་དང་ཚིག་ཕྲད་དང་དེ་མ་ཐག་པ་དང་དབང་དུ་བྱ་བའི་དོན་བཞི་ལ་འཇུག་པ་ལས་འདིར་ནི་བཞི་ཀའོ། །རྩ་རྒྱུད་སྔ་མ་དེ་ལས་བསྟུས་ནས་སྣོད་མིན་ལ་སྦ་བར་འོས་པའི་གསང་ཆེན་བཤད་པར་བྱའོ། །གསང་བ་དེ་ལ་སྤྱིར་བདུན་ཏེ། ལཱ་ཝ་པའི་འགྲེལ་པ་ལས། གསང་བ་དེ་ཉིད་ཡུལ་རང་ནི། །གསང་བ་རྒྱལ་བའི་འཁོར་ལོའོ། །གསང་བ་སྦས་པ་བདེན་པ་སྟེ། གསང་བ་གསང་བའི་པདྨའོ། །གསང་བ་ས་བོན་གྱིས་དགའ་བ། །གསང་བ་ཐམས་ཅད་འདུས་པ་སྟེ། །གསང་བ་བར་ཆད་མེད་བདེའོ། །ཞེས་གསུངས་བ་ལྟར། རིམ་པ་བཞིན་དུ་ཡུལ་དེ་ཁོ་ན་ཉིད་དང་། ལྷའི་འཁོར་ལོ་དང་། སྦས་པ་མཆོད་དང་། རྩ་འཁོར་དང་ཕྱག་རྒྱའི་པདྨ་དང་། སྦྱི་བོ་ནས་བྱང་སེམས་འབབ་པའི་དགའ་བ་དང་། ཐབས་ཤེས་ཀྱི་རྡོ་རྗེ་དང་པདྨ་འདུས་པ་དང་། ཡུལ་དེ་ཁོ་ན་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་རོ་གཅིག་ཏུ་གྱུར་བའོ། །བཤད་བྱ་དེ་ནི་རྩ་རྒྱུད་སྔ་མ་ལས་ཚིག་མདོར་བསྡུས་པ་སྟེ་རྒྱས་པ་མིན་ཞེས་སོ། །གཉིས་པ་ལ་གཉིས། མཉན་བྱའི་གསང་བ་དང་། ཉན་པར་བསྐུལ་བ་དངོས་སོ། །དང་པོ་ནི། ཤྲཱི་ཧེ་རུ་ཀ་ནས་དྲ་བའི་སྡོམ་ཞེས་པའི་བར་ཏེ་འདི་ལ་གཉིས། བསྡུས་ཏེ་བསྟན་པ་དང་། ཅུང་ཟད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དྲང་བའི་དོན་དང་། ངེས་པའི་དོན་ནོ། །དང་པོ་ནི། སྒྲུབ་པ་པོ་རང་ཉིད་ཤྲཱི་ཧེ་རུ་ཀའི་རྣམ་པ་ཅན་དུ་བྱས་པ་དང་། རིག་མ་རྡོ་རྗེ་ཕག་མོར་བྱས་པ་གཉིས་ཡང་དག་པར་སྦྱོར་བའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྣམ་པ་ཅན་གྱི་གཙོ་བོ་ཡབ་ཡུམ་བསྒོམ་པར་བྱ་སྟེ། བྱེད་ལས་ནི་འདོད་པའི་དོན་མཆོག་ཐུན་གྱི་དངོས་གྲུབ་ཀུན་སྒྲུབ་པར་བྱེད་པ་དང་། ཟབ་ཁྱད་ནི་ཕར་ཕྱིན་ཐེག་པ་ལས་བླ་མ་སྟེ་གོང་མ་དང་། རྒྱུད་སྡེ་འོག་མ་གསུམ་ལས་ཀྱང་བླ་མ་སྟེ་གོང་མར་གྱུར་བའོ། །གཙོ་བོ་ཡབ་ཡུམ་གྱི་འཁོར་མཁའ་འགྲོ་མ་ནི་སྙིང་བོའི་རྣལ་འབྱོར་མ་བཞི་སོགས་རྣལ་འབྱོར་སོ་དྲུག་དང་། དེས་མཚོན་ནས་དཔའ་བོ་ཉེར་བཞི་དང་དེ་ཡི་དྲ་བ་ནི་དེ་རྣམས་ཀྱི་ཚོགས་སོ། །སྡོམ་པ་ནི་སཾ་བ་རའི་སཾ་མ་ཤཾ་ནི་བདེ་བ་དང་། བར་ནི་མཆོག་སྟེ་བདེ་བ་མཆོག་གོ ། འདི་ནི་གསང་བ་བསྐྱེད་རིམ་གྱི་སྐོར་ལ་སྦྱར་བའོ། །གཉིས་པ་ངེས་དོན་ནི། ཤྲཱི་ཧེ་རུ་ཀ་ནི་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་མགོ་ཐུར་བསྟན་གྱི་ཧཱུྃ་སྟེ་དབྱིད་དོ། །ལྟ་བའི་རྩ་འཁོར་གྱི་དབུས་ཀྱི་གཏུམ་མོ་ཁྲག་གི་ངོ་བོ་ཨཾ་ཡིག་ཕག་མོའི་ངོ་བོ་སྟེ། རྩ་འཁོར་དེ་གཉིས་ཁ་སྦྱོར་གྱི་རྣམ་པར་ཡོད་པ་ནི་དེ་གཉིས་ཡང་དག་པར་སྦྱོར་བའོ། །དེས་རྩ་འཁོར་གཞན་གྱི་གནས་ཚུལ་ཡང་ཤེས་པར་བྱ་ནུས་སོ། །རྐང་བ་བར་བ་གཉིས་ཀྱི་དོན་འོག་ཏུ་འཆད་ཅིང་། མཁའ་འགྲོ་མ་ནི་རྩ་སོ་དྲུག་དང་དྲ་བ་ནི་རྩའི་ཚོགས་སོ། །རྩ་དེ་དག་གི་ནང་ནས་རླུང་གིས་བྱང་སེམས་བསྐུལ་ནས་སྐྱེས་པའི་ཡེ་ཤེས་ནི་སྡོམ་པ་སྟེ་བདེ་བའི་མཆོག་གོ །གཞན་ཡང་ཧེ་ནི་རྒྱུ་སོགས་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་མེད་པ་དང་། ཀ་ནི་གང་དུ་ཡང་མི་གནས་པ་སྟེ། དེ་འདྲ་བའི་སྟོང་བ་ཉིད་དང་ཤྲཱིའི་དོན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཡང་དག་པར་སྦྱོར་བའོ། །གཞན་ཡང་ཤྲཱི་ནི་དཔལ་ཏེ་དེའི་གནས་བྷ་ག་དང་། ཧེ་རུ་ཀ་ནི་ཀུན་རྫོབ་ལ་བྱས་ཚེ་ཀུན་དེ་ལྟ་བུ་ཡིན་ལ། དེ་དང་སྦྱོར་བ་ནི་རྩ་འཁོར་གྱི་ལྟེ་བར་སྦྱར་བ་ལས་དགའ་བཞི་སྐྱེ་བའོ། །དོན་དམ་མ་བྱས་ན་བདེ་བ་ཆེན་པོ་དང་སྟོང་ཉིད་གཉིས་ཡུལ་ཡུལ་ཅན་དུ་ཡང་དག་པར་སྦྱོར་བའི་དོན་ནོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །བླ་མ་ལས་ཀྱང་བླ་མ་སྟེ། །ཞེས་པའི་དོན་དུ་ངེས་ཀྱི་སྐབས་གཉིས་ལ་ཐུན་མོང་དུ་སྦྱར་ན་སྔར་ལྟར་ཡིན་ལ། སོ་སོར་བྱས་ན་དྲང་དོན་གྱི་སྐབས་སུ་ཐུན་མོང་གི་དངོས་གྲུབ་དང་། ངེས་དོན་ལ་མཆོག་གི་དངོས་འགྲུབ་པ་ལྟ་བུ། རིམ་གཉིས་སོ་སོའི་བྱེད་ལས་དང་ཟབ་ཁྱད་ལ་སྦྱར་བར་བའོ། །གཉིས་པ་ལ་གསུམ། དོན་དངོས་དང་། རྙེད་དཀའ་བ་དང་། བདེ་སྟོང་སྦྱོར་བའི་དཔེའོ། །དང་པོ་ལ་གསུམ། གསང་བ་མཆོག་སོགས་རྐང་བ་གཉིས་བཤད་པ། མཁའ་འགྲོ་ཀུན་དངོས་སོགས་ཏང་བ་བཞི་བཤད་པ། འབྱུང་བ་སོགས་རྐང་བ་གཉིས་བཤད་པའོ། །དང་པོ་ནི་གསང་མཆོག་ནས་རྟག་ཏུ་བཞུགས་ཀྱི་བར་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ལ་གཉིས། འདི་སྐད་སོགས་ཀྱི་གླེང་གཞི་ལ་སྦྱར་ནས་བཤད་པ། བསྐྱེད་རིམ་ལ་སྦྱར་ཏེ་བཤད་པའོ། །དང་པོ་ལ་གཉིས། གླེང་གཞིའི་ཚིག་ཇི་ལྟར་གསུངས་པ་དང་། དེ་རྣམས་ཀྱི་དོན་བཤད་པའོ། །དང་པོ་ནི། འདྲིའི་གསང་བ་ཞེས་པས་འདི་སྐད་ཅེས་པའི་དོན་དང་། མཆོག་གིས་ནི་བདག་གིས་ཞེས་པའི་དོན་དང་། དགྱེས་པ་ནི་ཐོས་པ་ཞེས་པའི་དོན་དང་། ཐམས་ཅད་བདག་ཉིད་ཀྱིས་དུས་གཅིག་ན་ཞེས་པའི་དོན་བསྟན་པ་དང་སྦྱར་ཞིང་། རྟག་ཏུ་བཞུགས་ཀྱིས་དུས་སྟོན་པ་དང་སྦྱོར་བ་ལྭ་ཝ་པས་བཤད་པ་ལྟར་ཏེ། དེ་ལྟར་བྱས་ན་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་ཞེས་པ་ནི་རྒྱུད་ཀྱི་གླེང་གཞི་འདིར་ཡོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་མན་འདིར་མི་གསལ་ཡང་བཤད་རྒྱུད་ཁ་སྦྱོར་དང་སྡོམ་འབྱུང་དང་མངོན་བརྗོད་གསུམ་ལས་འབྱུང་བ་ལྟར་སྦྱོར་དགོས་སོ། །གཉིས་པ་ནི། ཨེ་ཝཾ་གྱི་ངེས་དོན་གསང་བ་དེ་ནི། དུས་གཅིག་གི་ཚེ་ན་སྡུད་པ་པོ་བདག་གིས་སྟོན་པ་རྡོ་རྗེ་འཆང་ལས་ཐོས་སོ་ཞེས་པ་ནི་མདོར་བསྡུས་ནས་བཤད་པ་སྟེ། རྒྱས་པར་ནི་སྦས་དོན་ཀུན་གསལ་དུའོ། །གཉིས་པ་བསྐྱེད་རིམ་ལ་སྦྱར་ན། ཁ་སྦྱོར་ལས། གསང་བ་ས་ཡི་ཁམས་ཡིན་ཏེ། །དེ་བཞིན་མཆོག་ནི་ཆུ་ཡིན་ནོ། །དགྱེས་པ་ཞེས་པ་མེ་ཡིན་ཏེ། །རླུང་ནི་ཐམས་ཅད་བདག་ཉིད་གནས། །རྟག་ཏུ་བཞུགས་ནི་ནམ་མཁའ་སྟེ། །བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར། བསྐྱེད་རིམ་གྱི་སྐབས་སུ་འབྱུང་བ་རིམ་བརྩེགས་བསྒོམས་པ་དང་སྦྱོར་བར་མངོན་བརྗོད། ཀུན་སྤྱོད། སྡོམ་འབྱུང་གསུམ་ལས་ཀྱང་ཤེས་སོ། །དེའི་ཕྲོར་རི་རབ་པདྨ་དབྱངས་གསལ་ལས་རིམ་གྱིས་ཧེ་རུ་ཀ་བསྐྱེད་པ་ནི་ང་གཅིག་པ་དང་། གཞལ་ཡས་ཁང་ན་ལེའུ་གཉིས་པར་གསལ་ལོ། །གཉིས་པ་ངེས་དོན་ལ་གསུམ། གླེང་གཞི་ལ་སྦྱར་བའི་ངེས་དོན། བསྐྱེད་རིམ་ལ་སྦྱར་བའི་ངེས་དོན། ཡི་གེ་བཅུ་དྲུག་གི་དོན་བཅུར་ལེན་ལ་སྦྱར་བའོ། །དང་པོ་ནི། གསང་བ་མཆོག་སོགས་ཨེ་ཝཾ་མ་ཡ་དང་སྦྱར་བའི་ངེས་དོན་རྡོ་རྗེ་མཁའ་འགྲོ་ལས་སྤྱན་སོགས་བཞི་ལ་སྦྱར་བའི་བཤད་པ་མང་དུ་གསུངས་ལ། དེ་ཡང་སྤྱན་སོགས་བཞི་ཕྱག་རྒྱ་རིགས་བཞི་དང་སྦྱར་ནས་བཤད་པ་སྟེ། དེ་རྣམས་ལྷན་སྐྱེས་ཀྱི་དགའ་བ་འདྲེན་པའི་ཐབས་སོ། །ཐོས་པའི་སྐད་དོད་ཤྲུ་ཏ་ཞེས་པ་བྱང་སེམས་འཛག་པ་ལའང་འགྲོ་བས། དེ་ལ་བརྟེན་ནས་དགའ་བཞི་འདྲེན་པར་བསྟན་ནོ། །དུས་གཅིག་ན་ནི་ཕོ་མོ་གཉིས་ཀྱི་གསང་གནས་ཀྱི་སྣ་རྩ་འཕྲད་པ་ལས་བྱང་སེམས་བབས་པ་ལས་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བའོ། །བཅོམ་ལྡན་འདས་སོགས་ཀྱི་ངེས་དོན་ཀྱང་བཤད་དེ་འདིར་རེ་ཞིག་བཞག་གོ །གཉིས་པ་བསྐྱེད་རིམ་ལ་སྦྱར་བའི་ངེས་དོན་ནི། །རྩ་རྒྱུད་དུ་སྦས་པ་ཁ་སྦྱོར་ལས་བཤད་པ་ནི། རྐང་བའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱི་ནི། །ཆུ་ནི་ལྟོ་བར་རྣམ་པར་གནས། །སྙིང་ཁར་ཡང་ནི་ས་ཉིད་དོ། །ཀུན་ནས་གྲུ་བཞི་བ་ཉིད་དོ། །སྒལ་ཚིགས་དབྱིག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་འབྱུང་བ་རིས་བརྩེགས་དང་། རེ་རབ་ནང་ལ་བཤད་ན་ལུས་ཀྱི་རྐང་བ་ནས་མགོའི་བར་སྟོན་ལ། དེ་ཡང་རྫོགས་རིམ་པའི་ལུས་ཀྱི་དཀྱིལ་འཁོར་ཏེ་ངེས་དོན་ནོ། །པདྨ་དང་དབྱངས་གསལ་གྱི་ངེས་དོན་ནི། དེ་ཉིད་གསལ་བ་ལས། དེ་ཡི་རྩེ་མོར་མགོར་གསུངས་ཏེ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །ཞེས་དང་། དེ་མི་དབུས་སུ་ཧཾ་ཡིན་ཏེ། །ཨཱ་ལི་ཀཱ་ལི་ལས་སྤྲུལ་བ། །མི་ཤིགས་གོ་འཕང་ཉམས་དགའ་བ། །བདེ་བ་ཆེན་པོ་ཞེས་བྱར་བརྗོད། །ཅེས་པ་སྟེ་དོན་ནི་འདིར་མང་དུ་དོགས་པས་སྦས་དོན་ཀུན་གསལ་དུ་བལྟའོ། །གསུམ་པ་ནི། རྡོ་རྗེ་མཁའ་འགྲོ་ལས། ཡི་གེ་བཅུ་དྲུག་ནི། ར་ཧ་སྱེ་སར་མར་མྱེ་སརྦ་ཏྨ་མ་ནི་ས་དཱ་སྠི་ཏཿ ཞེས་གསུངས་པ་ལྟར་ཏེ། དེའི་དོན་ལྭ་ཝ་པས། ར་ནི་མཚལ་པོའི་ཁམས། ཞེས་པ་ནས། ཏཿནི་ག་བུར་བསྟན་པའོ། །ཞེས་གསུངས་ཏེ། དོན་ནི་རྗེའི་གསུང་ལས་གསལ་བར་བཤད་པ་ལྟར་རོ། །གཉིས་པ་ནི། མཁའ་འགྲོ་ཀུན་དངོས་ནས་དྲ་བའི་སྡོམ་པ་ཡིན། །ཞེས་པའི་བར་ཏེ། འདི་ལ་གཉིས། འབྲས་བུ་ལ་སྦྱར་བ་དང་། རྫོགས་རིམ་གྱི་ལམ་ལ་སྦྱར་ཏེ་བཤད་པའོ། །དང་པོ་ནི། མཁའ་འ གྲོ་མ་ཀུན་ནི་རབ་གཏུམ་མ་ལ་སོགས་པའོ། །དངོས་ཏེ་དངོས་པོ་ནི་ཧེ་རུ་ཀ་ཡང་མཁའ་འགྲོ་མ་དེ་རྣམས་འདུས་པའི་ངོ་བོའོ། །སེམས་དཔའ་ནི་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་ནུས་པའོ། །རྡོ་རྗེ་ནི་མི་མཐུན་འཇོམས་པར་བྱེད་པའི་ཡེ་ཤེས་ཅན་ནོ། །སེམས་དཔའ་ནི་སེམས་ཅན་ཀྱི་དོན་ལ་ནུས་པ་དང་ལྡན་པའོ། །བདེ་བའི་མཆོག་ནི་ཕུལ་དུ་བྱུང་བའོ། །འདིར་ནི་ཞེས་པ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་སྟེ། རང་ཉིད་དག་པའི་བརྟན་གཡོ་ཐམས་ཅད་ཀྱི་ངོ་བོར་འབྱུང་བས་ན་རང་འབྱུང་ངོ་། །བཅོམ་ལྡན་འདས་ནི་བདུད་བཞི་ལ་སོགས་པ་བཅོམ་ཞིང་སྐལ་བ་དྲུག་དང་ལྡན་པའོ། །དཔའ་བ་ནི་མི་མཐུན་པའི་ཕྱོགས་རྣམས་ལས་རྒྱལ་བའོ། །མཁའ་འགྲོ་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ། །དྲ་བ་ནི་དེ་དག་གི་ཚོགས་སོ། །སྡོམ་པ་ནི་དེ་རྣམས་ཧེ་རུ་ཀ་གཅིག་གི་ངོ་བོར་སྡོམ་པ་སྟེ། དེ་ལྟ་བུའི་སྟོན་པས་རྒྱུད་བཤད་ཅེས་སྦྱར་རོ། །དེས་རྒྱུད་ཀྱི་སྟོན་པ་ཕུན་ཚོགས་བསྟན་པར་ལྭ་ཝ་པ་བཞེད་དོ། །གཉིས་པ་ནི། ཕྱི་ནང་གི་ཐབས་ལ་བརྟེན་ནས་སྤྱི་བོ་ནས་བྱང་སེམས་ཞུ་བ་ལས་བྱུང་བའི་བདེ་ཆེན་གྱི་ཡེ་ཤེས་ནི་དཔའ་བོ་དང་དཔལ་མེའི་མཁའ་འགྲོ་མ་ཀུན་གྱི་དངོས་ཏེ་ངོ་བོའོ། །སེམས་དཔའ་ནི་བདེ་ཆེན་གྱི་ཡེ་ཤེས་སོ། །རྡོ་རྗེ་སེམས་དཔའ་ནི་བདེ་དང་སྟོང་བ་ཉིད་དབྱེར་མེད་པར་ཞུགས་པའོ། །དེ་ལྟར་དབྱེར་མི་ཕྱེད་པར་བཞུགས་པ་དེ་ནི་བདེ་བའི་མཆོག་གོ །དགའ་བ་འདི་ནི་ལྷའི་སྐུར་འབྱུང་བས་ན་རང་འབྱུང་དང་། དེ་ཁོ་ན་ཉིད་ལ་རྗེས་སུ་ཞུགས་པས་ཀྱང་རང་འབྱུང་ངོ་། །བཅོམ་ལྡན་ནི་སྔར་བཞིན་དང་། མི་མཐུན་ཕྱོགས་ཐམས་ཅད་རྩད་ནས་བྱིན་པའི་ནུས་པ་དང་ལྡན་པས་ན་དཔའ་བའོ། །མཁའ་འགྲོ་ནི་རྩ་སོ་དྲུག་དང་དེ་དག་གི་ནང་གི་ཁམས་སོ། །དྲ་བ་ནི་དེ་རྣམས་ཀྱི་ཚོགས་སོ། །དེའི་ནང་ནས་རྒྱུ་བའི་རླུང་གིས་བྱང་སེམས་བསྐྱོད་པ་ལས་བྱུང་བའི་ཡེ་ཤེས་ནི་སྡོམ་པ་སྟེ་སཾ་བར་ཞེས་པའི་དོན་དེ་བདེ་མཆོག་ཡིན་ནོ། །མདོར་ན་གཞུང་དེ ས་རྩ་འཁོར་ལ་བརྟེན་ནས་ཡས་བབ་མས་བརྟན་གྱི་དགའ་བཞི་བསྐྱེད་ཚུལ་བསྟན་པར་གསུངས་སོ། །གསུམ་པ་ནི། འབྱུང་བ་སོགས་རྐང་བ་གཉིས་ཏེ། འདི་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ལ་ནི། འབྱུང་བ་ནི་འབྱུང་གནས་ཏེ་སྒྲའི་ཚུལ་ལོ། །དེ་ལ་སྒྲ་ནི་དབྱངས་དང་ཚུལ་ནི་དེའི་རྣམ་པ་ཅན་ཏེ་དབྱངས་གསལ་དང་སྔགས་རྣམས་སོ། །དེ་ཡང་ངག་ཏུ་བརྗོད་པ་ཙམ་མིན་གྱི། ཡིད་ལ་ཕྲིས་པའི་རྣམ་པར་སྣང་བ་ལ་སྒྲར་བཏགས་སོ། །དེ་དག་ལས་བྱུང་བ་ནི་ལྷ་རྣམས་སོ། །དམ་ཚིག་ནི་ལྷ་མོ་རྣམས་སོ། །སྤྱོད་པ་ནི་དེ་རྣམས་ཀྱི་སྤྱོད་པའོ། །སྤྱོད་ཡུལ་ནི་དཔའ་བོ་རྣམས་ཡིན་ལ། འདིས་ལྷའི་སྐྱེད་ཆོག་སྟོན་ནོ། །གཉིས་པ་ནི། ཁུ་ཁྲག་གི་འདུ་བ་ལས་སྐྱེས་པའི་བདེ་ཆེན་ནི་འབྱུང་གནས་སྒྲ་ཚུལ་ལོ། །བྱང་སེམས་དཀར་དམར་ལས་བྱུང་བ་རྣམས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་རྣལ་འབྱོར་བས་བསྟན་པར་བྱ་བས་ན་དམ་ཚིག་གོ། དེ་ལ་སྤྱོད་པའི་སྤྱོད་ཡུལ་ཡིན་པ་ནི་དབང་བོ་དྲུག་གིས་ཡུལ་དྲུག་ལ་ལོངས་སྤྱོད་པའོ། །གཉིས་པ་ནི། ཐོག་མ་དབུས་མཐར་སོགས་རྐང་བ་གཉིས་ཏེ། འདི་ལ་བཤད་ཚུལ་གཉིས་ལས། དང་པོ་ནི། ཐོག་མ་གསང་བ་དང་དབུས་མཆོག་དང་མཐར་དགྱེས་པ་དང་། ཡང་དག་གནས་ཀྱི་དོན་འདི་སྐད་བདག་གིས་སོགས་ཀྱི་ངེས་དོན་མདོར་བཤད་པ་དེ་ནི། ས་གསུམ་གྱི་འཇིག་རྟེན་གསུམ་ན་ཤིན་ཏུ་རྙེད་དཀའ་སྟེ་རྟོགས་པར་དཀའ་བའོ་ཞེས་པ་ནི་རྡོ་རྗེ་མཁའ་འགྲོའི་དགོངས་པའོ། །གཉིས་པ་ནི། ཐོག་མ་ཐུགས་དང་དབུས་གསུང་དང་མཐའ་སྐུའི་འཁོར་ལོ་ལ་གནས་པའི་དཔའ་བོ་རྣམས་མཐོ་རིས་སོགས་འཇིག་རྟེན་གསུམ་ན་རྙེད་པར་དཀའ་བ་དང་། ཡང་འཇིག་རྟེན་གསུམ་ནི་དགའ་བ་དང་མཆོག་དགའ་དང་ཁྱད་དགའ་གསུམ་ལ་བྱས་ནས་རྙེད་དཀའ་བར་བཤད་དོ། །གསུམ་པ་ནི། བསྲུབ་བྱ་སྲུབ་བྱེད་སོགས་རྐང་བ་གཉིས་ཏེ། བསྲུབ་བྱ་སྟེ་གཙུ བ་སྟན་དང་། སྲུབ་བྱེད་དེ་གཙུབ་ཤིང་དང་ལག་པའི་རྩོལ་པ་ལ་བརྟེན་ནས་དུ་བ་དང་མེ་འབྱུང་མོད་ཀྱི། རིག་ཤེས་ཀྱིས་བརྟགས་ན་གསུམ་པོ་གང་ལ་ཡང་མི་གནས་ཏེ་མེ་དོན་དམ་པར་འབྱུང་བ་མེད་དོ། །དེ་ཇི་ལྟ་བ་བཞིན་དུ་ཏེ་བསྲུབ་བྱ་ཕྱག་རྒྱའི་ཆོས་འབྱུང་དང་། སྲུབ་བྱེད་ཡབ་ཀྱི་རྡོ་རྗེ་གཉིས་ཡང་དག་པར་སྦྱོར་བ་ལས་ལྷན་སྐྱེས་ཀྱི་ཡེ་ཤེས་འབྱུང་ཡང་། བརྟགས་ན་རྒྱུ་རྐྱེན་གང་ལས་ཀྱང་མི་གནས་ཤིང་མི་འབྱུང་བར་ཤེས་པར་བྱའོ། །གཉིས་པ་ནི། སྔགས་བཟླས་བསམ་གཏན་རྐང་བ་བཞི་སྟེ། སྔགས་ཀྱི་བཟླས་པ་ལ་སྙིང་བོ་སོགས་ཟློ་བ་དང་རྡོ་རྗེ་བཟླས་པ་སོགས་དང་། རིམ་གཉིས་ཀྱི་བསམ་གཏན་གཉིས་དང་། ལ་སོགས་ཀྱིས་ནི་དཀྱིལ་འཁོར་བྲི་བ་དང་སྒྲུབ་པ་དང་སྦྱིན་བསྲེག་སོགས་དང་། བཟླས་པ་དང་བསམ་གཏན་དང་ལྡན་པ་དེ་ལྟར་སྦྱོར་ཉིད་དེ་ལས་ཁ་སྦྱོར་ཞིང་ཞི་སོགས་སྒྲུབ་པ་དང་། སྦྱོར་བ་དེར་མ་ཟད་ཆོ་གའི་ཡེ་ཤེས་ཏེ་སྒྲུབ་ཐབས་ཀྱི་ལས་སྦྱོར་གྱི་ཆོ་ག་ཡང་ཤེས་པའོ། །རྣལ་འབྱོར་བླ་ན་མེད་པ་ཡི་བདེ་མཆོག་གི་རྩ་རྒྱུད་རྒྱས་པ་ལས་གསུངས་པ་མདོར་བསྡུས་པའི་རྒྱུད་ནི་བཤད་ཀྱིས་ཉན་པར་གྱིས་ཤིག་ཅེས་སྟོན་པས་གསང་བདག་ལ་གསུངས་པའོ། །གསུམ་པ་ལམ་གྱི་གསང་བའི་བགྲོད་པ་རྫོགས་པར་བྱེད་པའི་ཐབས་ལ་གསུམ། རིགས་ལྡན་མ་མཆོད་པ། དམ་ཚིག་སྲུང་བ། ཕྱག་རྒྱ་བཞི་བསྒོམ་པའོ། །དང་པོ་ལ་གསུམ། རིགས་ལྡན་མ་སྦྱིར་མཆོད་པ། རིག་ཀ་ལྡན་མ་གསུམ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་མཆོད་པ་དང་བཅས་པ། རིགས་ལྡན་མཆོད་པའི་ཕན་ཡོན་ནོ། །དང་པོ་ནི། དབུགས་འབྱིན་པར་མ་སོགས་རྐང་བ་བཞི་སྟེ། དོན་ནི་མཆོད་པར་བྱ་ཞེས་སྦྱར་རོ། །གང་མཆོད་པའི་རྫས་ནི། དབུགས་ནི་ཤ་ཆེན་པོ། བར་མ་སྟེ་ཁྲག་གོ །མཆོད་དག་ནི་བྱང་སེམས་སོ། །དྲི་ཡི་ནི་དྲི་ཆེན་པོ། ཆུ་ནི་རྡོ་རྗེའི་ཆུའོ། །དེ་དང་བཅས་པ་ནི་ལྔ་ཆར་ལྷན་ཅིག་པའམ་གཉིས་ལ་སོགས་པའོ། །ཀྱང་ནི་ཉེ་བར་སྤྱད་པ་ལྔ་དང་ཡང་བཅས་ཞེས་པའོ། །གང་གིས་མཆོད་ན་རྣལ་འབྱོར་བས་སོ། །དུས་ཀྱི་ཁྱད་པར་ནི་ཚེས་བཅུའོ། །གང་ལ་ན། འཇིག་རྟེན་ལ་གྲགས་པ་དང་། བསྟན་བ ཅོས་ལ་གྲགས་པའི་ཕྱག་རྒྱར་འོས་པའི་རིགས་ལྡན་མ་ལའོ། རྟག་ཏུ་ནི་རྒྱུན་དུ་འཆོད་པའི་དོན་ནོ། །འདི་ལ་ངེས་དོན་ཞིག་ཀྱང་ཡོད་གསུངས་ཏེ། དབུགས་འབྱིན་ནི་སྣ་བུག་གཡས་གཡོན་གྱི་རླུང་ངོ་། །བར་མ་ནི་རླུང་དེ་གཉིས་རོ་རྐྱང་གི་བར་མ་དབུ་མར་འཇུག་པའོ། །མཆོག་ནི་དབུ་མར་བཅུ་གནས་མི་འགྱུར་བའི་བདེ་བ་འདྲེན་པའི་ཚེ་ཕྱག་རྒྱ་མ་དེ་ཉིད་བདེ་བ་འདྲེན་པའི་ཐབས་མཆོག་ཏུ་གྱུར་པའོ། །དྲིའི་ཆུ་ནི་ཁྲག་དང་། བཅས་པ་ནི་ཁུ་བ་སྟེ་དེས་རིགས་ལྡན་མ་མཆོད་པར་བྱའོ། །གཉིས་པ་ནི། ཕོ་ཉ་ལྷན་ཅིག་སྐྱེས་སོགས་རྐང་བ་དྲུག་སྟེ་འདོད་པ་སྒྲུབ་པའི་ཕོ་ཉ་དང་འདྲ་བས་ན་ཕོ་ཉའོ། །རིགས་ལྡན་གྱི་ཕོ་ཉ་དེ་ལ་ལྷན་ཅིག་སྐྱེས་ཀྱི་ཕོ་ཉ་སོགས་གསུམ་ཡོད་པ་ལས་གསུམ་ཀའང་དངོས་གྲུབ་སྟེར་བར་བྱེད་པའི་མཆོག་གོ །དེ་གསུམ་ལས་མཆོག་ནི་ལྷན་ཅིག་སྐྱེས་མའོ། །འབྲིང་ནི་ཞིང་སྐྱེས་སོ། །ཐ་མ་ནི་སྔགས་སྐྱེས་སོ། །དེ་གསུམ་གྱི་དང་པོ་ནི་དོན་གྱི་ལྷན་སྐྱེས་རྒྱུད་ལ་སྐྱེས་པའི་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མའོ། །གཉིས་པ་ནི་གནས་སོ་གཉིས་ལ་སོགས་པར་སྐྱེས་པ་རྣལ་འབྱོར་མས་རྗེས་སུ་བཟུང་བས་དེར་གྱུར་བའོ། །གསུམ་པ་ནི་རིམ་པ་དང་པོའི་རྣལ་འབྱོར་ལ་བྱང་བ་སྟེ། དེ་གཉིས་ནི་འཇིག་རྟེན་པའི་རྣལ་འབྱོར་མའོ། །ཡིད་ནི་ནང་དུ་ཆུད་པ་སྟེ་གཞན་ཏུ་མི་གཡེང་བར་སྦྱོར་ཚུལ་ཇི་ལྟར་གསུངས་པ་བཞིན་བྱས་པ་ཡིས་མངོན་པར་འདོད་པ་མི་འོངས་བསྒྲུབ་པར་བྱའོ། །དེ་ལྟར་ཕོ་ཉ་དང་སྙོམས་པར་ཞུགས་པ་ལས་རང་གི་རྫས་ཀྱི་ཐིག་ལེ་ཁུ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པར་བྱའོ། །ཡང་ན་སངས་རྒྱས་ཏེ་ཕུང་བོ་ལྔ་དང་བྱང་ཆུབ་སེམས་དཔའ་སྟེ་མིག་ལ་སོགས་པའི་དབང་བོ་རྣམས་ཚིམ་པར་བྱ་བའི་དོན་ནོ། །གསུམ་པ་ནི། མཐོང་བ་དང་ནི་སོགས་རྐང་བ་བརྒྱད་དེ། རིགས་ལྡན་མཆོད་པའི་ཕན་ཡོན་ནི། ཕོ་ཉ་ལ་བརྟེན་ནས་སྤྱོད་པ་བྱེད་པའི་རྣལ་འབྱོར་བ་དེ། གཞན་གྱིས་མིག་གིས་མཐོང་བ་དང་ནི་ལུས་ཀྱིས་རེག་པ་དང་དེའི་གཏམ་རྣ་བས་ཐོས་པ་དང་ནི་དྲན་པ་ཡིས་ཀྱང་། ལས་ཀྱི་སྒྲིབ་པའི་སྡིག་པ་ཀུན་ལས་གྲོལ་བ་སྟེ་འདག་པར་འགྱུར་བ་དེ་ལྟ་བུ་ཉིད་དུ་ཐེ་ཚོམ་མེད་ན། རྣལ་འབྱོར་བདག་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་མཆོག་རྣམས་གསོག་པ་སོགས་ཀྱི་དག་བྱེད་དེས་སྡིག་པ་རྣམས་འཇིག་རྟེན་འཇོམས་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། །དེ་ལྟར་ཕོ་ཉ་མེ་ལ་བརྟེན་པ་དེས་གསང་སྔགས་ཟློས་པའི་བཟླས་བརྗོད་དྲང་ངེས་གཉིས་དང་བསམ་གཏན་གཉིས་ཀྱིས་ཀྱང་དངོས་གྲུབ་མྱུར་ཏུ་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གཉིས། །སྲུང་བའི་དམ་ཚིག་དང་། བཟའ་བའི་དམ་ཚིག་གོ ། དང་པོ་ནི། ཤིན་ཏུ་མཉམ་བཞག་སོགས་རྐང་བ་བཞི་སྟེ། ཤིན་ཏུ་མཉམ་པར་བཞག་པ་སྟེ། སྒོ་གསུམ་མ་ཡེངས་པའི་སྒྲུབ་པ་པོས་རྩ་བ་དང་ཡན་ལག་གི་ཚིག་བསྲུང་བའི་དམ་ཚིག་རྒྱུད་གཞན་དང་། རྒྱུད་འདིར་གསུངས་པའི་དམ་ཚིག་རྣམས་རྟག་ཏུ་སྟེ་རྒྱུན་ཏུ་བསྐྱང་བར་བྱའོ། །དམ་ཚིག་མ་བསྲུངས་པའི་ཉེས་དམིགས་ནི། རྩ་བའི་དམ་ཚིག་ཉམས་པས་སྔར་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་ནུས་པ་ཉམས་པར་འགྱུར་ཞིང་། སྔགས་བཟླས་པ་སོགས་ཀྱིས་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་དང་། ངན་འགྲོར་སྐྱེ་བའི་ཉེས་དམིགས་ཀྱང་ཤིན་ཏུ་ཆེའོ། །གཉིས་པ་ནི། སྤྲང་རྩི་མཚལ་སོགས་རྐང་པ་བཅུ་སྟེ། སྦྲང་རྩི་ནི་ཚིལ་ཆེན་དང་དེའི་ཞག་གོ །མཚལ་དང་ནི་ཟླ་མཚན་གྱིས་ཁྲག་གོ །ག་བུར་བཅས་ནི་ཁུ་བ་དང་བཅས་པའི་རཀྟའོ། །ཙན་དན་དམར་པོ་ནི་ཤ་ཆེན་པོ། སྦྱར་བ་ནི་བདུད་རྩི་ལྔ་དང་མར་ཁུ་ཆེན་པོའོ། །ཚོགས་ཀྱི་ནང་དུ་བཞག་པ་ནི་འཁོར་ལོ་གསུམ་གྱི་དབུས་སམ། བདེ་མཆོག་གི་རྣལ་འབྱོར་ཕོ་མོའི་དབུས་སུ་བཞག་པའོ། །རྡོ་རྗེ་ཀུན་ནི་ལྷ་ཐམས་ཅད་འདུས་པའི་བདག་ཉིད་ཧེ་རུ་ཀའོ། །དེའི་མཚན་མ་ནི་ཐོད་པའོ། །མཚན་མ་འཛིན་པ་ནི་ཐོད་པ་ནས་མཐེབ་སྲིན་གྱིས་རྩེ་སྦྱར་བས་བླངས་ཏེ་མྱང་བའོ། །དེ་ཡང་རྒྱ་མཚོ་བསྲུབས་པའི་བདུད་རྩི་བཞིན་དུ་སྦོམ་པོ་སྟེ་མཐེ་བོང་ནི་རི་རབ་དང་། མཐའ་ནི་མཐེའུ་དང་དེའི་ལྷག་མ་ནི་སྲིན་ལག་ས་ལ་གནས་པའི་རྒྱ་མཚོར་བྱས་ཏེ་དཀྲུགས་ལ། ཨོ་ཧ་ཧོ་ཧྲིཿ ཞེས་པས་བྱིན་གྱིས་བརླབས་ནས་བླ་མ་དང་ལྷ་ལ་ཕུལ་ཏེ་བདག་ཉིད་ཀྱིས་མྱང་བར་བྱའོ། །འདི་ལ་ངེས་དོན་ཞིག་ཀྱང་བཤད་དེ། ག་བུར་བཅས་ཞེས་པ་ནི་བདེ་ཆེན་གྱི་ཡེ་ཤེས་དང་སྟོང་པ་ཉིད་གཉིས་ཡུལ་ཡུལ་ཅན་དུ་སྦྱོར་བའི་དོན་དང་། ཚོགས་ཀྱི་ནང་དུ་བཞག་པ་ནི་མིག་སོགས་དབང་བོ་དྲུག་གི་ཚོགས་དང་། ཕོ་མོའི་དབང་བོ་གཉིས་འདུས་པའི་ཚོགས་ཏེ། ཐབས་ཤེས་ཀྱི་དབང་བོ་དྲུག་འདུས་པ་དང་། ཕོ་མོའི་དབང་བོ་གཉིས་འདུས་པའོ། །དེ་གང་ཞེ་ན། སྦོམ་པོ་སྟེ་ལབ་ཀྱི་རྡོ་རྗེ་དང་། མཐའ་ལྷག་ནི་ཕྱག་རྒྱའི་པདྨ་སྟེ། དེ་ཡང་པདྨ་མན་ཆད་ཀྱི་ལུས་མཐའ་དང་། པདྨ་ནི་དེའི་ལྟག་སྟེ། དེ་གཉིས་ཀྱི་རྩེ་སྦྱར་བའོ། །དེ་འདྲ་བ་སྟེ་རྣལ་འབྱོར་པ་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་རིག་པས་རྟག་ཏུ་སྤྱད་པར་བྱའོ། །སྔར་བཤད་པ་དེ་ཞི་བའི་བཏུང་བ་ལྷའི་བདུད་རྩི་བཞིན་མྱངས་བར་བྱས་ན། དངོས་གྲུབ་རྟག་པ་སྟེ་སླར་མི་ལྡོག་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན། མི་འཆི་བ་སྟེ་བདུད་རྩི་དང་བཅུ་ཕྱེད་དེ་ལྔ་བའི་བཅུད་ལེན་གྱིས་བདེ་བའི་རྟེན་ཀུན་དེ་ལྟ་བུ་རྒྱས་པར་བྱས་ནས་མཚན་ཉིད་ཚང་བའི་ཕྱག་རྒྱ་མ་བརྟེན་པ་འདི་ནི། དངོས་གྲུབ་གཉིས་པོ་ཐམས་ཅད་འཇུག་པ་སྟེ་ཐོབ་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། མཆོད་བཞི་སོགས་རྐང་བ་བརྒྱད་དེ། མཆོད་བཞི་ཞེས་པ་ལ་དོན་འཆད་ཚུལ་མི་འདྲ་བ་མང་ཡང་། འདིར་ནཱ་རོ་བའི་ལུགས་ལྟར་ཕྱག་རྒྱ་བཞི་སྟེ། དེ་ཡང་ལས་རྒྱ་དང་ཆོས་རྒྱ་དང་ཕྱག་ཆེན་དང་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ལས་དཔའ་བོ་ཆེན་པོ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་རང་ཡིད་ལ་གང་འདོད་པའི་ཕྱག་རྒྱ་སྒོམ་པར་བྱེད་དོ། །དེའི་ཚེ་དབང་བོ་གཉིས་སྙོམས་པར་འཇུག་པ་ལ་བཞི་ལས། ལས་རྒྱའི་སྐབས་སུ་ནི་དབང་བོ་གཉིས་དངོས་སུ་སྙོམས་པར་འཇུག་ལ། དམ་རྒྱ་ལ་བསྒོམས་པའི་དབང་བོ་གཉིས་དང་། ཆོས་རྒྱ་ལ་དཔྱིད་ཐིག་གཉིས་སྙོམས་པར་འཇུག་ཅིང་། ཕྱག་ཆེན་གྱི་ཚེ་བདེ་བ་དང་སྟོང་བ་གཉིས་སྙོམས་པར་འཇུག་པ་སྟེ། དེ་རྣམས་ལ་དབང་བོ་གཉིས་སྙོམས་པར་འཇུག་པའི་མིང་གིས་བཏགས་པའོ། །དེ་ལྟར་སྙོམས་པར་འཇུག་པའང་སྟེ་དེ་ལས་ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་འཛིན་པ་སྟེ་རྟོགས་པར་བྱའོ། །ལྷ་དང་མི་རང་དགའ་བ་ཡི་བདེ་བ་ནི་གཅིག་ཏུ་བསྡུས་པར་བྱས་ཀྱང་། རྡོ་རྗེ་སྟེ་ཧེ་རུ་ཀའི་རྣལ་འབྱོར་འཛིན་པ་ཡིས་སྔར་བཤད་པའི་ཕྱག་རྒྱ་བཞི་ལ་བརྟེན་པའི་བདེ་དེ་ལྟ་བུར་ནི་བྱེད་པ་ཡི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །བཞི་པ་གསང་བ་སྒྲུབ་པའི་གནས་ནི། རི་བོ་ཚང་ཚིང་སོགས་རྐང་པ་བཞི་སྟེ། རི་བོ་དང་། ཚང་ཚིང་ནི་ནགས་ཚལ་འཁྲིགས་པའོ། །སྨན་ལྗོངས་ནི་སྨན་གྱི་ཚལ་དང་། དེའི་དོད་ལ་དུག་དང་རི་སུལ་ཞེས་ཀྱང་འབྱུང་ངོ་། །ཆུ་བོ་ཆེན་པོའི་ངོགས་དག་ནི་འགྲམ་མོ། །གདོད་ནས་གྲུབ་པའི་དུར་ཁྲོད་ནི་སྔོན་ནས་ཆགས་པའི་དུར་ཁྲོད་དོ། །བཤད་མ་ཐག་པའི་གནས་དེ་དང་དེར་ནི་ཧེ་རུ་ཀའི་དཀྱིལ་འཁོར་ལུས་ཀྱིས་སམ། ཡིད་ཀྱིས་བྲི་བ་སྟེ་བསྒོམ་པར་བྱའོ། །དེ་དག་བརྡས་བཤད་ན་བུད་མེད་ཀྱི་ཕྱག་རྒྱ་ནི་བདེ་བ་ཆེན་པོའི་འབྱུང་གནས་ཏེ་མུ་སྟེགས་ཀྱི་ལྟ་བས་མི་གཡོ་བས་ན་རི་བོའོ། །དམན་པས་གཏིང་དཔོག་མི་ནུས་པས་ན་ཚང་ཚིང་ངོ་། །བདུད་རྩིའི་ཁུང་བུ་ཡིན་པས་ན་ཕུག་གོ །ཐབས་ཤེས་སྦྱོར་བས་ཟབ་བ་དང་། རྒྱ་ཆེ་བའི་ཆུའི་འགྲམ་མོ། །གདོད་ནས་གྲུབ་པ་ནི་དེ་ཁོ་ན་ཉིད་དེ་བདེ་ཆེན་གྱི་དམིགས་པའོ། །འདོད་ཆགས་ཆེན་པོའི་མེས་ཉེན་རང་གི་བྱང་ཆུབ་སྲེག་པར་བྱེད་པ ས་ན་དུར་ཁྲོད་དོ། །བརྡས་བཤད་པའི་གནས་སུ་དཀྱིལ་འཁོར་བྲི་བ་དང་སྦྱར་བ་ནི་རྫོགས་རིམ་གི་དཀྱིལ་འཁོར་གཙོ་ཆེའོ། །གཉིས་པ་ནི། དཔལ་ཧེ་རུ་ཀ་ར་བརྗོད་པ་བསྡུས་པའི་རྒྱུད་ལས་སྔར་འབྱུང་བཞི་སོགས་ལུས་ལ་སྦྱར་བའི་ལུས་ཀྱི་དཀྱིལ་འཁོར་དང་། གླེང་གཞིར་བྷ་ག་ལ་བཞུགས་སོ་ཞེས་ཐོབ་པས་བྷ་གའི་དཀྱིལ་འཁོར་དང་། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ཡང་བསྟན་པས་དཀྱིལ་འཁོར་ལ་ལེའུ་འདིས་འཇུག་པར་བྱེད་པས་ན་དཀྱིལ་འཁོར་ལ་འཇུག་པའོ། །ལེའུའི་སྐད་དོད་པ་རི་ཆེ་ད་ནི་ཡོངས་སུ་བཅད་པ་སྟེ་བརྗོད་བྱའི་དོན་དང་རྫོད་བྱེད་ཀྱི་གཞུང་གི་ཡོངས་སུ་བཅད་པ་གཉིས་སོ། །དང་པོ་ནི་ང་གཅིག་གི་དང་བོའོ། །དེ་ཡན་ནི་ལེའུ་དང་པོའི་འགྲེལ་བའོ།། །།གཉིས་པ་ལྷག་མ་ཞེ་དགུས་དོན་དེ་རྒྱས་པར་བཤད་པ་ལ་གཉིས། རིམ་གཉིས་སྒོམ་པ་སོགས་ཀྱི་སྣོད་རུང་དུ་བྱ་བ་དང་། སྣོད་ཏུ་རུང་བ་ལ་གསང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བྲིས་ཏེ་བསྒྲུབས་པ་ལ་མཆོད་པ་དང་། བསྒྲུབས་པའི་དཀྱིལ་འཁོར་དེར་དབང་བསྐུར་བའོ། །དང་པོ་ལ་གསུམ། སློབ་དཔོན་གྱི་མཚན་ཉིད། དེས་མཆོག་ཇི་ལྟར་བྱ་བ། ལེའུའི་མཚན་ནོ། །དང་པོ་ནི། འདིར་བླ་མ་ལ་མ་ལྟོས་བར་རྒྱུད་ལ་འཇུག་པ་དགག་པའི་ཕྱིར་གཞུང་དཀྲུགས་ཏེ་གསུངས་པ་བཤད་རྒྱུད་དང་རྗེ་ཉིད་ཀྱིས་འཁྲུགས་སྡེབས་མཛད་པ་ལྟར་བཤད་པར་བྱའོ། །དེ་ཡང་སྐབས་འདིར་སློབ་དཔོན་གྱི་མཚན་ཉིད་རྐང་བ་བཅུ་གཅིག་གི་འོག་ཏུ་འབྱུང་བ་ཡར་བླངས་ཏེ་བཤད་ན། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། ནས་ཕ་རོལ་འགྲོ་ཞེས་པའི་རྐང་བ་ལྔ་སྟེ། སློབ་དཔོན་གྱི་མཚན་ཉིད་ཇི་ལྟ་བུ་དང་ལྡན་པས་དཀྱིལ་འཁོར་གྱི་ཆོ་ག་བྱ་ཞེ་ན། དཀྱིལ་འཁོར་གྱི་སློབ་དཔོན་ནི་རྒྱུད་ལས་གསུངས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའོ་ཞེས་སྤྱིར་བསྟན་ནས་ཁྱད་པར་དུ་སྟོན་པ་ནི། ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་བདེ་བ་ཆེན་པོས་ཤེས་ཤིང་། བདེ་མཆོག་ལ་སོགས་པའི་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམས་ཤེས་པ། དཔལ་ལྡན་ཧེ་རུ་ཀ་ཁྲག་འཐུང་གི་གསང་སྔགས་རྣམས་ལེགས་པར་ཤེས་ནས་ཟློ་བའི་བསྙེན་པ་སྔོན་དུ་སོང་བ་དང་། ཁྲོ་མེད་ནི་འཕྲལ་དུ་གནོད་པ་བྱས་པ་ལ་སེམས་མི་འཁྲུགས་པ་དང་། གཙང་བ་ནི་རྩ་ལྷུང་སོགས་གྱིས་མ་གོས་ཤིང་སེམས་འཁྱོག་པའི་སྐྱོན་མེད་པ་དང་། མཁས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་སོགས་ལེགས་པར་ཤེས་པ་དང་། སྦྱོར་ཤེས་ན་ནི་ཞི་སོགས་ཀྱི་ལས་སྦྱོར་ཤེས་པ་དང་། ཡེ་ཤེས་ཕ་རོལ་འགྲོ་ནི་དེ་ལྟར་ཤེས་པའི་ཕ་རོལ་ཏུ་སོན་པའོ། །གཉིས་པ་ལ་བཞི། སའི་ཆོ་ག །དཀྱིལ་འཁོར་བྲི་སྒྲུབ་ཀྱི་ཆོ་ག །བུམ་པ་བསྒྲུབ་ཅིང་དགོད་པ། དཀྱིལ་འཁོར་མཆོད་པ་ཆོ་གའོ། །དང་པོ་ལ་གཉིས། ས་སྦྱང་བ་དང་། བཟུང་བའོ། །དང་པོ་ནི། དེ་ལ་ལྕི་བ་ལྡིང་བ་ཡིས། ནས། དཀྱིལ་འཁོར་ཡང་དག་བརྩམ། ཞེས་པའི་བར་རྐང་བ་དྲུག་སྟེ། དཀྱིལ་འཁོར་བྲི་བ་དེ་ལ་ལྕི་བ་ལྡིང་བ་སྟེ་ས་ལ་མ་ལྷུང་བ་ཡིས་དཀྱིལ་འཁོར་གང་དུ་བྱེད་པའི་ས་ནི་ཉེ་བར་བྱུག་གོ །དེས་ནི་བ་བྱུང་གཞན་ཡང་མཚོན་ཏེ་དེ་ལྔས་བྱུག་པའོ། །དེར་མ་ཟད། དུར་ཁྲོད་དུ་རོ་བསྲེག་པའི་ཐལ་བ་དང་ཡང་ལྡན་པར་བྱ་བ་དང་། མི་འཆི་བཅུ་ཕྱེད་དེ་བདུད་རྩི་ལྔ་དང་ཡང་བཅས་པ་ཡིས་དཀྱིལ་འཁོར་ས་ནི་རྩེ་བར་བྱུགས་ཏེ། ས་དེར་ནི་དཀྱིལ་འཁོར་བྲི་བ་ཡང་དག་པར་བརྩམ་པར་བྱའོ། །རྩོམ་པའི་གཞི་དེ་ཡང་དུར་ཁྲོད་དུ་ནི་ཀུན་ཏུ་སྤྱོད་ཅིང་། དུར་ཁྲོད་དངོས་མིན་ན་འང་དུར་ཁྲོད་ཀྱི་གནས་དེ་རུ་ནི་བསམ་པར་བྱས་ནས། རོ་བསྲེག་པའི་ཕྱེ་མ་དང་། དུར་ཁྲོད་ཀྱི་སོ་ཕག་དང་ལྡན་པ་ཡི་སྒོ་ནས་དཀྱིལ་འཁོར་བཟང་བོར་བྲི་བར་བྱའོ། །རྐང་བ་ཕྱི་མ་གསུམ་ལ་སྐབས་འདིར་རྗེས་བཤད་པ་མ་མཛད་ཀྱང་རྡུལ་ཚོན་གྱིས་བྲི་བ་དང་སྦྱར་ནས་འོག་ཏུ་འཆད་དོ། །གཉིས་པ་ནི། ཐོད་པས་སྤྱི་བོ་བརྒྱན་བྱས་ཤིང་། །ནས། སུམ་ཅུ་བས་ཀྱང་མི་ཕྱེད་དོ། །ཞེས་པའི་བར་རྐང་པ་བཅུ་དགུ་སྟེ། སངས་རྒྱས་རིགས་ལྔའི་གཟུགས་ཅན་གྱི་ཐོད་པའི་འཕྲེང་བས་སྤྱི་བོ་སྟེ་མགོའི་རལ་པའི་ཅོད་པན་ལ་བརྒྱན་པར་བྱས་ཤིང་། ཡན་ལག་ཐམས་ཅད་རོ་བསྲེགས་པའི་ཐལ་བ་དང་བདུད་རྩི་ལྔ་བྱུགས་པ་དང་། རྣ་རྒྱན་མགུལ་རྒྱན་སོགས་ཕྱག་རྒྱ་དག་གིས་རང་གི་ལུས་བརྒྱན་པར་བྱའོ། །རུས་པའི་འཕྲེང་བ་མཆོད་ཕྱིར་ཐོགས་ལ་སོགས་པས་བརྒྱན་ཅིང་། དུམ་བུ་གཅིག་པའི་ཐོད་པ་ལས་བྱས་པའི་འཁོར་ལོས་སྤྱི་བོར་བརྒྱན་པ་དང་། རུས་པའི་འཕྲེང་བ་རྣམ་པར་འབྱུང་བའི་མི་མགོའི་འཕྲེང་བ་ལྔ་བཅུའི་དོ་ཤལ་དང་ལྡན་པ་དང་། ཁ་ཊྭཱཾ་ག་ནི་ལག་པའི་གྲུ་མོ་ན་གནས་པ་ནི། སློབ་དཔོན་བདག་ཉིད་དཔལ་ཁྲག་འཐུང་གི་དཔལ་གྱི་ཆས་སུ་བྱས་པའོ། །དེ་ལྟར་བྱས་པ་དེ་ནས་ཁྲག་འཐུང་དཔལ་དྲན་པར་བྱ་བ་ནི་དེའི་སྒྲུབ་ཐབས་སྒོས་པའོ། །ཧེ་རུ་ཀར་བསྒོམས་པ་འདི་ཡི་སྙིང་གར་མཚོན་པའི་ལུས་ཀྱི་གནས་རྣམས་སུ་ལྷ་སོ་བདུན་གྱི་འཁོར་ལོ་དགོད་པ་སྟེ་ལུས་དཀྱིལ་སྒོམ་པར་བསྟན་ཏོ། །བདག་ཉིད་དེ་ལྟར་ཕྱི་ནང་གི་དཀྱིལ་འཁོར་སྒོམ་པའི་གོ་བགོས་ནས་ཏ་བསྐོམས་པའི་མཐར་བགེགས་གཞོམ་པ་སོགས་བྱའོ། །དེ་ལྟར་སྔར་ཡོད་ཀྱི་བགེགས་བསལ་ནས་ཕྱིས་མི་འཇུག་པའི་ཆེད་དུ་རྡོ་རྗེའི་ར་བ་རྣམས་ནི་ཕྱོགས་མཚམས་སུ་དགོད་པ་དང་། དེར་མ་ཟད་འོག་ཏུ་ཡང་ནི་གསེར་གྱི་ས་གཞི་ལ་ཐུག་པར་མཚོན་ཆ་དགོད་པ་སྟེ་སྣ་ཚོགས་རྡོ་རྗེའི་ས་གཞི་བསྒོམ་མོ། །སྲུང་བའི་འཁོར་ལོའི་བདག་ཉིད་བཀོད་ནས་མཚོན་ཆ་མཉམ་པ་སྟེ་ལོགས་ཐམས་ཅད་དུ་མདའི་དྲ་བ་དང་། སྟེང་དུའང་མདའི་དྲ་བ་བྱའོ། །སླར་ཡང་མཁའ་སྤྱོད་དེ་སྟེང་དུ་རྡོ་རྗེའི་གུར་བྱས་པ་འདི་ནི་བདག་ཉིད་ལ་བགེགས་གྱིས་མི་ཚུགས་པའི་གོ་ཆར་འགྱུར་རོ། །དེ་ལྟར་གོ་ཆ་དེ་རྣམས་བགོས་ན་སུམ་ཅུ་རྩ་གསུམ་པའི་ལྷའི་དབང་བོས་ཀྱང་མི་ཕྱེད་པ་སྟེ་གཞིག་མི་ནུས་ན་བགེགས་གཞན་གྱིས་ལྟ་ཅི་སྨོས་སོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་བྲི་བ་དང་། སྒྲུབ་པའོ། །དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། དེ་ལྟར་བདག་ཉིད་སོགས་རྐང་བ་བཞི་སྟེ། སྔར་བཤད་པ་དེ་ལྟར་བདག་ཉིད་རབ་ཏུ་བསྲུངས་ཤིང་རྩ་སྔགས་ལ་སོགས་པ་དང་། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་ནས་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བའི་འཇིགས་པ་སྟེ་ཁྲོ་བོའི་དཀྱིལ་འཁོར་བྲི་བར་བྱའོ། །གཉིས་པ་ལ་གཉིས། ཐིག་གིས་བྲི་བ་དང་། ཚོན་ཀྱིས་བྲི་པའོ། །དང་པོ་ནི། ནས་སེམས་མེད་སོགས་རྐང་པ་དགུ་སྟེ། ས་ཆོག་བྱས་པ་དེ་ནས་ཐིག་གདབ་པ་ལ། ཐིག་སྐུད་ནི་སེམས་མེད་པ་སྟེ་རོའི་སྲད་བུའོ། །དེ་ནི་མི་རོ་དང་ལྷན་ཅིག་དུར་ཁྲོད་དུ་བསྐྱལ་བའི་སྐུད་པའམ། མི་རོའི་རྒྱུས་པ་ལ་བྱས་པའི་ཐིག་སྐུད་ལ་འཆད་དོ། །འམ་ཞེས་པས་དེ་མེད་ན་བདུད་རྩི་ལྔ་དང་བཅས་པའི་ཁྲག་ཆེན་པོ་སྟེ་མི་ཡི་ཁྲག་གིས་བསྒོས་པའི་ཐིག་སྐུད་ཀྱིས་ཀྱང་། དཔལ་ཧེ་རུ་ཀའི་ཕོ་བྲང་མཆོག་གི་དཀྱིལ་འཁོར་འཇིགས་པའི་ཐིག་གདབ་པར་བྱའོ། །འདིའི་ཐིག་གདབ་ཚུལ་རྒྱས་པར་ནི་འདོད་འཇོ་ལས་ཤེས་པར་བྱ་ལ། ཚིག་དོན་བསྡུ་ན། དཀྱིལ་འཁོར་ཆེ་ཆུང་གི་ཚད་ནི་རྩ་བའི་ཐིག་ཁྲུ་གང་བའམ་ཁྲུ་བ ཞིའམ་ཁྲུ་བརྒྱད་པའོ། །དེ་ཡང་སྒོ་བཞི་བ་དང་ཕྱོགས་ཀུན་ནས་མཉམ་པ་ཟུར་བཞི་བ་རྟ་བབས་བཞི་ཡིས་རྣམ་པར་བརྒྱན་པར་བྱའོ། །སྔགས་པས་ཐིག་སྐུད་ཀྱི་ཚད་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་རྣམ་པར་དཔྱད་ཅིང་། མཁའ་འགྲོ་ནི་དཔའ་བོ་དང་དཔའ་མོའོ། །དྲ་བ་ནི་དེ་དག་གི་ཚོགས་སོ། །བདེ་མཆོག་ནི་གཙོ་བོའོ། །དེ་ལྟར་ལས་ཐིག་ཐེབས་ནས་སྟ་གོན་གྱི་ལྷ་ལ་མཆོད་པར་བྱའོ། །གཉིས་པ་ནི། གོང་གི་རོ་བསྲེགས་སོལ་བའི་ཕྱེ་མ་དང་། ཞེས་སོགས་རྐང་བ་གསུམ་གྱི་དོན་འཁྲུགས་བསྡེབས་ཀྱིས་འདིར་རྡུལ་ཚོན་ཀྱིས་དཀྱིལ་འཁོར་བྲི་བ་དང་སྦྱར་བ་ལྟར་སྣང་བས་དེ་ལྟར་ན། རོ་བསྲེགས་སོལ་པའི་ཕྱེ་མ་ནི་ཚོན་སྔོན་པོའོ། །དུར་ཁྲོད་སོ་ཕག་ནི་ཚོན་དམར་པོའོ། །དེས་ཚོན་དཀར་བོ་མི་རུས་ཀྱི་ཕྱེེ་མ་དང་། སེར་བོ་ཡུང་བའི་ཕྱེ་མ་དང་། ལྗང་ཁུ་ལོ་མ་ལྗང་ཁུའི་ཕྱེད་མ་དང་ལྡན་པས་དཀྱིལ་འཁོར་བཟང་བོ་བྲི་བར་བསྟན་ཏོ། །དེ་ཡང་དེ་ཡི་དབུས་སུ་པདྨ་ནི། །ཞེས་སོགས་རྐང་བ་གསུམ་སྟེ། ཚོན་དེས་དཀྱིལ་འཁོར་དེ་ཡི་དབུས་སུ་སྣ་ཚོགས་པད་མ་ནི་ལྟེ་བ་འདབ་མ་བརྒྱད་དང་བཅས་པ་འོད་ཟེར་འབར་བ་དང་བཅས་པ་གེ་སར་ཡང་དག་དང་ལྡན་པར་བཞག་པ་སྟེ་བྲི་བར་བྱའོ། །དེས་མཚོན་ནས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྣམས་ཀྱང་བྲི་བར་བྱའོ། །དེ་ནས་བརྟེན་པའི་དཀྱིལ་འཁོར་བྲི་བ་ན་མངོན་བརྗོད་ལས། ས་བོན་དང་། ཕྱག་མཚན་དང་། གཟུགས་བརྙན་དང་། མེ་ཏོག་གི་ཚོམ་བུ་དགོད་པར་ཡང་གསུངས་ལ། ལྟེ་བར་དགོད་བྱ་དཔའ་བོ་ནི་ཞེས་སོགས་ཀྱིས་སྐུ་ཁྲི་བར་བསྟན་ཞེས་འཆད་པའང་ཡོད་དོ། །གཉིས་པ་ནི། །ལྟེ་བར་དགོད་བྱ་ཞེས་པ་ནས། དེ་ནི་ས་འོག་རྣམས་སུ་དགོད། །ཅེས་པའི་བར་དཀྱིལ་འཁོར་བརྒྱན་པ་དང་མཆོད་པའི་སྐོར་འཆད་པའི་རྐང་བ་ཉེར་གཉིས་ཀྱི་དོན་འོག་ཏུ་བླངས་ནས་ཕྱོགས་གཅིག་ཏུ་འཁྲུགས་བསྡེབས་ཀྱིས་འཆད་པས། གཞན་གྱི་དོན་བཤད་ན་དེ་ལས་རྟེན་བརྟེན་པ་ཅིག་ཅར་རིམ་ཅན་དུ་བསྐྱེད་པའི་ཚུལ་མང་ཡང་གང་བྱེད་ཀྱང་། གཞལ་ཡས་ཁང་བསྐྱེད་པའི་འོག་ཏུ་འམ། ཅིག་ཅར་དུ་དབུས་ཀྱི་པདྨའི་ལྟེ་བར་གཙོ་བོ་ཡབ་ཡུམ་སྐྱེད་ཅིང་། དགོད་པར་བྱ་བའི་དཔའ་བོ་ཧེ་རུ་ཀ་ནི། འཇིག་རྟེན་ན་མཐུ་ཆེ་བར་གྲགས་པའི་འཇིགས་བྱེད་དབང་ཕྱུག་ཀྱང་ནི་འཇིགས་པར་མཛད་པ། གཟི་བརྗིད་ཤིན་ཏུ་འབར་བ་དང་། ཞལ་ནས་ཧ་ཧ་ཞེས་པའི་སྒྲ་ཆེས་ཆེར་བཞད་པ། དབུ་རེ་རེ་ལའང་ཐོད་སྐམ་ལྔ་ལྔའི་འཕྲེང་པའི་རྒྱན་དང་ལྡན་པ། བདེ་བ་ཆེན་པོའི་རང་བཞིན་ཅན་ཡིན་པས་བཟང་ངོ། །ཞལ་བཞི་མངའ་བའི་རེ་རེ་ལ་སྦྱན་གསུམ་གསུམ་དང་ལྡན་པ། གླང་བོ་ཆེའི་ལྤགས་པ་རློན་པ་རྣམ་པར་བགོས་པ། དཔལ་བའི་རྡོ་རྗེ་ཕྲེང་བའི་མཐར་ཐུག་གི་བར་དུ་སྨིན་མ་བཟང་བོ་དབྱེས་པ་སྟེ་གྱེས་པ། ཕྱག་གཡོན་ན་ཁ་ཊྭཱཾ་ག་དང་མིའི་ཐོད་བ་བསྣམས་བ། བརྒྱ་ཕྱེད་དེ་མི་མགོ་རློན་པ་ལྔ་བཅུའི་འཕྲེང་བས་རྣམ་པར་བརྒྱན་པའོ། །ཧེ་རུ་ཀ་དེའི་མདུན་ན་འཁྱུད་པའི་ཚུལ་གྱིས་གནས་པའི་ལྷ་མོ་ནི་རྡོ་རྗེ་ཕག་མོ་རབ་ཏུ་འཇིགས་མ། དཔལ་ཧེ་རུ་ཀ་ལ་མངོན་དུ་ཕྱོགས་པར་བྱས་ནས་བཞུགས་པ། སྤྱན་གསུམ་མ་དྲག་མོའི་གཟུགས་ཅན་མ། ཀ་པཱ་ལའི་ནང་དུ་ནི་བདུད་བཞིའི་ཨནྟྲ་སྟེ་རྒྱུ་མ་དང་ཁྲག་གིས་བཀང་ནས་འཛིན་པ། ཁ་ནས་རུ་དྷི་ར་སྟེ་ཁྲག་འཛག་ཅིང་། གཡས་པས་ལྷ་དང་ལྷ་མིན་དང་མིར་བཅས་པ་ལ་ཕྱོགས་ཀུན་ཏུ་ནི་བསྡིགས་མཛུབ་བྱེད་པའོ། །འདིར་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་གསལ་བར་མ་བཤད་པ་ནི། དེའི་དོན་བཤད་རྒྱུད་ཀྱིས་མི་འདྲ་བ་འཆད་པ་ལ་དེ་དགོངས་སོ། །རྡོ་རྗེ་ཕག་མོ་ཡི་ནི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ནི་རབ་གཏུམ་མ་ལ་སོགས་པ་ཉི་ཤུ་རྩ་བཞི་རྣམས་ནི། ཤར་ལ་སོགས་པ་ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་སུ་གཡོན་དང་གཡས་སྐོར་དུ་བྱས་ནས་བསྒོམ་པར་བྱའོ། །འཁོར་ལོའི་དབུས་སུ་མཆོད་པར་བྱ་ཞེས་པ་ནི་འཁོར་ལོའི་རྩིབས་ཀྱི་དབུས་སུ་དང་། གཞལ་ཡས་ཁང་གི་ནང་དུ་མཆོད་པར་བྱ་ཞེས་པའོ། །དཔའ་མ་ཉེར་བཞི་བསྒོམས་ནས་མཆོད་པ་དེ་བཞིན་དུ་འདིར་ནི་དཔའ་བོ་ཉེར་བཞི་ཡང་བསྒོམས་ལ་མཆོད་པར་བྱའོ། །འཁོར་ལོར་ཡང་དག་གནས་པ་མཆོད་ནི་འཁོར་ལོའི་རྩིབས་ཀྱི་དབུས་སུ་གནས་པའོ། །སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད་ན་དཔའ་མོ་དང་གཉིས་སུ་མེད་པའི་དཔའ་བོ་མཆོད་པར་བྱའི། རེ་རེ་ཁོ་ན་ནི་མ་ཡིན་ནོ། །འོག་གི་མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། །ཞེས་པས་སྒོ་མཚམས་མ་བརྒྱད་ཕྱོགས་བཞི་དང་མཚམས་བཞིར་དགོད་པར་བསྟན་པར་བཤད་དེ་གོ་སླའོ། །དེ་ནས་བུམ་པ་བྱ་བ་ནི། །ཞེས་སོགས་རྐང་བ་བཅུ་གཉིས་ཀྱི་དོན་འོག་ཏུ་འཆད་པས། འདིར་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་འཇུག་པའི་དབང་དུ་བྱས་ཏེ་འོག་མ་དྲངས་ནས་འཆད་པ་ནི། ནམ་མཁའི་མཁའ་འགྲོ་མ་སྟེ་ཐུགས་འཁོར་གྱི་དཔའ་མོ་ཡེ་ཤེས་པ་རྣམས་ནི། རང་གི་ཡིད་ཀྱིས་ཐམས་ཅད་སྟེང་དུ་སྟེ་མཁའ་སྤྱོད་པའི་ཐུགས་འཁོར་གྱི་དམ་ཚིག་པ་ལ་དགོང་པ་སྟེ་གཞུག་གོ །ས་སྟེང་སྟེ་གསུང་འཁོར་གྱི་མཁའ་འགྲོ་མ་ཡེ་ཤེས་པ་གང་ཡིན་པ་ནི། གསུང་གི་དཀྱིལ་འཁོར་གྱི་དམ་ཚིག་པ་ལ་ཀུན་ཏུ་དགོད་པ་སྟེ་གཞུག་གོ །གང་ཡང་ས་འོག་གི་མཁའ་འགྲོ་མ་སྟེ་སྐུ་འཁོར་གྱི་མཁའ་འགྲོ་མ་ཡེ་ཤེས་པ་དེ་རྣམས་ནི། ས་འོག་རྣམས་སུ་སྟེ་སྐུ་འཁོར་གྱི་དམ་ཚིག་པ་རྣམས་ལ་དགོད་པ་སྟེ་གཞུག་གོ །གསུམ་པ་ནི། དེ་ནས་བུམ་པ་བྱ་བ་ནི། །ཞེས་སོགས་ཀྱི་དོན་ལ། རྩ་བ་མེད་པ་ནི་ཞབས་སྟེགས་མེད་པའོ། ཁ་དོག་ནག་པོ་དང་མི་སྡུག་པ་སོགས་ཀྱི་སྐྱོན་མེད་པའོ། །བུམ་རྫས་ནི། མུ་ཏིག་དང་གསེར་དང་རིན་ཆེན་ཧེ་མུ་མིན་དང་བྱུ་རུ་དང་དངུལ་དང་ཟངས་མ་ཡང་རིན་པོ་ཆེ་ལྔ་ལ་བགྲངས་པས་རིན་པོ་ཆེ་ལྔ་དང་། བཟའ་བ་ནི་བདུད་རྩི་ལྔའོ། །ཀུན་གྱིས་ནི་འབྲུ་ལྔ་དང་སྨན་ལྔ་ལ་སོགས་པ་ཡང་གཟུང་ངོ་། །དེ་རྣམས་བཅས་པའི་ཆུ་ཡིས་དེའི་ནང་ལེགས་པར་དགང་ངོ་། །བདུད་རྩི་དང་དྲི་ཆུས་བཀང་བའི་སྣོད་ཐོད་པ་ནི་བུམ་པའི་སྟེང་དུ་བཞག་པར་བྱའོ། །མགྲིན་པ་སྲེད་བུས་དཀྲི་བ་དང་། ཁ་ནི་འདབ་མ་ཅན་གྱི་ཤིང་ལོས་བརྒྱན་པར་བྱ་བ་དང་། རས་ཀྱི་གོས་གསར་ཟུང་གིས་ནི་མགྲིན་པ་ལེགས་པར་དཀྲིས་པར་བྱ་ལ། བསང་སྤྱད་བསྐྱེད་དེ་སྔགས་བཟླ་བ་སོགས་བྱས་ནས་བསྒྲུབ་པར་བྱའོ། །དེ་ནས་འགོད་ཚུལ་ནི། བུམ་པ་བརྒྱད་ནི་སྒོ་བཞི་རུ་གཉིས་གཉིས་རྣམ་པར་དགོད་ཅིང་། གོས་ཟུང་གིས་ནི་ལེགས་པར་དཀྲིས་པའི་བུམ་པ་དགུ་བ་ཤར་རམ། སྟ་གོན་གྱི་སྐབས་ཡིན་ན་དབུས་སུ་གཞག་པར་བྱའོ། །བཞི་བ་ལ་གཉིས། དཀྱིལ་འཁོར་བརྒྱན་པ་དང་། མཆོད་པའོ། །དང་པོ་ནི། གསེར་རམ་སོགས་རྐང་བ་བཞི་སྟེ། གསེར་རམ་དངུལ་ལམ་མུ་ཏིག་དང་རིན་ཆེན་གཞན་རྣམས་ཀྱིས་དཀྱིལ་འཁོར་མཛེས་པར་བྱའོ། །མཛེས་ལུགས་ནི། །དཀྱིལ་འཁོར་ཀྱི་ས་གཞིའི་ཕྱོགས་ཀུན་ཏུ་ནི་སྔར་ཀྱི་རིན་པོ་ཆེ་དང་གསེར་ལ་སོགས་པ་རྣམས་ཀྱིས་མཛེས་པར་སྦྲས་པར་བྱའོ། །གཉིས་པ་ནི། གྲོང་མཆོག་ཡིད་འོང་སོགས་རྐང་པ་དྲུག་དང་། གལ་ཏེ་དངོས་གྲུབ་མཆོག་འདོད་ན་སོགས་མན་ཆད་དེ། གྲོོང་མཆོག་སྟེ་དཀྱིལ་འཁོར་ཡིད་དུ་འོང་བ་མཆོད་ན་ནི། །དངོས་གྲུབ་འགྲུབ་པ་ཉིད་དུ་ཐེ་ཚོམ་མེད་པས་མཆོད་པར་བྱའོ། །སློབ་དཔོན་བདག་ཉིད་ལ་དྲི་ཞིམ་པོ་ཡི་ཆུ་ཡིས་ལེགས་པར་གདབ་བར་བྱ་སྟེ། དེ་ཡང་སྒོ་ནི་ཞལ་ཡིན་ལ། ཞལ་ཕྱོགས་ཀུན་ནས་ཡོད་པའི་ཧེ་རུ་ཀར་བསྒོམས་ལ་དེ་གདབ་ཅེས་པའོ། །འདིར་གལ་ཏེ་དངོས་གྲུབ་མཆོག་འདོད་ནས་མར་མེ་བརྒྱ་ནི་དབུལ་བར་བྱའོ་ཞེས་པ་གཅིག་འབྱུང་ལ། ནམ་མཁའི་མཁའ་འགྲོ་མ་སོགས་རྐང་བ་བརྒྱད་ཀྱི་དོན་སྔར་བཤད་ཟིན་ཅིང་། དེའི་འཕྲོ་གལ་ཏེ་དངོས་གྲུབ་མཆོག་འདོད་ན་དྲི་དང་མེ་ཏོག་བརྒྱ་དང་དེ་བཞིན་ཏུ་སྤོས་དང་། མར་མེ་བརྒྱ་ཡང་དབུལ་བར་བྱའོ། །ཆོ་ག་ཅེས་པའི་རྐང་བ་གཅིག་འགྱུར་ལ་ལར་མེད་ཅིང་། ཡོད་པ་ལྟར་ན་བརྒྱ་ཕྲག་གི་ཆོ་ག་བཞིན་དུ་དེ་བཞིན་དུ་མཆོད་པའི་དོན་དུ་བྱའོ། །གང་ལ་མཆོད་ན། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་གནས་སུ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་མཆོད་པར་བྱའོ། །མཆོད་རྫས་གཞན་རྒྱལ་མཚན་དམར་བོ་དང་དེ་བཞིན་དུ་སེར་བོ་དང་དཀར་བོ་དང་གནག་པོ་དང་སེར་སྐྱ་དང་། དེ་བཞིན་དུ་གོས་ནི་ཁ་དོག་སྣ་ཚོགས་པ་དང་། སྟེང་ནས་འཕྱང་བའི་མེ་ཏོག་འཕྲེང་བ་དུ་མ་དང་། སྟེང་དུ་བླ་རེ་དང་ནི་ལོགས་སུ་ཡོལ་བ་དག་ཇི་ལྟར་མཛེས་པ་དེ་བཞིན་དུ་བྱའོ། །དེ་བཞིན་དུ་བཟའ་བ་དང་། བཅའ་བ་དང་། བཏུང་བ་ཞིམ་པོ་ཡིས་ཡིད་རྩེ་གཅིག་རབ་ཏུ་མཉམ་པར་བཞག་སྟེ་མཆོད་པར་བྱའོ། །གསུམ་པ་ནི། དཔལ་ཧེ་རུ་ཀར་བརྗོད་པ་ལས། འཁོར་ལོ་དགོད་པ་དང་དེ་ལ་མཆོད་པའི་ཆོ་གའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ།། །།༈ གཉིས་པ་བསྒྲུབས་པའི་དཀྱིལ་འཁོར་དེར་དབང་བསྐུར་བ་ལ་དྲུག །དང་པོ་རུ་བླ་མ་དང་ལྷ་མཉེས་པར་བྱ་བ། དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ། ཡོན་དངུལ་ཕན་ཡོན་དང་བཅས་པ། དབང་བསྐུར་ངེས་པར་དགོས་པ། དབང་བསྐུར་པའི་ཆེ་བ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནི་རྩ་བ་མ་དྲངས་པར་བཤད་པར་བྱ་སྟེ། ལེའུ་གཉིས་པ་བཤད་ཟིན་པ་དེ་ནས་སྒྲུབ་པ་པོ་སྟེ་དབང་བསྐུར་པར་བྱ་བའི་སློབ་མས་དང་པོར་ཏེ་དབང་གི་སྔོན་དུ་སློབ་དཔོན་ལེགས་པར་མཉེས་པར་བྱའོ། །གང་གིས་ནས་ལུས་ངག་ཡིད་ཀྱི་དངོས་པོ་ཀུན་གྱིས་སོ། །དེ་ཡང་དངོས་གྲུབ་འདོད་པས་ཤིན་ཏུ་མཉམ་པར་བཞག་པ་སྟེ་རྩེ་གཅིག་ཏུ་གུས་པས་ཇི་ལྟར་ནུས་པས་བླ་མ་མཆོད་ནས་དབང་གི་དོན་དུ་གསོལ་བ་གདབ་པོ། །དྲིལ་བུ་སྒྲ་སྒྲོགས་པ་ཅན་སྟེང་ནས་དཔྱངས་པ་དང་། མེ་ཏོག་དང་སྤོས་རྣམས་ཀྱིས་ཀྱང་སྟེང་དང་ཕྱོགས་ནས་བརྒྱན་ཅིང་། ཤིན་ཏུ་སྒྲ་སྙན་པའི་དྲིལ་བུ་དཀྲོལ་བ་དང་། སྒྲུབ་པ་པོ་ཡིས་རྔ་སྟེ་ཅང་ཏེའུ་བརྡུར་ཞིང་ཧ་ཧ་ཞེས་པའི་སྒྲ་ནི་བརྗོད་པར་བྱའོ། །འདི་ལ་བརྡས་བཤད་ན་དྲིལ་བུ་ནི་ལོ་གྲངས་བཅུ་དྲུག་མ་དང་། རྔ་ནི་བཅུ་གཉིས་པའི་བུ་མོའོ། །ཤིན་ཏུ་སྒྲ་སྙན་པ་ནི་ངག་སྙན་ཞིང་གཟུགས་མཛེས་པ་སོགས་དང་། བརྡུང་བ་ནི་ཆགས་པ་སྟེ། དཀྲོལ་བ་དང་འདྲ་བའི་སློབ་མས་རིག་མ་དེ་དག་ལ་སྙོམས་པར་འཇུག་པའོ། །སྐབས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུའོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་དུ་གཞུག་པ་དང་། ཞུགས་པ་ལ་དབང་བསྐུར་པའོ། །དང་པོ་ནི། དེ་ལྟར་ཆོ་ག་བཞིན་དུ་དཀྱིལ་འཁོར་མཆོད་ནས་ཕྱིའི་དཀྱིལ་འཁོར་དུ་གཞུག་བར་བྱའོ། །ཡང་བརྡས་བཤད་པ་ལྟར་ཤེས་རབ་མ་གཟུགས་མཛེས་པ་སོགས་འདོད་པའི་ཡོན་ཏན་ཀུན་དང་ལྡན་པ་ལ་སྙོམས་འཇུག་གི་སྒོ་ནས་ཨ་ཆོད་ནས་ནང་གི་བྷ་གའི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་གཉིས་ལས་དང་པོ་ལྟར་ན་སྟ་གོན་གྱི་སྐབས་སུ་བུར་བྱས་པས་ན་བུ་སྟེ། མཛེས་པ་ཡིད་དུ་འོང་བ་ཡོལ་བའི་ཕྱི་རོལ་ཏུ་འཁོད་པ་དེ་རྣམས་ཀྱི་གདོང་ལ་ནི་དར་རམ་རས་ཀྱིས་ལེགས་པར་དགབ་པར་བྱའོ། །དེའི་དར་གྱིས་མི་གསལ་བ་དང་། བཀབ་པས་ནི་གསང་བ་མཚོན་ནོ། །དེ་ལྟར་མིག་བཀབ་ནས་སུ་ཐལ་མོ་མེ་ཏོག་གིས་བཀང་བ་སྟེ། ཐལ་མོའི་བར་འཛིན་དུ་བཅུག་ལ། ཡོལ་བའི་ནང་དུ་ཡང་དག་པར་ནི་ཞུགས་པ་དག་བྱའོ། །དེ་ནས་སྒྲུབ་པ་པོ་སྟེ་སློབ་མ་ཤིན་ཏུ་མཉམ་པར་བཞག་པ་སྟེ་མ་གཡེངས་པས་དེ་ནས་དཀྱིལ་འཁོར་ལ་སྐོར་བ་བྱས་ནས་ནི། ཧེ་རུ་ཀའི་ཕོ་བྲང་ཉམས་དགའ་བར་གཞུག་པར་བྱ་སྟེ། དཀྱིལ་འཁོར་གྱི་ནང་དུ་ཡིད་ཀྱི་བཞུགས་པར་བསམ་པའོ། །བློ་བཟང་སོགས་རྐང་བ་གཅིག་ནི་ལོ་ཆེན་དང་མལ་གྱི་འགྱུར་ལ་ཡོད་པས་མི་དགོས་པ་འདྲའོ་གསུང་། ཡོད་པ་ལྟར་སློབ་དཔོན་བློ་གྲོས་པོ་དང་ལྡན་པ་ཡིན་ནི་མཉམ་པར་ཅེས་སྦྱར་རོ། །ལྷོ་ཡི་ཕྱོགས་སུ་ལུས་བརྟེན་ལ། ཞེས་པ་ནི་ཁ་ཅིག་བདེ་མཆོག་ཞལ་ལྷོར་གཟིགས་པ་ལ་འཆད་ཅིང་། ལྭ་ཝ་པས་ལྷོ་ཕྱོགས་སུ་བརྟེན་ནས་མེ་ཏོག་འདོད་པ་མཚོན་བྱེད་དུ་བྱས་ཏེ་གཞན་གསུམ་དུའང་མེ་ཏོག་འདོར་བར་བཤད་དོ། །དེ་ནས་སྔར་ཐལ་མོའི་བར་དུ་བཟུང་པའི་མེ་ཏོག་དཀྱིལ་འཁོར་གྱིས་སྟེེང་དུ་དོར་བར་བྱའོ། །དེ་ནས་མིག་དར་ཕྱེ་ལ་གང་དུ་མེ་ཏོག་དེ་ལྷུང་བའི་ལྷ་དེ་ནི། སློབ་མ་དེ་རིགས་ཀྱི་ལྷ་ཡིན་ནོ་ཞེས་རྣམ་པར་བསྟན་པ་དང་། ཤྲཱི་ཧེ་རུ་ཀའི་གནས་སོགས་ཀྱིས་ལྷ་གཞན་དང་དེའི་གནས་གཞལ་ཡས་ཁང་རྣམས་བསྟན་པ་བྱའོ། །གཉིས་པ་ལ་གཉིས། དབང་བསྐུར་བ་དང་། མཐར་ཕྱག་བྱ་བའོ། །དང་པོ་ལ་གཉིས། བུམ་དབང་དང་། དབང་གོང་མ་བསྐུར་བའོ། །དང་པོ་ནི། སློབ་མ་དེ་ནི་མེ་ཏོག་ཕོགས་པའི་ལྷ་དེའི་རིགས་ཀྱི་མིང་ཅན་དུ་འགྱུར་བར་སློབ་དཔོན་གྱིས་ནི་མིང་དབང་བསྐུར་བའི་ཚེ་མིང་སྟེ་གསང་མཚན་བསྟན་པའི་སྒོ་ནས་བྱའོ། །ཅོད་པན་དང་རྡོ་རྗེ་དང་ཕྱིར་མི་ལྡོག་པའི་དབང་སོགས། བདུན་སྐབས་འདིར་དངོས་སུ་མ་བཤད་པ་ནི་བཤད་རྒྱུད་དུ་འཆད་པ་ལ་དགོངས་སོ། །གཉིས་པ་ནི། བུམ་དབང་བསྐུར་བ་དེ་ནས་སློབ་མ་ལ་གསང་དབང་སྦྱིན་པའི་ཆེད་དུ་སློབ་དཔོན་ཧེ་རུ་ཀའི་ཏིང་དེ་འཛིན་ལ་ལེགས་པར་མཉམ་པར་བཞག་སྟེ་སློབ་མས་ཕུལ་བའི་རིག་མའི་ཕྱག་རྒྱ་རྡོ་རྗེ་ཕག་མོར་བྱས་པ་ལ་སྙོམས་པར་འཇུག་པའི་མཆོད་པ་བྱའོ། །སྙོམས་པར་ཞུགས་པ་དེ་ནས་སློབ་དཔོན་གྱིས་གསང་བའི་དབང་བསྐུར་བའི་ལས་འདི་ཡང་དག་སྤྱད་པར་བྱའོ། །དེ་ཡང་ཕྱི་དེ་ཉིན་ཏེ་ནམ་ཕྱེད་ནས་དབང་བསྐུར་བ་སྟེ། སྟ་གོན་ལ་ལྟོས་པའི་ཉི་མ་གཉིས་པའི་ནམ་ཕྱེད་དུའོ། །གཞུང་འདིས་གསང་དབང་བསྟན་པར་བཤད་དོ། །མཚལ་ཆེན་ནི་ཁྲག་ཆེན་པོ་ཡིན་ལ། དེའི་སྐད་དོད་རཀྟ་ནི་ཆགས་པ་སྟེ་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཐིག་ལེའོ། །དེ་ལ་འབྲུ་གསུམ་ལན་གསུམ་དུ་བཟླས་པ་ཡིས། སྔགས་པས་སློབ་མའི་སྙིང་ཀ་ལ་སོགས་བའི་དེ་གནས་རྣམས་སུ་རེག་སྟེ་ཐིག་ལེ་བྱའོ། །སློབ་མ་ཡི་ནི་གདོང་ཕྱེ་ལ་ཞེས་པ་འདི་སྔར་དཀྱིལ་འཁོར་བསྟན་པའི་སྐབས་དང་། གསང་དབང་གི་སྐབས་གཉིས་ཀ་དང་སྦྱར་དགོས་སོ། །དཀྱིལ་འཁོར་བསྟན་པ་ལ་རྟེན་བརྟེན་པའི་དཀྱིལ་འཁོར་བསྟན་པ་དང་། དེའི་དེ་ཁོ་ན་ཉིད་བསྟན་པ་གཉིས་ཡོད་པའི་ཕྱི་མ་ལྟར་ན་དབང་རྣམས་རྫོགས་པ་དེ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། བསྟེན་པ་ལྷ་གང་དང་གང་ནི་རྟེན་གནས་གཞལ་ཡས་ཁང་གཉིས་ཀྱི་རིམ་གཉིས་ཀྱི་དེ་ཉིད་གང་ཡིན་པ་དེ། དབང་རྫོགས་པ་དེར་ནི་ཡང་དག་པར་བསྟན་པར་བྱའོ། །འདི་ནི་དབང་བསྐུར་བ་ལ་རིམ་གཉིས་སྟོན་དགོས་པའི་དབང་དུ་བྱས་སོ། །བླ་མ་སྔ་མ་ཁ་ཅིག་དབང་གསུམ་པ་བསྐུར་བའི་ཚུལ་དང་སྤྱོར་ཞིང་། དཀྱིལ་འཁོར་སྟོན་པ་དང་སྦྱོར་བར་མཛད་དོ། །གཉིས་པ་ནི། དབང་ཟིན་ནས་སློབ་དཔོན་དང་བཅས་པའི་ཕོ་བྲང་སྟེ་དཀྱིལ་འཁོར་ལ་དེ་ནས་སློབ་མ་རབ་ཏུ་གུས་པ་བཏུད་ནས། སྔར་དཀྱིལ་འཁོར་ལ་བསྐོར་བ་བྱས་པ་ལས། སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་གཡོན་ནས་བརྩམས་པ་ཡིས་བསྐོར་བ་བྱའོ། །དེ་ནས་བསྐོར་བ་བྱས་ནས་ནི་དཀྱིལ་འཁོར་དང་ནི་བླ་མ་བྱ་བའི་ཐབས་ཇི་ལྟར་གསུངས་བ་བཞིན་གྱི་ཆོ་གས་ཕྱག་བྱའོ། །གསུམ་པ་ལ་གཉིས། ཡོན་དབུལ་བ་དང་། ཕུལ་བའི་ཕན་ཡོན་ནོ། །དང་པོ་ནི། དེ་ནས་དབང་བསྐུར་བའི་བླ་མ་དག་ལ་ཡོན་དེ་བཞིན་གཤེགས་པས་རྒྱུད་ལས་གསུངས་པ་བཞིན་དབུལ་བར་བྱའོ། །དེ་གང་ཞེ་ན། གསེར་སྲང་ནི་བརྒྱ་སྟོང་སྟེ་འབུམ་དབུལ་བ་དང་། དངུལ་ལ་སོགས་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། རས་ནི་ཟུང་དུ་གྱུར་པ་བརྒྱ་ཉིད་དང་། གླང་པོ་ཆེ་དང་རྟ་དང་ཡུལ་འཁོར་དང་རྣ་རྒྱན་དང་གདུ་བུ་དང་མགུལ་རྒྱན་དང་སོར་གདུབ་དམ་པ་དང་། གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས་ཏེ་སེར་རལ་ཁ་དང་། ཆུང་མ་བཟང་བོ་དང་བུ་དང་བུ་མོ་ཉིད་དང་བྲན་ཕོ་བྲན་མོ་དང་སྲིང་མོ་རྣམས་ཕྱག་འཚལ་ནས་ནི་དབུལ་བར་བྱའོ། །བློ་དང་ལྡན་པའི་སློབ་མས་རྒྱུད་གཞན་ནས་ཇི་སྐད་གསུངས་པ་བཞིན། བླ་མ་ལ་བདག་ཉིད་སྒོ་གསུམ་གྱི་དངོས་པོ་ཀུན་གྱིས་ནི། གསེར་སོགས་ཕུལ་བ་དེ་བཞིན་དུ་ནི་དབུལ་བར་བྱའོ། །བདག་འཕུལ་ཚུལ་ནི། །དེང་ནས་བརྩམས་ཏེ་ཁྱེད་ཀྱི་བྲན་དུ་བདག་ཁྱེད་ལ་བདག་ཉིད་ཀྱིས་འབུལ་བ་ལགས་སོ། །གཉིས་པ་ནི། དེ་ནས་སྔར་བཤད་པ་ལྟར་སྒྲུབ་པ་པོ་ཡིས་རབ་ཏུ་ངེས་པར་བྱ་ཞིང་། དེ་ལྟར་ཆོ་ག་བྱས་ན་ནི། དེ་ནས་སློབ་མ་དེ་ལ་མཁའ་འགྲོ་མ་བཅུ་གཉིས་དང་། རྣལ་འབྱོར་མ་ཉེར་བཞི་རྣམས་མཉེས་པར་འགྱུར་རོ། །མཉེས་ནས་མཁའ་འགྲོ་མ་དང་། ལཱ་མ་དང་། དུ་མ་སྐྱེས་མ་དང་། གཟུགས་ཅན་མའི་རིགས་ཀྱི་མཁའ་འགྲོ་མ་དེ་རྣམས་དང་བསྒྲུབ་པ་པོ་གཉིས་ལྷན་ཅིག་ཏུ་རྣམ་པར་སྤྱོད་ཅིང་ཀུན་ཏུ་འགྲོ་བར་འགྱུར་རོ། །དེ་ལྟར་འགྲོ་བས་སྒྲུབ་པ་པོ་དེ་ཡི་ཅི་བགྱི་སྟེ་བཀའ་བསྒོ་ཐམས་ཅད་ནི་མཁའ་འགྲོ་མ་དེ་དག་གིས་བྱེད་པར་ཐེ་ཚོམ་མེད་དོ། །དེ་འདྲ་བའི་རྣལ་འབྱོར་འདི་ནི་གྲུབ་པར་གྱུར་ན་འཇིག་རྟེན་གསུམ་དུ་གང་གིས་ཀྱང་མི་བཟློག་པའི་སྟོབས་དང་། གཞན་གྱིས་མི་མཐོང་བའི་མི་སྣང་བ་དང་། ཕུག་སྟེ་ས་འོག་གི་བུ་གར་རྒྱུ་བ་དང་། ནམ་མཁའ་རྒྱུ་བ་སྟེ་མཁའ་སྤྱོད་འགྲུབ་པ་དང་། གྲུབ་པའི་སྨན་རྐང་བ་ལ་བྱུགས་པས་གང་འདོད་པའི་གནས་སུ་སླེབ་པའི་རྐང་མགྱོགས་དང་། དེ་བཞིན་དུ་ཚེ་བསྐལ་བར་ཐུབ་པའི་བཅུད་ཀྱིས་ལེན་རྣམས་སྒྲུབ་པ་པོ་ནི་འདོད་པ་ཙམ་གྱིས་རྟག་པར་རྒྱུན་ཏུ་སྐྱེད་པར་འགྱུར་རོ། །གཟུགས་ནི་སྤྲུལ་བ་མི་འདྲ་བ་དུ་མ་བྱེད་པ་དང་། རྫུ་འཕྲུལ་གྱིས་ནམ་མཁའ་ལ་ནི་འགྲོ་བར་འགྱུར་བ་དང་། ཁྱད་པར་དུ་གདུག་པའི་མཁའ་འགྲོ་རྣམས་དང་། དེར་མ་ཟད་འགྲོ་བ་གཞན་རྣམས་ཀྱང་ལན་ཅིག་བལྟས་པས་ངེས་པར་ཟིལ་གྱིས་གནོན་པར་འགྱུར་རོ། །ཡང་ན། མཁའ་འགྲོ་མ་དེ་རྣམས་ཀྱིས་སྒྲུབ་པ་པོ་དེ་ལ་ལན་ཅིག་བལྟོས་པ་སྟེ་གཟིགས་པ་ཙམ་གྱིས། དེ་འདྲ་བའི་རྣལ་འབྱོར་བས་སྐད་ཅིག་གིས་ནི་ཐབས་ཤེས་དབྱེར་མེད་ཀྱི་སྦྱོར་བ་ཉིད་སྐྱེད་པར་བྱེད་ནུས་སོ། །བཞི་བ་ནི། སྔགས་པས་དཀྱིལ་འཁོར་མ་མཐོང་བ་སྟེ་དཀྱིལ་འཁོར་དུ་དབང་མ་བསྐུར་བར་གང་ཞིག་རྣལ་འབྱོར་ཉིད་དང་དངོས་གྲུབ་འགྲུ བ་བར་འདོད་པ་ནི། ནམ་མཁའ་ལ་ཁུ་ཚུར་གྱིས་རྡེག་པར་སེམས་པ་དང་། སྨིག་རྒྱུའི་ཆུ་ནི་འཐུང་བར་འདོད་པ་དང་མཚུངས་ཏེ་འབད་པ་དོན་མེད་དོ། །ལྔ་པ་ལ་གཉིས། འདིའི་དབང་བསྐུར་བ་མཆོག་བསྟན་པ་དང་། དབང་འདི་རྙེད་དཀའ་བ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། འདིའི་དབང་ཐོབ་པའི་རྣལ་འབྱོར་བ་དང་། རྒྱུད་འདིའི་རྣལ་འབྱོར་བ་འདི་ནི་རིམ་པ་བཞིན་མཆོག་ཏུ་གྱུར་པས་རབ་ཡིན་ལ། སྦྱོར་བ་སྟེ་རྣལ་འབྱོར་གཞན་ཀུན་གྱི་དམ་པ་སྟེ་མཆོག་གོ །གང་ཞིག་རྟག་ཏུ་སྟེ་གང་ཅུང་ཟད་ཅིག་རྒྱུན་ཏུ་ཡིད་ལ་འདོད་པར་གྱུར་པ་དེ་དང་དེར་ལྷ་དང་ལྷ་མིན་དང་མི་རྣམས་ཏེ་འདི་དག་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བདེ་མཆོག་གི་རྒྱུད་འདི་རུ་ནི་དབང་བསྐུར་བའི་གང་ཟག་དེ་རྒྱུད་སྡེ་བཞི་བོ་ཐམས་ཅད་ཀྱི་ནི་སྒྲུབ་པ་པོར་གསུངས་ལ། འདིར་དབང་བསྐུར་ན་བལྟས་པ་སྟེ་བྱ་རྒྱུད་དང་། རྒོད་པ་སྤྱོད་རྒྱུད་དང་། ལག་པ་འཛིན་པ་སྟེ་ལག་བཅངས་ཀྱི་རྒྱུད་རྣལ་འབྱོར་དང་། འཁྱུད་པ་དང་། གཉིས་གཉིས་སྤྲོད་པ་ལ་སོགས་པ་སྟེ་བླ་མེད་ཀྱི་རྒྱུད་དུ་དབང་བསྐུར་བ་ནི་གྱུར་བ་ཡིན་པས་རྒྱུད་རྣམས་ཀུན་གྱི་དམ་པ་སྟེ་མཆོག་དང་། འདིའི་རྣལ་འབྱོར་བ་ནི་ལྷ་མི་ཐམས་ཅད་ཟིལ་གྱིས་མནན་ནས་འགྲོ་བ་ཡིན་ནོ། །འདིའི་དབང་ཐོབ་ན་རྒྱུད་གཞན་ཀུན་གྱི་དབང་ཐོབ་པ་དང་དེ་རྣམས་ཀྱི་སྒྲུབ་པ་པོར་གསུངས་པ་ནི། རྒྱུད་ཐམས་ཅད་ཀྱི་དོན་གྱི་གཙོ་བོ་རྣམས་ལམ་འདིར་འདུས་པ་ལ་དགོངས་ཀྱི་གཞན་གྱི་དབང་ལོགས་སུ་ཞུས་མི་དགོས་ཞེས་པ་མིན་ནོ། །གཉིས་པ་ནི། རྩ་རྒྱུད་དེ་ཉིད་བསྡུས་པའམ། སྒྱུ་མ་བདེ་མཆོག་གམ། གསང་བ་འདུས་པའམ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཆེན་པོ་དེ་དག་ལས། དཀྱིལ་འཁོར་རྣམས་ཀྱི་རྒྱལ་བོ་འདི་ནི་སྔར་མ་བྱུང་ཉིད་ཕྱིས་འབྱུང་བར་མི་འགྱུར་རོ་ཞེས་པ་ནི་རྙེད་དཀའ་བར་སྟོན་པའོ། །རྒྱུད་འདིར་བཤད་པ་དང་མ་བཤད་པར་རྒྱུད་གཞན་དུ་བཤད་པའི་དངོས་གྲུབ་གང་ཅི་ཡང་རུང་བ་དེ་ཀུན་ནི་དཔལ་ལྡན་ཁྲག་འཐུང་ཧེ་རུ་ཀའི་རིམ་གཉིས་ཀྱི་རྣལ་འབྱོར་འདི་ལ་གནས་པ་སྟེ་འདི་ལ་བསྟེན་ནས་འགྲུབ་པར་འགྱུར་རོ། །དྲུག་པ་ནི། དཔལ་ཧེ་རུ་ཀར་བརྗོད་པ་བསྡུས་པའི་རྒྱུད་ལས། ཡོན་ཏན་ནམ་ཡོན་འབུལ་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་གསུམ་པའི་འགྲེལ་པའོ།། །།༈ གཉིས་པ་སྣོད་དུ་རུང་བ་ལ་གསང་བ་རྒྱས་པར་བཤད་པ་ལ་བཅུ་གཅིག ལམ་གྱི་གསང་བ་རྒྱས་པར་བཤད་པ། སྔགས་དང་བསམ་གཏན་གྱིས་འགྲུབ་པ་རྒྱས་པར་བཤད་པ། རིགས་ལྡན་མ་མཆོད་པ་རྒྱས་པར་བཤད་པ། རྩ་སྔགས་བསྟན་ཅིང་བསྲུང་བའི་དམ་ཚིག་བཤད་པ། སྦྲོས་བཅས་ཀྱི་སྤྱོད་པ་བཤད་པ། བར་ཆད་སེལ་བའི་བསྲུང་བའི་སྔགས་བཏུ་བ། བཟའ་བའི་དམ་ཚིགས་བཤད་པ། མཆོད་པ་བཞིའི་གསང་བ་བཤད་པ། སྤྱོད་པ་ལྷག་མ་གཉིས་བཤད་པ། དངོས་གྲུབ་འགྲུབ་པའི་མཚན་མ་བརྟག་པ། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་གཞན་བསྟན་པའོ། །དང་པོ་ལ་གསུམ། བསྐྱེད་རིམ་པའི་དེ་ཉིད་བཞི་དང་། རྫོགས་རིམ་པའི་དེ་ཉིད་བཞི་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ནི། ལེའུ་གསུམ་པ་བཤད་པའི་རྗེས་དེ་ནས་བཞི་བ་བཤད་པར་བྱའོ། །མཁའ་འགྲོ་མ་རྣམས་ནི་རང་གི་གནས་སྤྱིར་གཞལ་ཡས་ཁང་དང་། ཁྱད་པར་དུ་རྟེན་འཁོར་ལོ་གསུམ་ན་རྣམ་པར་འགྱིད་པ་སྟེ་རོལ་བའི་ཞེས་རྟེན་དཀྱིལ་འཁོར་གྱི་དེ་ཉིད་སྟོན་ཏེ། དེ་ཡང་ཕྱི་དཀྱིལ་དང་ལུས་དཀྱིལ་གཉིས་ཀ་གཟུང་ངོ་། །བརྟེན་པ་ལྷའི་དེ་ཉིད་ནི། བརྩོན་ཆེན་ཞེས་སོགས་ནི་འཁྲུགས་བསྡེབས་ཀྱིས་བཤད་ན་རབ་གཏུམ་མ་སྔོན་ལ་དང་། བརྩོན་ཆེན་མ་རྗེས་སུ་འོང་ཡང་། འདིར་གོ་རིམ་བཟློག་ནས་འབྱུང་བ་ནི་བླ་མའི་མན་ངག་ལ་རག་ལས་པའི་ཆེད་དོ། །དེ་ལྟར་ན་རབ་གཏུམ་མ་དང་། གཏུམ་མིག་མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་བཞི་ནི་ཐུགས་འཁོར་གྱི་ཤར་ནས་གཡོན་བསྐོར་གྱིས་ཕྱོགས་བཞི་དང་། དཔའ་བོའི་བློ་གྲོས་མ་དང་། མིའུ་ཐུང་མ་དང་། ལངྐའི་དབང་ཕྱུག་མ་དག་ཤིང་གྲིབ་མ་བཞི་ནི་དེའི་མེད་ནས་མཚན་བཞིར་གཡས་བསྐོར་གྱིས་འགོད་དོ། །ས་སྲུང་མ་དང་། འཇིགས་བྱེད་ཆེན་མོ་དང་། རླུང་ཤུགས་མ་དང་། ཆང་འཐུང་མ་བཞི་ནི་གསུང་འཁོར་གྱི་ཕྱོགས་བཞིར་གཡོན་བསྐོར་དང་། ལྗང་ལྷ་མོ་སྟེ་སྔོ་བསངས་ལྷ་མོ་དང་། ཤིན་ཏུ་བཟང་མོ་དང་། རྟ་རྣམ་དང་། མཁའ་འགྲོ་འམ་བྱ་གདོང་མ་བཞིན་ནི་དེའི་མཚམས་བཞིར་གཡས་བསྐོར་གྱིས་འགོད་དོ། །འཁོར་ལོའི་ཤུགས་ཅན་མ་དང་། དུང་སྐྱེས་མ་དང་། སྣ་ཅན་མ་སྟེ་ཆང་འཚོང་མ་དང་། འཁོར་ལོའི་གོ་ཆ་མ་བཞི་ནི་སྐུ་འཁོར་གྱི་ཕྱོགས་བཞིར་གཡོན་བསྐོར་དང་། རབ་སྟེ་ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མ་དང་། འཁོར་ལོས་སྒྲུར་མ་དང། བརྩོན་འགྲུས་ཆེན་མོ་བཞི་ནི་དེའི་མཚམས་བཞིར་གཡས་བསྐོར་གྱིས་འགོད་དེ། དེ་རྣམས་ནི་སྒྲུབ་པ་པོའི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ། །འདིར་འགྱུར་འགའ་ཞིག་ལས། སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟ་ཕྱི་རོལ་ནང་དེ་བཞིན། །ཞེས་པ་ཅིག་འབྱུང་བ་ལྟར་ན། ལྷ་དེ་རྣམས་ཇི་ལྟར་ཕྱི་དཀྱིལ་གྱི་འཁོར་ལོ་གསུམ་གྱི་རྩིབས་དབུས་སུ་འགོད་པ་དེ་བཞིན་དུ། ནང་ལུས་དཀྱིལ་གྱི་གནས་ཉེར་བཞིར་ཡང་དགོད་པར་བྱའོ་ཞེས་པའི་དོན་ནོ། །དེས་དཔའ་བོ་ཉེར་བཞི་དང་སྒོ་མཚམས་མ་བརྒྱད་དང་གཙོ་བོ་ཡབ་ཡུམ་དང་། སྙིང་བོའི་རྣལ་འབྱོར་རྣམས་ཀྱང་མཚོན་ནོ། །མཁའ་འགྲོ་མ་ཉི་ཤུ་རྩ་བཞི་བོ་འདི་དག་ནི་སྔོན་ནས་གྲུབ་པ་ཡིན་ཞིང་། མཁའ་འགྲོ་མ་གྲངས་མེད་པ་རྣམས་ཀྱི་གཙོ་མོ་ཡིན་པའོ། །སྔགས་ཀྱི་དེ་ཉིད་ནི་ལྷ་དྲུག་ཅུ་བོ་རང་རང་གི་ཞིང་དབུས་སུ་བརྗོད་པའི་སྔགས་ལ་ནི། སྔགས་ཐམས་ཅད་གསལ་བ་སྟེ་མཛེས་པར་བྱེད་པའི་ༀ་ནི་ཐོག་མ་དང་། མཐར་ནི་ཧཱུྃ་ཧཱུྃ་ཕཊ་དང་སྦྱར་བར་བྱ་སྟེ། དཔེར་ན་ༀ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ༀ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལ་པྲ་ཙ་ཎྜི་ཧུཾ་ཧཱུྃ་ཕཊ་ཅེས་སོགས་དང་། ༀ་ཀ་ཀཱ་སྱེ་ཧུཾ་ཧཱུྃ་ཕཊ་ཅེས་སོ་ཞེས་སྦྱར་བར་བྱའོ་ཧེ་རུ་ཀའི་དཀྱིལ་འཁོར་སྒོམ་པ་དང་སྔགས་བཟླ་བ་ནི་རབ་སྟེ་ཤིན་ཏུ་མཆོག་ཏུ་གྱུར་པ་འདི་མཐོང་ན་ཚུལ་འདི་ནི་མེ་དང་འདྲ་བ་ཡིན་ལ། རྒྱུད་སྡེ་གཞན་དག་གསུམ་གྱི་ལྷ་སྒོམ་པ་དང་སྔགས་བཟླ་བ་ནི་སྙིང་བོ་ཆུང་བའི་སོག་མའམ་རྩྭ་དང་མཚུངས་པ་སྟེ་རྣལ་འབྱོར་འདི་ལ་བལྟོས་ནས་སྟོབས་ཆུང་ངོ་ཞེས་པ་ནི་བསྔགས་པ་བརྗོད་པའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། སྔར་གྱི་དཔའ་མོ་ཉེར་བཞི་བཤད་པ་དེ་ཁོ་ནའམ་སྙམ་རྣམ་མིན་ཏེ། དཔའ་བོ་ཉིད་དུ་འགྱུར་བ་གྲུབ་པ་སྟེ་ལྷ་རྫོགས་པར་བྱའོ། །འདི་ལྷའི་དེ་ཉིད་ཀྱི་སྐབས་སུ་འབྲེལ་ལོ། ཁྱིམ་དུ་ནི་ཞེས་པ་ཕྱག་རྒྱའི་པདྨའི་ནང་ཡིན་ལ། དཀྱིལ་འཁོར་མཐོང་བ་དེ་ནི་དེར་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མཐོང་བ་སྟེ། ཚུལ་དེ་ཤེས་ནས་རྟག་ཏུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ན་དངོས་གྲུབ་རྣམས་དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་འཐོབ་པོ། །གཉིས་པ་ནི། རྫོགས་རིམ་གྱི་རྟེན་ལྷའི་དེ་ཉིད་ནི་གདལ་གནད་དུ་བསྣུན་པའི་གཞི་རྡོ་རྗེའི་ལུས་སོ། །བརྟེན་པ་ལྷའི་དེ་ཉིད་ནི་རབ་གཏུམ་མ་སོགས་ཀྱིས་མཚོན་པའི་རྫོགས་རིམ་གྱི་སྒྱུ་མའི་སྐུའོ། །སྔགས་ཀྱི་དེ་འདི་ནི་རྡོར་བཟླས་སོ། །ཡེ་ཤེས་ཀྱི་དེ་ཉིད་ནི་རྡོར་བཟླས་དང་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པར་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་སོ། །གསུམ་པ་ནི། དཔལ་ཧེ་རུ་ཀར་བརྗོད་པ་བསྡུས་པའི་རྒྱུད་ལས་ཕྱི་དང་ལུས་ཀྱི་དཀྱིལ་འཁོར་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ལེའུ་སྟེ་བཞི་པའི་འགྲེལ་པའོ།། །།༈ གཉིས་པ་སྔགས་དང་བསམ་གཏན་གྱིས་འགྲུབ་པ་རྒྱས་པར་བཤད་པ་ལ་གཉིས། བཟླས་པའི་སྔགས་བཏུ་བ་དང་། སྔགས་བཟླས་པས་དངོས་གྲུབ་སྒྲུབ་ཚུལ་ལོ། །དང་པོ་ལ་བཞི། རྩ་སྔགས་ཀྱི་ཡི་གེ་བཏུ་བ། དཔའ་བོའི་གོ་ཆའི་སྔགས་བཏུ་བ། རྩ་སྔགས་ཀྱི་དབྱངས་བཏུ་བ། གོ་བཟློག་པའི་སྙིང་བོ་དང་དཔའ་མོའི་གོ་ཆའི་སྔགས་བཏུ་བའོ། །དང་པོ་ལ་གཉིས། གཞུང་དངོས་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། སྔགས་བཏུ་བའི་གཞི་དགོད་པ། དེ་ལས་སྔགས་བཏུ་བ། བཏུས་པའི་སྔགས་ཀྱི་ཆེ་བ་བསྟན་པའོ། །དང་པོ་ལ་གཉིས། དྲང་དོན་དུ་བཤད་པ་དང་། ངེས་དོན་དུ་བཤད་པའོ། །དང་པོ་ནི། ལེའུ་བཞི་བའི་དེ་ནས་སྟོབས་བཅུ་ལ་སོགས་པའི་ཆོས་ཀུན་འབྱུང་བ་ཡི་ཆོས་འབྱུང་རྣམ་ཐར་སྒོ་གསུམ་མཚོན་པའི་གྲུ་གསུམ་པ་བྱ་སྟེ། དེ་ནི་སྣ་ཚོགས་པའི་སྣོད་བཅུད་ཀྱི་ཆོས་རྣམས་ཀྱི་རང་བཞིན་ནམ་བདག་ཉིད་ཅན་ནོ། །ལྟེ་བར་ནི་ཆོས་འབྱུང་དེའི་དབུས་སུའོ། །མི་ཤིགས་པ་ནི་མི་ཕྱེད་པ་དང་། དགེ་བ་ནི་རྡོ་རྗེ་འཛིན་པའོ། །སྔགས་པས་ཆོ་ག་བཞིན་དུ་བྲི་བ་ནི་རྡོ་རྗེ་འཛིན་པའི་བདག་ཉིད་ཅན་གྱི་ཡི་གེ་རྣམས་སོ། །དེ་ཡང་ངག་ཏུ་བརྗོད་པའི་ཆོས་ཀུན་ཕྱོགས་གཅིག་ཏུ་བསྡུ་བར་བྱ་བ་འདིར་བྲི་བར་བྱ་བའི་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། ཨཱ་ལི་དང་ཀཱ་ལི་མཉམ་པ་སྟེ་ཚང་བར་བྱས་པའི་སྡེ་ཚན་དག་ནི་བསྡུ་བ་སྟེ་ཚོགས་པར་བྱའོ། །སྡེ་ཚན་ནི་བཞི་བཞི་རུ་སྟེ་བརྒྱད་དུ་ཤེས་པར་བྱས་ལ། དེ་ཡང་ཨཱ་ལིའི་སྡེ་ཚན་གཅིག་དང་། ཀཱ་ལི་ལ་ཀ་སྡེ། ཙ་སྡེ། ཊ་སྡེ། ཏ་སྡེ། པ་སྡེ་ལྔ་དང་། ཡ་ར་ལ་ཝ་སྟེ་མཐར་གནས་དང་། ཤ་ཥ་ས་ཧ་སྟེ་སྡེ་ཚན་བདུན་དུ་བྱའོ། །ཐུབ་པ་མཆོག་ནི་རྣམ་གཟིགས་སོགས་སངས་རྒྱས་བདུན་གྱི་གྲངས་དང་མཚུངས་པའི་བདུན་གྱི་མིང་ཡིན་པས་དེ་དག་ལ་འདིར་གསལ་བྱེད་ཀྱི་སྡེ་ཚན་བདུན་དགོད་པར་བྱ་ཞིང་། དེ་ལས་རྩ་སྔགས་ཀྱི་ལུས་བཏུས་ནས་ཕྱིས་ནི་དབྱངས་ཐུ་བས་དེའི་དབང་དུ་མཛད་པ་སྟེ་གསལ་བྱེད་སྔོན་ལ་ཐུ་བའི་ལུགས་སོ། །ཆོས་འབྱུང་གི་ནང་དུ་རེའུ་མིག་བརྒྱད་དང་། པདྨ་འདབ་མ་བརྒྱད་པ་བྱེད་པའི་ལུགས་གཉིས་སྣང་བ་ལས་ཁ་སྦྱོར་དང་ལྭ་ཝ་བས་སྣ་ཚོགས་པདྨ་ཕྱེད་པར་བཤད་པ་བཞིན་བྱ་སྟེ། དེ་ཡང་དབུས་སུ་ཨ་ཐུང་དང་། ཤར་གྱི་འདབ་མ་ནས་རིམ་པར་གཡས་སྐོར་དུ་དབྱངས་ཡིག་རྣམས་དང་། ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་བརྒྱད་དགོད་པར་བྱའོ། །ཆོས་འབྱུང་གི་དབུས་དེར་གནས་པའི་དབྱངས་གསལ་ལས་ལྷ་སྔགས་དབྱེར་མེད་ཀྱི་དཔ འ་བོ་སྟེ་རྩ་སྔགས་ཀྱི་ཡི་གེ་རྣམས་བ ཏུ་བར་བྱ་སྟེ། དེ་ནི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །གཉིས་པ་ནི། ཆོས་འབྱུང་གིས་ཕྱག་རྒྱའི་བྷ་ག་མཚོན་ཞིང་། པདྨ་འདབ་མ་བརྒྱད་ཀྱིས་དེའི་ནང་གི་རྩ་འཁོར་བརྒྱད་པ་དང་། ལྟེ་བས་དེའི་ནང་གི་བྱ་རོག་གདོང་དང་དྷཱུ་ཏཱིའི་མར་སྣ་དང་། ཨཱ་ལི་ཀཱ་ལིས་ཁམས་དཀར་དམར་སོགས་དང་། དཔའ་བོ་བཏུ་བས་ནི་ཡབ་ཡུམ་གྱི་རྩའི་རྩ་གཉིས་སྦྱར་བ་ལས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་བར་མཚོན་པར་ཁ་སྦྱར་ལས་བཤད་ཅིང་། དབུས་ཀྱི་ཨ་ཡིག་གིས་རང་བཞིན་གྱིས་སྐྱེ་མེད་མཚོན་པར་གསུགས་ཏེ། དྲང་དོན་གྱི་ཨ་ལས་ཡི་གེ་དང་ངག་ཐམས་ཅད་འབྱུང་བ་ལྟར། ངེས་དོན་གྱི་ཨ་ལས་ནི་དངོས་གྲུབ་ཐམས་ཅད་འབྱུང་བར་རྒྱུད་ལས་བཤད་དོ། །གཉིས་པ་ལ་གཉིས། རྐང་བརྒྱད་ཀྱི་རྩ་སྔགས་བཏུ་བ་དང་། ཀ་ར་ཀ་རའི་རྩ་སྔགས་བཏུ་བའོ། །དང་པོ་ལ་གཉིས། རྐང་བ་སྔོན་མ་བཞི་དང་། ཕྱི་མ་བཞི་བཏུ་བའོ། །དང་མོ་ནི། སྤང་ལེབ་སོགས་གཞི་གཙང་མར་བཏུ་རྒྱུའི་ཡི་གེ་རྣམས་བཀོད་ནས་ཀཱ་ལི་ལས་ཐུ་བ་ལ། དེའི་སྡེ་ཚན་བཞི་བ་ཏ་སྡེའི་ལྔ་བ་ན་གང་ཡིན་པ་དང་། སྡེ་ཚན་ལྔ་བ་པ་སྡེ་ཡི་ཡང་ལྔ་བ་མ་དང་། སྡེ་ཚན་ལྔ་པ་ཡིན་ནི་བཞི་བ་བྷ་དང་། སྡེ་ཚན་དང་པོ་ཀ་སྡེའི་གསུམ་པ་ག་གང་ཡིན་པ་དང་། དེ་བཞིན་དུ་ཀ་ནས་བགྲང་པའི་ཉི་ཤུ་རྩ་གསུམ་པ་ཝ་དང་། བཞི་བ་ཏ་སྡེའི་དང་པོ་ཏ་གང་ཡིན་པ་དང་། མཐར་གནས་པ་ཡི་སྡེ་ཚན་གྱི་བཞི་བ་ཝ་དང་། མཐར་གནས་དེ་ཉིད་གྱི་ནི་གཉིས་པ་ར་དང་། ཀ་ནས་བགྲང་པའི་སུམ་ཅུ་བ་ཤ་ནི་ཡང་དག་པར་བླང་ངོ་། །དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་ཉིད་དང་། གོང་གི་ཡི་གེ་དེ་དག་ཐམས་ཅད་ལེགས་པར་བསྡུས་པ་ལ་ནི་རྐང་བ་དང་པོའི་ལུས་སོ། །དེ་བཞིན་དུ་རྐང་བ་གཉིས་པ་བཏུ་བ་ནི། བརྒྱ་ཡི་ཕྱེད་ནི་ལྔ་བཅུ་དང་དེའི་ཕྱེད་ཡང་ནི་ཉེར་ལྔ་བ་མ་དང་། དེ་ནས་སུམ་ཅུ་གསུམ་པ་ཧ་གཟུང་བར་བྱའོ། །སྡེ་ཚན་དང་པོའི་དང་པོ་ཀ་ཉིད་དག་དང་། མཐར་གནས་པ་ཡི་གསུམ་པ་ལའོ། །འདིར་ཝ་ལ་འདོགས་བྱའི་པ་མ་བྱུང་བ་ནི་འདོགས་ཀྱི་ཡི་གེ་མ་བརྩིས་པའི་དབང་དུ་མཛད་པའོ། །སྡེ་ཚན་དང་པོ་ཡི་ནི་གསུམ་པ་ག་ཉིད་དང་། གནས་བགྲངས་པའི་སུམ་ཅུ་རྩ་གཉིས་པ་ས་ཉིད་དག་དང་། སྡེ་ཚན་བཞི་པ་ཏ་སྡེ་ཡི་ནི་ལྔ་པ་ན་དང་། ལྔ་བ་པ་སྡེ་ཡི་ཡང་བཞི་པ་བྷ་དང་། མཐར་གནས་པ་ཡི་དང་པོ་ཡ་གང་ཡིན་པ་སྟེ་རྐང་པ་གཉིས་པའི་ལུས་སོ། །གཉིས་པ་ཙ་སྡེ་ཡི་ནི་གསུམ་པ་ཛ་དང་། གསུམ་པ་ཊ་སྡེའི་དང་པོ་ཊ་གང་ཡིན་པ་དང་ལྔ་བ་པ་སྡེ་ཡི་ཡང་ལྔ་བ་མ་དང་། དང་པོ་ཀ་སྡེ་ཡི་ཡང་དང་པོ་ཀ་དང་། དེ་བཞིན་དུ་ཀ་ནས་བགྲངས་པའི་བཅུ་གཅིག་པ་ཊ་གང་ཡིན་པ་དང་། དེ་བཞིན་དུ་མཁས་པས་གནས་བགྲངས་པའི་བཅུ་དྲུག་པ་ཏ་བཟུང་ངོ་། །དེའི་འོག་ཏུ་ཀ་མ་བྱུང་བ་ནི་ལ་འདོགས་པའི་དབང་དུ་མཛད་པའོ། །གསུམ་པ་ཊ་སྡེའི་དང་པོ་ཊ་གང་ཡིན་པ་དང་། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་རྣམས་ནི་རྐང་བ་གསུམ་པའི་ལུས་སོ། །བཞི་བ་ཏ་སྡེའི་གསུམ་པའི་ད་གང་ཡིན་པ་དང་། ཨུཥྨ་སྟེ་དྲོ་བ་ཡི་ནི་གཉིས་པ་ཥ་ཉིད་དང་། འདིར་ཡང་ཊ་མ་བྱུང་བ་ནི་སྔར་བཞིན་ནོ། །དང་པོ་ཀ་སྡེའི་དང་པོ་ཀ་གང་ཡིན་པ་དང་། དེ་བཞིན་དུ་ཉི་ཤུ་རྩ་བདུན་པ་ར་དང་། ཉི་ཤུ་རྩ་བརྒྱད་པ་ལ་ཡང་བཟུང་སྟེ། དེ་དག་ནི་ཀ་ནས་བགྲངས་པ་སྟེ་གཞན་ལའང་ཤེས་པར་བྱའོ། །དང་པོ་ཀ་སྡེ་ཡི་ནི་གསུམ་པ་ག་དང་། ལྔ་བ་པ་སྡེ་ཡི་ཡང་བཞི་བ་བྷ་དང་། དེ་བཞིན་དུ་སུམ་ཅུ་རྩ་གཅིག་པ་ཥ་བླང་ངོ། །བཅོ་ལྔ་བ་ཎ་ཉིད་དག་དང་། དེ་བཞིན་དུ་ཉི་ཤུ་རྩ་ལྔ་བ་མ་དང་། དང་པོ་ཀ་སྡེའི་གཉིས་པ་ཁ་གང་ཡིན་པ་དང་། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་རྣམས་ནི་རྐང་བ་བཞི་པའི་ལུས་སོ། །གཉིས་པ་ནི། ཀ་ནས་ཡི་གེ་སུམ་ཅུ་རྩ་གཉིས་པ་དང་། ཨུཥྨ་ཡི་ནི་ཐ་མ་ཧ་ཉིད་དང། སུམ་ཅུ་རྩ་གཉིས་པ་ས་ཉིད་དང་། ལྔ་བ་པ་སྡེ་ཡི་ནི་བཞི་བ་ལྷ་དང་། གཉིས་པ་ཙ་སྡེ་ཡི་ནི་གསུམ་པ་ཛ་དང་། ལྔ་བ་པ་སྡེ་ཡི་ནི་བཞི་བ་བྷ་དང་། ཨུཥྨ་ཡི་ནི་གསུམ་པ་ས་དང་། དེ་དག་ལས་གཞན་ཡང་ཉི་ཤུ་རྩ་བདུན་པ་ར་དང་། ཨནྟ་སྨྲ་ཡི་སྟེ་མཐར་གནས་ཀྱི་དང་པོ་ལ་རྣམས་ནི་རྐང་བ་ལྔ་བའི་ལུས་སོ། །དེ་བཞིན་དུ་ཉི་ཤུ་རྩ་གཅིག་པ་པ་དང་། ཨ ནྟ་སྠ་ཡི་གཉིས་པ་ར་དང་། དེ་བཞིན་དུ་སླར་ཡང་ནི་སུམ་ཅུ་བ་ཤ་དང་། ལྔ་བ་པ་སྡེ་ཡི་ནི་དང་པོ་བ་དང་། ཨུཥྨ་ཡི་ནི་དང་པོ་ཤ་ཉིད་དང་། དེ་བཞིན་དུ་ཡི་གེ་དྱ་ཉིད་དང་། བཞི་བ་ཏ་སྡེའི་དང་པོ་ཏ་གང་ཡིན་པ་དང་། ཨུཥྨའི་དང་པོ་ཤ་གང་ཡིན་པ་དང་། དེ་བཞིན་དུ་ཉི་ཤུ་རྩ་བརྒྱད་པ་ལ་དང་། དང་པོ་ཀ་སྡེའི་གཉིས་པ་ཁ་གང་ཡིན་པ་དང་། གསུམ་པ་ཊ་སྡེའི་དང་པོ་ཊ་ཉིད་དག་དང་། དང་པོ་ཀ་སྡེའི་གསུམ་པ་ག་གང་ཡིན་པ་དང་། བཞི་པ་ཏ་སྡེའི་བཞི་བ་དྷ་གང་ཡིན་པ་དང་། ཨནྟ་སྠའི་གཉིས་པ་ར་དང་། གསུམ་པ་ཊ་སྡེ་ཡི་ཡང་ལྔ་པ་ཎ་པ་རྣམས་ནི་རྐང་བ་དྲུག་པའི་ལུས་སོ། །དེ་ནས་ཡི་གེ་བྱཱ་ནི་བླང་ངོ་། །ཡི་གེ་བྱ་དང་བྱཱ་གཉིས་རྡོ་རྗེ་དང་པདྨ་བྱིན་གྱིས་རློབ་བྱེད་ཡིན་པས་འདིར་ཡན་ལག་དང་བཅས་པར་བ ཏུས་ཞེས་ཁ་ཅིག་བཞེད་ལ། རྗེ་ཉིད་ཀྱིས་རྒྱུ་མཚན་དེ་བཀག་ནས་ཡ་སྟ་བཏུས་པ་ནི་དབྱངས་ཀྱི་ཡན་ལག་བཏུས་པ་མིན་ཅིང་། གསལ་བྱེད་ཡིན་ཀྱང་ལོགས་སུ་ཐུ་མི་དགོས་པས་གཞན་དང་མི་འདྲ་བར་བཤད་དོ། །དང་པོ་ཀ་སྡེ་ཡི་ནི་བཞི་བ་བྷ་དང་། དེ་ནས་ཀ་ནས་ཀྱི་བརྒྱད་པ་ཛ་ཉིད་དག་དང་། བཞི་པ་ཏ་སྡེའི་ལྔ་བ་ན་གང་ཡིན་པ་དང་། ལྔ་བ་པ་སྡེ་ཡི་ཡང་ལྔ་བ་མའོ། །དེའི་འོག་ཏུ་བ་མ་བྱུང་བ་ནི་མ་དང་བརྩེགས་པ་འོག་ཏུ་སྟོན་ནོ། །དེ་བཞིན་དུ་ཡི་གེ་ཉི་ཤུ་རྩ་བདུན་པ་ར་དང་། བཞི་བ་ཡི་ནི་བཞི་པ་དྷ་དང་། སླར་ཡང་ཉི་ཤུ་རྩ་བདུན་པ་ར་དང་། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ས་རྣམས་རྐང་བ་བདུན་པའི་ལུས་སོ། །ཉི་ཤུ་རྩ་ལྔ་པ་མ་ཡང་དག་པར་བླང་བ་དང་། སུམ་ཅུ་རྩ་གསུམ་པ་ཧ་ཉིད་དག་དང་། བཞི་བ་ཡི་ནི་བཞི་བ་དྷ་དང་། ལྔ་བ་ཡི་ནི་ལྔ་བ་མ་དང་། བཞི་བ་ཏ་སྡེའི་ལྔ་བ་ནའོ། །དང་པོའི་དང་པོ་ཀ་ཉིད་དག་དང་། དེ་བཞིན་དུ་ཉི་ཤུ་རྩ་བདུན་པ་ར་དང་། ཨནྟ་སྠའི་བཞི་བ་ཝ་དང་། དེ་བཞིན་དུ་ཉི་ཤུ་རྩ་གཅིག་པ་དང་། ཨུཥྨ་ཡི་ནི་གཉིས་པ་ཥ་ཉིད་དང་། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་རྣམས་ནི་རྐང་བ་བརྒྱད་པའི་ལུས་སོ། །གཉིས་པ་ཀ་ར་ཀ་རའི་སྔགས་བཏུ་བ་ནི། རྗེའི་བཤད་གཞིའི་རྩ་རྒྱུད་མར་དོའི་འགྱུར་ལ་མེད་ཅིང་། ལོ་ཆེན་གྱི་འགྱུར་ལ་སྐབས་འདིར་ཀ་ར་ཀ་རའི་སྔགས་བཏུ་བ་མེད་ཀྱང་བཀོད་པ་ཡོད་ལ། གཞན་འགྱུར་ཕལ་ཆེར་ལས་ཀ་ར་ཀ་རའི་སྔགས་བཏུ་ཚུལ་མི་འབྱུང་ངོ་། །འོན་ཀྱང་ལྭ་ཝ་བའི་འགྲོལ་པར་འབྱུང་ཞིང་། རྒྱུད་ཀྱི་འགྱུར་རེ་གཉིས་ལས་ཀྱང་འབྱུང་བ་ལྟར་རྗེས་བཤད་པའི་ཡན་ལག་ཏུ་སྐབས་འདི་ཉིད་དུ་ཀ་ར་ཀ་རའི་རྩ་སྔགས་བཏུ་ཚུལ་བཤད་པ་དེ་དཀྱུས་ལ་མི་འཇུག་པར་གསུངས་འདུག་པས་འདིར་ཚིག་ཉུང་བར་འདོད་ནས་རེ་ཞིག་བཞག་གོ །སྤྱིར་རྩ་སྔགས་ལ་ནི་གསུམ་ཡོད་དེ། རྐང་བརྒྱད་དང་བཅས་པའི་ཀ་ར་ཀ་རའི་རྩ་སྔགས་རྒྱས་པ་དང་། དེ་གཉིས་སོ་སོ་ནས་ཀྱང་རྩ་སྔགས་སུ་གསུངས་པའི་ཚུལ་གཉིས་ཡོད་པས་ཕྱེད་པར་བྱའོ། །གསུམ་པ་ནི། རིག་པ་ནི་འཁོར་ལོ་གསུམ་གྱི་མཁའ་འགྲོ་མའོ། །དེའི་རྒྱལ་བོ་ཧེ་རུ་ཀའོ། །དེའི་གསང་སྔགས་ནི་བཏུས་པའི་རྩ་སྔགས་ཏེ་བསྒྲུབ་པར་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པའོ། །རྩ་སྔགས་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་བའི་སྔགས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་ཡོད་པ་མིན་ཏེ། དཔལ་ཧེ་རུ་ཀའི་སྔགས་འདི་ཤེས་ནས་ཟློོ་བ་ནི་མེ་སྟེ་དེ་དང་འདྲ་ལ། སྔགས་གཞན་དག་ནི་སོ་མ་དང་མཚུངས་སོ། །དངོས་གྲུབ་ཀྱི་རྩ་བ་ཡང་ཡིན་ལ་སྔགས་ཀྱང་ཡིན་པས་རྩ་བའི་སྔགས་སུ་རབ་ཏུ་གྲགས་སོ། །གཉིས་པ་ནི། དཔལ་ཧེ་རུ་ཀར་བརྗོད་པ་བསྡུས་པའི་རྒྱུད་ལས་རྩ་བའི་སྔགས་ཀྱི་ལུས་བཏུ་བའི་ཆོ་གའི་ལེའུ་སྟེ་ལྔ་བའི་འགྲེལ་པའོ།། །།༈ གཉིས་པ་དཔའ་བོའི་གོ་ཆའི་སྔགས་བཏུ་བ་ལ་གཉིས། གཞུང་དངོས་དང་། ལེའུའི་མཚན་ནོ། །དང་པོ་ལ་གཉིས། སྔགས་ཀྱི་ཡིག་གྲངས་གོ་ཆའི་སྔགས་བཏུ་བ་དང་བཅས་པ་དང་། གོ་ཆ་དགོད་པའི་གནས་བསྟན་པའོ། །དང་པོ་ནི། གཞན་ཡང་འོག་ནས་འབྱུང་བའི་སྙིང་བོའི་སྔགས་ལ་ཡི་གེ་ཉི་ཤུ་རྩ་གཉིས་ཡོད་ལ། སྙིང་བོ་དང་ཉེ་བའི་སྙིང་བོའི་སྔགས་ལ་ནི་ཡི་གེ་བདུན་ཡོད་དོ། །ཡ་ར་ལ་ཝ་ལ་སོགས་པའི་ཡི་གེ་བརྒྱད་པའི་ས་བོན་ཏེ་ཧ་དང་། གུག་སྐྱེད་བཅུ་གཉིས་ནི་དབྱངས་བཅུ་གཉིས་ཏེ། དེ་ཡང་རྀ་ལྀ་བཞི་དོར་བའི་ལྷག་མ་ཨ་ཨཱ་ནས་ཨཾ་ཨཿའི་བར་རོ། །དེ་བཞིན་ཞེས་པ་ནི་བཅུ་གཉིས་པོ་ཧའི་སྲོག་ཏུ་ཞུགས་པ་ལས་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཞེས་པར་འགྱུར་བའི་ཡི་གེ་ཐུང་དུ་གཉིས་ཀྱི་བར་མ་ཧཱ་ཧཱི་སོགས་རིང་བོ་ལྔ་དང་ཐ་མ་དོར་བར་བྱའོ། །ཡི་གེ་ཐ་མ་དོར་བར་བཤད་པ་ལྟར་ན་ཡི་གེ་གཉིས་གཉིས་ཀྱི་ཐ་མ་རིང་བོ་རྣམས་དོར་བའི་དོན་ཏེ་འདྲའོ། །དེ་ལྟར་བྱས་པའི་ཧ་སོགས་ཐུང་དུ་དྲུག་ནི་ཧེ་རུ་ཀའི་སྙིང་ག་ལ་སོགས་པའི་ཡན་ལག་དྲུག་ཏུ་བརྗོད་དེ། རྟེན་དང་བརྟེན་པ་རྣམས་ངོ་བོ་དབྱེར་མེད་པའི་དབང་དུ་མཛད་པའོ། །དེ་དྲུག་ནི་རྡོར་སེམས་ལ་སོགས་པའི་དཔའ་བོ་དྲུག་གི་ༀ་ལ་སོགས་པ་དང་མཉམ་པར་སྦྱོར་བ་སྟེ་སྦྱར་བར་བྱའོ། །ཚུལ་ཇི་ལྟར་ཧ་ལ་སོགས་པའི་ཡི་གེ་གཅིག་ཏུ་སྟེ་རེ་རེ་ཡང་དག་པར་གནས་པ་དང་སྦྱར་ཏེ། ༀ་ཧ། ན་མ་ཧི། སྭ་ཧ་ཧུ། བཽ་ཥ་ཊ་ཧེ། ཧུཾ་ཧུཾ་ཧོ། ཕཊ་ཧཾ་ཞེས་དེ་རྣམས་དང་ཡང་དག་པར་ལྡན་པར་སྦྱོར་ཞིང་། དེ་ནི་སྒྲུབ་པ་པོས་དཔའ་བོ་དྲུག་གི་སྙིང་བོར་ཤེས་པར་བྱའོ། །གཉིས་པ་ནི། གོ་ཆའི་སྔགས་དང་བོ་ༀ་ཧ་ནི་སྙིང་ག་ཉིད་དུ་དགོད་པར་བྱ་སྟེ། གཉིས་པ་ན་མ་ཧི་སྤྱི་བོར་དགོད་པར་ཤེས་པར་བྱའོ། །གསུམ་པ་སྭ་ཧ་ཧུ་སྤྱི་གཙུག་དག་ཏུ་སྦྱར་ཞིང་། བཞི་པ་བཽ་ཥ་ཊ་ཧེ་ནི་གོ་ཆ་ཉིད་དུ་སྟེ་ཕྲག་པར་དགོད་ལ། སྔ་བ་ཧུཾ་ཧུཾ་ཧོ་ནི་མིག་ཏུ་གྱུར་པ་གཉིས་སུ་དགོད་དོ། །དེ་ནས་དྲུག་པ་མཚོན་ཆ་ཞེས་བྱར་འདོད་ཅེས་པའི་དོན་ནི། དྲུག་པ་ཕཊ་ཧཾ་ནི་ལུས་ཀྱི་ཡན་ལག་ཐམས་ཅད་ལ་སྲུང་བ་སྟེ་དབྲལ་བར་དགོད་པར་བྱའོ། །སྤྱིར་གོ་ཆ་ལ་ལྷ་དང་སྔགས་འགོད་པའི་ཚུལ་གཉིས་ཡོད་ཀྱང་སྐབས་འདིར་ལྷ་དང་སྔགས་ངོ་བོ་དབྱེར་མེད་པའི་སྔགས་ཉིད་དགོད་པར་བསྟན་ཏོ། །བཤད་རྒྱུད་ཀུན་སྤྱོད་དང་སྡོམ་འབྱུང་ལས་ཀྱང་འདི་བཞིན་བཤད་ལ། མངོན་བརྗོད་ལས་མི་འདྲ་བ་མང་དུ་གསུངས་སོ། །གཉིས་པ་ནི། དཔལ་ཧེ་རུ་ཀར་བརྗོད་པ་བསྡུས་པའི་རྒྱུད་ལས་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ལེའུ་སྟེ་དྲུག་པའི་འགྲེལ་བའོ།། །།༈ གསུམ་པ་རྩ་བའི་སྔགས་ཀྱི་དབྱངས་བཏུ་བ་ལ་བཞི། ཡན་ལག་གི་དབྱངས་བཏུ་བ་དངོས། བཏུས་པའི་རྩ་སྔགས་ཀྱི་ཆེ་བ། རྩ་སྔགས་ཀྱི་ཐོག་མཐའི་ཡི་གེ་བཏུ་བ། ལེའུའི་མཚན་དོན་ནོ། །དང་པོ་ལ་གཉིས། རྐང་བརྒྱད་ཀྱི་དབྱངས་བཏུ་བ་དང་། ཀ་ར་ཀ་རའི་དབྱངས་བཏུ་བའོ། །དང་པོ་ལ་གཉིས། རྐང་བ་སྔ་མ་བཞིའི་དབྱངས་བཏུ་བ་དང་། ཕྱི་མ་བཞིའི་དབྱངས་བཏུ་བའོ། །དང་པོ་ནི། རྩ་སྔགས་ཀྱི་ལུས་བཏུས་པ་དེ་ནས་དབྱངས་ཡིག་བཅུ་གསུམ་པ་ༀ་ནི་རྐང་བརྒྱད་ཀྱི་བཏུས་པའི་ཡི་གེ་གཉིས་པ་མ་དང་སྦྱར་བས་མོའོ། །ཡི་གེ་དང་པོ་ནའི་སྲོག་གི་ཨ་ཐུང་ནི་ཐུ་མི་དགོས་པས་གཉིས་པའི་ཨོ་ནས་བཏུས་ཏེ་གཞན་ཡང་ཤེས་པར་བྱའོ། །དབྱངས་ཡུག་བཅུ་གཅིག་པ་ཨེ་དང་ཡང་དག་ལྡན་པས་ཡི་གེ་དྲུག་པ་ཏ་ལ་བརྒྱན་པར་བྱའོ། །དབྱངས་ཀྱི་བཞི་བ་ཨཱི་རིང་བོ་ཉིད་ཀྱང་ནི་ཡི་གེ་བདུན་པ་ཝ་ཉིད་དང་སྦྱར་རོ། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི་མཁས་པས་ཡི་གེ་བརྒྱད་པ་ར་དང་སྦྱར་བར་བྱའོ། །དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དང་ལྡན་པར་ཡི་གེ་དགུ་བ་ཤ་ལ་བརྒྱན་པར་བྱའོ། །དབྱངས་ཀྱི་ཡི་གེ་གཉིས་པ་ཨཱ་ནི་ཡི་གེ་བཅུ་གཉིས་པ་ཧ་དང་སྦྱར་རོ། །དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དང་ལྡན་པ་ཀ་ནས་བགྲངས་པའི་ཡི་གེ་ཉི་ཤུ་རྩ་གཅིག་པ་པ་བཟུང་ལ། མཁས་པས་ཡི་གེ་བཅུ་བཞི་བ་ལ་གདགས་སོ། །ཡི་གེ་ཉི་ཤུ་བ་ན་དང་དབྱངས་ཀྱི་གསུམ་པ་ཨི་ཐུང་ཉིད་སྦྱར་བའི་ནི་དེ་ཡི་གེ་བཅོ་ལྔ་བ་ག་དང་སྦྱར་བ་སྟེ་གདགས་པར་བྱའོ། །དབྱངས་ཡིག་བཅོ་ལྔ་པ་ཨཾ་དང་ཡང་དག་པར་ལྡན་པ་སྟེ་སྦྱར་བས་ཡི་གེ་བཅུ་དྲུག་པ་སས་མཛེས་པར་བྱའོ། །དབྱངས་ཡིག་གསུམ་པ་ཨི་ཐུང་དུ་དང་ལྡན་པའི་ཡི་གེ་བཅུ་བདུན་པ་ན་རུ་འདོད་དོ། །དབྱངས་ཀྱི་གཉིས་པ་ཨཱ་རིང་བོ་ཉིད་དང་ནི་ཡི་གེ་བཅོ་བརྒྱད་པ་བྷ་རུ་སྦྱར་རོ། །དབྱངས་ཡིག་གི་ནི་གཉིས་པ་ཨཱ་རིང་བོ་ཉིད་ནི་ཡི་གེ་ཉི་ཤུ་རྩ་གཅིག་པ་ཊར་སྦྱར་རོ། །དབྱངས་ཡིག་ལྔ་བ་ཨུ་ཐུང་ཉིད་དང་ནི་ཡི་གེ་ཉི་ཤུ་རྩ་གསུམ་ཀར་སྦྱར་རོ། །དབྱངས་ཡིག་བཅུ་གསུམ་པ་ཨོ་ཉིད་ནི་ཡི་གེ་ཉི་ཤུ་རྩ་བཞི་བ་ཊར་སྦྱར་རོ། །སྡེ་ཚན་དང་པོ་ཀ་སྡེའི་དང་པོ་ཀ་བླངས་ནས་ནི་ཡི་གེ་ཉི་ཤུ་རྩ་ལྔ་བ་ཏར་སྦྱར་བ་སྟེ་གདགས་སོ། །དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དང་ལྡན་པར་ཡི་གེ་ཉི་ཤུ་རྩ་དྲུག་པ་ཊར་འགྱུར་རོ། །ཡི་གེ་ཉི་ཤུ་རྩ་བརྒྱད་པ་ད་ཉིད་དང་ནི་དབྱངས་ཡིག་བཅོ་ལྔ་པ་ཨཾ་དང་སྦྱར་ཏེ་ཨ་ཕྱིས་ནས་ཐིག་ལེ་ལ་སྦྱིན་ནོ། །གསུམ་པ་ཊ་སྡེའི་དང་པོ་ཡང་དག་པར་ལྡན་པའི་ཊའི་འོག་མའི་ཆ་སྟེ་འོག་ཏུ་ནི་མེ་སྟེར་དང་བཅས་པའོ། །དེ་བཞིན་དུ་དབྱངས་ཡིག་གཉིས་བ་ཨཱ་རིང་བོ་དང་སྦྱར་བའི་ཡི་གེ་ཉི་ཤུ་རྩ་དགུ་བ་ཥཱའོ། །མི་གསུམ་ཅུ་རྩ་གཅིག་པར་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དག་དང་སྦྱར་རོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་ལ་ནི་དབྱངས་ཡིག་བཅུ་གསུམ་པ་ཨོ་དང་སྦྱར་རོ། །ཡི་གེ་སུམ་ཅུ་རྩ་གསུམ་པ་ག་ནི་ཉི་མའི་ས་བོན་དང་ཡང་དག་པར་ལྡན་པ་སྟར་སྟེ་བྱའོ། །དབྱངས་ཡིག་བཞི་བ་ཨཱ་རིང་བོ་པ་ཉིད་དང་ནི་ཡི་གེ་སུམ་ཅུ་རྩ་བཞི་བ་བྷར་ལྡན་པར་བྱ་བ་ནི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །དབྱངས་ཀྱི་ལྔ་བ་ཨུ་ཐུང་དུ་ཉིད་དག་ནི་ཡི་གེ་སུམ་ཅུ་རྩ་བདུན་པ་མ་དང་ཡང་དག་པར་ལྡན་པ་ནི་མཁའ་འགྲོ་མ་རྣམས་བསྐུལ་ནས་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ། །སུམ་ཅུ་རྩ་བརྒྱད་པ་ཁ་འདི་དག་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དང་སྦྱར་བ་ནི་ལྷ་རྣམས་ཐམས་ཅད་སྒྲུབ་པའི་རྒྱུ་ནི་འདི་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །གཉིས་པ་ནི། ཡི་གེ་བཞི་བཅུ་རྩ་གཉིས་པ་ཉིད་སའི་འོག་གི་ཆར་ནི་སྒྲུབ་པ་པོས་མེ་སྟེར་དང་སྦྱར་བར་སྟར་བྱ་བ་ཉིད་དེ། བཞི་བཅུ་རྩ་གསུམ་པ་བྷ་ཉིད་དག་ནི་དབྱངས་ཡིག་ལྔ་པ་ཨུ་ཐུང་ཉིད་དང་སྦྱར་རོ། །ཡི་གེ་བཞི་བཅུ་རྩ་ལྔ་པ་བྷ་ནི་དབྱངས་ཀྱི་ཡི་གེ་གཉིས་པ་ཨཱ་རིང་བོ་དང་སྦྱར་རོ། །དབྱངས་ཡིག་ལྔ་བ་ཨུ་ཐུང་ནི་ཉིད་དག་ཀྱང་བཞི་རྩ་དྲུག་པ་ས་དང་ལྡན་པར་བྱ་སྟེ། དེ་ནི་དཔའ་བོ་ཐམས་ཅད་རབ་ཏུ་མཆོད་པ་ཡིན་ནོ། །བཞི་བཅུ་རྩ་བདུན་པ་ར་ཉིད་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱོར་བའི་སྔགས་འདི་དག་ནི་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོ་ཡིན་ཏེ། ལྷ་སྔགས་ངོ་བོ་ཐ་མི་དད་པའི་ཕྱིར་རོ། །ཡི་གེ་ལྔ་བཅུ་རྩ་གཅིག་པ་ཤ་ནི་དབྱངས་ཡི་གེ་ལྔ་བ་ཨུ་ཐུང་དུས་མཛེས་པ་མཆོག་གི་ཡིན་པར་འདོད་དོ། །ལྔ་བཅུ་རྩ་གཉིས་པ་ས་ཉིད་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དང་སྦྱར་བ་ནི་ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི་འདི་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །ཡི་གེ་ལྔ་བཅུ་རྩ་གསུམ་པ་ཤ་དང་དབྱངས་ཡིག་བཅུ་གསུམ་པ་ཨོ་དང་སྦྱར་རོ། །ཡི་གེ་ལྔ་ཅུ་རྩ་དྲུག་པ་ཤ་དེ་དབྱངས་ཡིག་དྲུག་པ་ཨཱུ་རིང་བོ་དང་སྦྱར་བ་ནི་དགྲ་རྣམས་ངེས་པར་གཅོད་པར་བྱེད་པ་ཡིན་ནོ། །ཨནྟ་སྠ་ཡི་བཞི་བ་ཝ་དང་དབྱངས་ཡིག་གཉིས་པ་ཨཱ་སྦྱར་བར་བྱ་ཞིང་། དེ་བཞིན་དུ་དབྱངས་ཡིག་བཅོ་ལྔ་བ་ཨཾ་དང་སྦྱར་བ་ནི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ལ། ཡི་གེ་ལྔ་བཅུ་རྩ་དགུ་པ་ཊར་འགྱུར་བ་ནི་ཊའི་འོག་ཏུ་ཝ་འདོགས་རིང་བོར་བྱ་ཞིང་། དེ་ལ་ཐིག་ལེ་བྱིན་པས་ཊྭཱཾ་ཞེས་པའོ། །ཡི་གེ་དྲུག་ཅུ་རྩ་གཅིག་པ་དྷ་ཉིད་ནི་དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དག་དང་སྦྱར་ཏེ། སྔགས་འདི་ནི་མཆོག་ནི་ཡིན་པར་བཤད་དོ། །ཡི་གེ་དྲུག་ཅུ་རྩ་གཉིས་པ་ར་དབྱངས་ཡིག་གསུམ་པ་ཨི་ཐུང་ངུ་དང་སྦྱར་བ་ནི་མཁའ་འགྲོ་མ་ཡི་རིག་པ་མཆོག་ཏུ་འདོད་དོ། །ཡི་གེ་དྲུག་ཅུ་རྩ་གསུམ་པ་ཎ་ཉིད་ནི་དབྱངས་ཡིག་བཅུ་གཅིག་པ་ཨེ་དང་ལྡན་པའི་མཛེས་པའི་ཡི་གེ་ཀུན་གྱི་མཆོག་ཉིད་དོ། །དེ་བཞིན་དུ་དྲུག་ཅུ་རྩ་ལྔ་བ་གྷ་རྡོ་རྗེ་སེམས་དཔའ་རས་ཕྱེ་བ་དག་སྟེ་ར་སྟར་བྱས་པའི་ས་བོན་འདི་ནི་ལྷ་རྫས་ཏེ་བདུད་རྩི་མཆོག་དང་། འཇིག་རྟེན་པའི་དངོས་གྲུབ་སྦྱིན་པ་དང་། ཐར་བ་ཆེན་པོ་སྦྱིན་པའོ། །ཡི་གེ་དྲུག་ཅུ་རྩ་དྲུག་པ་ཛ་ནི་དབྱངས་ཡིག་གསུམ་པ་ཨི་དང་ཡང་སྦྱར་རོ། །སྔགས་དེ་དག་ནི་བྱ་བ་ཀུན་ལ་གྲུབ་པ་སྦྱིན་པར་འགྱུར་ཏེ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་སོ། །ཡི་གེ་དྲུག་ཅུ་རྩ་བདུན་པ་ན་དབྱངས་ཡིག་གཉིས་པ་ཨཱ་རིང་བོ་དང་ཡང་དག་པར་ལྡན་པ་སྟེ་སྦྱར་བ་ནི་རྣལ་འབྱོར་མ་ཡི་དགོངས་པ་ཀུན་སྐོང་བ་འདི་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །ཡི་གེ་དྲུག་ཅུ་རྩ་བརྒྱད་པ་མ་ཉིད་ལ་ཡང་སྟེ་དེར་ནི་བ་སྦྱར་བར་བྱ་སྟེ། དེ་ཡང་ས་བོན་གྱི་ཡི་གེ་མ་འདི་ཡི་འོག་གི་ཆར་ནི་བརྟག་པ་སྟེ་གདགས་པར་བྱའོ། །ཡི་གེ་བདུན་ཅུ་རྩ་གཅིག་པ་ར་ནི་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་ཏེ། ཡི་གེ་ཀུན་ལ་མཛེས་པ་ནི་འདི་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །བདུན་ཅུ་རྩ་བཞི་བ་ཧ་ཉིད་ནི་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བ་དག་གདོད་ནས་དངོས་གྲུབ་གྲུབ་པར་བྱེད་པ་ཡིན་པར་ནི་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་སོ། །ཡི་གེ་བདུན་ཅུ་རྩ་ལྔ་བ་ངྷ་ནི་མ་མོ་སྟེ་དབྱངས་གྱི་དྲུག་པ་ཨཱུ་དང་ལྡན་པ་འདི་ནི་རྣལ་འབྱོར་རབ་མཆོག་སྟེ། བྱ་བ་སྒྲུབ་པ་ཀུན་ལ་དམ་པ་ཡིན་ནོ། །བདུན་ཅུ་རྩ་དྲུག་པ་ནི་མ་ཉིད་དེ་ཡི་གེ་མ་དེ་ཡི་འོག་ཏུ་པ་སྦྱར་ཞིང་། ཉི་མ་སྟེ་ར་ཡིས་ནི་ཕྱེ་བ་སྟེ་དེ་ལ་གདགས་སོ། །དབྱངས་ཡིག་གཉིས་པ་ཨཱ་ར ིང་བོ་དང་ལྡན་ཞིང་། དེ་ལས་མཆོག་ཏུ་མཛེས་པ་གཞན་ཡོད་པ་མིན་ནོ། །འདིར་འགྱུར་མི་འདྲ་བ་རེ་སྣང་ཡང་དོན་འདི་བདེའོ། །ཡི་གེ་བདུན་ཅུ་རྩ་བདུན་པ་ན་སྟེ་དེར་ནི་འོག་ཏུ་དྷ་དང་སྦྱར་བར་བྱ་སྟེ། ས་བོན་གྱི་སྔགས་འདི་ནི་ལྷ་རྫས་ཀྱི་མཆོག་མཁའ་འགྲོ་མ་ཡིས་མཛེས་པར་འདོད་དོ། །བདུན་ཅུ་རྩ་བརྒྱད་པ་ཀ་ཉིད་ནི་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་ཞིང་སྦྱར་བའི་ས་བོན་འདི་ནི་མཆོག་ཏུ་བཟང་བོ་དངོས་གྲུབ་ཀྱི་རྒྱུ་ཡི་མཆོག་ནི་ཡིན་པར་འདོད་དོ། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ་ས་ནི་དབྱངས་ཀྱི་བཞི་བ་ཨཱི་དའི་མཐའ་སུ་ཡིས་ཁྱད་པར་དུ་བྱེད་པའི་སུའོ། །འདི་ནི་གདོད་མ་ནས་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ཏེ། དངོས་གྲུབ་ཀུན་ལ་འཇུག་པར་བྱེད་པའོ། །ཡི་གེ་བརྒྱད་ཅུ་རྩ་གཉིས་པ། དབྱངས་ཡིག་གཉིས་པ་ཨཱ་རིང་པོ་དང་སྦྱར་བར་བྱ་སྟེ་ཥཱའོ། །ཡི་གེ་ཐམས་ཅད་ཀྱི་ཐ་མ་གྱ་གསུམ་པ་ཡ་ལ་དབྱངས་དང་པོ་སྲོག་ཏུ་ཞུགས་ཀྱང་ཐུ་མི་དགོས་པ་ནི་སྔར་ལྟར་རོ། །དེ་ཡན་གྱིས་རྐང་བརྒྱད་ཀྱི་དབྱངས་བཏུས་ནས་གཉིས་པ་ཀ་ར་ཀ་རའི་དབྱངས་ཐུ་ཚུལ་འགྱུར་གཞན་ནས་འབྱུང་བ་ལ་འདིར་བཤད་པའི་ཆེད་དུ་རྗེས་སུ་དགོད་པར་མཛད་དཀྱུས་སུ་མི་འཇུག་པར་གསུངས་པ་ལྟར་གཞུང་ཉུང་བར་འདོད་ནས་མ་བྲིས་སོ། །སྔགས་བཏུ་གཞི་ལ་བཀོད་པའི་རེའུ་མིག་དག་ལས་བཏུས་པའི་སྔགས་འདི་དག་ནི་དཔལ་ཧེ་རུ་ཀ་མགོན་པོ་ཡི་རྩ་བའི་སྔགས་མཆོད་ཏུ་ཤེས་པར་བྱའོ། །གཉིས་པ་ནི། རྩ་བའི་སྔགས་འདི་ནི་དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིན་ཅིང་། བརྗོད་པ་ཙམ་གྱིས་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་ནི་འཇོམས་པ་སྟེ་སྒྲག་པར་བྱེད་པ་ཡིན་ནོ། །དཔལ་ལྡན་ཧེ་རུ་ཀ་ཁྲག་འཐུང་གི་ལྷ་རིག་པའི་རྒྱལ་པོའི་སྔགས་འདི་ནི་བཀླགས་པ་ཙམ་གྱིས་འགྲུབ་པ་འདོད་པའི་དོན་ཡོད་པར་བྱེད་པའོ། །གསུམ་པ་ནི། ཡི་གེ་ༀ་ནི་རྩ་བའི་སྔགས་ཀྱི་དང་པོར་སྦྱར་ཏེ། ཧཱུྃ་ཧཱུྃ་ཕཊ་ནི་དེའི་མཐའ་མར་སྦྱར་བ་རྩ་བའི་སྔགས་ཏེ། འདི་ནི་དངོས་གྲུབ་ཐམས་ཅད་སྒྲུབ་པ་བྱེད་པ་ཡིན་ནོ། །བཞི་བ་ནི། དཔལ་ཧེ་རུ་ཀར་བརྗོད་པ་བསྡུས་པའི་རྒྱུད་ལས། རྩ་བའི་སྔགས་ཀྱི་དབྱངས་བཏུ་བའི་ཆོ་གའི་ལེའུ་སྟེ་བདུན་པའི་འགྲེལ་པའོ།། །།༈ བཞི་བ་གོ་བཟློག་པའི་སྙིང་བོ་དང་དཔའ་མོའི་གོ་ཆའི་སྔགས་བཏུ་བ་ལ་བཞི། སྙིང་པོའི་སྔགས་དང་། གོ་ཆའི་སྔགས་རིན་ཆེན་བཞི་དང་བཅས་པ་དང་། སྔགས་ཀྱི་རྗེས་གནང་བྱ་ཚུལ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྙིང་པོ་དང་གོ་ཆའི་སྔགས་བཏུ་པ་ལ་ཧེ་རུ་ཀ་རང་གི་བདག་ཉིད་ཀྱི་སྔགས་རྣམས་དཔའ་བོ་ཉེར་བཞི་བོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་ཉེར་བཞི་ཡི་དྲ་བ་ཡི་སྟེ་ཚོགས་ཀྱི་རང་བཞིན་ནོ། །དེ་རྣམས་གཅིག་ཏུ་སྡོམ་པར་བྱེད་པ་ནི་འཁོར་ལོ་བདེ་མཆོད་ཡིན་པར་འདོད་དོ། །སྔགས་ནི་ཧཱ་སྭཱ་ནས་ༀ་གྱི་བར་གོ་རིམ་བཟློག་སྟེ་འབྱུང་བ་རྣམས་གོ་རིམ་གྱིས་བཏུས་ན། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛྭ་ལ་སཾ་བ་རཾ་སྭཱ་ཧཱ་ཞེས་པའོ། །འདི་ལ་ཡི་གེ་ཉེར་གཉིས་སུ་བྱེད་ལུགས་ལ་བ་དང་ཛ་སོ་སོར་བྱེད་པ་དང་། ཕ་དང་ཊ་སོ་སོར་བྱེད་པའི་གཉིས་སྣང་བ་ལས་སྡམ་བདེ་སྙམ་མོ། །རིག་པའི་རྒྱལ་པོ་ཧེ་རུ་ཀའི་སྙིང་བོ་འདི་ནི་རྒྱུད་གཞན་དུ་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་རོ་ཞེས་པ་ནི་དཀོན་པའི་ཆེ་བ་སྟོན་པའོ། །གཉིས་པ་ནི། རྣལ་འབྱོར་མ་དྲུག་གི་ས་བོན་ནི། ཊ་ཕ་ནས་ༀ་གྱི་བར་དྲུག་སྟེ། དེ་རྣམས་གོ་རིམ་མ་འཆོལ་བར་ཐུབ་ན་ༀ་ཧཾ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ། ཅེས་པར་འགྱུར་ཏེ། དེ་རྣམས་ཡི་གེ་བཾ་དང་ༀ་དང་ནི་ཡི་གེ་མོཾ་དང་ཧྲིཾ་ཉིད་དང་ཧཱུྃ་དང་ཕཊ་དང་སྦྱར་བ་ནི་གོ་ཆའི་རྣལ་འབྱོར་མ་དྲུག་གི་ངོ་བོ་དང་ས་བོན་དུ་ནི་བཤད་དེ། སྦྱོར་ཚུལ་ནི་ༀ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཅེས་པའོ། །སྐབས་འདིར་འགྱུར་འགའ་ཞིག་ཏུ་བཛྲ་བེ་རོ་ཙ་ནའི་སྔགས་ཀྱང་སྣང་ངོ་། །གོ་ཆའི་སྔགས་དེ་རྣམས་ནི་མཁའ་འགྲོ་མ་ཡི་རིག་པ་ཆེན་མོ་ཡིན་ལ། སྔར་མ་བྱུང་ཞིང་ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །སྔར་བཤད་པའི་སྔགས་དེ་རྣམས་ལས་འཕྲེང་དང་སྙིང་བོ་དང་ཉི་སྙིང་དང་གོ་ཆའི་སྔགས་བཞི་ནི་ས་སྟེང་ན་ནི་རིན་ཆེན་ལྟ་བུའི་སྔགས་བཞི་སྟེ། དེའི་ནང་ནས་ཡབ་ཡུམ་གྱི་ཕྲེང་བའི་སྔགས་ནི་དམ་པ་སྟེ་མཆོག་ཡིན་ནོ། །རྡོ་རྗེ་ཕག་མོ་ལ་སོགས་པའི་སྔགས་ནི་མཁའ་འགྲོ་མ་ཡི་རིག་པ་ཆེའོ། །རིག་པའི་རྒྱལ་བོ་ཧེ་རུ་ཀ་ཞེས་པ་ནི་ཡབ་ཀྱི་རྩ་སྔགས་སོ། །གསུམ་པ་ནི་རྗེའི་རྒྱུད་ཀྱི་ཊི ཀྐ་ལས་ཤེས་པར་བྱའོ། །བཞི་བ་ནི། དཔལ་ཧེ་རུ་ཀར་བརྗོད་པ་བསྟུས་པའི་རྒྱུད་ལས་གོ་བཟློག་པའི་སྙིང་བོ་དང་། རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བརྒྱད་པའི་འགྲེལ་པའོ།། །།༈ སྔགས། གཉིས་པ་སྔགས་བཟླས་པས་དངོས་གྲུབ་སྒྲུབ་ཚུལ་ལ་ལྔ། རྩ་སྔགས་དང་། སྙིང་བོ་དང་། ཉེ་སྙིང་དང་། གོ་ཆའི་སྔགས་དང་། སྙིང་བོས་ལས་བསྒྲུབ་ཚུལ་གཞན་བསྟན་པའོ། །དང་པོ་ལ་བཞི། བཤད་པར་དམ་བཅའ་བ་ཆེ་བ་དང་བཅས་པ། ལས་ཚོགས་དངོས་རྒྱས་པར་བཤད་པ། དེ་ལ་སྔགས་ཀྱི་དེ་ཉིད་ཤེས་དགོས་པར་བསྟན་པ། ལེའུ་མཚན་བསྟན་པའོ། །དང་པོ་ནི། དེ་ནས་རྩ་བའི་གསང་སྔགས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པའི་ལས་མཆོག་ཏུ་གྱུར་པ་འོག་ནས་འཆད་པ་གོ་རིམ་ཇི་བཞིན་དུ་འདིར་རྣམ་པར་བཤད་པར་བྱ་སྟེ། སྔགས་དེ་ནི་འཇིག་རྟེན་གསུམ་ན་ཞི་སོགས་ཀྱི་ལས་གང་ཅི་ཡོད་པ་རྣམས་ཐམས་ཅད་རིང་བོར་མི་ཐོགས་པར་སྐད་ཅིག་གིས་གྲུབ་པར་འགྱུར་བས་ལས་རྣམས་ཐམས་ཅད་བྱེད་པའོ། །གཉིས་པ་ལ་གཉིས། ལས་ཐུན་མོང་གི་རྣམ་གཞག་དང་། ཆོ་ག་སོ་སོར་བསྟན་པའོ། །དང་པོ་ནི། ཇི་སྐད་བཤད་པའི་ལས་ཐམས་ཅད་མྱུར་དུ་འགྲུབ་པ་དང་། རྒྱུད་སྡེ་འོག་མར་མི་འགྱུར་བའི་ཆེན་པོ་རྣམས་མྱུར་དུ་འགྲུབ་པ་ལ་སྤྱོད་པ་བྱ་དགོས་ཤིང་། དེའི་སྔོན་དུ་བསྐྱེད་རིམ་བརྟན་པ་དང་། བཟླས་པ་རྫོགས་པ་དང་། དེའི་བཅུ་ཆའི་སྦྱིན་སྲེག་རྣམས་དགོས་སོ། །བཟླས་པའི་གྲངས་ལས་ཁྱད་པར་ཅན་འགྲུབ་པ་ལ་ནི། རྫོགས་ལྡན། གསུམ་ལྡན། ཉིས་ལྡན། རྩོད་ལྡན་བཞིར་རིམ་པ་བཞིན་སྔ་མ་ལས་ཕྱི་མའི་དུས་སུ་སྔགས་གྲངས་དེ་ཉིས་འགྱུར་དུ་བཟླ་དགོས་པར་གསུངས་པ་ལྟར་ཏེ། ལྷག་མ་གཞན་དུ་ཤེས་པར་བྱའོ། །གཉིས་ལ་ལྔ། ཚར་གཅད་རྗེས་བཟུང་གི་ལས་དང་། ཚར་གཅད་གཉིས་ཀྱི་ལས་ཚོགས་དང་། རྗེས་གཟུང་ཞར་བྱུང་དང་བཅས་པ་དང་། གསད་གསོ་གཉིས་དང་བཅས་པའི་ཚར་གཅད་ཀྱི་ལས་དང་། རྗེས་སུ་བཟུང་བའི་ལས་གཞན་བསྟན་པའོ། །དང་པོ་ནི། འཕྲོག་བྱེད་ལ་སོགས་པའི་གདུག་པའི་ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། དྲི་ཟ་ཐམས་ཅད་གྱི་སྐྱེ་གནས་ཐམས་ཅད་ལན་གཅིག་དྲན་པ་ཙམ་གྱིས་གསོད་པར་བྱེད་དོ། །དྲན་པ་ཙམ་ཞེས་པ་ནི་བསམ་གཏན་ཙམ་གྱིས་ཀྱང་ལས་དེ་འགྲུབ་ནུས་པའོ། །གསད་པ་ལ། རྩ་སྔགས་ཀྱི་མཐར་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་སྦྱར་བར་བྱའོ། །མན་ངག་ཏུ་སྦྲིན་གྱི་ཚོགས་ལ་བལྟས་ནས་ཁྲོ་བ་དང་བཅས་པས་ༀ་དང་བཅས་པའི་རྩ་སྔགས་ཀྱི་མཐར་སརྦ་མེ་གྷ་ན་བི་ཀ་རྞི་བ་ཡ་ཧཱུྃ་ཕཊ་ཅེས་བརྗོད་དེ། ཁ་ནས་རླུང་ཆེན་བྱུང་བར་བསམས་ནས་སྤྲིན་འཐོར་བར་བྱེད་དོ། །ཆར་འབེབས་པར་བྱེད་ཞེས་པ་ལ་རྣམ་པ་བཞི་བཤད་དེ་མང་བས་འདིར་མ་བྲིས། ཆར་ཆེས་པའི་ཚེ་ཟློག་པར་བྱེད་པ་ནི་གུ་གུལ་སོགས་རྫས་གསུམ་གྱི་བདུག་པས་ཀླུའི་རས་རིས་ལ་བདུག་པ་དང་། སྤྲིན་འཐོར་བའི་ཆོ་ག་བྱའོ། །རྒྱ་མཚོར་ཕྱིན་ན་རྩ་སྔགས་འབུམ་བཟླས་རྒྱ་མཚོ་སྐེམ་པར་བྱེད་དོ། །ཆུ་བོའི་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་སྟོན་པ་ནི་ཁབ་ལེན་ལ་ཁ་ཊྭཱཾ་ག་བྱས་ནས་རྩ་སྔགས་ལན་བདུན་བཟླས་ཏེ། ལག་པ་གཡོན་བཅས་ཆུ་བོ་ལ་བསྣུན་ན་བཤད་པ་བཞིན་དུ་འགྱུར་རོ། །ཚུལ་དེས་སེམས་ལྡན་ནམ་སེམས་མེད་ཀྱི་དབང་བོ་བྱ་བ་མ་ཡིན་པ་བྱེད་པ་རྣམས་དེ་ལས་ཟློག་པར་བྱེད་དོ། །རྩ་བའི་གསང་སྔགས་འདི་ལ་བཟླས་བརྗོད་འབུམ་བྱས་ཏེ། གཡས་བརྐྱང་གི་སྦྱོར་བའི་གར་དང་བཅས་པས་ས་གཡོ་བར་བྱེད་པ་དང་ཤིང་ལ་འཛེགས་ཏེ། གནས་གང་དུ་འདོད་པ་དེར་འཕྲོ་བར་བྱེད་ཅིང་འོང་བར་འགྱུར་རོ། །ཕ་རོལ་གྱི་སྔགས་ཀྱི་ནུས་པ་ཐམས་ཅད་འཕྲོག་པར་བྱེད་པ་དང་། གཞན་གྱི་དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་པའི་སྤེལ་ཚིག་དང་བཅས་ཏེ་རྩ་སྔགས་བཟླས་ན་དེ་བཞིན་དུ་འགྱུར་རོ། །ཁྲོས་པས་རྩ་སྔགས་ལ་རཀྟ་ཨཱ་ཀཪྵ་ཡ་ཛ་ཞེས་བཏགས་ཏེ་བཟླས་ན་གནོད་བྱེད་དེའི་ཁྲག་འདྲེན་པར་བྱེད་དོ། །ཁྲག་སླར་ཡང་གཏོང་བར་བྱེད་པར་འདོད་ན་སྔགས་སྤེལ་ཚིག་དང་བཅས་པས་བཟླས་ན་དེ་བཞིན་དུ་འགྱུར་རོ། །གཟུགས་སྟོང་ཕྲག་ཏུ་མར་བྱེད་པ་ནི། ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་གནས་པས་གདུལ་བྱའི་བསམ་པ་དང་མཐུན་པའི་གཟུགས་འཛིན་པའམ། ཡང་ན་སྨན་དང་སྔགས་ཀྱི་སྦྱོར་བས་གང་འདོད་དེའི་གཟུགས་སུ་བསྒྱུར་བར་བྱེད་དོ། །སྔགས་རྫས་ཀྱི་གཟུགས་སྣ་ཚོགས་པར་འདོད་ན་སྣང་བར་བྱེད་ཅིང་། མི་འདོད་ན་མི་སྣང་བར་ཡང་བྱེད་དོ། །རྩ་སྔགས་ལས་མེ་འབར་བ་དང་གཏུབ་པར་བསམས་པས་བཟླས་ན་ཁང་བཟང་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ། །ལག་པ་གཡོན་པར་ཟླ་བའི་འོད་ལྟར་དྲི་མ་མེད་པའི་འཁོར་ལོ་བཀོད་ནས། དུག་རྣམས་ལ་བསྟན་པ་ཙམ་གྱིས་བདུད་རྩིར་བྱེད་པ་དང་། ལག་པའི་སྔགས་ནག་པོར་བྱས་ནས་བདུད་རྩིར་བསྟན་པས་དེ་ཡང་དུག་ཏུ་བྱེད་དོ། །ཟླ་བ་སྟེ་ཆང་ཟླ་བའི་འོད་ལྟར་རིམ་མེད་པར་བསམས་ནས་ཆུ་སྟེ་འོ་མར་བྱེད་པ་དང་། ཐབས་གཞན་གྱིས་ཆུ་སྟེ་འོ་མ་ཡང་ཟླ་བ་སྟེ་ཆང་དང་འདྲ་བར་བྱེད་དོ། །ཀ་ར་ཎྜའི་འབྲས་སུ་སོགས་ལག་པ་སོགས་ལ་བྱུག་ན་རི་ཐམས་ཅད་འཕྲོག་པར་ཕྱེད་ཅིང་། མེ་ཏོག་ལ་སོགས་པའི་དྲི་ཐམས་ཅད་ཕན་ཚུན་གང་དུ་འདོད་པ་དེར་འཕོའོ། །ནམ་མཁའ་ལྡིང་དང་འགྲོ་བ་འབྱིན་པར་བྱས་ཞེས་སོགས་ལ་འགྱུར་དང་དོན་ཡང་མི་འདྲ་བ་སྣང་བ་ལས་གཅིག་ནི། ནམ་མཁའ་ལྡིང་གཤོག་པ་གཉིས་བརྐྱང་སྟེ་ནམ་མཁའ་འགྲོ་བ་ལྟར། ཕྱག་རྒྱ་དང་འདུ་བ་ན་ལག་པ་གཉིས་བརྐྱང་ནས་སྙོམས་པར་ཞུགས་ཏེ། བྱང་སེམས་རང་གི་ལྕེས་བླངས་ནས་ཕྱག་རྒྱའི་ཁར་སྦྱིན་ཞིང་ལྷག་མ་རང་གིས་བཏུང་བའོ། །ཞི་བ་འདུས་པའི་ལྷ་མོ་ཞེས་པའང་རང་དང་ཕྱག་རྒྱ་ལྷན་ཅིག་འདུས་པའོ། །སྒྲུབ་པ་པོ་གང་ཞིག་སྔར་གྱི་ཐབས་དེས་ཀུན་ཏུ་སྤྱོད་པའི་སྒོ་ནས་ཕྱག་རྒྱའི་པད་མའི་རྩ་ཁ་བྱེ་བར་བྱང་སེམས་འབྱིན་པ་ལས་བྱུང་བའི་རིགས་ཀྱི་སྲས་དེ་ནི་མི་ཡི་མཆོག་གོ །དེའི་ལག་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་མི་འཕྲོག་པར་འགྱུར་རོ། །གོང་དུ་བཤད་པའི་རྣམ་པ་དེ་ལྟ་བུའི་ཆོ་ག་དང་ལྡན་པའི་དངོས་གྲུབ་ཐམས་ཅད་འབྲས་བུ་དད་བཅས་པར་འགྱུར་རོ། །གཉིས་པ་ནི། དྲན་པ་ཙམ་གྱིས་གསོད་པར་བྱེད་པ་དང་ཞེས་པ་ནི་དྲག་པོའི་རྫས་དང་འཁོར་ལོ་ལ་བརྟེན་ནས་བསྒྲུབ་བྱ་མྱུར་དུ་འཆི་བར་བྱེད་བའོ། །མེ་སྐྱེད་བར་བྱེད་དོ་ཞེས་པ་ནི་གཏུམ་མོ་འབར་བའི་འཕྲེང་པའི་ཏིང་ངེ་འཛིན་ལ་གནས་ནས་རླུང་གིས་བདས་ཤིང་མེ་འབར་བར་སམས་ན་དེ་ལྟར་དུ་འགྱུར་རོ། །ས་འོག་རྣམ་པར་གཤེགས་པ་དད་ནི་རྡོ་རྗེ་རྩེ་གཅིག་པ་གསོར་ཞིང་སྔགས་བཟླས་ཏེ་ས་ལ་བསྣུན་ནས་འགས་ཤིང་འདྲལ་བའོ། །སེར་བ་འབེབས་པར་བྱེད་དོ་ནི་ལག་མཐིལ་དུ་བསྔགས་ནས་རླུང་གི་རྗེས་སུ་བསྣུན་ན་གང་འདོད་པ་དེར་སེར་བ་འབེབས་ནུས་ལ། འདོད་ན་དེ་ཟློག་པར་འང་བྱེད་དོ། །དྲན་པ་ཙམ་གྱིས་གློག་སྐྱེད་པར་བྱེད་དོ་ཞེས་པ་ནི་རྫས་སྔགས་ལ་བརྟེན་ནས་གང་དུ་དམིགས་པའི་ནམ་མཁའ་གློག་འབྱུང་བར་བྱེད་པའོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་གཞུག་གོ་ནི་དུར་ཁྲོད་ཀྱི་རས་ལ་བྲིས་པའི་འཁྲུལ་འཁོར་དད་རྫས་སྦྱོར་ལ་བརྟེན་ནས་ལྷའི་གཟུགས་བརྙན་གར་བྱེད་པར་འགྱུར་བའོ། །སྒྲུབ་པ་པོ་གང་གིས་གསད་ལས་གྲུབ་པར་བྱ་བའི་ཕྱིར་བསྒྲུབ་བྱ་དེའི་མིང་ནས་བཟུང་སྟེ། རྩ་སྔགས་ལན་གཅིག་བཟླས་ན་བསྒྲུབ་བྱ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། །གསུམ་པ་ནི། བ་ལང་གི་ཤ་དང་བཅས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་རྩ་སྔགས་ཀྱིས་ཕུལ་ན་ས་མ་ལུས་པ་ལ་ལོངས་སྤྱོད་པའི་རྒྱལ་སྲིད་འཐོབ་པར་འགྱུར་རོ། །མེད་པར་འདོད་ན་ཞི་བའི་སྦྱིན་སྲེག་གིས་རྒྱལ་སྲིད་ཀྱི་གཡེང་བ་སྡུད་པར་འགྱུར་རོ། །ལྷ་སྔགས་ངོ་བོ་ཐ་མི་དད་པའི་བཅོམ་ལྡན་འདས་བདེ་མཆོག་གི་ཕྲེང་སྔགས་འདི་ལ་ནི། དངོས་གྲུབ་སྒྲུབ་པ་ལ་ཆ་ལུགས་ཀྱི་ཁྱད་པར་གྱི་བརྟུལ་ཞུགས་མི་དགོས། ཁྲུས་དང་ཉེ་རེག་ལ་སོགས་པའི་ཉེ་བའི་སྤྱོད་པ་དང་། ཟས་གཅོད་པའི་བསྙུང་བར་གནས་པ་མི་དགོས་ཏེ། ཕྲེང་སྔགས་ཀྱིས་ལས་སྒྲུབ་པའི་རྟོག་པའི་བྱ་བའི་ཆོ་ག་འདིས་ཅི་འདོད་པའི་དངོས་གྲུབ་སྒྲུབ་པའི་ལས་རྣམས་བྱའོ། །བཞི་བ་ནི། གལ་ཏེ་ཁྲོས་པའི་བསམ་པས་སྣ་བུག་གཡས་ནས་སྔགས་ཁ་དོག་སྔོན་པོ་འབར་བ་བསྒྲུབ་བྱའི་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་དཀྲུགས་ཤིང་། སླར་ཡང་དེའི་སྣ་གཡས་དང་རང་གི་སྣ་བུག་གཡོན་ནས་ཞུགས་པར་བསམས་ལ་རྩ་སྔགས་ལན་གཅིག་བཟླས་ན་བྱེ་བ་གཅོད་ཅིང་གསོད་པར་འགྱུར་རོ། །ཞི་བའི་བསམ་པས་སྔགས་འོད་ཟེར་དཀར་པོ་སྔ་མ་བཞིན་དུ་བསྒྲུབ་བྱ་ལ་ཕན་པར་བསམས་ཏེ་བཟླས་ན་སླར་འཚོ་བར་བྱེད་དོ། །བ་རུ་རའི་ཤིང་བཅད་དེ་ཉེར་དགུའི་ནུབ་མོར་དུར་ཁྲོད་ཀྱི་མེ་ལ་བསྲེགས་པའི་སོལ་བ་དང་ཐལ་བ་ལ་རྩ་སྔགས་ལན་གཅིག་བཟླས་པས་བསྒྲུབ་བྱ་གང་ལ་བསྣུན་ན་དེའི་མོད་ལ་ལྟུང་བར་བྱེད་དོ། །གོང་དུ་བཤད་པའི་དུར་ཁྲོད་ཀྱི་ཐལ་བ་ལ་སྔགས་ལན་གཅིག་ཡོངས་སུ་བཟླས་ཏེ་བསྒྲུབ་བྱ་གང་ལ་བསྣུན་ན་དེ་དེའི་མདོ་ལ་ཤ་ཟས་བཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་གཅིག་བཟླས་ནས་ཉི་ཤུ་དགུའི་ནུབ་མོ་སྤང་ལེབ་ལ་སོགས་པའི། གཟའ་གང་ཡིན་བདེའི་མཚན་མའི་དབུས་སུ་འཁོར་ལོ་བྲིས་ལ། ལྟེ་བར་བསྒྲུབ་བྱ་གང་གི་མིང་སྤེལ་དང་བཅས་བྱིས་ནས་གུ་གུལ་གྱིས་བདུགས་པས་དེ་གཟའ་ཆེན་པོས་བཟུང་བར་འགྱུར་རོ། །ཨ་ཏི་མུཀྟ་ཀའི་ལྕུག་མའི་ཁྲི་ལ་འདུག་སྟེ། བུ་མོས་བཀལ་པའི་སྐུད་པ་སུམ་བསྒྲིལ་བྱས་པ་སོགས་ཀྱིས་བསྒྲུབ་བྱ་གང་གི་གཟུང་ནས་སྔགས་བཟླས་ཏེ་དེ་ལ་བསྣུན་པ་དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །གསེག་མ་ལ་ལན་གཅིག་བཟླས་ཏེ་གང་ལ་རེག་པ་དེ་ཇི་སྲིད་འཚོ་བའི་བར་རངས་པར་འགྱུར་རོ། །བསྒྲུབ་བྱ་སྐྲོད་པར་འདོད་ན་དེའི་ཐབས་བཤད་པ་ལྟར་བྱས་ན་གང་དུ་འདོད་པ་དེར་འགྲོ་བ་སྟེ་སྐྲོོད་པར་འགྱུར་རོ། །ར་ནག་པོའི་ཡན་ལག་ལྔ་དང་ཚུལ་ཆེན་དང་གུ་གུལ་ཆ་མཉམ་པར་བྱས་ཏེ་ཆང་གི་སྦྲུས་ལ་བདུག་པ་དང་སྦྱར་ནས་སྔགས་ལན་ཅིག་བཟླས་ཏེ་སྦོས་སུ་སྦྱར་བའི་དུད་པས་བདུག་ན། དུད་པ་དེ་སྣར་སོང་བ་ཙམ་གྱི་མོད་ལ་བསྒྲུབ་བྱའི་སེམས་ཅན་ཐམས་ཅད་ལ་འབེབས་པར་འགྱུར་རོ། །ལྔ་བ་ནི། ལག་པ་གཡོན་པའི་འཁོར་ལོ་ལ་བསྒྲུབ་བྱའི་མིང་བྲིས་ཏེ་རྣམ་ཤེས་བཀུག་ནས་ལག་པ་གཡས་ལ་སྔགས་ལན་གཅིག་བཟླས་ཏེ་བཀབ་ན་སྦྲུལ་ནག་པོས་ཟིན་པའི་དུག་སོས་པར་བྱེད་དོ། །མཁའ་འགྲོ་མས་རྒྱས་བཏབ་པ་སྟེ་ཟིན་པ་ལ་སྔགས་ལན་གཅིག་བཟླས་པའི་ཆུས་གཏོར་ན་དེ་གཏོང་བར་བྱེད་དོ། །ཀ་ར་བི་རའི་ལྕུག་མའི་མྱུ་གུས་སྐྱུ་རུ་རའི་འདབ་མ་ལ་འཁོར་ལོ་མིང་སྦེལ་དང་བཅས་དེ་བྲིས་ནས་སྔགས་ལན་གཅིག་བཟླས་པས་སྦྲུམ་མའི་མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །གསུམ་པ་ནི། ཁྲག་འཐུང་རྒྱལ་བོ་དཔལ་ཧེ་རུ་ཀའི་གསང་སྔགས་ཀྱི་ངེས་དོན་གྱི་ཡེ་ཤེས་ནི་མི་ཤེས་པར་དེའི་སྔགས་ལ་བརྟེན་པའི་དངོས་གྲུབ་ཀུན་མངོན་པར་འདོད་པ་ནི་རྨོངས་པས་འབྲས་འདོད་ནས་ཕུབ་མ་རྡུང་བ་དང་མཚུམས་ཏེ། གསང་སྔགས་ཀྱི་དེ་ཉིད་ཤེས་པ་འདི་མེད་པ་རུ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་༼དང་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་བདེ་བ་དག་མི་སྟེ་སྒྲུབ་པ་པོ་ཡིས་ཐོབ་པར་མི་འགྱུར་རོ། །གསང་སྔགས་ཀྱི་ངེས་དོན་འདི་ནི་མི་ཤེས་པར་ཐེག་པ་འདིའི་རྣལ་འབྱོར་བ་ཉིད་མངོན་པར་འདོད་པ་དེ་ཡི་ངལ་བ་དོན་མེད་དེ། འབྲས་བུ་ཁྱད་པར་ཅན་འཐོབ་པར་མི་འགྱུར་རོ། །གསང་སྔགས་འདི་ནི་དངོས་གྲུབ་༽ཐམས་ཅད་སྦྱིན་པར་བྱེད་པ་སྟེ་འདོད་པའི་ཡུལ་ལ་རང་བཞིན་ཤེས་པའི་སྒོ་ནས་སྤྱོད་པའི་ཐབས་ལ་བརྟེན་ནས་ཡིན་ནོ། །སྒྲུབ་པ་པོས་སྔགས་ཀྱི་ངེས་དོན་དང་ཕྱག་རྒྱ་ལ་བརྟེན་པ་གཉིས་པོ་དག་བདེ་བར་གཤེགས་པས་གསུངས་པ་འདི་ཤེས་ནས་ཤ་ཆང་ལ་སོགས་པའི་བཟའ་བཏུང་གི་རོ་དང་རེག་བྱ་ལ་སོགས་པ་ཙཱ་རུ་ཡི་བཟའ་བ་དང་། སྟོན་མོའི་རོ་ལ་སོགས་པས་རབ་ཏུ་མཆོད་པར་བྱེད་པ་ནི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་པ་རྣམས་ནི་མདོར་བསྡུས་ཏེ་བཤད་པའོ། །བཞི་བ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྩ་བའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་དགུ་བའི་འགྲེལ་པའོ།། །།གཉིས་པ་སྙིང་བོའི་སྔགས་ཀྱི་ལས་སྒྲུབ་པ་ལ་གཉིས། ལེའུ་བཅུ་བ་དང་། བཅུ་གཅིག་པའོ། །དང་པོ་ལ་གསུམ། སྐུ་གསུམ་སྒྲུབ་པ་དང་། སྙིང་བོའི་ལས་ཚོགས་དང་། ལེའུའི་མཚན་ནོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང་། སྒྲུབ་པ་པོས་སྐུ་གསུམ་འགྲུབ་པར་བསྟན་པའོ། །དང་པོ་ནི། ལེའུ་དགུ་བའི་རྗེས་དེ་ནས་སྐུ་གསུམ་སྒྲུབ་པ་ནི་བཤད་པར་བྱ་སྟེ། དེ་ཡང་རང་ཁྲག་འཐུང་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པར་སྦྱོར་བ་སྒྲུབ་པ་པོ་གང་གིས་ཤེས་པ་ཙམ་གྱིས་ནི་འདིར་འགྲུབ་པ་ཐེ་ཚོམ་མེད་པའོ། །གཉིས་པ་ལ་གཉིས། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ནི། མངོན་བརྗོད་ནས་བཤད་པའི་སྐུ་གསུང་ཐུགས་ཀྱི་བདེ་མཆོག་གི་ལྷ་སུམ་ཅུ་གསུམ་གྱི་སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྒྲུབ་པ་དང་། ཕྱི་དཀྱིལ་གྱི་ལྷ་དང་། བྱང་ཕྱོགས་སོ་བདུན་དང་། ལུས་དཀྱིལ་གསུམ་ནི་རིམ་པ་བཞིན་དུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུའི་སྒྲུབ་ཐབས་དང་། འོད་གསལ། སྒྱུ་ལུས། ཟུང་འཇུག་གསུམ་ལ་རིམ་པ་བཞིན་ཆོས་ལོངས་སྤྲུལ་སྐུར་བཞག་པ་སོགས་ཡོད་དོ། །གཉིས་པ་ནི། སྐུ་གསུམ་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་སྐུ་གསུམ་ཡོད་པ་ལས་རྫོགས་རིམ་གྱི་ཆོས་ཀྱི་སྐུ་ཡི་ལུས་ཅན་དུ་དུས་གང་གི་ཚེ་སྒྲུབ་པ་པོར་གྱུར་ཏེ། ལྷན་སྐྱེས་ཀྱི་འོད་གསལ་དུ་ཞུགས་པ་དེ་ལྟར་ལེགས་པར་སེམས་གནས་པར་གྱུར་པ་ལ་དེའི་ཚེ་ལམ་དུས་གྱི་ཡེ་ཤེས་ཆོས་སྐུ་ཞེས་ང་སྨྲའོ། །རྫོགས་རིམ་གྱི་ལོངས་སྤྱོད་སྐུའི་ལུས་ཅན་དུ་གང་གི་ཚེ་སྒྲུབ་པ་པོ་གནས་པར་གྱུར་པ་སྟེ། འོད་གསལ་ལས་ཧེ་རུ་ཀའི་སྐུ་སྒྲུབ་ཅིང་དེ་ནས་སྒྱུ་མའི་སྐུ་དེར་མཉམ་པར་གཞག་པ་ལ་གནས་པ་དེའི་ཚེ། ལམ་དུས་ཀྱི་ལོངས་སྤྱོད་པའི་རྫོགས་པའི་སྐུར་ང་རབ་ཏུ་སྨྲའོ། །རྫོགས་རིམ་གྱི་སྤྲུལ་པའི་སྐུ་ཡི་ལུས་ཅན་དུ་གང་གི་ཚེ་སྒྲུབ་པ་པོར་གྱུར་པ་སྟེ། ཟུང་འཇུག་པས་རགས་པའི་དཀྱིལ་འཁོར་སྤྲུལ་ནས་དེའི་ཚེ་དེ་ལ་སེམས་རྩེ་གཅིག་ཏུ་གནས་པ་དེ་ལ་ལམ་དུས་ཀྱི་སྤྲུལ་བའི་སྐུར་ཡང་ང་རབ་ཏུ་སྨྲའོ། །དེ་ལྟར་ལམ་དུས་ཀྱི་སྐུ་གསུམ་བསྒོོམས་པས་འབྲས་དུས་ཀྱི་ཡེ་ཤེས་ཆོས་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་བའི་སྐུ་ཡང་དག་པར་ཐོབ་པར་གདོན་མི་ཟ་ཞིང་། རྣལ་འབྱོར་བ་བདག་ཉིད་འབྲས་བུའི་ཤྲཱི་ཧེ་རུ་ཀར་ནི་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །གཉིས་པ་ལ་གཉིས། དམ་བཅའ་བ་དང་། ལས་ཚོགས་དངོས་སོ། །དང་པོ་ནི། ཡི་གེ་ཉེར་གཉིས་པའི་གསང་སྔགས་སྙིང་བོ་འདི་ཡི་ནི་གསང་བ་བཤད་ཀྱིས་སྒྲུབ་པ་པོ་ཉོན་ཅིག་ཅེས་སོ། །གཉིས་པ་ནི། རོ་ལངས་བསྒྲུབས་ནས་དེའི་ལུས་ཀྱི་མར་ཁུ་ལ་སྙིང་པོའི་སྔགས་བཟླས་པས་རྐང་མཐིལ་ལ་བྱུགས་ན་དཔག་ཚད་བྱེ་བར་འཕགས་པར་འགྱུར་ཞིང་ནམ་མཁའ་ལ་འགྲོ་ཞིང་འོད་པར་འགྱུར་རོ། །སྐྱེ་བདུན་གྱི་རོ་ཙན་སོགས་ཟོས་ན་གཟུགས་སྟོང་ཕྲག་དུ་མར་བྱེད་དོ། །སྐྱེ་བདུན་གྱི་རོ་ཙན་དང་སྲོག་ཆགས་གང་གི་ཤ་འདྲེས་པ་ཟོས་ན་ཁང་བཟང་དང་ཤིང་དང་ཁྱིིམ་ལ་འཛེགས་ཏེ། རྣལ་འབྱོར་རྣམས་དང་ལྷན་ཅིག་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱུར་རོ། །རྟ་རྒའི་མར་དང་ཚིལ་ཆེན་ལ་སྔགས་ཁྲི་བཟླས་ནས་རྐང་མཐིལ་ལ་བྱུགས་ན་ནམ་མཁའ་ལ་འགྲོ་ཞིང་འོང་བ་ལས་གཞན་དུ་མི་འགྱུར་བ་སྟེ་ངེས་པར་འགྱུར་རོ། །ཇི་སྐད་བཤད་པའི་སྔགས་རྫས་ཀྱི་སྦྱོར་བ་ལ་བརྟེན་ནས་འདོད་ན་སྣང་བར་འགྱུར་ཞིང་སྣང་བར་མི་འདོད་ན་ཐིག་ལེ་ཕྱིས་པ་སོགས་བྱས་པས་མི་སྣང་བར་འགྱུར་རོ། །ཐོད་པ་སོ་སོར་ཡུངས་ཀར་བསྐྲུན་པ་སོགས་ཀྱི་སྦྱོར་བ་བཤད་པ་ལྟར་བྱས་ནས་འདོད་ན་བྱིས་པ་དག་རྒན་པོ་དང་དར་ལ་བབ་པའི་གཟུགས་འཛིན་པར་འགྱུར་རོ། །འདོད་ན་གླང་པོ་ཆེ་དང་མ་ཧེ་དང་བ་མེན་དང་སྟག་དང་སེང་གེ་དང་ཁྱུ་མཆོག་དང་བྱི་ལ་དང་རི་བོང་དང་རྔ་མོའི་གཟུགས་འཛིན་པར་འགྱུར་རོ། །འདོད་ན་རྨ་བྱ་དང་བྱ་གག་དང་ངང་བ་དང་ངུར་བ་དང་ཆུ་སྐྱར་དང་འུག་པ་དང་ཁྲ་དང་བྱ་རྒོད་དང་བྱ་རོག་གི་གཟུགས་འཛིན་པར་འགྱུར་རོ། །མདོར་ན་གང་འདོད་པ་དེའི་གཟུགས་སུ་བྱེད་པར་འགྱུར་རོ། །བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་པ་སོགས་ཀྱི་སྦྱོར་བས་བསྒྲུབ་བྱ་དེའི་ཚིག་འཕྲོག་པ་ལྐུགས་པ་དང་། མཐོང་བ་འཕྲོག་པ་འོང་བ་དང་། ཉན་པ་འཕྲོག་པ་འོན་པ་དང་། སྣ་འཕྲོག་པ་དྲི་མི་ཚོར་བ་དང་། ལྕེ་འཕྲོག་པ་རོ་མི་ཚོར་བར་བྱེད་དོ། །སྒྲུབ་བྱ་གང་གི་ཁྲག་འདྲེན་པར་འདོད་པ་དེའི། ཁྲག་འདྲེན་པར་བྱེད་པ་དང་རེངས་པར་བྱེད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་སྐུ་གསུམ་འགྲུབ་པ་དང་སྙིང་བོའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་བའི་འགྲེལ་པའོ།། །།གཉིས་པ་ལེའུ་བཅུ་གཅིག་པ་ལ་བཞི། བཤད་པར་དམ་བཅའ་བ་སྐྱེ་བདུན་བརྟག་པའི་ཐ་མས་སྐྱེ་བདུན་གྱི་རོ་ཙན་ལ་བརྟེན་ནས་ལས་སྒྲུབ་པ། ལེའུ་མཚན་ནོ། །དང་པོ་ནི། དེ་ནས་ལས་གཞན་ཡང་སྒྲུབ་པ་པོས་སྐྱེ་བ་བདུན་པའི་བར་མ་ཆད་པར་མིར་འབྱུང་བ་སྟེ་སྐྱེས་པའི་རོ་ཙན་སོགས་བསྒྲུབ་པ་པོ་གང་གིས་བསྟེན་པ་ཙམ་གྱིས་ནི་མྱུར་དུ་དངོས་གྲུབ་ལ་འཇུག་པའི་དངོས་གྲུབ་ཐོབ་བར་འགྱུར་བར་བཤད་པར་བྱའོ། །གཉིས་པ་ནི། སྐྱེ་བུ་སྟེ་སྐྱེས་པ་གང་ཞིག་ལུས་ཀྱི་རྡུལ་དྲི་ཞིམ་པར་འབྱུང་བ་དང་། ཚིག་བདེན་པར་སྨྲ་བ་དང་། ཡུན་རིང་བོར་མིག་མི་འཛུམ་པ་དང་། ཡིད་ཁྲོ་བ་མེད་པར་གྱུར་པ་དང་། ཁ་ནས་དབུགས་དྲི་ཞིམ་པ་འབྱུང་བ་དེ་ནི་སྐྱེ་བ་བདུན་པར་མ་ཆད་དུ་མིའི་སྐྱེ་བ་གྱུར་པའི་རྟགས་ཡིན་ནོ། །དེ་འདྲ་བའི་དྲི་ཞིམ་པོ་ནི་རོ་ཙ་ནའི་འབྲས་བུ་སྟེ། དེས་དེ་རྗེས་སུ་དཔག་པར་བྱའོ། གྲིབ་མ་རིམ་པ་བདུན་པ་བྱ་དང་པའི་འགྲོས་ཅན། སྙིང་རྗེ་དང་ཡང་དག་པར་ལྡན་པ་དེ་བརྟེན་ནས་དེ་ཤི་བའི་སྙིང་ཁ་ན་རོ་ཙ་ན་ཡོད་དེ་དེ་བླང་བ་ལ་དཔལ་ཧེ་རུ་ཀའི་སྙིང་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན། སྟེང་དུ་ནམ་མཁའ་ལ་ལྡིང་བར་འགྱུར་ཞིང་ས་ནས་དཔག་ཚད་བྱེ་བར་འཕགས་པའི་སྟེང་དུ་འགྲོ་བར་འགྱུར་རོ། །དེ་བསྟེན་ཕ་སྟེ་བསྣམས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཤེས་པའི་ཡེ་ཤེས་སམ་མངོན་ཤེས་ཅན་དུ་འགྱུར་རོ། །དཔག་ཚད་བྱེ་བ་ལྔ་བཅུར་ཉིན་ཞག་གཅིག་གིས་ཕར་འགྲོ་ཞིང་ཚུལ་འོང་བར་འགྱུར་རོ། །ལྷའི་ལུས་ཀྱང་ཐོས་པ་སྟེ་དེ་དང་འདྲ་བར་ཚེ་རིང་བར་འགྱུར་རོ། །རོ་ཙ་ནི་གུར་གུམ་གྱི་མདོག་ཅན་བ་ལང་གི་མིག་ཙམ་ཞིག་ཡོད་གསུང་ངོ་། །དཔལ་ཧེ་རུ་ཀའི་སྙིང་བོ་ལ་སྐྱེ་བདུན་ལ་བརྟེན་ནས་ལས་སྒྲུབ་པ་འདི་སྒྲུབ་པ་པོ་གང་གིས་ཤེས་པར་དེ་ལ་དངོས་གྲུབ་གང་དང་གང་འདོད་པ་དེ་དང་དེ་སྟེར་བར་འགྱུར་རོ། །བཞི་བ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་སྐྱེ་བ་བདུན་པའི་མཚན་ཉིད་དང་དངོས་གྲུབ་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པའི་འགྲེལ་པའོ།། །།གསུམ་པ་ཉེ་སྙིང་གི་ལམ་སྒྲུབ་པ་ལ་གསུམ། བཤད་པར་དམ་བཅའ་བ། ལས་སྦྱོར་དངོས། ལེའུ་མཚན་ནོ། །དང་པོ་ནི། དེ་ནས་ཉེ་བའི་སྙིང་བོ་ནི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་ཅིང་། འཇིག་རྟེན་གསུམ་ན་ལས་གང་ཅིའང་རུང་བའི་རྣམས་ཀུན་སྐད་ཅིག་གིས་སྟེ་མྱུར་དུ་འགྲུབ་པ་བཤད་པར་བྱའོ། །གཉིས་པ་ལ་དྲུག །ས་གཡོ་བ་སོགས་ཀྱི་ལས་སྦྱོར་བཞི། མིག་ལ་བརྟེན་པའི་ལས། མཁའ་སྤྱོད་སྒྲུབ་པའི་རིལ་ལུའི་ལས་ཤ་ཁྲག་འདྲེན་པ་སོགས་ཀྱི་ལས་དྲུག །མི་སྣང་བ་སོགས་ཀྱི་ལས་བདུན། ཆུ་བོ་གྱེན་ཟློག་སོགས་ཀྱི་ལས་ལྔ་རྗེས་འཛིན་དང་བཅས་པའོ། །དང་པོ་ནི། ཕཊ་ནས་ༀ་ཀྱི་བར་ཏེ། ༀ་ཧྲིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཅེས་པར་འགྱུར་རོ། །འདི་ནི་ཧེ་རུ་ཀའི་སྙིང་བོའི་སྔགས་དང་ཉེ་བའི་སྙིང་བོའོ། །གསང་སྔགས་འདི་འབུམ་བཟླས་པས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ཡང་གཡོ་བར་བྱེད་ན་གཞན་གཡོ་བ་ལྟ་ཅི་སྨོས། གྲོ་ཀ་ལ་རྫས་ཀྱིས་པདྨ་དང་ལྟེེ་བར་ཟླ་བའི་དཀྱིལ་འཁོར་འབྲི་བ་སོགས་སྦས་དོན་ཀུན་གསལ་ནས་འབྱུང་བ་ལྟར་བྱས་ཏེ་བསྒྲུབ་ན། ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་གླུ་དང་དྲི་ཟ་དང་མི་འམ་ཅི་རྣམས་གང་འདོད་པ་དེ་འགུག་པར་བྱེད་དོ། །རྒྱ་མཚོ་དང་འབབ་ཆུ་རྫིང་བུ་དང་ལ་སོགས་པས་ཆུ་མིག་གི་ཆུ་སྐྱེམ་པའམ་གནོན་པར་བྱེད་པ་ནི་སྔགས་ཀྱི་ནུས་པ་ཐོབ་པས་སྔར་གྱི་འཁྲུལ་འཁོར་ལ་བརྟེན་ནས་སྤེལ་ཚིག་དང་བཅས་པས་བཟླས་ན་འགྲུབ་བོ། །གང་དུ་ཉེ་སྙིང་འབུམ་ཕྲག་བདུན་བཟླས་པའི་གནས་དེར་འཁོར་ལོ་བཤད་པ་ལྟར་བྱས་ཏེ་སྔགས་བཟླས་ཤིང་ལུས་ལ་བཅངས་ན་མཁའ་འགྲོ་མ་ཐམས་ཅད་ཀྱིས་སྒྲུབ་པ་པོའི་མངག་གཞུག་བྱེད་པ་སྟེ་བཀའ་ཉན་པར་འགྱུར་རོ། །གཉིས་པ་ནི། ལག་པ་གཡོན་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོར་ལོ་བྲིས་ནས་ཉེ་སྙིང་འདིས་ཆུ་ལ་ཡོངས་སུ་བཟླས་ཏེ་འཁོར་ལོ་བཀྲུས་པའི་ཆུས་བདག་ཉིད་ཀྱི་མིག་བཀྲུས་ན་སྐྱེ་བ་བདུན་མི་དང་འདས་མ་འོངས་ཤེས་པར་འགྱུར་རོ། །འཁོར་ལོ་དང་ལྡན་པའི་ལག་པས་མིག་ལ་རེག་ཅིང་སྔགས་བཟླས་ན་ཚེ་ཟད་པ་དང་འཆི་བ་ཉིད་དུ་རྟགས་སྣང་བ་ཡང་ཚེ་རིང་བ་དང་གསོན་པར་སྣང་བའི་རྟགས་མཚན་དང་ལྡན་པར་འགྱུར་རོ། །འཁོར་ལོ་དང་ལྡན་པས་མིག་ལ་ཉེ་སྙིང་སྤེལ་ཚིག་དང་བཅས་ཏེ་མངོན་པར་བསྔགས་ནས་གང་ལ་བལྟས་པ་དེ་གནོན་པ་སྟེ་རེངས་པར་འགྱུར་རོ། །གསུམ་པ་ནི། དཔའ་བོ་གཡུལ་དུ་ཤི་བའི་རྐང་མཐིལ་གྱི་ལྤགས་པ་བླངས་ཏེ་མི་དེ་ཉིད་ཀྱི་ཁྲག་དང་ལྷན་ཅིག་བརྟགས་ལ། ལིག་བུ་མིག་སྨན་ཏེ་རྣ་བའི་སྨན་དེ་ཐོད་པར་བཅུག་ལ། དེ་བཞིན་དུ་ལྡོང་རོས་དང་གི་ཝང་དང་གུར་གུམ་དང་དཔའ་བོའི་སྙིང་ཁྲག་བསྒོས་པ་སྟེ་སྤངས་པའི་རིལ་བུ་ཡང་དེར་བཅུག་སྟེ་གྲིབ་མ་ལ་བསྐམས་ལ། གསེར་དངུལ་ཟངས་མའི་ལྕགས་གསུམ་གྱིས་དཀྲིས་པ་བྱས་ནས་ཡང་དེ་ལྷག་པར་གནས་པ་སྟེ་རབ་གནས་བྱའོ། །སྐར་མ་རྒྱལ་གྱི་དུས་ལ་བབ་པ་ན་དེ་ལྟར་བྱས་པ་དེ་དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་པ་སྟེ། དཀྱིལ་འཁོར་བསྒྲུབས་ཤིང་མཆོད་ནས་དེའི་དབུས་སུ་རོ་ག་ཙང་མ་བཞག་ལ་དེའི་ཁར་འཇུག །དེ་ནས་རོ་དེ་གུ་གུལ་གྱིས་བདུག་ཅིང་རང་གི་ལག་པ་གཡོན་པས་རོ་དེའི་ཁ་བཀབ་སྟེ་ཡང་ཉེ་སྙིང་བརྒྱད་རྩ་བརྒྱད་བཟླས་ན་རོ་དེས་རིལ་བུ་དེ་ཁ་ནས་འབྱིན་ལ། དེ་རང་གི་ཁར་བ ཅུག་ན་སྒྲུབ་པ་པོ་དེ་དེའི་མོད་ལ་མི་སྣང་བར་འགྱུར་ཞིང་། ལུས་ཀྱི་གྲིབ་མ་མེད་པར་འགྱུར་ཏེ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། ས་སྟེང་མི་རྣམས་ཀྱིས་མཐོང་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་བཞིན་དུ་རིལ་བུ་དེ་ཁ་ལས་བཏོན་ན་སྣང་བར་འགྱུར་རོ། །ཉུང་ངུའི་རྒྱུད་འདིར་མཁའ་སྤྱོད་གྲུབ་པའི་རིལ་བུ་འདི་ནི་དཔའ་བོ་ཧེ་རུ་ཀ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ། །བཞི་བ་ནི། དཔལ་ཧེ་རུ་ཀའི་རྩ་བའི་སྔགས་དེའི་སྙིང་བོ་ཡི་གེ་ཉི་ཤུ་རྩ་གཉིས་དེའི་སྙིང་བོ་ཉེ་བའི་སྙིང་བོ་ཡི་གེ་བདུན་པའི་སྔགས་འདིས་གཡས་པའི་མཛུབ་མོའི་རྩེ་མོས་མིའི་མགོ་བོའི་ཐོད་པ་ཤ་མེད་ཅིང་མ་ཉམས་པར་བྱས་ལ། དམིགས་པ་དང་བཅས་པས་མཉེས་ནས་སྔགས་མང་དུ་བཟླས་ན་དེའི་ཁྲག་འགུག་ཅིང་འདྲེན་པར་བྱེད་དོ། །གཡོན་པའི་སྡིགས་མཛུབ་ཀྱིས་ཡང་དང་ཡང་དུ་མཉེས་ནས་སྔགས་བཟླས་ཏེ་དུམ་སྐྱེས་མའི་ཐོད་པའི་ཁྲག་གིས་དེའི་ལུས་གང་བར་བསྒོམས་པས་ནི་ཁྲག་སླར་འཇུག་ཅིང་འཚོ་བར་འགྱུར་རོ། །སྔགས་འདི་མངོན་པར་བཟླས་ཏེ་ཐོད་པ་དེ་བསྒྲུབ་བྱའི་མགོ་བོའི་ཐོད་པར་བསམས་ཏེ་ཁུ་ཚུར་བསྣུན་ན། གང་གི་མིང་ནས་སྨོས་ཏེ་བྱས་པ་དེའི་ཀླད་པ་ན་བར་འགྱུར་རོ། །གསང་སྔགས་རྗེས་སུ་དྲན་ལ་ཐོད་པའི་ནང་འོ་མས་བཀང་ན་ནད་ཉེ་བར་ཞི་བར་འགྱུར་རོ། །གི་ཧཾ་ལ་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་རྒྱས་བཏབ་པ་སྟེ་དེངས་པར་འགྱུར་རོ། །འཁོར་ལོ་བཤད་པ་ལྟར་བྲིས་ནས་འཛུབ་མོ་ལ་སྔགས་ཡོངས་སུ་བཟླས་ཏེ་གང་ལ་སྡིགས་མཛུབ་བྱས་པ་དེ་དེའི་མོད་ལ་རིམ་གྱིས་ཐེབས་ཤིང་ལྟུང་བ་སྟེ་འགྱེལ་བར་འགྱུར་རོ། །བསྒྲུབ་བྱའི་གཟུགས་བརྙན་རོ་བསྲེགས་པའི་ས་བརྐོས་པར་བཞག་ནས་མི་རུས་ཀྱི་ཕུར་བུས་བཏབ་ཅིང་ཚེར་མས་བཀང་ལ། སྙིང་གར་ཆུ་ཚན་བླུགས་ཤིང་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་རྐང་བས་ས་ལ་བསྣུན་ན་གང་གི་མིང་ནས་སྨོས་པ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། །ཆུ་ལ་བཟླས་ཏེ་ས་ལ་གཏོར་ཞིང་གཟུགས་བརྙན་འོ་མས་བཀྲུས་ན་སླར་འཚོ་ཞིང་གསོ་བར་འགྱུར་རོ། །ཡུང་བ་སོགས་ཀྱིས་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་བྲིས་ལ། ཙནྡན་དཔལ་ན་ཚྭ་སོགས་ཀྱི་རྫས་བསྲེས་ཏེ་དུར་ཁྲོད་ཀྱི་རས་ཀྱིས་གཏུམས་ནས་ལམ་གྱི་བཞི་དོར་དགྲའི་མིང་སྦེལ་ཚིག་དང་བཅས་པས་སྔགས་ལན་བདུན་བཟླས་ནས། ཉེ་སྙིང་གི་སྔགས་བཟླས་པའི་མཛུབ་མོའི་རྩེ་མོ་དེས་སྐྱེ་བོ་སྟོང་ཕྲག་ལ་ཡང་སྡིགས་མཛུབ་བྱས་ན་བལྟས་པ་དེ་ཐམས་ཅད་གནོན་པ་སྟེ་རེངས་པར་འགྱུར་རོ། །འཁྲུལ་འཁོར་འོ་མས་བཀྲུ་ཤིང་སླར་གསོ་བའི་སྔགས་ཀྱི་ཚིག་གིས་ནི་གྲོལ་བར་འགྱུར་རོ། །སྨེ་ཤ་ཅན་ཏེ་རིགས་ངན་གྱི་རོ་བསྲེགས་པའི་ཐལ་བ་ལ་བསྒྲུབ་བྱའི་གཟུགས་བྱས་ལ། འཁྲུལ་འཁོར་བྲིས་པ་སྙིང་གར་བཅུག་སྟེ། ཐལ་བདེ་ལ་བཟླས་བརྗོད་བརྒྱ་བྱས་ཏེ་སེམས་ཅན་གང་རྗེས་སུ་དྲན་པས་སྔར་གྱི་གཟུགས་དེ་ལ་བསྟན་ན། གང་གི་གཟུགས་སུ་བྱ་བ་འདོད་པ་དེའི་གཟུགས་འཛིན་པར་འགྱུར་རོ། །ལྔ་བ་ནི། ཙནྡན་ལ་སོགས་པས་སྦྱིན་སྲེག་བྱས་པའི་མེའི་ཐལ་བ་ལ་བསྒྲུབ་བྱའི་གཟུགས་བྱས་ཏེ་འཁོར་ལོ་སྙིང་གར་བཅུག་ནས་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བཟླས་བརྗོད་བརྒྱད་བྱས་ཏེ། གང་ལ་བསྣུན་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ་། གསོན་ཆུ་ལ་སྤེལ་ཚིག་དང་བཅས་པས་བརྒྱ་བཟླས་པས་གཏོར་ན་སླར་སྣང་བར་འགྱུར་རོ། །འཁོར་ལོ་བྲིས་ཏེ་ཐང་ཁྲོམ་གྱི་འབྲས་བུ་སོགས་དང་ལྡན་པར་བྱས་ནས་ཁྱི་སྨྱོན་གྱི་ཐོད་པ་ཁ་སྦྱར་བཅིངས་ལ་དེའི་བར་དུ་གཞུག །ཉེ་སྙིང་དབུགས་མི་འབྱིན་པར་བཟླས་ལ། དུར་ཁྲོད་དུ་བཅུག་ན་གང་གི་མིང་ནས་སྨོས་པ་དེ་སྨྱོ་བར་འགྱུར་རོ། །བསྒྲུབ་བྱའི་སྐྱེ་བོ་སྟོང་ཡང་སྨྱོ་བར་འགྱུར་རོ། །ཞི་བའི་ཡིད་ཀྱིས་བཏོན་ན་གྲོལ་བར་འགྱུར་རོ། ཁང་སྟོང་ནས་མཁའ་འགྲོ་མ་གང་གི་མིང་ནས་སྨོས་ཏེ། རང་གི་གཙུག་ཕུད་ལ་ལན་བཅུ་བཟླས་ཏེ་མདུད་ན་གནོད་པའི་མཁའ་འགྲོ་མ་ཐམས་ཅད་གཞན་དུ་འགྲོ་བར་འགྱུར་རོ། ཁང་སྟོང་དུ་སོང་སྟེ་ཉེ་སྙིང་ལན་བརྒྱ་བཟླས་ནས་རང་གི་གཙུག་ཕུད་སྤྱི་བོར་བཅིངས་ལ་མིག་བགྲད་དེ། ཇི་སྲིད་དུ་བཟླས་པ་དེ་སྲིད་དུ་མི་སྣང་བར་འགྱུར་རོ། །གཙུག་ཕུད་བཀྲོལ་ན་སླར་སྣང་བར་འགྱུར་རོ། །ཐོད་པ་ལ་བསྐུལ་ཚིག་དང་བཅས་པས་མངོན་པར་བཟླས་ཏེ་ཐོད་པ་སོགས་ཕྱེ་མར་བྱས་ནས་སྟེང་དང་འོག་དང་ཕྱོགས་དང་ཕྱོགས་མཚམས་སུ་གཏོར་ན་ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་དྲི་ཟ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱང་འཆིང་བར་འགྱུར་རོ། །གྱོ་དུམ་ལ་བཟླས་ཏེ་གཏོར་ན་མཁའ་འགྲོ་མའི་གནོད་པའི་སྦྱོར་བ་ཐམས་ཅད་འཕྲོག་པར་འགྱུར་རོ། ཁྱི་དང་ལྕེ་སྤྱང་གི་མཇུག་མ་བསྒྲུབ་བྱའི་མལ་འོག་ཏུ་སྦས་ནས་སྟན་དང་མལ་ཁྲི་ལ་སྐྱེས་པ་དང་བུད་མེད་འདུག་པ་ལ་བ ལྟས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབྱར་བར་འབྱུར་རོ། །ཡིད་ཀྱིས་ནི་མཇུག་མ་ཕྱུང་སྟེ་སྔགས་བཟླས་ན་གྲོལ་བར་འགྱུར་རོ། །དྲུག་པ་ནི། ཐོད་པ་དང་བཅས་པའི་འཁྲུལ་འཁོར་ལ་སྔགས་སྤེལ་ཚིག་དང་བཅས་པ་ཡོངས་སུ་བཟླས་ཏེ་འབབ་ཆུའི་ཆུ་བོར་བཅུག་ན་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་འགྱུར་རོ། །ཐོད་པ་དང་བཅས་པའི་ལས་སྦྱོར་དེ་ཉིད་ཀྱིས་ཆུའི་རྦ་རླབས་གནོན་པར་འགྱུར་ཞིང་། བཟློག་པའི་ཡིད་ཀྱིས་བཟླས་ན་ཟློགས་པ་འགྱུར་རོ། །སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཏེ་སྟེང་དུ་ལྟ་བཞིན་དུ་སྟོང་ཕྲག་གཅིག་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། དགྲ་བོ་གཞན་གྱི་དཔུང་ལ་མངོན་དུ་ཕྱོགས་ནས་གྱོ་དུམ་ལ་བཟླས་བརྗོད་སྟོང་བྱས་ཏེ་ཕྱོགས་བཅུར་གཏོ་རེ་ནས་གཡུལ་དུ་ཞུགས་ན་མཚོན་ཆ་བརྒྱས་བསྣུན་ཀྱང་གནོད་པའི་ཚོར་བ་འབྱུང་བར་མི་འགྱུར་ཞིང་། མཚོན་གྱིས་ཆོད་པར་ཡང་མི་འགྱུར་ཏེ་མཚོན་གྱིས་མི་ཕྱེད་པའི་རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ཉེ་བའི་སྙིང་བོའི་ལས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའི་འགྲེལ་པའོ། །བཞི་བ་གོ་ཆའི་ལས་སྒྲུབ་པ་ལ་གསུམ། བཤད་པར་དམ་བཅའ་བ། ལས་ཚོགས་དངོས། ལེའུ་མཚན་ནོ། དང་པོ་ནི། དེ་ནས་དཔའ་བོའི་གོ་ཆའི་ལས་སྒྲུབ་པ་རྣམས་ནི་གོ་རིམ་བཞིན་དུ་བཤད་པར་བྱའོ། །དེ་ཡང་འཇིག་རྟེན་གསུམ་ན་གང་ཡོད་པའི་ཡིད་ལ་གང་འདོད་བདེ་དག་ཀུན་སྒྲུབ་པའོ། །གཉིས་པ་ལ་བཞི། འཇིགས་པ་སེལ་བ་སོགས་ལས་བརྒྱད། དབང་དུ་བྱེད་པ་དང་རས་གསོལ་བརྟེན་པའི་ལས་ཚོགས། ལས་སྦྱོར་རྣམས་འགྲུབ་པའི་ཐུན་མོང་གི་ཐབས། ཤིན་ཏུ་བྱེད་པ་སོགས་ཀྱི་ལས་གཉིས་སླར་དགྲོལ་བ་དང་བཅས་པའོ། །དང་པོ་ནི། དེ་ལ་གོ་ཆ་ཟློས་བཞིན་དུ་ཡང་ལམ་དུ་ཞུགས་ན་རྐུན་མ་དང་བྲག་གི་འཇིགས་པ་མི་འགྱུར་བ་ཞེས་པའི་ལས་སྦྱོར་ནི་རྗེའི་སྦས་དོན་ཀུན་གསལ་ལས་འབྱུང་བ་ལྟར་ཏེ་འདིར་མང་དུ་དོགས་སོ། །མི་སྣང་བར་འགྱུར་རོ་ཞེས་པ་ནི། ལས་སྦྱོར་སྔ་མའི་འཁོར་ལོའི་ལྟེ་བ་ལ་མཐའ་ཐིག་གིས་བསྐོར་ཏེ་བསྒྲུབ་བྱ་རྨོངས་པའི་སྦེལ་ཚིག་དང་བཅས་ཏེ་གོ་ཆའི་སྔགས་ཟློས་བཞིན་དུ་ལམ་དུ་ཞུགས་ན་གཞན་ཀྱིས་མི་མཐོང་ལ། ཚུལ་དེས་གོ་ཆ་ཟློས་བཞིན་དུ་ཡང་རྒྱལ་བོའི་ཕོ་བྲང་གི་བུད་མེད་ཀྱི་གནས་སུ་ཞུགས་ཡང་མི་སྣང་བར་འགྱུར་ཏེ། དེ་ནས་གང་འདོད་པ་དེ་བླངས་ཏེ་འགྲོ་བར་འགྱུར་ཞིང་། ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །ལྡོང་རོས་སོགས་ཀྱི་ཁུ་བས་ཨ་ཤོ་ཀའི་སྨྱུ་གུས་སྔར་གྱི་འཁོར་ལོ་ཐིག་ལེས་བསྐོར་བ་བྲིས་ཏེ། གོ་ཆའི་སྔགས་བརྒྱ་བཟླས་ལ་དེ་ནས་བསྒྲུབ་བྱ་འཁོར་བཅས་ཀྱི་མིང་སྦེལ་ཚིག་དང་བཅས་པ་བཟླ་བ་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་སོགས་ལ་དེའི་གཟུགས་བྱས་ནས་དེའི་སྙིང་གར་འཁོར་ལོ་དེ་བཅུག །མེ་ཏོག་སེར་བོ་གཏོར་ལ་རྐང་བ་གཡོན་པས་མན ན་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་སར་བཅུག་ལ་གཡོགས་ཏེ། སྙིང་གར་སའི་ཁང་ལྟ་བུ་བྱས་ནས་བཞག་ལ་ལག་པ་གཡས་པས་གང་ལ་རེག་པའི་དམག་སྡེ་ལྟ་བུ་དེ་བརྟན་པོར་གཙུགས་པའི་མདུང་བཞིན་དུ་རེངས་པར་འགྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷས་ཀྱང་མི་གཡོའོ། །སྔགས་བཟླས་པའི་རྐང་པས་ས་ལ་བསྣུན་ནས་ས་འོག་ནས་བཏོན་ཏེ་འཁོར་ལོ་འོ་མས་བཀྲུས་ན་ཐར་བར་འགྱུར་རོ། །རང་གི་ཕྲག་ལ་གོ་ཆའི་སྔགས་ལན་གསུམ་བཟླས་པས་ཁར་བཅུག་ལ་ཕྱིར་ཕྱུང་སྟེ་ཐིག་ལེ་བྱས་ལ། གང་དང་ལྷན་ཅིག་སྨྲ་བ་དང་། གང་གིས་རང་མཐོང་ཞིང་རང་གིས་གང་མཐོང་བ་དེ་ཐམས་ཅད་ཀྱི་ཁྲག་འདྲེན་པར་བྱེད་དོ། །དགྲ་བོ་གང་གི་ཁྱིམ་དུ་ཁྲོ་རྒྱལ་བསྒོམས་ནས་ཁྲོ་བ་དང་བཅས་པས་སྔགས་ལན་སྟོང་སྤེལ་ཚིག་དང་བཅས་པས་བཟླས་ན་ཐམས་ཅད་རིམས་ཀྱི་བཏབ་པར་འགྱུར་རོ། །ཞི་བའི་བསམ་པས་ཆུ་ལ་ལན་ལྔ་བཟླས་ཏེ་གཏོར་ན་སླར་འཚོ་བར་འགྱུར་རོ། །གཞན་དང་རྩོད་པ་བྱེད་ན་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་དུར་ཁྲོད་ཀྱི་ས་དང་གྲོག་མཁར་གྱི་ས་གསུམ་བསྲེས་པ་ལ་བསྒྲུབ་བྱའི་གཟུགས་བྱས་ལ། ཆེ་གེ་མོའི་ཝ་ཀ་ཧ་རནྟུ་ཞེས་པའི་སྤེལ་ཚིག་དང་བཅས་པའི་འཁོར་ལོ་དེའི་སྙིང་གར་བཅུག་སྟེ་རྐང་བ་གཡས་པས་མནན་ལ། བདག་གི་སྙིང་གར་འཁོར་ལོ་བསྒོམས་ཏེ་འོད་ཟེར་སྔགས་ཀྱི་རང་བཞིན་བརྩེགས་པ་རི་རབ་ཙམ་སྣ་བུག་གཡས་པ་ནས་སྤྲོས་པས་བསྒྲུབ་བྱའི་ལྕེ་མནན་པར་བསམ་ལ་བསྒྲུབ་བྱ་གང་གི་གདོང་ལ་བལྟས་ཏེ་སྔགས་བཟླས་པས་དེའི་ཚིག་འཕྲོག་པར་འགྱུར་རོ། །འབབ་ཆུའི་འགྲམ་དང་ལྟེང་ཀ ར་གནས་ཏེ་ཁྲོ་བོ་བསྒོམས་ནས་ཆུ་རྡུལ་ཐམས་ཅད་ལྷའི་གཟུགས་སུ་བསྐྱེད་པའི་དབུ་རྒྱན་དུ་བསམས་ནས་སྔགས་སྟོང་བཟླས་ན་ཆུའི་སྟེང་དུ་གནས་ཏེ་ཐང་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཡང་དེ་བཞིན་དུ་འགྲོ་བར་འགྱུར་རོ། །ཆུ་ལ་ཞུགས་ན་ཆུ་བོའམ་རྒྱ་མཚོ་ཡང་མི་གཡོ་བར་གནས་སོ། །གཉིས་པ་ནི། ལག་པ་གཡོན་ལ་གོ་ཆའི་དཔའ་བོ་དང་དཔའ་མོ་རྣམས་བསྐྱེད་དེ་སྙོམས་པར་ཞུགས་པར་བསམས་ལ། ལག་པ་གཉིས་དྲིལ་ཕྱིས་བྱས་ཏེ་མཉེ་ཞིང་སྔགས་ལན་སྟོང་བཟླས་ན་རྣལ་འབྱོར་མ་རྣམས་དབང་དུ་འགྱུར་རོ། །རྣལ་འབྱོར་མ་ནི་སྣ་ཚོགས་གཟུགས་ཏེ་རང་བཞིན་ཅན་མཁའ་འགྲོ་མའི་རིགས་སུ་སྐྱེས་པ་དང་། དེ་བཞིན་དུ་ལཱ་མ་དང་། ཁཎྜ་རོ་ཧི་དང་། དེ་བཞིན་དུ་གཟུགས་ཅན་མ་རུ་རབ་ཏུ་གྲགས་པ་དེ་དང་ལ་སོགས་ཀྱིས་རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་དེ་ཀུན་སྒྲུབ་པ་པོ་དེའི་དབང་དུ་འགྱུར་རོ། །སྐར་མ་རྒྱལ་གྱི་སྦྱོར་བས་རས་དཀར་ནག་བསྒྲུབ་པའི་ཚུལ་སྦས་དོན་གསལ་བ་ལས་བཤད་པ་ལྟར་བྱས་ནས། དེ་གྱོན་པའི་ལུས་ཀྱིས་རྣལ་འབྱོར་བ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་སྟོང་ཕྲག་བཅུ་བཟླས་ན་དེའི་འོག་ཏུ་མི་སྣང་བ་འགྲུབ་པར་འགྱུར་ཏེ། རས་གྱོན་པའི་ལུས་ཀྱི་དཔག་ཚད་སྟོང་གི་བར་དུ་ནམ་མཁའ་འགྲོ་ཞིང་མི་སྣང་བར་འགྱུར་ཏེ་ལྷས་ཀྱང་མི་མཐོང་ལ། གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །དེས་ཕྱིའི་རྒྱ་མཚོའི་མཐར་ཐུག་པའི་ས་རྣམས་སུ་འགྲོ་བར་འགྱུར་ལ། སྟེང་གི་རྒྱུན་ཕྱོགས་འོག་མིན་གྱི་བར་དུ་འགྲོ་བར་འགྱུར་རོ། །གསུམ་པ་ནི་དབང་བོའི་ཡུལ་གཟུགས་སོགས་གང་དང་གང་མིག་སོགས་དབང་བོའི་ལམ་སྟེ་ཡུལ་དུ་གྱུར་པ་ཡུལ་དེ་དང་དེའི་རང་བཞིན་དུ་འགྲོ་བ་སྟེ་ཡུལ་གྱི་རོ་མྱོང་བར་བྱེད་པ་ན། མཆོག་ཏུ་སྟེ་སྔོན་དུ་དོན་དམ་ལ་དམིགས་པའི་སྟོང་ཉིད་སྙིང་རྗེ་དབྱེེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་མཉམ་པར་བཞག་པ་དང་། སྦྱོར་བ་སྟེ་རྣལ་འབྱོར་གྱིས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་ལ་བརྡུག་པར་འགྱུར་བ་དེ་ལྟར་བྱའོ། །བཞི་བ་ནི། སྔར་ལྟར་རོའི་ཁར་བསྐྱེད་པའི་ཤིང་ཡོངས་འདུའི་ཁུ་བཅུད་བླངས་ལ། དེ་ལ་བཟླས་བརྗོད་སྟོང་བྱས་ཏེ་གང་ལ་ཐིག་ལེ་བྱས་པ་དེ་ཤིང་དུ་བསྒོམས་ན་དེ་ཉིད་ཤིང་དུ་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་པས་གཏོར་ན་འདི་ནི་སླར་འཚོ་བར་འགྱུར་རོ། །སྔར་བཤད་པའི་ཆོ་ག་དེ་ཉིད་ཀྱིས་ཡུངས་ཀར་ཀྱི་ས་བོན་བྲམ་ཟེའི་ཐོད་པར་བསྐྱེད་པ་བླངས་ནས་དེའི་འབྲས་བུའི་ཕྱེ་མ་དང་། གླང་བོ་ཆེའི་རྐང་མཐིལ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་བླངས་ཏེ་བཟླས་བརྗོད་སྟོང་བྱས་ནས་གང་ལ་བསྣུན་བ་དེ་གླང་བོ་ཆེར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བསྡུས་པའི་རྒྱུད་ལས་གོ་ཆའི་སྔགས་ཀྱི་ལ ས་ཚོགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པའོ།། །།ལྔ་བ་སྙིང་བོས་ལས་གཞན་སྒྲུབ་པ་ལ་དྲུག །བཤད་པར་དམ་བཅའ་བ། ལས་སྦྱོར་དངོས། ཕན་ཡོན། གྲུབ་པའི་ཚུལ། བསྔགས་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བདག་ཉིད་བོང་བུའི་ཞལ་གྱི་རྣམ་པའི་རྣལ་འབྱོར་སྒྲུབ་པ་པོ་གང་གིས་དངོས་གྲུབ་མྱུར་དུ་འགྲུབ་པའི་སྒྲུབ་ཐབས་དེ་ནི་བཤད་པར་བྱའོ། །ཞེས་སོ། །བསྒོམས་པའི་དགོས་པ་ནི། ཡིད་ཀྱི་ཤུགས་ནི་བཟློག་བྱའི་ཕྱིར། ཞེས་པ་ལྟར་ན། ཡིད་ལྟ་བ་ངན་པ་སོགས་ཀྱི་དབང་དུ་གྱུར་བའི་ཤུགས་བཟློག་པར་བྱ་བའི་ཕྱིར་ཧེ་རུ་ཀ་ཉིད་བོང་བུའི་རྣམ་པར་བསྒོམ་པ་བསྟན་ཞེས་བྱ་ལ། ཡིད་ཀྱི་ཤུགས་ཀྱིས་ཞེས་འབྱུང་བ་ལྟར་ན། ཡིད་ཀྱི་ཤུགས་བོང་བུའི་རྣལ་འབྱོར་གྱིས་ལྟ་བ་ངན་པ་སོགས་ཀྱི་སྒྲིབ་པ་རྣམས་བཟློག་པར་བྱ་བའི་ཕྱིར་འདིའི་རྣལ་འབྱོར་བསྒོམ་པར་བསྟན་པའི་དོན་ནོ། །གཉིས་པ་ལ་གཉིས། སྒྲས་ཟིན་ལྟར་བཤད་པ་དང་། བརྡས་བཤད་པའོ། །དང་པོ་ནི། གཙོ་བོ་བོང་ཞལ་ཅན་ཡིན་པ་དེ་བཞིན་དུ་མཁའ་འགྲོ་མ་དང་ལཱ་མ་དང་ཁཎྜ་རོ་ཧི་དང་འདོད་པའི་གཟུགས་ཅན་མ་བཞི་ཡང་བོང་བུའི་ཞལ་གྱི་རྣམ་པ་ཅན་ཞལ་ནས་ཁྲག་འཛག་པའོ། །བོང་ཞལ་ཡང་གདོང་ཙམ་ཡིན་གྱི། དབུ་རལ་པོ་མིན་ནོ། །དེར་མ་ཟད་ཕག་མོ་ཡང་བོང་ཞལ་ཅན་ཏེ་ལྷ་དྲུག་གོ །དེ་ཡང་དངོས་ཟིན་གྱི་དབང་དུ་བྱས་ཀྱི། ལྷ་གཞན་རྣམས་ཁ་བསྐང་སྟེ་རེ་གཉིས་སུ་བྱ་སྟེ། ཐུགས་འཁོར་གསུམ་དཔའ་བོ་ནི་རིམ་བཞིན་དུ་མཁའ་ལྡིང་དང་རྨ་བྱ་དང་སེངྒེའི་གདོང་པ་ཅན་དང་། སྒོ་མ་བཞི་ནི་རང་གི་གདོང་བ་ཅན་དང་། མཚམས་མ་རྣམས་ནི་མ་ཧེ་དང་རི་དྭགས་དང་སྟག་དང་གུང་གི་གདོང་བ་ཅན་དང་། རྣལ་འབྱོར་མ་ཉེར་བཞི་ནི་བོང་བུའི་གདོང་བ་ཅན་ནམ་རང་སོར་འཇོག་པའི་ལུགས་ཀྱང་བཤད་དོ། །མཁའ་འགྲོ་མ་ནི་རྩེ་གསུམ་སྤྲུལ་གྱིས་དགྲིས་ལག་པ་གཡས་ཀྱི་དང་པོ་ན་ཐོགས་པ་སྟེ། ཕྱག་མཚན་གཞན་རྣམས་ལོ་ཨི་པ་ལྟར་རོ། །གཉིས་པ་བརྡས་བཤད་པ་ནི། བོང་ཞལ་ཅན་སྒོམ་པའི་ཡིད་ཀྱི་ཤུགས་ཀྱིས་དག་པའི་སྒྱུ་མའི་སྐུར་བྱེད་པ་སྟེ། རྫོགས་རིམ་གྱི་བཤད་པ་ཞིག་གསུངས་པ་ནི་འདིར་རེ་ཞིག་བཞག་གོ། གསུམ་པ་ནི། དེ་ལྟར་བོང་བུའི་རྣལ་འབྱོར་བསྒྲུབས་པས་གྲུབ་ན་རང་གཞན་གྱི་ཚེ་ཟད་པ་དང་ཚེ་རིང་བ་ཡང་སྣང་བ་སྟེ་ཚེ་རིང་ཐུང་ཤེས་པ་ཡིན་ནོ། །འདིར་ནི་བོང་བུའི་རྣལ་འབྱོར་བ་དེ་སྔར་བོང་བུར་གྱུར་པ་ཡིན་ན་དེ་བཞིན་དུ་བོང་བུར་མཐོང་བ་དང་། སྐྱེ་བ་སྔོན་དུ་གླང་བོ་ཉིད་གང་སོང་བ་དེ་གླང་བོའི་གཟུགས་ཅན་དུ་མཐོང་ངོ་། །རང་གཞན་གྱི་སྐྱེ་བ་གང་དང་གང་གི་སྔོན་གྱི་སྐྱེ་བར་གྱུར་པ་དག་དེ་དང་དེ་ཡི་གཟུགས་སུ་སྣང་བར་བོང་བུའི་རྣལ་འབྱོར་བས་ནི་འདིར་མཐོང་བར་འགྱུར་རོ། །སྔོན་ནས་སྐྱེ་བ་བདུན་དུ་བར་མ་ཆད་པའི་མི་ཤེས་ཤིང་གྲུབ་པ་སྟེ་དངོས་གྲུབ་སྟེར་བའི་སྐྱེ་བདུན་གྱི་ཤ་ཡོད་པར་གྱུར་ན་དེ་ཡིས་གཏོར་མ་དང་སྦྱིན་སྲེག་གི་བྱ་བ་དག་བྱས་ནས་སྒྲུབ་པ་པོས་ལྷའི་ལུས་ལྟ་བུའི་དངོས་གྲུབ་ཁྱད་པར་ཅན་རྣམས་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཤ་དེ་ལ་བརྟེན་ནས་དཔག་ཚད་བརྒྱ་ཕྲག་ནི་སྟེང་གི་སྟེང་དུ་སྐད་ཅིག་ལ་འགྲོའོ། །རྣལ་འབྱོར་བ་འདི་ནི་སྔགས་མཆོག་གཙོ་བོ་དམ་པ་མཐུ་ཆེ་བ་སྟེ། མཁའ་འགྲོ་མ་ཡི་སྟེ་དེ་རྣམས་དང་ལྷན་ཅིག་མཉམ་པར་སྦྱོར་བ་སྒྲུབ་པར་བྱེད་ནུས་པའོ། །བཞི་བ་ནི། བོང་བུའི་རྣལ་འབྱོར་བས་མཚན་མ་སྟེ་དུང་ཕྲེང་གིས་སྔགས་གང་ཟློས་པ་ཟླ་བ་གཅིག་གིས་འགྲུབ་པར་འགྱུར་རོ། །དེ་ལྟར་འགྲུབ་པ་འདི་ནི་གསང་བའི་རྒྱུད་བདེ་མཆོག་འདི་ཡི་ཡབ་ཀྱི་སྔགས་ཀྱི་སྙིང་པོ་དགེ་བ་འདི་ཡིས་ཡིན་ནོ། །ལྔ་པ་ནི། རྣལ་འབྱོར་འདིའི་རིམ་གཉིས་ཀྱི་དེ་ཉིད་མཆོག་ཤེས་པའི་རྣལ་འབྱོར་བ་དེ་ན་འདིར་ཐབས་ཤེས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་བ་རུ་ཐེ་ཚོམ་མེད་དོ། །ཇི་སྐད་བཤད་པ་དེ་དག་ཐམས་ཅད་མཁའ་འགྲོ་དྲ་བའི་བདེ་མཆོག་གི་རྒྱུད་འདིར་ནི་བརྗོད་པ་ཡིན་གྱི། གཞན་དུ་མི་འབྱུང་ངོ་། །དྲུག་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་དཔའ་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པའི་ཆོ་གའི་ལེའུ་སྟེ་བཅུ་བཞི་པའི་འགྲེལ་པའོ།། །།གསུམ་པ་རིགས་ལྡན་མ་མཆོད་ཚུལ་རྒྱས་པར་བཤད་པ་ལ་ལྔ། མཁའ་འགྲོ་མ་སྤྱིར་ཤེས་པའི་དོན་དུ་ཡི་གེ་རེ་རེའི་བརྡ། མཁའ་འགྲོ་མའི་རིགས་བྱེ་བྲག་ཏུ་ཤེས་པའི་ཐབས། རིགས་སྤྱིར་ཤེས་བྱེད་ལུས་ཀྱི་བརྡ། གང་རང་ལ་རྗེས་སུ་ཆགས་པ་བརྟག་ཚུལ། །སྤྱིར་ཤེས་བྱེད་ཡི་གེ་དུ་མ་ཚོགས་པའི་ངག་གི་བརྡའོ། དང་པོ་ལ་བཞི། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། དོན་བསྡུས་ཏེ་སྦྱིན་ཚུལ་བསྟན་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྒྲུབ་པ་པོ་གང་ཞིག་རྣལ་འབྱོར་མ་རྣམས་ཀྱི་བརྡར་གྱུར་པ་ཤེས་པ་དག་བརྡ་ཤེས་པ་དེ་ཉིད་ཀྱིས་འདོད་དོན་ཐེ་ཚོམ་མེད་པར་གྲུབ་པ་སྟེ་འགྲུབ་པ་ནི་བཤད་པར་བྱའོ། །སྡོམ་པ་ཐམས་ཅད་ལ་ཞེས་པ་ནི་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྣལ་འབྱོར་བ་ཐམས་ཅད་ལ་ཞེས་པའོ། །གཉིས་པ་ནི། ཌཱ་ཞེས་བྱ་བ་སྐྱེས་བུ་སྟེ་སྐྱེས་པར་སངས་རྒྱས་ཀྱིས་བཤད་ལ། ཌཱི་ཞེས་པ་ནི་བུད་མེད་ཀྱི་བརྡ་ཡིན་ནོ། སངས་རྒྱས་ཀྱིས་བཤད་ཅེས་པ་བརྡ་འདི་རྣམས་འཇིག་རྟེན་དུ་གྲགས་པ་མིན་གྱིས། སངས་རྒྱས་ཀྱིས་བརྡར་མཛད་པའི་དོན་ནོ། །དེ་ཡང་གཅིག་གིས་ཌཱ་ཞེས་བརྗོད་ཅིང་ཅིག་ཤོས་ཀྱིས་ཌཱི་ཞེས་ལན་འདེབས་པ་མིན་གྱི་གཅིག་གིས་ཌཱ་ཞེས་བརྗོད་པ་ནི་ཅིག་ཤོས་ཀྱིས་དེའི་དོན་སྐྱེས་པ་ཡིན་པར་གོ་ན་བརྡ་ཤེས་བར་འཇོག་སྟེ། གཞན་རྣམས་ལའང་དེ་ལྟར་རོ། །ཕུ་ཞེས་བྱ་ནི་གནོན་པ་སྟེ་རེངས་པའི་བརྡ་ཡིན་ལ། སུ་ཞེས་བྱ་བ་ནི་ཟ་བ་ཉིད་ཀྱི་དོན་ནོ། །མ་ཞེས་བྱ་བ་ནི་མ་རུ་བཤད་ལ། ཡ་ཞེས་བྱ་བ་ནི་ཆུང་མ་ཉིད་དོ། །བྷི་ཞེས་པ་སྲིིང་མོ་དང་། དེ་བཞིན་དུ་བཱི་ཞེས་པ་མཛའ་མོར་བཤད་ལ། ལུ་ཞེས་བ་བུ་མོ་ཡིན་ལ། སྟི་ཞེས་པ་ཁྲག་ཏུ་ཤེས་པར་བྱའོ། །དེ་བཞིན་དུ་ཚིག་བསྡུས་ན་སོ་ཞི་བའི་བཏུང་བ། སེ་བ ཏུང་བ་ཞུ་བའི་རྗེས། ཧེ་ཤ །བྷ་ཟ་བ། བྷུ་འདྲེས་པ། སྟི་དུར་ཁྲོད། བྷུ་རོ། དྷི་རྣལ་འབྱོར་མ། ག་ཡ་མའི་རིགས། སྟི་ག ཟུགས་ཅན་མ། ཀུ་མཁའ་འགྲོ་མ། ཧ་ཁཎྜ་རོ་ཧི། ཛ་བྱིན་པ་གཉིས། ཀ་དཔུང་ཀ་གཉིས། བྷ་གསོང་བོར་སྨྲ་བ། སྤ་ལེགས་པར་འོངས་པ། མི་རྟ། པ་བཟའ་བ། དེ་བཏུང་བ། གྷ་བགྲོད་བྱ་དང་འགྲོད་བྱ་མིན་པ། ཀ་འདོད་པ། ས་སྐྱེས་པ་གཞོན་ནུ་མི་འགྲོ་བ། ར་ཁྱོ་མེད་མ། དུ་སྤྱོད་ངན་མ། སུ་སྐལ་བཟང་མ། ན་སྐལ་ངན་མ། ས་དམ་ཚིག་ཅན། ཨ་དམ་ཚིག་མེད། ཨཱ་འོངས་པ། ན་མ་འོངས་པ། སོ་ཞེས་བྱ་ནི་ཆགས་པའི་བརྡ་ཡིན་ནོ། །གསུམ་པ་ནི། སྔར་བཤད་པ་འདི་དག་ནི་ཡི་གེ་རེ་རེ་བའི་བརྡ་ཡིན་ཏེ། དཔའ་བོ་སྟེ་མིང་བོ་དང་། དཔའ་མོ་སྲིང་མོར་ཤེས་པར་བྱེད་པ་ནི་བརྡ་འདི་དག་གིས་རང་མཁའ་འགྲོ་མ་རྣམས་ཡིད་ཤིན་ཏུ་ཉེ་བར་བྱེད་པའོ། །གུས་དང་མི་གུས་པ་སོགས་ལ་དད་པ་དང་མི་ལྡན་པ་རྣམས་ལ་སྦྱིན་པར་མི་བྱའོ་ཞེས་འབྱུང་བ་ལྟར་བདེའོ། །དམ་ཚིག་གི་མཆོག་ཡིད་དུ་འོང་བ་དང་ལྡན་ཞིང་བླ་མ་ལ་ཕན་འདོགས་པ་བྱེད་པ་སྟེ་གུས་པ་ལ་སྦྱིན་པར་བྱའོ། །བཞི་བ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ཡི་གེ་རེ་རེའི་བརྡའི་ཆོ་གའི་ལེའུ་སྟེ་བཅོ་ལྔ་བའི་འགྲེལ་པའོ།། །།གཉིས་པ་བྱེ་བྲག་ཏུ་ཤེས་པར་བྱེད་པ་ལ་བཞི། མཁའ་འགྲོ་མ་དྲུག་གི་རིགས་སོ་སོར་བསྟན་པ། མཁའ་འགྲོ་མ་བདུན་གྱི་མིང་གི་རྣམ་གྲངས། མཁའ་འགྲོ་མའི་རིགས་ཀྱི་དབྱེ་བ། ལཱ་མའི་རིགས་ཀྱི་དབྱེ་བའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། བཤད་བྱ་བསྟན་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་འོག་ཏུ་འཆད་པའི་མཚན་དང་ལྡན་པའི་སྐལ་ལྡན་མ་དང་། དེ་དང་མི་ལྡན་པའི་སྐལ་ལྡན་མིན་པ་ནི་མདོར་བསྡུས་ནས་བཤད་པར་བྱའོ། །དེ་ཡང་སྐལ་ལྡན་ནི་ཕོ་ཉའི་དམ་ཚིག་མཆོག་ལ་གནས་པ་སྟེ་སྒྲུབ་པ་བོའི་ཡིད་དུ་འོང་ཞིང་། དེ་ལ་ཕན་འདོགས་པར་བྱེད་པ་ཡིན་ལ། མཚན་ཉིད་ནི་བླ་མ་ལ་གུས་པ་ཉིད་དེ་ཁོ་ན་ལ་སྦྱིན་པར་བྱའོ། །གུས་པ་ལ་སྦྱིན་པ་དེ་ནས་དཔའ་བོ་དང་རྣལ་འབྱོར་མ་འདུ་བའི་དུས་སུ་རང་རང་གི་རིགས་ཀྱི་དབྱེ་བ་བཟུང་ན་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པ་སྟེ་གཉིས་ཀའང་རིགས་བདུན་དུ་བཤད་པ་རིགས་དྲུག་ཏུ་འགྱུར་ལ། སྒྲུབ་པ་པོ་གང་གིས་དེ་ཤེས་བ་ཙམ་གྱིས་ནི་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་བ་དེ་བཤད་པར་བྱའོ། །གཉིས་པ་ལ་གཉིས། རིགས་བདུན་དུ་དབྱེ་བ་དང་། དྲུག་ཏུ་དབྱེ་བའོ། །དང་པོ་ནི། སྔར་བཤད་པ་ལྟར་མཁའ་འགྲོ་མའི་རིགས་སྤྱིར་ཤེས་ཀྱང་བྱེ་བྲག་ཏུ་ཤེས་པའི་ཕྱིར་སྟོན་པ་ལ། མཁའ་འགྲོ་མའི་བུད་མེད་གང་ཞིག་ཁ་དོག་པདྨའི་རྩ་ལྟར་དཀར་ལ། མིག་གི་དབྱིབས་པདྨའི་འདབ་མ་ལྟར་དཀྱུས་རིང་བ། རྟག་ཏུ་གོས་ནི་དཀར་པོ་ལ་དགའ་བ། ཙན་ན་གོར་ཤིཪྵ་གསར་བའི་དྲི་དང་ལྡན་པ། བདེ་གཤེགས་ཀུན་འདུས་པ་རྡོ་རྗེ་སེམས་དཔའ་ཉིད་ལ་དགའ་བ་སྟེ་དད་པ་ནི་རྡོར་སེམས་དེའི་རིགས་ལས་བྱུང་བར་ཤེས་པར་བྱའོ། །བུད་མེད་གང་ཞིག་གསེར་བཙོ་མའི་ཁ་དོག་དང་འདྲ་ཞིང་། དམར་བ་དང་སེར་བའི་གོས་ལ་དགའ་བ། ཛཱ་ཏི་དང་ཙམ་པ་ཀའི་དྲི་དང་ལྡན་པ་དེ་ནི་དཔའ་བོའི་རྗེས་འགྲོ་སྟེ་རིན་འབྱུང་གི་རིགས་སུ་འགྱུར་རོ། །གང་ཞིག་ཁ་དོག་ཨུཏྤལ་སྔོན་པོ་པ་ལྟར་སྔོ་བསངས་དང་། གོས་ནི་སྔོན་པོ་འཛིན་པ་ལ་དགའ་བ་དང་། སྔོན་པོར་སྣང་བའི་ཨུ ཏྤལའི་དྲི་དང་ལྡན་པ་དེ་ནི་དཔའ་བོ་ཧེ་རུ་ཀ་དྲག་པོའི་རྗེས་སུ་འགྲོ་བ་སྟེ་དེའི་རིགས་སོ། །བུད་མེད་གང་ཞིག་མཛེས་མ་སྟེ་པགས་པ་པདྨ་དཀར་པོའི་འདབ་མ་དང་འདྲ་བ་དག་རབ། རྟག་ཏུ་པདྨའི་རྩ་བའི་དྲི་བྲོ་བ་དེ་ནི་དེ་བཞིན་དུ་དཔའ་བོའི་བློ་སྟེ་འོད་དཔག་མེད་ཀྱི་རིགས་སོ། །བུད་མེད་གང་ཞིག་དམར་ལ་དཀར་བའི་མདངས་ཅན་གཟུགས་བཟང་ལ་གོས་ནི་དམར་པོ་ལ་དགའ་བ་དང་། མ་ལཱི་གནང་ཨུཏྤ་ལའི་དྲི་དང་ལྡན་པ་དེ་ནི་རྡོ་རྗེའི་རིགས་ལས་བྱུང་བ་མི་བསྐྱོད་པའི་རིགས་ཡིན་ནོ། །བུད་མེད་གང་ཞིག་ཁ་དོག་སེར་ཞིང་ལྗང་ལ་གོས་ནི་དཀར་པོ་འཆང་བར་དགའ་བ། མགོ་ལ་མེ་ཏོག་གི་དྲི་དང་ལྡན་པ་ནི་དེ་བཞིན་གཤེགས་པ་དོན་གྲུབ་ཀྱི་རིགས་ཀྱི་རྗེས་སུ་འགྲོ་བ་སྟེ་དེའི་རིགས་ཡིན་ནོ། །བུད་མེད་གང་ཞིག་ཁ་དོག་དམར་བ་དང་དམར་པོ་དེའི་མདོག་གི་གོས་འཆང་བ་ལ་དགའ་ཞིང་རྟག་ཏུ་ག་བུར་གྱི་དྲི་དང་ལྡན་པ་ནི་རྣམ་སྣང་གི་རིགས་ཀྱི་རྗེས་སུ་འགྲོ་བ་སྟེ་དེའི་རིགས་ཡིན་ནོ། དེ་ལྟར་རྣལ་འབྱོར་མའི་རིགས་བདུན་པོ་རྣམས་ནི་ཧེ་རུ་ཀ་ངས་བཤད་པའོ། འདིར་མཁའ་འགྲོ་མའི་ཕྱག་རྒྱ་རིགས་བདུན་གཙོ་ཆེ་ཡང་། མིའི་ཕོ་ཉ་མོ་ལའང་རིགས་བདུན་དུ་བཤད་དོ། །མཁའ་འགྲོ་འདི་རྣམས་གཡོན་པའི་ཀུན་སྤྱོད་ལ་རྟག་ཏུ་དགའ་ལ། བདུན་པོ་འདི་དག་ནི་རང་གི་རིགས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། རང་རང་གི་མདོག་གི་རིགས་ཀྱིས་ཁྱབ་པ་སྟེ་དེ་ལས་མི་འདྲའོ། གཉིས་པ་ནི། རང་རང་གི་རིགས་ཀྱིི་རིགས་པའི་ཡི་གེ་ༀ་སོགས་དང་ༀ་ཛི་ན་ཛི ག་ལ་སོགས་པ་སྨྲ་བས་རིགས་དྲུག་པོ་སོ་སོའི་རྗེས་སུ་འབྲང་བར་འདིར་གྱུར་པ་འདི་ལ་ནི་ཁ་དོག་སྟེ་རིགས་དྲུག་ཏུ་འགྱུར་རོ་ཞེས་མདོར་བསྟན་ཏོ། །རྡོར་སེམས་རང་གི་ཕྱག་རྒྱ་ནི་ཕྱག་མཚན་འཆིང་བ་སྟེ་འདྲ་བ་དང་། རྡོར་སེམས་རང་གི་རིགས་ལས་བྱུང་བའི་སྔགས་ཚིག་ཏུ་སྨྲ་བ་ནི་རྡོར་སེམས་ཀྱི་རིགས་སོ། །བུད་མེད་གང་ཞིང་གཡོན་ནས་འགྲོ་ཞིང་། རྣལ་འབྱོར་བ་ལ་ཡང་རྟག་ཏུ་གཡོན་ལ་བསྐོར་བ་དང་། སྐད་ནི་ཆེན་པོ་སྨྲ་བ་དང་། མིག་གཡོན་ནས་བལྟ་བས་རྣམ་པར་བལྟ་བ་དང་། བུད་མེད་རྣམས་མཐོང་བའི་ཚེ་རབ་ཏུ་མང་བོ་སྨྲ་བ་དེ་ནི་རིན་འབྱུང་གི་རིགས་ཀྱི་ཕོ་ཉ་མོ་དམ་ཚིག་དང་ལྡན་པར་བཤད་དོ། །བུད་མེད་རྣམས་ཀྱིས་གང་གསོལ་བ་བཏབ་པ་དེ་ཕྱེད་ཅིང་རང་གི་རིགས་ཀྱིས་པོ་ན་ཧྲི་ལ་སོགས་པ་རབ་ཏུ་སྨྲ་བ་དང་། པདྨའི་རིགས་ཀྱི་བྱ་བ་རྣམས་མི་འདོར་ཞིང་། རང་གི་རིགས་ཀྱི་བྱ་བ་སྟོན་པའི་བསྟན་བཅོས་ལས་གསུངས་པ་སྐྱོང་བ་དང་། རང་གི་རིགས་ཀྱི་སྙིང་བོ་རིག་པ་ཟློས་པ་དེ་ནི་སྣང་མཐའི་རིགས་ཀྱི་ཕོ་ཉ་མོ་དམ་ཚིག་དང་ལྡན་པར་བརྗོད་དོ། །སོར་མོ་དཔྲལ་བར་གང་འཆིང་བའི་ཕྱག་འཚལ་བ་དང་། གཡོན་པའི་ལུས་ཀྱིས་རྟག་ཏུ་འདུད་པ་དང་། ལྷ་མོ་སྟེ་བུད་མེད་རྣམས་དང་ཀུན་དུ་སྨྲ་བ་དེ་ནི་ངེས་པར་བདེན་པར་འགྲོ་བ་སྟེ་མི་བསྐྱོད་པའི་རིགས་སོ། །རྐང་བའི་མཐེ་བོང་གཡོན་པས་ས་ལ་ནི་རི་མོ་འདྲི་བར་བྱེད་ཅིང་། རང་གི་མགོ་ནི་འཕྲུག་པར་བྱེད་པ་དང་། ཟུར་མིག་གིས་བལྟ་ཞིང་ལག་པ་གཡོན་གྱིས་སྟོན་པ་ནི་དོན་གྲུབ་ཀྱི་རིགས་ཏེ་དེ་མཐོང་བའི་ཚེ་སྒྲུབ་པ་པོས་བུད་མེད་དེའི་རང་གི་རིགས་དྲན་པ་ཁྱད་པར་དུ་བྱའོ། །མཁུར་བའམ་ཀོ་སྐོ་དག་དང་ནི་སྣ་དག་ཏུ་ནི་སོར་མོ་སྟོན་པ་དང་། ཟུར་གྱིས་ལྟ་ཞིང་རིགས་པའི་རྒྱལ་བོའི་སྔགས་ལན་ཅིག་ཟློས་ནས་རིག་པ་སྟེ་རང་རིགས་ཀྱི་སྒྲུབ་པ་པོ་ལ་རྣམ་པར་ལྟ་བ་དང་། བདེན་པར་འགྲོ་བ་སྟེ་སྨྲ་བའི་རྣལ་འབྱོར་མ་དེ་ནི་ངེས་པར་རྣམ་སྣང་གི་རིགས་ཀྱི་ཕོ་ཉ་མོ་དམ་ཚིག་ཅན་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་བདུན་དང་རིགས་དྲུག་གི་མཚན་ཉིད་བརྟགས་པའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པའི་འགྲེལ་པའོ།། །།གཉིས་པ་མཁའ་འགྲོ་མ་བདུན་གྱི་མིང་གི་རྣམ་གྲངས་ལ་བཞི། བཤད་པར་དམ་བཅའ་བ། མཚན་ཉིད་བསྟན་པ། མཚན་མའི་ཕྱག་རྒྱ། ལེའུའི་མཚན་ནོ། དང་པོ་ནི། དེ་ནས་ཡཱ་མི་ནི་སྟེ་གཤིན་རྗེ་མ་དང་། སྐྲག་བྱེད་མ་དང་། ནགས་ཚལ་མ་དང་། འཇིགས་གཟུགས་མ་དང་། གཟུགས་ཀུན་སྤྱོད་མ་དང་། མཛེས་མ་དང་། བྷ་སུ་ར་སྟེ་འོད་གསལ་མ་སྟེ་དེ་མཁའ་འགྲོ་མ་རྣམས་བདུན་གྱི་རང་རང་གི་མཚན་ཉིད་བསྡུས་མ་སྟེ་མདོར་བསྡུས་ནས་ལེའུ་འདིར་བཤད་པར་བྱའོ། །སྡུད་པ་མོ་ཞེས་བསྒྱུར་བའང་ཡོད་དོ། །མཁའ་འགྲོ་མ་དེ་རྣམས་ཀྱང་ཆགས་པ་ཆེན་པོའི་རང་བཞིན་ཅན་ཏེ། གོང་དུ་ཡོད་པ་འདིར་དྲངས་ན་རྣལ་འབྱོར་མ་དེ་རྣམས་ནི་ཆགས་བྲལ་གྱི་ཐེག་པ་པོས་རྙེད་དཀའ་ལ། དེ་བཞིན་དུ་མཁའ་འགྲོ་མ་རྣམས་ཀྱི་རིགས་ཀྱང་ཤིན་ཏུ་རྙེད་པར་དཀའོ། །བདུད་རྩི་ལྔ་ནི་བདུད་རྩི་ཞེས་བྱ་ལ། ལྔ་ནི་ལུས་ཀྱི་འབྱུང་བ་ལྔའོ། །ལྔ་བ་དེ་རྣམས་ཀྱི་བདུད་རྩི་ནི་དེ་དག་གི་སྙིང་བོ་བདེ་སྟོང་དབྱེར་མེད་དང་། ཡང་དག་འབྱུང་ལ་དངོས་པོ་བདེན་པ་ཞེས་འབྱུང་སྟེ་འབྱུང་བ་ལྔ་མ་ལུས་ཀྱི་ཆོས་རྣམས་བསྡུས་པའི་དོན་དུ་འཆད་པ་དང་། ཡང་བདུད་རྩི་ལྔ་བསྟེན་པས་རྣལ་འབྱོར་མ་དེ་རྣམས་དང་འཕྲད་པ་ཡང་དག་འབྱུང་ཞེས་འཆད་པའང་ཡོད་དོ། །གཉིས་པ་ནི། གཟུགས་ཅན་མ་དང་། ཙུམ་མི་ཀ་སྟེ་འོད་བྱེད་མ་དང་། ལཱ་མ་དང་། ཡོངས་གྱུར་མ་དང་། བྱིས་བཅས་མ་དང་། མི་ལྡོག་མ་དང་། ཨེ་ཧི་ཀ་ལྷ་མོ་ནི་འདི་བ་མ་སྟེ་མཁའ་འགྲོ་མ་རྣམས་བདུན་དུ་རྒྱུད་ལས་བཤད་དོ། །ཞེས་མདོར་བསྟན་ཏོ། །མངོན་པར་ཞེན་པ་སྟེ་ཆགས་པས་ལྟ་བ་དང་། སྨིན་མ་ཡོན་པོར་འདེབས་པ་དང་གར་བྱེད་ཅིང་སྔོན་དུ་གཟུགས་ཡིད་དུ་འོང་བ་བསྟན་ནས་གཟུགས་དེ་ནི་སྡུད་པར་བྱེད་པ་གང་། ཕྱིས་ནི་མི་སྡུག་པར་བསྟན་ནས་འཇིགས་པར་བྱེད་པ་དེ་ནི་གཟུགས་ཅན་མར་ཤེས་པར་བྱ་སྟེ་དེ་ནི་ཡཱ་མི་ནིའོ། །དེ་དང་དཔའ་བོ་སྐྱོང་བས་གཉིས་སུ་མེད་པ་སྟེ་མཉམ་པར་སྦྱོར་བས་བསྟན་པར་བྱའོ། །དྲུག་པའམ་སྟེ་གཉེན་ནམ་མི་དྲུང་བ་སྟེ་གཉེན་མ་ཡིན་པའི་བྱིས་པ་ལ་འཁྱུད་ཅིང་། ཙུམ་པ་ན་བྱེད་པ་དེ་ནི་ཙུ་མཱི་ཀར་ཤེས་པར་བྱ་སྟེ་དེ་ནི་སྐྲག་བྱེད་མའོ། །མཁའ་འགྲོ་མ་དེ་བསྟན་ན་སྡིག་པ་འཇོམས་པར་བྱེད་པ་ཡིན་ནོ། །མི ག་ཟུར་གྱིས་ལྟ་ཞིང་གདོང་ལ་ཁྲོ་གཉེར་ལྡན་པ་སྟེ་བསྡུས་པ་དང། སྨིན་མ་བསྒྱུར་བ་སྟེ་བསྐྱོད་ཅིང་སྡིགས་མཛུབ་བྱེད་པ་དང་། རེས་འགའ་གཞན་དབུག ས་འབྱིན་པར་བྱེད་ཅིང་སླར་འཇིགས་པར་བྱེད་པ་གང་ཡིན་པ་དང་། འདི་ན་གཞན་ཡང་དབུགས་མི་འབྱིན་པར་འཇིགས་པར་བྱེད་པ་གང་ཡིན་པ་དེ་ནི་ལཱ་མ་ཡིན་པར་བཤད་དོ། །དེ་ནི་ནགས་ཚལ་མའོ། །ཕག་དང་དྲེད་དང་བྱི་ལ་དང་ལྕེ་སྤྱང་དང་རི་དྭགས་དང་རྟ་དག་དང་དེ་འདྲ་བའི་རིགས་ཐམས་ཅད་དེར་ནི་སྟེ་བུད་མེད་མཐོང་ན་འཇིགས་པར་བྱེད་པ་དེ་ནི་ཡོངས་གྱུར་མར་བཤད་དོ། །དེ་ལ་ནི་འཇིགས་གཟུགས་མ་ཞེས་ཀྱང་བྱའོ། །ཤིན་ཏུ་དགའ་བས་རྒོད་པ་དང་། དོན་འགའ་ཞིག་ལ་སོང་ནས་སླར་ཡང་མི་ལྡོག་པ་སྟེ་མྱུར་དུ་མི་འོང་བ་དང་། སྒྲུབ་པ་པོ་ལ་རྗེས་སུ་ཆགས་པས་གསལ་བ་སྟེ་མཐོང་བར་འདོད་པ་དེ་ནི་ཁ་ཏྲཱ་རོ་ཧིར་བཤད་དོ། །འདི་ལ་བྱིས་བཅས་མ་རུ་བཤད་ཅེས་ཁ་ཅིག་ཏུ་འབྱུང་བ་ལྟར་ལེགས་ཏེ་དེ་ནི་ཀུན་བསྐྱོད་མའོ། །ཡིད་ནི་འབྱུང་བ་སྟེ་མི་དགའ་བས་ལག་པའི་བང་བའམ་རྐང་བས་སམ་གོས་ཀྱི་ཐ་མའམ་ནི་ཡང་ན་ཤིང་དག་གིས་ཀྱང་རུང་སྟེ་དེས་གང་ལ་རེག་པ་ནི་འཚོ་བར་མི་འགྱུར་བ་དེ་ནི་མི་ལྡོག་མར་ཤེས་པར་བྱ་ཞིང་དེ་བསྒྲུབ་བྱ་སྟེ་བསྟེན་བྱ་མིན་པར་བཤད་དོ། །དེ་ལ་མཛེས་ཞེས་བྱ་སྟེ། ལས་དང་པོ་པས་བསྒྲུབ་མི་ནུས་སོ། །རྒོད་ཅིང་སྨྲ་ལ་ངུ་བ་སོགས་ཀྱི་རྒྱུ་མེད་པར་བ་རུ་ནི་དུ་ཞིང་རབ་ཏུ་ཁྲོས་པ་སྟེ་དེ་ནི་ཨེ་ཧི་ཀར་དྲན་པར་བྱ་བ་སྟེ་བཤད་དོ། །ལྷ་མོ་དེ་ནི་གསོང་བོར་སྨྲ་བ་ཡིན་ལ། སངས་རྒྱས་པ་སྟེ་འདིའི་རྣལ་འབྱོར་མ་རྣམས་དང་རྟག་ཏུ་སྨྲ་བ་སྟེ་དེ་ཉིད་ནི་རྡོ་རྗེའི་རིགས་ལས་བྱུང་བ་ཡིན་ནོ། །དེ་ལ་བྷ་སུ་ར་ཞེས་ཀྱང་བྱའོ། །མཁཱེའ མ་ཡི་རིགས་ཀྱི་ཕྱག་རྒྱ་མོ་དེ་རྣམས་ནི། དཔའ་བོ་སྒྲུབ་པ་པོས་བསྟེན་པའི་ཕྱིར་དུ་མཚོན་པ་སྟེ་ཤེས་པར་བྱའོ། །གསུམ་པ་ནི། ཐོད་པ་དང་དགྲ་སྟ་དང་ཕག་གི་མཆེ་བ་དང་འཁོར་ལོ་དང་ཆུ་སྲིན་རྒྱལ་མཚན་དང་རལ་གྲི་དང་ཀུན་དུ་སྐྲག་བྱེད་དེ་གྲི་གུག་གམ་རྡོ་རྗེ་དང་དུང་དང་བརྒྱད་ནི། རིམ་པ་བཞིན་དུ་གཟུགས་ཅན་མ་ལ་སོགས་པའི་ཕྱག་གཡས་ཀྱི་དང་པོའི་ཕྱག་མཚན་དུ་ཤེས་པར་བྱ་ལ། དུང་ནི་འདིར་ཁ་བསྐང་བའི་གར་དབང་མའི་ཕྱག་མཚན་ཏེ། གཡོན་རྣམས་ཁ་ཊྲཱཾ་ག་དང་བཅས་པའི་ཐོད་པའོ། །ཕྱག་མཚན་དེ་དག་ནི་རྣལ་འབྱོར་མ་རང་རང་གི་རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད་དོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པཱཾ་བསྡུས་པའི་རྒྱུད་ལས། མཁའ་འགྲོ་བདུན་པོ་དེས་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་ཐམས་ཅད་ཀྱི་གཟུགས་ཡོངས་སུ་བརྗེ་བ་སྟེ་དེ་རྣམས་ཀྱི་གཟུགས་སུ་བསྒྱུར་བ་དང་། ཕྱག་མཚན་དང་ཕྱག་རྒྱ་བསྟན་པའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པའི་འགྲེལ་བའོ།། །།གསུམ་པ་མཁའ་འགྲོ་མའི་རིགས་ཀྱི་དབྱེ་བ་ལ་བཞི། བཤད་པར་དམ་བཅའ་བ། སོ་སོའི་མཚན་ཉིད། དོན་བསྡུ་བ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔ་མ་ལ་མཚན་ཉིད་གཞན་ཡང་བཤད་པར་བྱའོ། །དགོས་པ་གང་ན། མཁའ་འགྲོ་མཆོག་གི་གོ་འཕང་གི་གནས་ནི་སྒྲུབ་པ་པོ་གང་གིས་ཡང་དག་པར་ཤེས་པ་ཡིས་མཁའ་འགྲོ་མ་རྣམས་སྒྲུབ་པ་པོའི་རྗེས་སུ་འཇུག་པའི་དམ་ཚིག་ལ་གནས་པའི་ཕྱིར་དུའོ། །གཉིས་པ་ལ་དྲུག །པདྨ་གར་དབང་གི་རིགས་ཀྱི་དང་། ཧེ་རུ་ཀའི་རྡོ་རྗེ་ཕག་མོའི། ཁཎྜ་རོ་ཧེའི། ཡང་ཧེ་རུ་ཀའི། རྣམ་པར་འདྲེན་མའི་རིགས་ཀྱི་མཁའ་འགྲོ་མའོ། །དང་པོ་ནི། བུད་མེད་གང་ཞིག་གང་ཞིག་དམར་ཞིང་སེར་བ་སྟེ་དམར་སེར་དང་། པདྨའི་དྲི་ནི་རྣམ་པར་གཏོང་བ་སྟེ་འཕྲོ་བ། རང་བཞིན་ཞི་བའི་ལྟ་སྟངས་དང་། སྒྲུབ་པ་པོ་ལ་ཞེན་པར་ཏེ་ཆགས་ནས་ལྟ་བའི་རྗེས་སུ་འགྲོ་བ་སྟེ་འབྲང་བ་དང་། བུད་མེད་གང་ཞིག་སེན་མོ་དང་མིག་དམར་བ་དང་། དེ་བཞིན་དུ་སྐྱེ་བོ་ཀུན་ལ་བརྩེ་བ་དང་། ཁྱིམ་དུ་པདྨ་འ དྲི་ཞིང་དེ་ལ་མཆོད་པ་ནི་པདྨ་གར་དབང་སྟེ་འོད་དཔག་མེད་ཀྱི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །གཉིས་པ་ནི། བུད་མེད་གང་ལ་སྨིན་མའི་དབུས་སུ་མདུང་རྩེ་གསུམ་པའི་མཚན་མ་སྣང་བ་དང་ལུས་ནི་སྔོ་བ སངས་ལ་ཅུང་ཟད་སྐྱ་བ་དང་། རྟག་ཏུ་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་སྒོམ་པ་གང་རང་གི་ཁྱིམ་དུ་རྡོ་རྗེ་འདྲི་ཞིང། དེ་ལ་རྟག་པ་མཆོད་པར་བྱེད་པའི་མཁའ་འགྲོ་མ་དེ་ནི་དཔལ་ལྡན་ཧེ་རུ་ཀའི་རིགས་ལས་བྱུང་བའོ། །གང་གི་དཔྲལ་བར་རྩེ་གསུམ་ནི་སྣང་ཞིང་མདུང་ཐུང་དག་ཀྱང་སྣང་བར་གྱུར་ཅིང་། མིག་དམར་ཞིང་མདོག་ནི་དམར་སེར་དང་། དེ་བཞིན་དུ་རྐང་བ་དང་ལག་པ་དམར་བ་དང་། ར་སྐྱེས་དང་ཁྱིམ་བྱ་དག་ལ་ཡང་རྟག་ཏུ་ཡིད་ནི་དགའ་བར་གྱུར་ཅིང་། དེའི་རང་གི་ཁྱིམ་དུ་རྡོ་རྗེའི་མཚན་མ་བྲིས་ནས་རྟག་ཏུ་གང་ཞིག་མཆོད་པར་བྱེད་པ་དེ་ནི་ཤྲཱི་ཧེ་རུ་ཀའི་རིགས་ལས་བྱང་བའི་མཁའ་འགྲོ་མ་ཡིན་པར་གདོན་མི་ཟའོ། །གསུམ་པ་ནི། བུད་མེད་གང་གི་དཔྲལ་བའམ་ལག་པར་ཡང་ནི་འཁོར་ལོའི་མཚན་མ་སྣང་བར་གྱུར་བ། སྤྲིན་སྔོན་དག་དང་འདྲ་བའི་ཁ་དོག་ཅན་རྟག་ཏུ་དཔྲལ་པར་དར་ཐོད་འཆང་བ། འབྱོར་བའི་སྐལ་བ་ཆེན་པོ་ཕུན་སུམ་ཚོགས་ཤིང་མཆོག་ཏུ་བདེ་བ་དང་ལྡན་པ་གང་ཡིན་པ་དང་། རང་གི་ཁྱིམ་དུ་འཁོར་ལོ་འདྲི་བར་བྱེད་ཅིང་རྟག་ཏུ་དེ་ལ་མཆོད་པ་བྱེད་པ་དེ་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བའི་མཁའ་འགྲོ་མའི་སྟོབས་ཀྱིས་དྲེགས་པའོ། །བུད་མེད་གང་ཞིག་མདོག་མིག་སྨན་ནག་པོ་དང་འདྲ་ཞིང་། སོ་ནི་དཀར་ཞིང་མཐོ་བ་སྟེ་རིང་བ་དང་། གཡོན་པ་སྟེ་བུད་མེད་རྟག་ཏུ་མ་རུངས་པ་དང་། སྙིང་སྟོབས་ཆེན་པོ་དང་ལྡན་པར་གྱུར་པ་དང་། རྟག་ཏུ་ཁྲུས་བྱེད་པ་ལ་དགའ་བ་དང་མང་དུ་སྨྲ་བར་མི་བྱེད་པ་དང་། ཁྱིམ་དུ་རྡོ་རྗེའི་མཚན་མ་འདྲི་བ་དང་། བྲིས་པ་དེ་ལ་རྟག་ཏུ་བསམ་པ་དགེ་བས་མཆོད་པ་བྱེད་པ་དེ་རྡོ་རྗེ་བག་མོའི་རིགས་ལ ས་བྱུང་མཁའ་འགྲོ་མ་སྟོང་ཕྲག་བཅུའི་འཁོར་དང་ལྡན་པ་ཡིན་ནོ། །བཞི་བ་ནི། བུད་མེད་གང་སེར་ཞིང་གསེར་གྱི་མདོག་དང་འདྲ་བར་སྣང་བ། མིག་མི་གཡོ་བ་སྟེ་མི་འཛུམ་ཞིང་ཁ་སྤུ་སེར་བ་དང་། རྡོ་རྗེ་གང་གི་དཔྲལ་བའམ་ལག་པར་ཡང་ནི་སྣང་བར་གྱུར་པ། རྟག་ཏུ་རྒྱལ་སྲིད་དང་འདྲ་བའི་འབྱོར་བདག་ལ་གནས་པ་དང་། ང་རྒྱལ་གྱིས་བསྙེམས་ཤིང་ཚིག་བདེན་པར་སྤྲོ་བ་དང་། ལུས་ལས་མ་ལླི་ཀའི་དྲི་འབྱུང་ཞིང་གང་གི་སྟེ་རང་གི་ཁྱིམ་དུ་རྡོ་རྗེ་འདྲི་ཞིང་དེ་ལ་རྟག་ཏུ་མཆོད་པ་ཆེར་བྱེད་པ་དེ་ནི་ཁཎྜ་རོ་ཧིའི་རིགས་ལས་བྱུང་པའི་རྣལ་འབྱོར་མ་ཡི་དབང་ཕྱུག་མཆོག །དེ་ལྟར་ཧེ་ཀའི་རིགས་གཉིས་དང་། ཕག་མོའི་གཉིས་དང་། དུམ་སྐྱེས་མའི་རིགས་རྣམས་རྡོ་རྗེ་བྲིས་ནས་མཆོད་པར་འདྲ་ཡང་ལུས་ཀྱི་ཁ་དོག་སོགས་ལ་ཁྱད་པར་ཡོད་དོ། །ལྔ་བ་ནི། བུད་མེད་གང་ཞིག་སྟག་པར་ཤ་ལ་དགའ་བ་དང་། ལུས་སྐེམ་ཞིང་ཁ་དོག་མིག་སྨན་ནག་པོའི་མདོག་ཅན་དང་། དཔྲལ་བར་མདུང་རྩེ་ལྟར་བུའི་རི་མོ་ཡོད་པ་དང་། གང་ཞིག་གདུག་པའི་ལས་ལ་དགའ་བ་དང་། རྟག་ཏུ་དུར་ཁྲོད་དུ་འགྲོ་བ་དང་། གང་ལའང་འཇིགས་པ་མེད་ཅིང་བཙོག་པ་མེད་པ་དང་། གང་གི་དཔྲལ་བར་ཐིག་ལེ་ལྟ་བུའི་རི་མོ་ཡོད་པ་དང་། རང་གི་ཁྱིམ་དུ་ཐོད་པ་འདྲི་ཞིང་མཆོད་པ་དེ་ནི་དཔལ་ལྡན་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ནོ། །དྲུག་པ་ནི། བུད་མེད་གང་ཞིག་སྦྲིན་སྔོན་པོའི་མདོག་དང་འདྲ་ལ། སོ་ནི་རིང་ཐུང་དུ་མི་མཉམ་པར་གནས་ཤིང་། རྟག་ཏུ་གདུག་པ་སྟེ་དྲག་པོའི་ལས་ལ་དགའ་བ། གཡོན་གྱི་མཆེ་བ་གཙིགས་པ་དག་སྟེ་དེའི་ཁྱིམ་དུ་དགྲ་སྟ་ནི་འདྲི་ཞིང་རྟག་ཏུ་མཆོག་པ་བྱེད་པ་དེ་ནི་འཁོར་ལོའི་རྣམ་པར་འདྲེན་པ་སྟེ། གཙོ་བོ་བདེ་མཆོག་གི་རིགས་ལས་བྱུང་བའི་མཁའ་འགྲོ་མར་ནི་ཐེ་ཚོམ་མེད་དོ། །དེ་ལྟར་རིགས་བརྒྱད་ཀྱི་དང་པོ་གཉིས་གསལ་ལ། གཉིས་པ་ནས་བརྒྱད་པའི་བར་རིམ་པ་བཞིན་དུ་ཧེ་རུ་ཀ་དང་རིན་འབྱུང་དང་རྣམ་སྣང་དང་མི་བསྐྱོད་པ་དང་རྡོར་སེམས་དང་ཧེ་རུ་ཀ་དང་དོན་གྲུབ་ཀྱི་རིགས་སོ། །གསུམ་པ་ནི། མཁའ་འགྲོ་མའི་ཚོགས་འདི་དག་ཀྱང་ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་བ་ལ་མི་འདྲ་བའི་ཁྱད་པར་བཤད་པ་སྟེ། འདིའི་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་དུ་སྣོད་མིན་ལ་ཤིན་ཏུ་གསང་བའི་མཚན་ཉིད་སྤྲུལ་པ་སྟེ་བཤད་པ་ཡིན་ནོ། །བཞི་བ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྣལ་འབྱོར་མ་བརྒྱད་པོ་ཐམས་ཅད་ཀྱི་ཁ་དོག་གི་མཚན་ཉིད་དང་མཚན་མ་བྲིས་ནས་མཆོད་པ་ལ་བརྟེན་ནས་རིགས་སོ་སོར་ངེས་པར་བྱེད་པའི་ཆོ་གའི་ལེའུ་སྟེ་བཅོ་བརྒྱད་པའི་འགྲེལ་པའོ།། །།གཉིས་པ་ལཱ་མའི་རིགས་ཀྱི་དབྱེ་བ་ལ་གསུམ། བཤད་པར་དམ་བཅའ་བ། རིགས་སོ་སོའི་མཚན་ཉིད། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྒྲུབ་པ་པོ་ཡི་ལཱ་མའི་ཁྱད་པར་ཀྱི་མཚན་ཉིད་བཞིན་མིག་སོགས་ཡན་ལག་གི་ཚོགས་ནི་སྟེ་ཆ་ཤས་རྣམས་ཤེས་པར་བྱ་བ་ཡང་དག་པ་སྟེ་གསལ་བར་བཤད་པར་བྱའོ། །གཉིས་པ་ལ་ལྔ། འོད་དཔག་མེད་ཀྱི་རིགས་དང་། རིན་འབྱུང་གི་དང་། མི་བསྐྱོད་པའི་དང་། རྣམ་སྣང་གི་དང་། དོན་གྲུབ་ཀྱི་རིགས་ཀྱི་ལཱ་མའི་མཚན་ཉིད་དོ། །དང་པོ་ནི། བུད་མེད་གང་གི་བྱད་བཞིན་ནི་ཡོངས་སུ་རྒྱས་པར་གྱུར་བ་དང་ཀུན་ནས་ཟླུམ་པོར་སྣང་ཞིང་ཁའི་སྨར་རྟག་པར་ཡོད་པ་དང་། བ་སྤུ་དང་སྨིན་མ་རིང་བ་དང་། གོས་བཟང་པོ་ལ་དགའ་བ་གཙང་སྦྲ་ཆེ་ཞིང་སྤྱོད་ལམ་ཞི་བ་དང་། སེམས་མི་ག ཡོ་བ་སྟེ་བརྟན་པ་དང་། ཚིག་བདེན་པར་སྨྲ་བ་དང་རྟག་ཏུ་དམ་པའི་ཆོས་ལ་དགའ་བ་དེ་ནི་དཔའ་བོ་སྟེ་སྒྲུབ་པ་པོའི་སྲིང་མོར་རྒྱལ་བས་བཤད་དོ། །དེ་མཐོང་ནས་ལག་གཉིས་པདྨར་བསྐོར་བའི་ཕྱག་རྒྱ་སྦྱིན་པ་སྟེ་བསྟན་པར་བྱའོ། །ཡང་ན་རུས་སྦལ་གྱི་ཕྱག་རྒྱ་ཐལ་མོ་སྦྱར་བ་བསྟན་པར་བྱའོ། །པགས་པའི་ཕྱག་རྒྱ་ནི་ཀྲིཥྞ་སའི་ལྤགས་པ་དང་། རིལ་བ་སྤྱི་བླུགས་ཉིད་ཐོད་པ་སྟེ་དེ་གཉིས་འཛིན་ཚུལ་བྱེད་པ་ནི་ཕྱག་རྒྱའི་ལན་དུ་བརྗོད་པ་ཡིན་ནོ། །བུད་མེད་དེ་ནི་ཡར་མར་གྱི་ཆོས་བཅུའི་དུས་ཚིགས་ལ་རང་གི་ཁྱིམ་དུ་པདྨ་འདྲི་བར་འགྱུར་ཏེ། འོད་དཔག་མེད་ཀྱི་ལཱ་མའི་རིགས་ཀྱི་བུད་མེད་མཚན་ཉིད་དུ་གྱུར་བ་འདི་དག་ཡིན་ནོ། །གཉིས་པ་ནི། མཆུ་གཉིས་རློབ་སྟེ་འཕྱང་ཞིང་མིག་གཉིས་དཀྱུས་རིང་ལ། མིག་ནི་དམར་ཞིང་མདོག་སེར་སྐྱར་གནས་པ། ལོངས་སྤྱོད་ཀྱིས་ཕྱུག་ཅིང་སྐལ་བ་བཟང་བའི་དཔལ་གྱི་ཡོན་ཏན་ཅན་ཁ་དོག་སེར་ཞིང་ཙམ་པ་ཀ་ལྟ་བུར་སྣང་བ། བོང་ཚོད་ཤིན་ཏུ་རིང་བ་མིན་ཞིང་ཐུང་བའང་མིན་པར་འཚམ་པ། མདོག་སྣ་ཚོགས་པའི་གོས་ལ་དགའ་བ། དཔྲལ་བར་རི་མོ་གསུམ་ཡོད་པ་སྐྲའི་མཚམས་སུ་གྱེན་དུ་བསྟེན་པ་སྟེ་གནས་པ་ལས་རྒོད་ཅིང་དགའ་བ་ཉིད་དག་དང་། ལམ་ནི་རྣམ་པར་གནོན་ཅིང་གནས་པ་དཔུང་འཁྲུགས་པས་གཡུལ་དུ་འཆི་བ་རྣམས་ཀྱི་གཏམ་དག་ལ་རྟག་ཏུ་དགའ་བ། དེ་ལྟ་བུའི་རབ་དྲེགས་མ་སྟེ་ང་རྒྱལ་བྱེད་མ་མཐོང་ནས་ནི། མཐེ་བོས་མཐེའུ་ཆུང་གི་བར་ཚིགས་མནན་ནས་ལྷག་མ་གྱེན་དུ་བསྒྲེང་བའི་མདུང་རྩེ་གསུམ་པའི་ཕྱག་རྒྱ་བསྟན་པར་བྱ་ཞིང་། རྐང་བ་གཡས་པ་བརྐྱང་ལ་རྐང་བ་གཡོན་པ་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་ཉིད་ཀྱང་ནི་བསྟན་པར་བྱའོ། ཁ་ཕྱིར་བལྟས་ནས་གཡོན་པའི་ཕྱོགས་དག་ནས་ཡོངས་སུ་བཟློག་པ་སྟེ་བསྐོར་བ་ནི། དེའི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །མར་དོའི་ཚེས་བཅུ་བཞི་དང་ཚེས་བརྒྱད་ནི་རྣལ་འབྱོར་མ་དེ་ཡི་སྒྲུབ་པ་པོ་དང་འདུ་བའི་དུས་ཚིགས་ཡིན་པར་བཤད་ལ། རང་གི་ཁྱིམ་དུ་མདུང་རྩེ་གསུམ་པ་ཡང་བྲིས་ནས་རྟག་ཏུ་མཆོད་པ་དེ་ནི། འཇིག་རྟེན་གྱི་དབང་ཕྱུག་རིན་འབྱུང་གི་རིགས་ཀྱི་ལཱ་མའི་མཚན་ཉིད་དུ་གྱུར་པ་འདི་དག་ཡིན་ནོ། །གསུམ་པ་ནི། བུད་མེད་གང་གི་འགྲམ་པའི་མཁུར་ཚོས་དག་ཏུ་ནི་ཁུང་བུར་སྣང་བའང་གནས་པར་གྱུར་ཅིང་། དེ་བཞིན་དུ་ལུས་ཀྱི་མདོག་རྟག་ཏུ་དམར་ཞིང་ཅུང་ཟད་སེར་བ་དང་། མིག་ནི་ལྗང་སེར་དག་ཏུ་སྣང་བ་དང་སྐྲ་ནི་དེ་བཞིན་དུ་འཁྱིལ་ཞིང་ལི་བ་དང་། མགོ་དང་དཔྲལ་བར་དར་དཔྱངས་བཅིངས་པར་སྣང་བ་དང་། དཔྲལ་བར་རི་མོ་གཅིག་པར་རབ་ཏུ་གནས་པ་དང་། དེ་བཞིན་དུ་མགྲིན་པ་རིང་བ་དང་། རྟག་ཏུ་གོས་དམར་བོ་ལ་དགའ་ཞིང་རྒོད་ཅིང་གླུ་ལེན་པ་ཉིད་དང་། གློ་བུར་དུ་ཁྲོ་བ་དང་། སེམས་ནི་རྣམ་པར་གཡོ་བ་དང་། རྩོད་པ་ལ་ནི་དགའ་བ་སྟེ་འདི་འདྲ་བའི་རབ་དྲེགས་མ་མཐོང་ནས་ནི། མཐེ་བོས་སོར་མོ་གཞན་མནན་ནས་སྡིགས་མཛུབ་བྱས་པའི་འཕང་མདུང་གི་ཕྱག་རྒྱ་སྦྱིན་པར་བྱ་ལ། གཉིས་པ་ནི་འབད་པ་ཡི་དྲིལ་བུ་འཁྲོལ་བ་ལྟར་བྱེད་པའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ་གང་རུང་ངོ་། །ལུས་གཡོན་གྱི་ཕྱོགས་སུ་ལྡོག་པ་སྟེ་བསྐོར་བ་ནི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དེ། མི་བསྐྱོད་པའི་རིགས་ཀྱི་ཕྱག་རྒྱ་མའོ། །བཞི་བ་ནི། གང་ཞིག་ལུས་བོང་ཐུང་ཞིང་ཕྱིན་པ་སྦོམ་པ་དང་རྟག་ཏུ་གོས་སེར་བོ་ལ་དགའ་ཞིང་ཕྲག་པ་དག་ནས་གོས་ཀྱང་འཕྱང་བ་དེ་འདྲ་བའི་བུད་མེད་མཐོང་ནས་ནི་མཐེབ་མཛུབ་རྩེ་སྤྲད་ཅིང་སོར་མོ་གཞན་པར་ཕྱེ་ནས་བརྐྱང་བ་འཁོར་ལོའི་ཕྱག་རྒྱ་བསྟན་པར་བྱ་ཞིང་། འབད་པ་ཡིས་ནི་ཕྱག་རྒྱ་གཉིས་པ་ཡང་མཛུབ་མོ་བརྐྱང་ལ་སོར་མོ་གཞན་ཅུང་ཟད་ནང་དུ་བསྐུམས་ཏེ་ཁ་གྱེན་དུ་ཕྱོགས་པའི་དུང་གི་ཕྱག་རྒྱ་བསྟན་པར་བྱ་ཞིང་། ལུས་གཡོན་གྱི་ཕྱོགས་ནས་ཡོངས་སུ་བཟློག་པ་ནི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །མར་ངོའི་བཅུ་བཞི་ནི་དེའི་འདུ་བའི་དུས་ཡིན་ཏེ། དེའི་རང་གི་ཁྱིམ་དུ་རྡོ་རྗེའི་མཚན་མ་འབྲི་བ་ནི་ཤྲཱི་ཧེ་རུ་ཀ་སྟེ་མི་བསྐྱོད་པའི་རིགས་ཀྱི་ལཱ་མའི་མཚན་ཉིད་དུ་གྱུར་བ་འདི་དག་ཡིན་ནོ། །ལྔ་བ་ནི། བུད་མེད་གང་ཞིག་ལུས་ཀུན་ལ་ནི་བ་སྤུ་མང་པོ་ཡོད་པ། མིག་ནག་ཅིང་སེར་བ་དང་ལུས་སྦོམ་ཞིང་རྣམ་འགྱུར་མི་བཟང་བ་སྟེ་འཇིགས་སུ་རུང་བ་དང་། བཞིན་འཕེལ་ཀ་ཆེ་ཞིང་ཁ་ཆེ་ལ་གསུས་པ་རློབ་སྟེ་འཕྱང་ཞིང་ཁ་དོག་ནག་པ། མིག་ཟླུམ་ཞིང་སྣ་ནི་ཉམས་པ་སྟེ་ཞོམ་པ་ལྟ་བུ་དང་། རྟག་ཏུ་གླུ་ལ་མཁས་པ་དང་ཆར་སྦྲིན་གྱི་མདོག་ཅན་ཡིན་འཕྲོག་པ་སྟེ་ཡིད་དུ་འོང་བ་འདི་འདྲ་བའི་རབ་དྲེགས་མ་དེ་ནི་དོན་གྲུབ་ཀྱི་རིགས་ཀྱི་ཕྱག་རྒྱ་མ་སྟེ་དེ་མཐོང་ནས་ནི། ལག་པ་གཡོན་བཀན་ལ་སྟེང་དུ་གཡས་པའི་གྲུ་མོ་བཞག མཐེབ་མཛུབ་སོ་སོར་བསྒྲེང་སྟེ་གཞན་གསུམ་བསྐུམས་པ་གཡས་པས་བཟུང་བའི་ཀླུའི་ཕྱག་རྒྱ་བསྟན་པར་བྱ་སྟེ། འབད་པ་ཡིས་ཕྱག་རྒྱ་གཉིས་པ་འཕང་མདུང་གི་ཕྱག་རྒྱ་ཡང་ནི་བསྟན་པར་བྱ་ཞིང་། ལུས་གཡོན་གྱི་ཕྱོགས་ནས་ཡོངས་སུ་བཟློག་པ་ནི་ཕྱག་རྒྱའི་ལན་ནི་ཡིན་པར་བཤད་དོ། །ཚེས་གྲངས་བཅུ་གཅིག་གི་དུས་ནི་དེའི་འདུ་བའི་དུས་ཏེ། དེའི་ཁྱིམ་དུ་མཆེ་བའི་རི་མོ་འདྲི་བར་བྱེད་དེ། རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བའི་ལྔ་མའི་མཚན་ཉིད་དུ་གྱུར་པ་འདི་དག་ཡིན་ནོ། །གསུམ་པ་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ལཱ་མའི་རིགས་ཀྱི་རྣལ་འབྱོར་མ་ལྔ་བོ་ཐམས་ཅད་ཀྱི་ཕྱག་རྒྱ་སྟོན་པ་དང་། ཕྱག་རྒྱའི་ལན་བསྟན་པའི་ལེའུ་སྟེ་བཅུ་དགུ་བའི་འགྲེལ་པའོ།། །།གསུམ་པ་མཁའ་འགྲོ་མའི་རིགས་སྤྱིར་ཤེས་པར་བྱེད་པའི་ལུས་ཀྱི་བརྡ་ལ་གསུམ། ལག་པའི་ཕྱག་རྒྱའི་བརྡ། ཡན་ལག་གི་མཚན་ཉིད་ཀྱི་བརྡ། ཁྱད་པར་གྱི་ཕྱག་རྒྱའི་མཚན་ཉིད་དོ། །དང་པོ་ལ་བཞི། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། བརྡ་བསྟན་ནས་ཇི་ལྟར་བྱ་བ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔ་མ་ལས་གཞན་ཡང་ལག་པ་གཡོན་གྱིས་སྟོན་པའི་བརྡ་རྣམས་བཤད་པར་བྱའོ། །དགོས་པ་ནི། བསྟན་པའི་བརྡ་ཡང་དག་པར་ཤེས་པར་འགྱུར་བ་གང་གིས་མིང་བོ་དང་སྲིང་མོ་བཞིན་དུ་གདུང་སེམས་ཆེ་ཞིང་། གང་བསྒོ་བ་ཀུན་ཕྱེད་པའི་ཆེད་དོ། །གཉིས་པ་ནི། མཁའ་འགྲོ་མ་གང་ཞིག་ལག་པ་གཡོན་པ་སྟོན་པ་ནི་གསོང་བར་སྟེ་ཕྱག་འཚལ་ལོ་ཞེས་སྨྲ་བ་སྟོན་པའོ། །རྣལ་འབྱོར་མ་གང་ཞིག་ལྟོ་བ་རྡེབས་པ་ནི་བདག་ཉིད་བཀྲེས་པར་ཏེ་ལྟོགས་སོ་ཞེས་སྟོན་པའོ། །བུད་མེད་གང་ཞིག་རང་གི་དཔྲལ་བ་སྟོན་པ་ནི་ནམ་མཁའི་ལམ་ནས་འོངས་སོ་ཞེས་པའོ། །གང་ཞིག་རང་གི་ཁར་ནི་རང་གི་སོར་མོ་འཇུག་པ་ནི་ཟས་ཟོས་ཟིན་ནོ་ཞེས་ནི་སྨྲ་བ་ཡིན་ནོ། །གང་ཞིག་ལྕེ་ནི་བསྐྱོད་པ་དག་ཟས་ཟའོ་ཞེས་ནི་སྨྲ་བའོ། །དེ་བཞིན་དུ་གང་ཞིག་ཅེས་པ་རྣམས་རྣལ་འབྱོར་མ་གོ་བར་བྱ་ཞིང་ཚིག་སྣ་བསྡུས་ཏེ་བཤད་ན། གང་ཞིག་པུས་མོ་ལ་རེག་པ་ནི་བདག་ངལ་ལོ་ཞེས་སྟོན་པ་དང་། གཡོན་པའི་མཐེ་བོས་སོར་མོ་གཞན་གྱི་རྩེ་མོས་རྩེ་ཡ་རེག་པ་ནི་ངལ་སོས་སོ་ཞེས་ནི་སྨྲ་བ་དང་། སོ་ནི་སོ ས་འཆའ་བ་ནི་ཤ་ཟའོ་ཞེས་སྟོན་པ་དང་། ཁྲོ་གཉེར་སྟོན་པ་ནི་བདག་བཅིངས་སོ་ཞེས་སྟོན་པ་དང་། རང་གི་ལག་པ་མཁའ་ལྡིང་གཤོག་པ་ལྟར་སྟོན་པ་ནི་བདག་གྲོལ་ལོ་ཞེས་སྟོན་པ་སྟེ། བསྟན་པའི་བརྡའི་དོན་གོ་ན་ནི་ལན་དང་འདྲའོ། །གཡོན་པའི་ཁུ་ཚུར་སྟོན་ན་དེ་ལ་བ་ཏི་ས་སྟོན་པ་ནི་དཔྲལ་བར་སོར་མོ་གསུམ་འཕྲེད་ལ་ཐོད་ཀྱི་ཚུལ་དུ་སྟོན་པའོ། །བཞིན་རྣམ་པར་འགྱུར་བའི་ཚུལ་གྱིས་བལྟས་ནས་ནི་རང་གི་སྐྲ་ལག་པ་གཡོན་གྱིས་བཟུང་ནས་སྟོན་པ་དེ་ལག་གཡོན་གྱིས་ཁ་ཊྭཱཾ་ག་འཛིན་པའི་ཚུལ་ནི་བསྟན་ཏོ། །ཡན་ལག་བསྐྱོད་པ་དེ་ལ་རྡོ་རྗེ་ཁུ་ཚུར་གྱིས་མཐེའུ་ཆུང་གཉིས་བསྒྲེངས་ཏེ་ཁ་འགྲམ་གཉིས་སུ་བཞག་པ་མཆེ་བའི་ཕྱག་རྒྱ་བསྟན་པར་བྱའོ། །ལག་པ་གཡོན་པས་ལག་པ་གཡས་སྟོན་པ་ནི་གཏོར་མ་ཟའོ་ཞེས་སྨྲ་བ་ཡིན་ནོ། །ལག་པ་གཡས་པ་ས་སྟོན་པ་ནི་དེ་ལྟར་གྱིས་ཤིག་ཅེས་སྨྲ་བའོ། །རྣ་བ་ལ་རེག་སྟེ་སྟོན་པ་ནི་བདག་དང་ལྷན་ཅིག་གནས་པར་བྱ་ཞེས་སྟོན་པ་དང་། གཡོན་པའི་མཐེ་བོའི་སེན་མོས་སོར་མོ་གཞན་གྱི་སེན་མོ་ལ་རེག་པ་ནི་ཤི་བའི་རོ་ཁྱེར་ཅིག་ཅེས་སྨྲ་བ་དང་། ས་ལ་རི་འདྲི་བ་ནི་དེ་རང་གི་དཀྱིལ་འཁོར་དུ་འཇུག་ཅེས་སྨྲ་བ་དང་། ནུ་མ་ལ་རེག་པ་ནི་བདག་གི་བུ་ནི་བསྲུངས་ཞེས་སྨྲ་བ་དང་། རྐང་བ་གཡོན་པའི་མཐེ་བོས་ས་ལ་རི་མོ་འབྲི་བ་ནི་བླ་མའི་སྐྱེ་བོས་ང་བསྲུངས་ཞེས་སྨྲ་བ་དང་། མིག་འཛུམ་པར་བྱེད་པ་ནི་དེ་ལྟར་བྱོས་ཤིག་ཅེས་སྨྲ་བ་དང་། ལག་པ་གཡོན་པས་སོར་ཚིག་ལ་རེག་པ་ནི་ལྷན་ཅིག་བདེ་བར་ཉལ་ལོ་ཞེས་སྨྲ་བ་ཡིན་ནོ། །གསུམ་པ་ནི། ཕོ་ཉ་མོ་དེ་དག་ཀུན་དང་ཡང་དག་པར་སྤྱད་པ་སྟེ་བསྟེན་པར་བྱའོ། །བཞི་པ་ནི། དང་ལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པའི་བརྡ་གཙོ་བོར་བྱས་པའི་ཕྱག་རྒྱའི་བརྡའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའི་འགྲེལ་པའོ།། །།གཉིས་པ་ཡན་ལག་གི་མཚན་ཉིད་ཀྱི་བརྡ་ལ་གསུམ། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཐབས་སླ་བ་གང་གིས་དངོས་གྲུབ་འགྲུབ་པར་འགྱུར་བ་དམན་པའི་སྤྱོད་ཡུལ་མིན་པའི་གསང་བ་ཆེན་པོའི་མཚན་ཉིད་དེ་ང་ཡིས་རབ་ཏུ་བཤད་པར་བྱའོ། །ལྟ་བ་ཞེས་པ་ལྟར་ན་གསང་བ་ཆེན་པོ་མཁའ་འགྲོ་མ་དང་། ལྟ་བ་ནི་ངལ་སྟེ་བརྡ་འདི་རྣམས་སོ། །གཉིས་པ་ནི། བུད་མེད་གང་རང་གི་སྤྱི་གཙུག་ལ་རེག་པར་བྱེད་པ་དེ་ལ། རྣལ་འབྱོར་བས་མགོ་བོ་བསྟན་པར་བྱའོ། །གང་ཞིག་ཅེས་པ་རྣམས་མཁའ་འགྲོ་མ་ཡིན་ལ། ལན་ནི་རྣལ་འབྱོར་བས་སྟོན་པར་གོ་བར་བྱ་སྟེ། ཚིག་བསྡུས་ན་དཔྲལ་བ་སྟོན་ལ་དེ་ལ་མཁུར་ཚོས་བསྟན་པར་བྱའོ། །དེ་བཞིན་དུ་སོ་སྟོན་པ་ལ་ལྕེ། མཆུ་སྟོན་པ་ལ་ཀོ་སྐོ། མགྲིན་པ་སྟོན་པ་ལ་ལྟོ་བ། ལག་པ་སྟོན་ལ་དཔུང་བ། སུམ་སྐེད་དེ་རྒྱབ་སྟོན་ལ་རྒྱབ་བམ་ས། ནུ་མ་སྟོན་ལ་ཀོ་ཀོ། །ལྟེ་བ་སྟོན་ལ་ལྟོ་བ། གསང་གནས་སྟོན་ལ་ལིངྒ། བརླ་སྟོན་ལ་ཕིག་གའམ་འོག །པུས་མོ་སྟོན་ལ་བྱིན་པ། རྐང་བ་སྟོན་ལ་རྐང་མཐིལ། སོར་ཚིགས་སྟོན་ལ་སོར་མོ། ས་སྟོན་ལ་ནམ་མཁའ། ནམ་མཁའ་སྟོན་ལ་ཉི་མ། ལག་པས་འབབ་ཆུའི་རྣམ་པའི་རི་མོ་བྱས་ཏེ་སྟོན་པ་ལ་ལག་པ་གཉིས་ཀྱི་སོར་མོ་བརྐྱངས་ནས་བསྐྱོད་པ་ཆུ་རླབས་ཀྱི་ཚུལ་དུ་བྱེད་པ་རྒྱ་མཚོའི་ཕྱག་རྒྱ་བསྟན་པར་བྱའོ། །འདི་དག་ནི་མཁའ་འགྲོ་མ་ཡི་ནི་ལུས་ཀྱི་ཆ་ཤས་ཀྱི་ཕྱག་རྒྱར་ཐེ་ཚོམ་མེད་དོ། །འདི་དག་རྟག་ཏུ་བསྟན་པ་ནི་སྣོད་མིན་ལ་གསང་བར་བྱ་བ་སྟེ། སྣོད་ལྡན་ལ་ཡང་དག་པར་སྟོན་པར་འགྲོ་བར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ཡན་ལག་གི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་འགྲེལ་པའོ།། །།གསུམ་པ་ཁྱད་པར་གྱི་ཕྱག་རྒྱའི་མཚན་ཉིད་ལ་བཞི། བཤད་པར་དམ་བཅའ་བ། བརྡ་བསྟན་པ་དངོས། དོན་བསྡུ་བ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་གཞན་ཡང་སྟེ་མཆོག་ཡན་ལག་གི་ཕྱག་རྒྱའི་ཁྱད་པར་ནི་བཤད་པར་བྱའོ། །ཚུལ་ནི་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུའོ། །དགོས་པ་ནི་ཕྱག་རྒྱ་གང་ཞིག་བསྟན་པ་ཤེས་པས་རྣལ་འབྱོར་མས་སྒྲུབ་པ་པོ་མིང་བོ་དང་། སྒྲུབ་པ་པོས་རྣལ་འབྱོར་མ་སྲིང་མོར་ཐེ་ཚོམ་མེད་པར་ཤེས་པར་འགྱུར་བའི་ཕྱིར་དུའོ། །གཉིས་པ་ནི། རྣལ་འབྱོར་ཕོ་མོ་གང་ཡང་རུང་བས་སོར་མོ་གཅིག་ནི་སྟོན་པ་ཡིས་ལེགས་པར་འོངས་སམ་ཞེས་སྨྲ་བ་ཡིན་ལ། ཅིག་ཤོས་ཀྱིས་མཛུབ་མོ་དང་གུང་མོའི་སོར་མོ་གཉིས་ནི་བསྟན་པ་ཡིས་ལེགས་པར་འོངས་སོ་ཞེས་པའི་ལན་ནི་སྨྲ་བ་ཡིན་ནོ། །དེ་ལྟ་བུ་འདི་ནི་རྣལ་འབྱོར་མ་ཀུན་གྱི་ཡན་ལག་གི་ཁྱད་པར་གྱི་ཕྱག་རྒྱར་རབ་ཏུ་བཤད་དོ། །ལག་པ་གཡོན་གྱི་གུང་མོ་བརྐྱང་བ་སྟོན་པ་ལ། མཛུབ་མོ་ཅུང་ཟད་བསྐུམས་པའི་མིག་གི་རྒྱ་ལན་དུ་ཤེས་པར་བྱའོ། །སྔགས་པ་སྒྲུབས་པ་པོས་རྣལ་འབྱོར་མ་གང་ལ་ཕྱག་རྒྱ་དེ་བསྟན་པ་དེ། དེའི་མོད་ནས་ཇི་སྲིད་འཚོའི་བར་དུ་རང་གི་དབང་དུ་འགྱུར་བ་ཐེ་ཚོམ་མེད་དོ། །དེ་བཞིན་དུ་བསྡུ་ན་གུང་མོ་སྟོན་པ་ལ་འཛུབ་མོ། །སྲིན་ལག་སྟོན་ལ་ལྕེ། །པ་ཏི་ས་སྟོན་ལ་མདུང་རྩེ་གསུམ་པ། སྤྱི་བོ་སྟོན་ལ་སྐྲ་མཚམས་ཀྱི་མཐའ། ས་སྟོན་ལ་ཁ། ཁྲོ་གཉེར་སྟོན་ལ་སྐྲ་མཚམས། སོ་སྟོན་ལམ་མཆུ། མགྲིན་པ་སྟོན་ལ་ཁ། དཔྲལ་བ་སྟོན་པ་མིག་ནི་བསྟན་པར་བྱ་སྟེ། སྤྱི་བོ་སྟོན་པ་སོགས་ལག་པའི་སོར་མོས་སྟོན་པར་བྱའོ། །གསུམ་པ་ནི། དེ་ལྟར་རིམ་པ་བཞིན་བཤད་པའི་ཕྱག་རྒྱ་འདི་རྣམས་ནི་རྣལ་འབྱོར་མ་ཀུན་གྱི་ཡན་ལག་གི་ཁྱད་པར་གྱི་ཕྱག་རྒྱ་ཡིན་ལ། འདི་དག་བསྟན་པ་རྟག་ཏུ་གསང་བབ་སྟེ་མཁའ་འགྲོ་མ་རྣམས་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ལྟ་བ་སྟེ་སྟོན་པར་འགྲོ་བ་སྟེ་རྟོགས་པར་འགྱུར་རོ། །བཞི་བ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྣལ་འབྱོར་མ་རྣམས་ཀྱི་ཕྱག་རྒྱའི་ཁྱད་པར་གྱི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་བའོ།། །།བཞི་བ་ཤེས་པ་རྣམས་རང་ལ་རྗེས་སུ་ཆགས་པ་བརྟག་པ་ལ་བཞི། བཤད་པར་དམ་བཅའ་བ། རྗེས་སུ་ཆགས་པ་ལ་མཆོད་པ། མཚན་མ་བྲིས་པ་ལས་ཤེས་པར་བྱ་བ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་མཁའ་འགྲོ་མ་ཡི་རྣམ་པར་རོལ་བའི་མཚན་ཉིད་སྒྲུབ་པ་པོ་གང་གིས་རིག་པའི་ཐབས་ཡང་དག་པར་བཤད་པར་བྱའོ། །དགོས་པ་ནི། མཁའ་འགྲོ་མའི་མཚན་ཉིད་ཁྱད་པར་རང་འདི་དག་རིག་ནས་ཡུལ་ཐག་རིང་བོ་ནས་ཀྱང་དཔའ་བོ་དང་དཔའ་བོའི་སྲིང་མོ་རུ་དགོངས་པར་འགྱུར་བའི་ཆེད་དུའོ། །གཉིས་པ་ནི། སྒྲུབ་པོ་གང་ཡང་དམ་ཚིག་ཅན་མ་རྣམས་རྗེས་སུ་ཆགས་པར་གྱུར་པ་ནི། དཔའ་བོའི་སྟེ་རྣལ་འབྱོར་བས་ལོངས་སྤྱོད་པ་ལ་ས་གཞི་དང་འདྲ་བ་ཡིན་ཏེ། ཡོན་ཏན་བསྐྱེད་པའི་གཞིར་གྱུར་པའི་ཕྱིར་རོ། །ས་གཞི་བཞིན་ཞེས་པ་བདེའོ། །ས་གཞི་ན་ས་དང་འདྲ་བའི་རྣལ་འབྱོར་མའོ། །དེ་གཞིར་བྱས་པ་ནི་གང་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་གནས་རང་གི་རིག་མར་བྱས་པའོ། །རྣལ་འབྱོར་བའི་སྡོམ་པ་སྟེ་བདེ་མཆོག་མཆོད་པ་ནི་དེ་ལ་འཁྱུད་པ་དང་ཙུ མྦན་སོགས་བྱེད་པ་སྟེ། བདེ་མཆོག་གི་ལྷའི་རྣལ་འབྱོར་གྱིས་བྱེད་པའི་དོན་ནོ། །གསུམ་པ་ནི། འོག་ནས་འཆད་པ་འདི་དག་ནི་རྣལ་འབྱོར་མ་རྣམས་ཀྱི་རྗེས་སུ་ཆགས་པའི་རྟགས་ཡིན་ཏེ། མིག་གཡས་པས་ལྟ་བ་ལས་གོ་བཟློག་པ་ཡི་སྟེ་གཡོན་གྱིས་ལྟ་བ་འམ་ཁ་ཕྱིར་ལྟ་བ་དང་། བྱད་བཞིན་ནི་རྣམ་པར་འགྱུར་བ་ཉིད་དང་། ངོ་ཚ་བས་སྨིན་མ་གཡོ་ཞིང་འཕྲིག་པ་དང་། ཕྱི་ནང་གི་བདེ་བ་རྟག་ཏུ་གསལ་བ་དང་། ལན་དུ་མར་ལྟ་བ་སོགས་སྤྱོད་ལམ་སྣ་ཚོགས་མྱུར་དུ་སྟོན་པ་ཤེས་པར་བྱ་བ་སྟེ། དེ་བཞིན་དུ་མཁའ་འགྲོ་མ་ལས་འབྱུང་བའི་རྟགས་གཞན་ཡང་ཤེས་པར་བྱའོ། །བསྐོར་ཞིང་རྣམ་པར་འགྱུར་བར་ཤེས་པར་བྱ་སྟེ་འགྱུར་བའི་ཚུལ་གྱིས་མཛོད་སྤུ་ན་རི་མོ་ཟླུམ་པོ་གསུམ་ཡོད་པ་ཡོངས་སུ་སྟོན་པ་སྟེ། མཁའ་འགྲོ་མ་རྣམས་སུ་ངེས་པར་འགྲོ་བ་སྟེ་རྟོགས་པར་བྱེད་པ་དེའི་མཚན་མ་ཀུན་ཤེས་པར་བྱའོ། །གློ་བུར་དུ་དགོས་པ་མེད་ཀྱང་ཟུང་ཟད་ཅིག་སོང་ནས་སླར་ཡང་རྣམ་པར་ལྡོག་པར་འགྱུར་བ་དང་། སྔར་གྱི་གདོང་སྟེ་བཞིན་ནི་འཇིག་པ་སྟེ་སླར་སྡུད་པར་འགྱུར་བ་དང་། རྣམ་པ་དེ་ལྟར་དེ་ཡིས་དེ་ཞེས་པ་ནི་འགྱུར་གཞན་དང་འགྲེལ་བ་ལ་མེད་ཅེས་གསུང་། མཁའ་འགྲོ་མ་གང་གི་གདོང་ལ་རྡོ་རྗེ་ལྟ་བུའི་རི་མོ་གསལ་བར་སྣང་ལ། དེ་ཡི་སྒྲ་ནི་ཁུ་བྱུག་གི་སྐད་ལྟ་བུར་མཆོག་ཏུ་གསལ་བ་དེ་ལྟ་བུར་འགྱུར་རོ། །མཁའ་འགྲོ་མ་འདི་ཡི་མཚན་མ་རང་གི་ཁྱིམ་དུ་རྡོ་རྗེའི་གཟུགས་ལྟ་བུ་མེ་ལོང་དང་བཅས་པ་འདྲི་བ་ནི་དང་པོ་དང་། རལ་གྲིའི་གཟུགས་འདྲ་བ་མེ་ལོང་དང་བཅས་པ་འདྲི་བ་ནི། མཚན་མ་གཉིས་པར་ཡང་ནི་གྱུར་པའོ། །རྒྱལ་མཚན་དུང་དང་འདྲ་བ་རྟག་ཏུ་འདྲི་བར་འགྱུར་ཞིང་། མེ་ལོང་ཁ་སྦྱར་འདྲ་བ་འདྲི་བར་ཤེས་པར་བྱ་ལ། རྡོ་རྗེ་ལ་སོགས་པའི་མཚན་མར་བྱས་པའི་གཟུགས་རྣམས་འདྲི་བ་ནི། མདོར་བསྡུས་ནས་རྣམ་པར་ཤེས་པར་བྱ་སྟེ་མཚན་ཉིད་སྔར་བཤད་པ་འདི་དག་དང་ལྡན་པ་ནི་མཁའ་འགྲོ་མ་མཆོག་ཡིན་པར་ཤེས་པར་བྱའོ། །གོང་དུ་བཤད་པ་དེ་འགའ་ཞིག་ལ་རྫོགས་རིམ་དང་སྦྱར་བའི་ནང་གི་བཤད་པ་རེ་ཡང་སྣང་སྟེ་མ་བྲིས་སོ། །བཞི་བ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་མཁའ་འགྲོ་མའི་ཁྱད་པར་བའི་རྗེས་སུ་ཆགས་པ་དང་། རྡོ་རྗེ་ལ་སོགས་པའི་མཚན་མའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའི་འགྲེལ་པའོ།། །།ལྔ་བ་མཁའ་འགྲོ་མ་རྣམས་སྤྱིར་ཤེས་པར་བྱེད་པའི་ཡི་གེ་དུ་མ་ཚོགས་པའི་ངག་གི་བརྡ་ལ་ལྔ། བཤད་པར་དམ་བཅའ་བ། ངག་གི་བརྡ་དངོས། དོན་བསྡུ་བ། རྒྱུད་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། །ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔ་མ་ལས་གཞན་ཡང་དེ་བཞིན་གཤེགས་པའི་སྐད་གཞན་གྱི་བརྡ་རྣམས་ནི། སྒྲུབ་པ་པོ་ལ་ཕན་པའི་ཕྱིར་འདིར་བཤད་པར་བྱའོ། །དགོས་པ་ནི། བརྡ་གང་གིས་རྣལ་འབྱོར་མས་སྒྲུབ་པ་པོ་མིང་བོའམ། སྒྲུབ་པ་པོས་རྣལ་འབྱོར་མ་སྲིད་མོར་ཐེ་ཚོམ་མེད་པར་ཤེས་ནས་མིང་སྲིང་བཞིན་དུ་སེམས་ཉེ་བར་གྱུར་པའི་ཕྱིར་དུའོ། །གཉིས་པ་ནི། ལག་པས་གོས་ཀྱི་མཐའ་ནས་བཟུང་སྟེ་བསྟན་ནས། པོ་ཏཾ་གི་ཞེས་བྱ་བ་ནི་གསོང་བོར་སྨྲ་བ་སྟེ་ཕྱག་འཚལ་ལོ་ཞེས་པའོ། །གོས་མཐའ་བསྐྱོད་ཅིང་སྟོན་ཏེ་པྲ་ཏི་པོ་ཏཾ་གི་ཞེས་སྨྲ་བ་ནི་གསོང་བོར་སྨྲ་བའི་ལན་ནོ། །དེ་བཞིན་དུ་མུ་ག་ཞེས་པ་ནི་འགྲོ་བའོ། །ལུམ་པ་འོང་བ། དེ་ཧམ་གྲོང་ཁྱེར། ཙཌྷྲུ་ཀ་ཟུང་ཅིག །ནཱི་ར་ཎ་ཉེ་སྙིང་། ཀཽ་ར་ཐ་འཆི་བ་ཀར་ནི་ཀ་དྲིལ་བུ། ཨཱ་ལི་ནི་མགོ །བར་ཧ་ནི་སྐྲ། ཤྲ་བ་ཎ་ནི་རྣ་བ། ཨ་མྲི་ཏ་སྟྭཱ་མ་ནི་སུན་སུ་བྱེད་པ། ས་མ་ག་མཱ་ནི་མི། ཏཱ་ལི་ནི་མཁའ་འགྲོ་མ། ན་ར་ཀཾ་ནི་དཀྱིལ་འཁོར། ཨ་མུ་གཱཾ་དུར་ཁྲོད། ཀ་ཁི་ལ་ནི་སྒོ། ཤྭ་ས་ནི་ན་བྲམ་ཟེའི་རིགས། པ་རི་དྷ་ནི་རྒྱལ་རིགས། བི་ར་ཏི་ནི་རྗེའུ་རིགས། ཀྲུ་ར་ནི་དམངས་རིགས། ཨན་ཏྱ་སྟཱ་ནི་སྨེ་ཤ་ཅན། པ་ཤུ་ལེ་ཀ་ནི་ཁྱིམ། བྷ་གི་ནི་ནི་མཁའ་འགྲོ་མ། མེད་ཀ་ནི་ཆུ། གྲིཧྣ་ཎཻ་ནི་ཕྱག་རྒྱས་འདེབས་པའོ། །ལྕེ་སོ་ལ་རེག་པ་ནི་བདག་ཅག་ལྟོགས་སོ། །ཞེས་པའོ། །གནྡྷ་བཱ་སི་ནཱི་ནི་སྲེད་པ། །གུར་ནི་ནི་གནས་ཆེ་གེ་མོ་ནས་འོངས་པོ། །ཀི་ར་ཎ་ནི་ཏོག །ཏུ་ལཾ་ས་ནི་རྒོད་པ། ད་རོ་ན་ནི་སོ་ནེ་རོ་དྷ་ནི་ཆར་འབབ་པ། ཏྲེ་བ་ཏི་ནི་ཞུ་བ། དྷུ་ཡུ་ནི་ཕྱི་རོལ། དྷུ་ས་སྤྲི་ཡ་ནི་སྤྲིན། ལ་ནུ་ནི་རི་བོ། ས་རི་ཏ་ནི་འབབ་ཆུ། ཨཾ་གུ་ལ་ནི་ཡན་ལག །བ་ད་ནི་གདོང་། རཱ་ཛཱ་ཀཱ་ནི་ལྕེ། ཨཱ་ད་ནཱ་ནི་སོ། པག་ཏི་ནི་རྒྱལ་མཚན། ཚནྡ་ནི་འཕྲེང་བ། ཙལ་ནི་རླུང་། པྲ་བྷ་ཧ་ནི་གྲུ། པ་ཤུ་ནི་རི་དྭགས། ཡེན་ཏེ་ནི་དཀྱིལ་འཁོར། ས་སཾ་ནི་གཞི་མདོ། །ཕལ་གུ་ཤཾ་ནི་སྐྱེ་བ། མ་ཧཱ་ཀྵ་རཾ་ནི་ཕྱུགས་ཆེན་པོ། ག་ནིར་སྐྱེས། ནཱ་ནི་མི། གོ་ནི་བྱུ་མཆོག །མ་ནི་མ་ཧེ། བྷ་ནི་ཟ་བ། ཧཱ་ནི་ཟ་བའི་རྣམ་གྲངས། ཨ་སྶ་ཀ་ན་རྒྱལ་པོའི་སྐྱེས་བུ། བྲད་ལ་རེག་པ་ནི་ནགས་གནས་བ། ཁ་ལ་རེག་པ་ནི་ཟོས་སོ། །སོ་ལ་རེག་པ་ནི་དོམ་ས་སོ། ཧོ་ཞེས་པ་ནི་ངོམས་པའི་རྣམ་གྲངས་ཏེ་ཁ་ཅིག་ཏུའོ། །ཧྲེ་ནི་ངོ་ཚ་བའོ། །འདོམ་གྱི་བར་སྟོང་བ་ལ་རེག་པ་ནི་མེད་དོ་ཞེས་པ་མི་བདེ་བས་འཁྲུག་པ་གྱིས་ཤིག་ཅེས་སྦྱར་ཞིང་མེ་། ན་གྱིས་ཤིག་པའི་དོན་ནོ། །བརླ་ལ་རེག་པ་ནི་ད་ལྟ་གྱིས་ཤིག་ཞེས་འབྱུང་བ་བདེ་ལ། སྟེང་ཉིད་ནི་དེ་བཞིན་ནོ་ཞེས་པ་ལ་སྟེང་དུ་ལྟ་ན་ཡོད་ཅེས་པ་དང་། འོག་ཏུ་ལྟ་ན་འོག་ན་མེད་ཅེས་སྦྱོར་བར་བཤད་པ་ལྟར་བྱའོ། །གསུམ་པ་ནི། ཕྱག་རྒྱ་བརྡ་དང་ཕྱག་རྒྱའི་ལན་ཏེ་བརྡའི་ལན་སྣོད་མིན་ལ་གསང་བའི་བརྡ་ཉིད་དོ། །དཔའ་བོ་ཧེ་རུ་ཀས་གསུངས་པ་སྡེ་སྟེ་རིགས་བཞིའི་མཚན་ཉིད་ཤེས་པར་བྱེད་དོ། །སྡེ་བཞི་ནི་སྙིང་བོའི་རྣལ་འབྱོར་མ་བཞིའི་རིགས་བཞིའོ། །བཞི་བ་ནི། རྒྱུད་འདིར་བཤད་པ་ལྟར་ལས་རྒྱའི་མཐར་ཐུག་ཡུལ་ཉེར་བཞི་སོགས་ཀྱི་ཕོ་ཉ་མོ་ཁྱད་པར་ཅན་དང་མྱུར་དུ་མ་མཇལ་ཞིང་། དེ་ལ་བརྟེན་ནས་ལམ་གྱི་བགྲོད་པ་ཆེས་མྱུར་བ་ནི་གཞན་ནས་མི་འབྱུང་བས་པད་མཆོག་གི་ཁྱད་ཆོས་ཆེན་པོས་ཤེས་པར་བྱའོ། །ལྔ་བ་ནི། དཔའ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་སྡེ་སྟེ་རིགས་བཞི་ཐམས་ཅད་ཀྱི་མཚན་ཉིད་དེ་མཚོན་པར་བྱེད་པའི་བརྡའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའི་འགྲེལ་བའོ།། །།བཞི་བ་རྩ་སྔགས་བསྟན་ཅིང་བསྲུང་བའི་དམ་ཚིག་རྒྱས་པར་བཤད་པ་ལ་གཉིས། རྩ་སྔགས་བཤད་པ་དང་། དམ་ཚིག་བརྒྱད་བསྟན་པའོ། །དང་པོ་ལ་གསུམ། རྩ་སྔགས་གསལ་བར་མ་བྱས་པའི་ཚུལ། དེ་ལེའུ་འདིར་གསལ་བར་མཛད་ཚུལ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སེམས་ཅན་ཀུན་གྱི་དོན་རྣམས་སྒྲུབ་པ་མངོན་པར་འདོད་པར་བྱ་བ་ནི་བདེ་མཆོག་སྟེ། དེའི་རྣལ་འབྱོར་བ་ལ་རྩ་སྔགས་གསལ་བར་བྱའོ། རྩ་སྔགས་དེ་གཞན་ལ་སྦས་པར་བྱས་ལ། བརྒྱད་མཐའ་ནི་ཡ་ནས་བགྲངས་པའི་བརྒྱད་པ་ཧའོ། །ཧ་དེར་ཨུ་ཐིག་ལེ་དང་བཅས་པ་སྦྱར་བས་ཧུཾ་དེ་ནི་རྐང་བ་བརྒྱད་དང་ཉེ་བར་བཞི་བོ་རེ་རེའི་མཐར་ཧུཾ་ཧུཾ་ཕཊ་ཅེས་སྦྱོར་བ་སྟེ། མགོ་བོའི་ༀ་ཡང་ཤེས་པར་བྱའོ། །རྩ་སྔགས་སྦས་པའི་དགོས་པ་ནི། གསང་སྔགས་ལ་མོས་པ་དམན་པའི་ཉན་རང་སོགས་ཀྱི་སེམས་ཅན་དག་དང་། མུ་སྟེགས་སོགས་རྨོངས་ཤིང་ཟབ་དོན་མི་ཤེས་པའི་སེམས་དང་ལྡན་པ་རྣམས་ཀྱིས་སྨོད་པ་བསྲུང་བའི་དོན་དུའོ། །གཉིས་པ་ལ་གཉིས། དྲང་བའི་དོན་དང་། ངེས་པའི་དོན་ནོ། །དང་པོ་ནི། དེ་ལ་དཔའ་བོ་དང་རྣལ་འབྱོར་བ་རྣམས་འདུས་པའི་ངོ་བོར་གྱུར་པའི་བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་པའི་གསང་སྔགས་ནི་འདི་ཡིན་ཏེ། ༀ་ནི་ཨ་ཨུ་མ་གསུམ་གཅིག་ཏུ་བསྡུས་པ་སྟེ་རྡོ་རྗེ་གསུམ་གཅིག་ཏུ་བསྡུས་པའོ། །ན་མོ་ནི་ཕྱག་འཚལ་བའོ། །བྷ་ག་ཝ་སྟེ་བཅོམ་ལྡན། ཝཱི་རེ་ཤྭ་ཡ་དབང་ཕྱུག མ་ཧཱ་ཀལ་པ་བསྐལ་བ་ཆེན་པོ། །སཱ་ལ་ཞུགས་པའི་ཨཱ་དང་སྦྱར་བའི་ཨགྷི་མེ། སཾ་ནི་བྷ་ཡ་དེ་དང་མཉམ་པ། ཛ་ཊཱ་རལ་བ། ཊའི་ན་རོར་འགྲོ་རྒྱུ་ཨུ་ཏ་ཀ་ཊཱ་ཡ་དང་སྦྱར་བ་ནི་མི་བཟང་བ། དཾཥྚྲཱ་མཆེ་བ། ཀ་རཱ་ལ་གཙིགས་པ། ཨུ་གྲ་དྲག་ཤུལ་ཅན་ནམ་རྣམ་པར། བྷཱི་ཥ་ན་འཇིགས་པ། མུ་ཁཱ་ཡ་ཞལ་ལོ། །ས་ཧ་སྲ་སྟོང་ཕྲག །བྷུ་ཛ་ཕྱག །བྷཱུ་སུ་རཱ་ཡ་འབར་བའི་འོད་ཟེར་ཅན་ནོ། །བར་ཤུ་དགྲ་སྟ། པཱ་ཞགས་པ། ཨུ་ཏྱ་ཏ་གདེངས་པ། ཤཱུ་ལ་མདུང་། ཁ་ཊྭཱཾ་ག་དྷཱ་ར་ཎི་ཁ་ཊྭཱཾ་ག་འཛིན་པའོ། །བྱ་གྷྲ་སྟག །ཨ་ཛི་ན་ལྷགས་པ། ཨཾ་བ་ར་གོས། དྷཱ་ར་ཡ་འཛིན་པའོ། །མ་ཧཱ་ཆེན་པོ། །དྷཱུ་སྨྲ་དུ་བའམ་དུད་ཁ། ཨནྡྷ་ར་མཐར་བྱེད་དེ་བགེགས་ཀྱི་སྐད་དོད་མི་གསལ། ཝ་པུ་ཥཱ་ནི་སྐུའོ། །ཀ་ར་ཀ་ར་གྱིས་གཉིས། ཀུ་རུ་གཉིས་ནི་མཛོད་གཉིས། དེ་བཞིན་དུ་བྷནྡྷ་ཆིངས། ཏྲཱ་ས་ཡ་སྐྲག་པར་གྱིས། ཀྵོ་བྷ་ཡ་བསྐྱོད་པ། ད་ཧི་བསྲེགས་པ། པ་ཙ་ཆོས་པ། བྷ་ཀྵ་ཟོ་ཤིག་གཉིས། པ་ས་ཞག །རུ་དྡི་ར་ཁྲག །ཨནྟྲ་རྒྱུ་མ། མཱ་ལ་བ་ཕྲེང་བ། ལ་མྦི་ནི་འཕྱང་བ། གྲི་ཧྣ་གཉིས་ཟུང་གཉིས། སཔྟ་བདུན། པཱ་ཏ་ལ་ས་འོག །ག་ཏ་གནས། བྷུ་ཛ་གཱཾ་ལག་འགྲོ། སརྦཾ་སཱ་སྤྲུལ་ལ་ལོ། །ཏ་རྫ་ཡ་གཉིས་བསྡིགས་གཉིས། ཨ་ཀ་ཊྦྷ་ཡ་གཉིས་ཁུག་གཉིས་སོ། །ཧྲཱིཾ་ཧྲཱིཾ་སོགས་ལ་ངེས་དོན་གྱི་བཤད་པ་འབྱུང་ཡང་དྲང་དོན་གྱི་བཤད་པ་མི་སྣང་ངོ་། །གཉིས་པ་ངེས་དོན་གྱི་བཤད་པ་རྒྱས་པར་ནི་སྦས་དོན་ཀུན་གསལ་དུ་ཤེས་པར་བྱ་ལ། དེའི་དོན་བསྡུས་པ་ཞིག་ལོ་ཧི་བའི་བསྐྱེད་རིམ་དུ་བདག་གིས་བཤད་ཟིན་པས་འདིར་མི་འཆད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྩ་བའི་སྔགས་ཀྱི་དྲང་དོན་དང་ངེས་དོན་གསང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་བའི་འགྲེལ་པའོ།། །།གཉིས་པ་དམ་ཚིག་བརྒྱད་བསྟན་པ་ལ་དྲུག །རྩ་སྔགས་ཀྱི་ཆེ་བ། ཕོ་ཉ་མོ་མཆོད་པས་དངོས་གྲུབ་སྟེར་བ། དམ་ཚིག་དང་སྡོམ་པའི་མཆོག །ཕོ་ཉ་མོ་མཉེས་པའི་རྒྱུ། སློབ་མ་བརྟག་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔ་མ་ལས་གཞན་ཡང་བཤད་པར་བྱའོ། །ས་གསུམ་གྱི་འཇིག་རྟེན་གསུམ་པོ་དག་ན་འདི་ལས་སྔགས་མཆོག་གཞན་ཡོད་པ་མིན་པའི་ཤྲཱི་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ངེས་དོན་ཤིས་ནས། སྒྲ་ཇི་བཞིན་པའི་གསང་སྔགས་ཀྱི་དོན་ཐམས་ཅད་ལ་གཙོ་བོར་ཞེན་པ་ཡོངས་སུ་འདོར་བ་སྟེ་ངེས་དོན་ཉིད་ལ་གཙོ་བོར་འཛིན་ནོ། །གཉིས་པ་ནི། ལུགས་འབྱུང་སྟེ་བླང་བྱ་ལེན་པ་དང་། ལུགས་བཟློག་སྟེ་སྤང་བྱ་འདོར་བའོ། །ཕོ་ཉ་མོ་རྣམས་ནི་ཡང་དག་པར་གནས་པ་སྟེ་བསྟེན་ན། འོག་མ་འཇིག་རྟེན་པའི་དངོས་གྲུབ་དང་། སྟེང་མ་མཆོག་གི་དངོས་གྲུབ་སྟེར་བྱེད་དོ། །ཡང་ལུགས་འབྱུང་རབ་གཏུམ་མ་ནས་བརྩོན་ཆེན་མའི་བར་ཡས་མར་གྱི་གོ་རིམ་དང་། ལུགས་བཟློག་ནི་བརྩོན་ཆེན་མ་ནས་རབ་གཏུམ་མའི་བར་མས་ཡར་གྱི་གོ་རིམ་སྟེ། འོག་ཏུ་གནས་པ་སྟེང་སྟེ་སྔོན་དུ་བཀོད་ནས་བསྒོམས་པའི་དོན་དུ་འཆད་པ་ལྟར་རོ། །གང་དང་ལྷན་ཅིག་སྦྱོར་བ་ནི་བདག་གི་ཕོ་ཉ་མོའོ། །དེ་ཡང་སེམས་ཅན་གྱི་དོན་དུ་འོ་བྱ་བ་དང་འཁྱུད་པ་སོགས་སྟེར་བའི་ཚུལ་གྱིས་གནས་ཀུན་དུ་འགྲོའོ། །ཕོ་ཉ་མོ་དེ་རྣམས་ཀྱིས་དངོས་གྲུབ་སྟེར་བར་འགྱུར་ཏེ། མིག་གིས་མཐོང་བ་དང་རེག་པ་དང་ཐོས་པས་ཀྱང་དངོས་གྲུབ་ཀུན་སྟེར་ན། རྒྱུན་དུ་ཚུལ་བཞིན་བསྟེན་ན་ལྟ་ཅི་སྨོས། ཕོ་ཉ་མོ་ལ་ཙུམ་པ་ན་དང་རྟག་པར་ཏེ་རྒྱུན་དུ་འཁྱུད་པར་བྱ་སྟེ། དེ་ཡང་བདེ་སྟོང་གཉིས་མེད་ཀྱི་རྣལ་འབྱོར་གང་ལས་འབྱུང་བའི་གནས་ཀྱི་ཁྱད་པར་ནི་པདྨ་མཆོག་ཉིད་དོ། །རྣལ་འབྱོར་ཇི་སྙེད་པ་འདོད་པའི་བསྟན་བཅོས་ལས་བཤད་པའི་ཀར་ནའི་ཚོགས་རྣམས་ནི་ཤེས་པར་བྱས་ནས། དེ་དང་མཐུན་པར་ཚུལ་བཞིན་འདོད་པ་ལ་རོལ་པ་ནི་དངོས་གྲུབ་ཐམས་ཅད་སྦྱིན་པར་རྒྱལ་བས་བཤད་དོ། །བདེན་དངོས་ཏེ་དམ་ཚིག་ལྡན་པའི་རྣལ་འབྱོར་མ་ལ། བཟའ་བ་སོགས་ཐམས་ཅད་སྦྱིན་པར་བྱའི། གཞན་དུ་སྟེ་དམ་ཚིག་དང་མི་ལྡན་པ་ལ་ནམ་ཡང་སྦྱིན་པ་མ་ཡིན་ནོ། །ཕོ་ཉ་མོ་གང་ན། མ་དང་འདྲ་བ་དང་སྲིང་མོ་དང་བུ་མོ་དང་ཆུང་མ་རྣམས་ཕོ་ཉ་མོར་གནས་པ་ཡིན་ལ། དེ་རྣམས་གང་ལ་རྟག་ཏུ་གནས་ཏེ་སྔགས་སྦྱིན་པ་སྟེ་སྣོད་རུང་དུ་བྱས་པ་དེ་ཉིད་ཕོ་ཉ་མོ་བསྟེན་པ་དེ་ཡི་ཆོ་ག ར་བཤད་དོ། །མ་སོགས་གསུམ་ཕྱག་རྒྱར་བཤད་པ་ནི་བླ་མའི་ཕྱག་རྒྱ་ནི་མ། ལྷན་ཅིག་ཉེན་པ་ནི་སྲིང་མོ། རང་གིས་ཆོས་བསྟན་པ་ནི་བུ་མོར་བཤད་པ་ལྟར་བྱའོ། །གསུམ་པ་ལ་བཞི། བཤད་པར་དམ་བཅའ་བ། གཡོན་པོའི་ཀུན་སྤྱོད་མཆོད་པ་དང་བཅས་པ། དམ་ཚིག་རྣམས་སོ་སོར་བསྟན་པ། དོན་བསྡུ་བའོ། །དང་པོ་ནི། དེ་ནས་ཕོ་ཉ་མོ་མཉེས་བྱེད་ཀྱི་དམ་ཚིག་རྣམས་རྡོ་རྗེ་འཆང་གིས་བཤད་པར་བྱའོ། །དེ་གང་ཞེ་ན་རྣལ་འབྱོར་རྒྱུད་མན་ཆད་དུ་ནི་རྙེད་པར་དཀའ་བའི་དམ་ཚིག་རྣམས་སོ། །གཉིས་པ་ནི། སྐྱེས་པའམ་བུད་མེད་རྣལ་འབྱོར་མཐོང་ནས་གཡོན་དུ་བཞག་ནས་འགྲོ་བ་ནི། ཡིད་ལ་འདོད་པའི་འབྲས་བུ་སྟེར་བར་བྱེད་དོ། །དེ་ལྟར་ན་ཁྱིམ་མ་མ་ཞིང་དུ་གནས་པ་རྣམས་ཤིན་ཏུ་རིང་བོར་གནས་ཡང་ཤེས་པར་འགྱུར་བར་བྱས་ནས་གཡོན་ནས་སྤྱད་པར་བྱའོ། །ཤྲཱི་ཧེ་རུ་ཀའི་རྣལ་འབྱོར་ནི་རྣལ་འབྱོར་གཞན་རྣམས་ཀྱི་མཆོག་སྟེ། དེ་འཛིན་པའི་སློབ་དཔོན་ནི་རྣལ་འབྱོར་རྣམས་ཀྱི་སྐྱེད་བྱེད་ཡིན་པས་དེའི་མ་དང་ཕ་ལྟ་བུ་ཉིད་ཡིན་ནོ། བདེ་མཆོག་གི་རྒྱུད་འདི་རུ་ནི་དབང་བསྐུར་བའི་སྒྲུབ་པ་པོ་ནི་ལེགས་པ་སྟེ་མཆོག་ཏུ་གྱུར་བ་ཉིད་ཡིན་ཏེ། དེ་དག་བརྙས་པ་སྟེ་ཁྱད་གསོད་མི་བྱ་ཞིང་། སྤང་མི་བྱ་བ་སྟེ་མི་སྨད་པར་ཅི་ནུས་པ་ཡིས་ནི་མཆོད་པར་བྱའོ། །ཀཱ་ཀ་གདོང་སྟེ་ཁ་གདོང་མ་སོགས་བརྒྱད་པོ་འདི་དག་གིས་གུས་པ་དང་དད་པ་གོང་དུ་འཕེལ་བར་བྱེད་པ་ཡིན་ཏེ། བར་དུ་གཅོད་པའི་བགེགས་བཟློག་ནས་དངོས་གྲུབ་འགྲུབ་པར་བྱེད་པས་སྐབས་དང་། བླ་མ་དང་འདི་ཡི་རྣལ་འབྱོར་བ་ལ་རྟག་པར་གུས་པ་ནི་དངོས་གྲུབ་རྣམས་ཀྱི་རྒྱུ་ཡིན་ནོ། །གསུམ་པ་ནི། སྔར་བཤད་པའི་གཡོན་པའི་ཀུན་སྤྱོད་ཀྱི་དམ་ཚིག་རྣམས་ཀྱང་ངེས་པར་སྐྱོང་བ་ནི་དམ་ཚིག་དང་པོའོ། །ལྷ་མོ་སྟེ་རིག་མ་གཞན་དང་ཀུན་དུ་རྣམ་པར་རྨོངས་ཤིང་འདོད་པས་སྦྱོར་བ་སྤོང་བ་ནི་གཉིས་པའོ། །གཉིས་སུ་བྱེད་པ་མིན་པ་སྟེ་གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་བྲལ་བ་མི་བྱེད་པ་ནི་གསུམ་པའོ། །ཐོགས་མེད་མིན་པ་ནི་ཕོ་ཉ་བསྟེན་པའི་སྔགས་ཀྱི་གྲུབ་མཐའ་ལས་གཞན་དུ་བཀྲི་བར་མི་ནུས་པ་སྟེ་བཞི་པའོ། །དམ་ཚིག་ནི་རིག་མ་ལ་སྤྱོད་པ་ནི་འདོད་པ་སྤྱོད་པ་སྤྱད་པ་ནི་བྱ་བ་དེ་བྱེད་པས་ཕྱག་རྒྱ་གཉིས་ཚུལ་བཞིན་བསྟེན་པ་ནི་ལྔ་བའོ། །མི་མོའི་དབང་ཕྱུག་སྟེ་ཕྱག་རྒྱ་མ་དང་ལེགས་པར་སྦྱོར་བ་ཡང་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པའི་ནུས་པ་མ་རྫོགས་པ་དེ་སྲིད་དུ་འབྲལ་བར་མི་བྱ་བ་ནི་དྲུག་པའོ། །དེ་བཞིན་དུ་བྱང་སེམས་རྟགས་ཀྱི་ཕྱིར་མི་དབྱུང་བའི་ཚངས་པར་སྤྱོད་པའི་བསམ་གཏན་བྱེད་པ་ནི་བདུན་པའོ། །ཁྲོ་མེད་དེ་བཙོག་པའི་བསམ་པ་མེད་པར་ཡུམ་གྱི་པདྨ་ནས་བྱང་སེམས་ཀྱི་ག་བུར་ཀུན་ཏུ་སྤྱོད་པ་སྟེ་ལྕེས་ལེན་པ་ནི་བརྒྱད་པའོ། །བཞི་བ་ནི། དམ་ཚིག་འདི་བརྒྱད་འཛིན་པ་ནི་དམ་ཚིག་ཀུན་དུ་སྤྱོད་པ་ཡིན་ལ། སྒྲུབ་པ་ལ་གནས་པ་ཡི་སྒྲུབ་པ་པོས་རྟག་ཏུ་ཤེས་པར་བྱའི་བརྗེད་པར་མི་བྱའོ། །དམ་ཚིག་འདི་རྣམས་ནི་རྒྱུད་རྣམས་ཐམས་ཅད་ཀྱི་ཐུན་མོང་བ་སྟེ་བྱ་བ་དང་འདྲ་བར་སྦྱོར་བས་རྒྱུ་མཚན་ཡང་དག་མེད་པར་བཅོ མ་པ་སྟེ་གཞོམ་པ་དང་སུན་དབྱུང་བར་མི་བྱའོ། །རྒྱུ་ཞེས་པ་ལ་འཆད་ཚུལ་གཞན་ཞིག་ཀྱང་སྣང་ངོ་། །དེ་ལྟར་ན་རྒྱུད་ལ་ཡིད་ཆེས་པའི་དད་པ་ཉིད་ཀྱིས་དམ་ཚིག་འདི་དག་བླང་བར་བྱའི། མིག་གིས་གཟུང་བྱ་དང་ལག་པའི་རེག་བྱ་ལྟ་བུའི་ཚུལ་གྱིས་ཡོད་པ་མིན་ནོ། །གསང་བ་འདི་ནི་སྣོད་མིན་ལ་མི་བསྟན་ཅིང་རབ་ཏུ་འབད་པས་སྦས་བར་བྱའོ། །བཞི་བ་ནི། བློ་ལྡན་སྒྲུབ་པ་པོས་མཐེའུ་ཆུང་སྟེ་ཕོ་ཉ་མོའི་པདྨའི་རྩ་བསྐྱོད་པ་སྟེ་བསྐུལ་བར་བྱ་སྟེ། དགོས་པ་ནི་ཕོ་ཉ་མོ་རྣམས་ལ་ཡང་དག་པར་གནས་པའི་མྱོས་བྱེད་འཛག་པའི་དོན་དུའོ། །བསྐུལ་ཚུལ་ནི་རྗེའི་གསུང་དུ་ཤེས་པར་བྱའོ། །ལྔ་བ་ནི། དག་པ་དང་མ་དག་པ་དང་དེ་གཉིས་འདྲེས་པའི་སྒྲུབ་པ་པོ་ནི་རྣམ་པ་གསུམ་དུ་གནས་ཏེ། དང་པོ་ནི་རྣམ་པར་དག་པ་ཅེས་བྱ་བ་ནུས་པ་ལེགས་པར་སྐྱེས་པ་དང་། གཉིས་པ་ནི་མཉེས་བྱེད་ཅེས་བྱ་བ་ནུས་པ་མ་སྐྱེས་པ་དང་། གསུམ་པ་ནི་གསལ་བྱེད་ཅེས་བྱ་བ་དེའི་བར་མ་སྟེ། ཡོན་ཏན་དང་ལྡན་པའི་མི་བསྟན་བཅོས་ཀྱི་དོན་རིག་པའོ། །དྲུག་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་སློབ་མ་མཆོག་དམན་ཡོངས་སུ་བརྟག་པ་དང་། སྡོམ་པ་སྟེ་དམ་ཚིག་བརྒྱད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའི་འགྲེལ་པའོ།། །།ལྔ་བ་སྤྲོས་བཅས་ཀྱི་སྤྱོད་པ་རྒྱས་པར་བཤད་པ་ལ་གཉིས། སྤྱོད་པ་སྦྱིའི་རྣམ་གཞག་དང་། སྤྲོས་བཅས་ཀྱི་སྤྱོད་པ་ལེའུ་གསུམ་གྱིས་བསྟན་པའོ། །དང་པོ་ནི། སྦས་དོན་ཀུན་གསལ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ལ་གསུམ། བརྟུལ་ཞུགས་ཀྱི་སྤྱོད་པ་མཆོད་གཏོར་དང་བཅས་པ་དང་། ནང་གི་སྦྱིན་སྲེག་རིགས་གཅིག་དང་ལྡན་པའི་ཆོ་ག །ཕོ་ཉའི་མཚན་ཉིད་དང་དྲོད་དམ་ནུས་པ་ཐོབ་པའི་གནས་སྐབས་ཀྱི་ཆོ་གའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། བཤད་པ་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་གཞན་བཤད་པར་བྱ་སྟེ། གང་ན་དཔའ་བོ་སྟེ་རྣལ་འབྱོར་བའི་ཕྱག་རྒྱ་རིགས་ཀུན་ལ་སྤྱོད་པའི་ཆས་འཇུག་རུས་རྒྱན་ལ་སོགས་པའི་བརྟུལ་ཞུགས་སོ། །དཔའ་བོ་དེ་ཇི་འདྲ་ཞིག་ཅེ་ན། རྣལ་འབྱོར་མ་ཀུན་གྱི་རབ་ཏུ་སྒྲུབ་པ་པོའོ། །གཉིས་པ་ལ་གཉིས། སྤྱོད་པ་དང་བརྟུལ་ཞུགས་སྤྱད་ཚུལ། གཏོར་མའི་ཆོ་གའོ། །དང་པོ་ལ་གསུམ། ཕོ་ཉ་བཙལ་ནས་སྤྱོད་ཚུལ། ཆོ་ག་དང་བརྟུལ་ཞུགས་ཇི་ལྟ་བུས་བྱ་བ། གཙང་སྦྲའི་མཆོད་པ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། ཇི་ལྟར་བྱས་ན། སྔར་བཤད་པའི་རྣལ་འབྱོར་མའི་མཚན་ཉིད་ཀྱི་དབྱེ་བ་ཤེས་པར་བྱས་ནས་དེ་རྣམས་སྒྲུབ་པོ། །དགོས་པ་ནི་དངོས་གྲུབ་མྱུར་འཇུག་པར་བྱེད་པའི་ཕྱིར་ནའོ། །ཕོ་ཉ་ཇི་ལྟར་འཚོལ་ན། རྣལ་འབྱོར་བ་དེ་སྐྱེ་བོ་ཚོགས་པའི་གྲོང་དང་གྲོང་དུ་སོང་ནས་ཕོ་ཉའི་གཟུགས་ཀྱི་ཁ་དོག་དང་དབྱིབས་སོགས་ཀྱིས་ནི་མཚན་པ་སྟེ་ཤེས་པར་བྱའོ། །ཕོ་ཉ་མོ་རྣམས་བསྟེན་པར་དཀའ་བས་དེ་ནི་རལ་གྲིའི་སོ་དང་འདྲ་ཞིང་བསྟེན་མ་ཤེས་ན་ཉེས་དམིགས་ཀྱི་གནས་སུ་འགྱུར་ལ། བསྟེན་ཤེས་ན་སྡིག་པ་དག་པར་བྱེད་ཅིང་བསོད་ནམས་འཕེལ་བ་ཡིན་ཏེ། བསྟེན་ཚུལ་བཤད་པ་དེ་བཞིན་དུ་ཕོ་ཉ་མོ་དང་ལེགས་པར་འགྲོགས་ན་སྒྲུབ་པ་པོ་ཡིས་དངོས་གྲུབ་ཁྱད་པར་ཅན་འཐོབ་པོ། །དེ་ལྟར་ཕོ་ཉ་ལ་བརྟེན་ནས་སྤྱོད་པ་བྱེད་པ་དེ་ནི། ངག་གི་བཟླས་བརྗོད་དང་བསྐྱེད་རིམ་གྱི་བསམ་གཏན་དང་ཕྱིའི་མཆོད་པ་མེད་པར་ཡང་མྱུར་བ་ཉིད་དུ་དངོས་གྲུབ་འགྲུབ་པར་འགྱུར་བས། སྒྲུབ་པ་པོས་ནང་གི་སྔགས་དང་ཕྱག་རྒྱ་ལ་བརྟེན་ནས་ནང་གི་མཆོད་པ་ཉིད་ལ་རབ་ཏུ་འཇུག་སྟེ། འདི་ལས་གཞན་མཆོག་ཏུ་གྱུར་པའི་མཆོད་པ་མེད་དོ། །དེ་ལྟར་བསྟན་པ་ནི་ཕ་རྒྱུད་མ་རྒྱུད་ཀྱི་བསྟན་བཅོས་ཀྱི་ངེས་པ་སྟེ་མི་འགྱུར་བའོ། །ཕོ་ཉའི་ལམ་ལ་དགའ་བ་རྣམས་ཀྱི་སྒྲུབ་པ་པོ་ནི་དངོས་གྲུབ་སྒྲུབ་པ་ལ་བརྩོན་པ་ཡིན་ནོ། །རིག་སྔགས་དང་ཕྱག་རྒྱར་ཡང་དག་ལྡན་པའི་སྒྲུབ་པ་པོ་ཤིན་ཏུ་མཉམ་པར་བཞག་པས། ཙ་རུ་སྟེ་བདུད་རྩིའི་བཟའ་བཏུང་རྟག་ཏུ་སྟེ་ཉིན་རེ་བཞིན་ཕོ་ཉ་དང་ལྷན་ཅིག་བཟའ་ཞིང་བཏུང་བར་བྱ་བ་དང་། མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་བུད་མེད་རྣམས་ཀུན་ལ་ལོངས་སྤྱད་པར་བྱ་བ་དང་། བཟའ་བྱ་དང་བཟའ་མིན་པའི་ཁྱད་པར་མི་བརྟག་པ་སྟེ་མི་འབྱེད་དོ། །དེ་ཁོ་ན་ཉིད་དབྱེར་མེད་པའི་རྒྱུ་མཚན་དེ་ཡིས་ནི་ཕྱག་རྒྱའི་རིགས་སོ་སོ་དང་བཟའ་བྱ་ཡིན་མིན་དེ་ཁོ་ནར་དབྱེར་མེད་པས་དེ་དང་མཐུན་པར་བྱེད་པའོ། །ཕོ་ཉ་མོ་ནི་མཆོག་ཐུན་གྱི་དངོས་གྲུབ་གཉིས་སྒྲུབ་པའི་དངོས་གྲུབ་སྒྲུབ་བྱེད་ཀྱི་ཆོ་ག་ཕོ་ཉ་ལ་སྤྱོད་པའི་ཚེ། ཧེ་རུ་ཀའི་རྣལ་འབྱོར་གཅིག་པུ་ཁོ་ན་མཆོག་ཡིན་ནོ། །རྣལ་འབྱོར་མ་གང་ལ་རང་ཉིད་དགའ་བ་དེ་དང་ལྷན་ཅིག་དངོས་གྲུབ་ནི་སྒྲུབ་པ་བྱེད་ན། འགྲུབ་པ་དག་དང་ཉེ་བར་འགྱུར་རོ། །བླ་མ་བརྒྱུད་པའི་རིམ་གྱིས་འཐོབ་པའི་དབང་བསྐུར་བས་སྔགས་དང་ལེགས་པར་ལྡན་པར་གྱུར་པ་དེའི་ཚེ། བསྟེན་བྱ་ཕོ་ཉ་རྣམས་སུ་ཡང་དག་པར་བཤད་དོ། །དེ་འདྲ་བའི་ཕྱིའི་ཕྱག་རྒྱ་དང་ལེགས་པར་སྦྱོར་བའི་ངང་ཚུལ་ཅན་དུ་གྱུར་པའི་ཚེ། ལྷན་སྐྱེས་ཀྱི་ཡེ་ཤེས་ལེགས་པར་རྫོགས་པར་འགྱུར་ཏེ། ཡེ་ཤེས་དེ་ནི་རྒྱུ་དེ་ལས་སྐྱེས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཆོ་ག་ཇི་ལྟ་བུས་སྤྱོད་པ་བྱ་བ་དང་། བརྟུལ་ཞུགས་ཇི་ལྟ་བུས་བྱ་བའོ། །དང་པོ་ནི། རྣལ་འབྱོར་པས་ཐོ་རེངས་སྔ་བར་འོད་གསལ་ལས་ལངས་ཏེ། ཐུགས་རྡོ་རྗེའི་བདག་ཉིད་ཀྱི་སེམས་ཐབས་ཤེས་གྱི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱའོ། །ལུས་ལ་དཔའ་བོའི་གོ་ཆ་སོགས་ཐམས་ཅད་བྱས་ནས་ནི། ཡན་ལག་ལས་འདས་པ་ཉིང་ལག་ཏུ་བྱས་ལ། མཚོན་ཆ་ནི་འདིར་བསྟན་བཅོས་ལ་བཤད་དེ། རྣལ་འབྱོར་སྟོན་པའི་བསྟན་བཅོས་སོ། ལུས་ལ་གནས་པའི་ཉིང་ལག་སྟེ་ལུས་ཀྱི་ཆ་ཤས་བྱང་སེམས་དཀར་པོ་སོགས་ཀྱི་བདུད་རྩི་ལྔ་ལ་ཀུན་དུ་སྤྱད་དེ། དེས་ལུས་ནི་དག་པར་བྱེད་ཅིང་བྱས་ནས་སུ་རྟག་ཏུ་བསྲུང་བ་བྱས་པའི་སྔགས་པས་སྔགས་ནི་བརྗོད་པར་བྱའོ། །རྟག་ཏུ་སྔགས་ནི་བརྗོད་པ་སྟེ་བཟླས་ནས་སུ་རྣལ་འབྱོར་ཏེ་ཡེ་ཤེས་སྐྱེ་བའི་གནས་བུད་མེད་རྣམས་སོ། །ངེས་པར་བསྟན་པ་ནི་གོ་ཆ་བསྐོན་པ་ངེས་པར་བྱ་བའོ། །སྔར་བཤད་པའི་མཚོན་ཆ་སྟེ་གོ་ཆ་རྣམས་བགོ་བ་ལ་འགོམ་པར་མི་བྱ་བ་སྟེ་མི་འདའ་བའོ། །དམ་ཚིག་གཅིག་པ་ཅན་གྱི་རྣལ་འབྱོར་བ་རྣམས་ལ་ཁྲོ་བ་དང་སྨོད་པ་སོགས་མི་བྱ་ཞིང་། དེ་མི་བྱ་བར་མངོན་པར་བརྩོན་པ་ལས་འདའ་བར་བྱའོ། །དམ་ཚིག་ཅན་མ་དེ་རྣམས་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོའི་ཐབས་སུ་བདེ་བ་བསྐྱེད་པར་བྱའོ། །གྲོལ་བར་འདོད་པ་བདག་གི་ལུས་ཀྱི་དོན་དང་བདེ་བའི་དོན་དུ་བཟའ་བ་དང་བསྲུང་བའི་དམ་ཚིག་སྤྱོད་པ་ཉིད་དུ་བྱའོ། །དེ་ལྟར་སྤྱད་ན་རྒྱལ་འབྱོར་བ་རྣམ་པར་འཁྲུལ་པའི་སེམས་པའི་བྱ་བ་ལས་གྲོལ་བར་འགྱུར་རོ། །མཚན་མོ་རྟག་པར་སྐྲ་གྲོལ་ཞིང་གོས་མེད་པའི་གཅེར་བུར་བྱས་ནས་རང་སྐུ་མདོག་གནག་པའི་ཧེ་རུ་ཀ་དང་། རིག་མ་རྡོ་རྗེ་ཕག་མོ་ཁ་དོག་དམར་བར་རྟག་ཏུ་སྟེ་རྒྱུན་དུ་བྱས་ཏེ་ཕྱག་རྒྱ་མོ་མཆོད་པར་བྱའོ། །གཉིས་པ་ནི། དེ་ལ་མགུལ་རྒྱན་དང་གདུ་བུ་དང་དཔུང་རྒྱན་དང་ཆངས་པའི་སྐུད་པ་དང་མགོ་བོ་རློན་པའི་ཕྲེང་བས་མགུལ་དུ་རྒྱན་པ་དང་། །རྐུན་མའི་སྐྲ་ལ ས་བྱས་པའི་སྐ་རགས་སྐོར་གཉིས་པ་དང་། རྐང་གདུབ་སིལ་སིལ་གྱི་སྒྲ་སྒྲོགས་པའི་གཡེར་ཁ་ཅན་དང་། རལ་བ་གྱེན་དུ་བྱ་བའི་ཅོད་པན་དཔའ་བོའི་དར་དཔྱངས་ཀྱིས་བཅིངས་པ་དང་། བཅོས་མའི་སྒྲ་དང་སྐྲ་དངོས་ལ་སོགས་པས་བརྒྱན་ཅིང་། རྡོ་རྗེས་མཚན་པའི་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ་དང་། ཌཱ་མ་རུ་རྡུང་ཞིང་ངག་ཏུ་ཧཱུྃ་གྱི་སྒྲ་སྒྲོགས་པ་དང་བཅས་པའི་སྤྱོད་པ་བྱེད་པ་སྟེ་ལྷའི་ཆས་འཇུག་བྱས་པའོ། །དེ་ནི་གཙོ་བོའི་ཆས་འཇུག་ཡིན་ལ། ལྷ་གཞན་གྱི་ཆས་འཇུག་ནི་དཔའ་བོ་ཉེར་བཞི་དང་དཔའ་མོ་ཉེར་བཞིའི་ཆས་སུ་ཞུགས་རྣལ་འབྱོར་ཕོ་མོ་ཐམས་ཅད་ནི། དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་དང་གོ་ཆ་ཆེན་པོ་གསུམ་གྱིས་བརྒྱན་པ་སྟེ་བསྲུངས་པ་ཡིན་ནོ། །སྲོག་ཆགས་ཡན་ལག་སྟག་སྤགས་དང་གླང་ལྤགས་ན་བཟར་གྱོན་ཞིང་། ལྷན་སྐྱེས་ཀྱི་བདེ་བ་འདོད་པས་ཕྱག་རྒྱའི་བདེ་བ་དེ་བསྐྱེད་པར་བྱ་སྟེ། རིག་བྱེད་ཀྱི་གཞུང་ལྟར་མཆོད་ཕྱིར་ཐོགས་ནི་འཆད་པ་སྤངས་ལ། གཙང་སྦྲ་ཆེན་པོ་ཤྲཱི་ཧེ་རུ་ཀར་གནས་པའི་རྣལ་འབྱོར་བྱའོ། །དེར་མ་ཟད་མགུལ་རྒྱན་སོགས་ཕྱག་རྒྱ་ལྔ་དང་ཡང་དག་པར་ལྡན་པ་ནི། དུས་ཀུན་དུ་ནི་རྣམ་པར་གནས་པ་སྟེ་ཡང་དག་པར་སྤྱད་དོ། །སྒྲུབ་པ་པོ་ནས་ཐལ་བ་དང་ཞེས་པའི་བར་འགྲེལ་བ་རྣམས་ལ་མེད་པས་མི་དགོས་སོ་གསུང་། སྤྱོད་པ་སྤྱད་པའི་ཚེ་དུས་ཀུན་ཏུ་ནི་ལྷའི་རྣལ་འབྱོར་ལ་རྣམ་པར་གནས་ཤིང་། མཚན་མོ་རྟག་པར་གསལ་བར་བྱ་བ་དང་ཉིན་པར་གསང་བ་ཉིད་དུ་བྱ་སྟེ། སྙོམས་འཇུག་གི་བྱ་བས་བསྐྱེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཤིན་ཏུ་སྦས་ཏེ་བསྟན་ལ། སྤྱོད་ལམ་རབ་ཏུ་ཞི་ཞིང་ངལ་བ་ཐུལ་བ་སྟེ་སྐྱོ་བ་མེད་པར་སྤྱད་དོ། །གསུམ་པ་ལ་གཉིས། གཙང་སྦྲའི་མཆོད་པ་དང་། དེའི་ཕན་ཡོན་ནོ། །དང་པོ་ནི། དེ་ལ་གཙང་སྦྲ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། ཧེ་རུ་ཀ་རང་གི་གསུང་གི་རྒྱུན་བཞིན་དུ་རྣམ་པར་གནས་པ་དང་། རིགས་བཟང་བོ་དང་རིགས་མིན་ཏེ་རིགས་ངན་གྱི་ངོར་མི་ལྟ་སྟེ་དེ་དག་གི་ངོ་སྲུང་གི་སྤྱོད་པ་སྤོང་པའོ། །སྤྱི་གཙུག་ལ་གཙུག་ཕུད་བཅིངས་བ་དང་ཅོད་པན་ལ་སོགས་འཇིག་རྟེན་པའི་སྤྱོད་པ་གཞན་དག་ཀྱང་སྤངས་པ་ཡིན་ནོ། །གཙང་སྦྲ་གསུམ་ལས་དང་པོ་ནི་ཕོ་ཉ་མོ་ལ་བརྟེན་པ་ཡིན་ནོ། །གཉིས་པ་ནི་ཞི་བའམ་ཟླ་བ་ཞེས་པ་བདུད་རྩི་ལྔ་དང་ཆང་ཡིན་པར་འདོད་དོ། །ཕྱག་རྒྱ་དང་སྣོད་གཅིག་ཏུ་ཟས་ཟ་བ་ཉིད་ནི་གཙང་སྦྲ་གསུམ་པ་ཡིན་པར་བཤད་དེ། རྣལ་འབྱོར་བ་ཡིས་རྟག་པ་རུ་སྟེ་རྒྱུན་དུ་གཙང་སྦྲ་གསུམ་པོ་འདི་དག་རབ་ཏུ་བསྐྱང་བར་བྱའོ། །དེ་ལྟར་ཁམས་རྒྱས་པའི་ཐབས་དང་། ཕོ་ཉ་མོ་ལ་བརྟེན་ནས་བདེ་སྟོང་གི་ཏིང་འཛིན་འཕེལ་ཏེ། གཙང་མའི་དག་པའི་རིམ་པ་རིམ་གྱིས་ཐོབ་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གཙང་སྦྲ་གསུམ་པོ་གང་ལས་འབྱུང་བར་མི་འགྱུར་ཏེ་འབྱུང་བར་འགྱུར་རོ། །རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པ་ལས་གང་གསུངས་པ་དང་། སྒྱུ་མ་བདེ་མཆོག གསང་བ་མཛོད་ཀྱི་རྒྱུད་དང་། དེ་བཞིན་དུ་དཔའ་མཆོག་དང་པོ་དང་། རྡོ་རྗེ་འཇིག་བྱེད་ཀྱི་རྒྱུད་དུ་གསུངས་པའི་བཟླས་པ་དང་། བརྟུལ་ཞུགས་དང་སྦྱིན་སྲེག་སོགས་ཀྱིས་དངོས་གྲུབ་འགྲུབ་པ་དེ། འདིར་ཕོ་ཉ་མོ་ལ་བརྟེན་པའི་བསམ་གཏན་ཙམ་གྱིས་ནི་སྔགས་པས་སྐད་ཅིག་གིས་ཏེ་མྱུར་བར་འགྲུབ་པར་འགྱུར་རོ། །སྔར་བཤད་པ་འདི་ནི་རྣལ་འབྱོར་བ་ཕོ་ཉའི་ལམ་ལ་དགའ་བ་རྣམས་ཀྱི་གཙང་སྦྲའི་སྤྱོད་པར་བཤད་དོ། །གསུམ་པ་ནི། གཙང་སྦྲ་གསུམ་བྱས་ལས་བསོད་ནམས་སུ་གང་གྱུར་པ་ནི་སྨྲ་བར་ནུས་པ་འོས་པ་ཡིན་ནོ། །ཇི་ལྟར་ན། སྒྲུབ་པ་པོའི་ཡོན་ཏན་རྒྱ་ཆེན་པོ་དེ། ཁ་ཅིག་གིས་ནི་སྨྲ་བར་ཡང་མི་ནུས་ལ། གདོང་གཅིག་གིས་ནི་བརྗོད་པ་ཅི་ལ་ནུས་ཏེ། གཞན་དུ་སྟོང་ཕྲག་བརྒྱ་ཡི་གདོད་དུ་གྱུར་བའི་ཁས་བརྗོད་ནུས་པ་མིན་པ་སྟེ་མ་གཏོགས་སོ། །ཅིའི་ཕྱིར་ཕན་ཡོན་དེ་ལྟར་འགྱུར་ཞེ་ན། དཔའ་ཧེ་རུ་ཀའི་ཡེ་ཤེས་ཆེན་པོ་ཡིན་ལ། སྐྱོན་གྱིས་རྣམ་པར་དག་པའི་ཡོན་ཏན་གྱི་མཚན་ཉིད་ཀུན་ཚང་བ་དེ་ལྟ་བུར་རྣལ་འབྱོར་བ་ཡང་འགྱུར་བའ ི་ཕྱིར་ཕན་ཡོན་ཆེའོ། །སྒྲུབ་པ་པོ་ཕོ་ཉ་དང་གཉིས་སུ་མེད་པར་སྦྱོར་བ་ལས་བྱུང་བ་ཡི་བདེ་བའི་ཆུ་སྟེ་བདེ་སྟོང་གཉིས་སུ་མེད་པ་ཉིད་གཉིས་སུ་མེད་པར་སྦྱོར་བ་ཡིས་རེག་པ་སྟེ་བསྟེན་པས། གཞན་གྱི་ལུས་ལ་རེག་པ་དང་ནི་གཏམ་སྨྲས་པས་ཀྱང་དེའི་སྡིག་པ་དག་པར་བྱེད་ཅིང་འཇོམས་པར་བྱེད་པས། དེ་སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་ན་རྣལ་འབྱོར་རང་ཉིད་ལྟ་ཅི་སྨོས། དེ་ལྟར་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་། ལུས་ཏེ་རྒྱུད་དག་པ་ལས་སྐྱོན་མེད་པའི་མིའི་མཆོག་ཀུན་ནས་གཙང་སྦྲའི་སྤྱོད་པ་བྱེད་པ་དེ། སྡིག་པ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་དེ་བཞིན་གཤེགས་པའི་ས་ཐོབ་པར་འགྱུར་རོ། །དེ་ཚེ་འདིར་མ་ཐོབ་ཀྱང་སྡིག་པ་ཐམས་ཅད་རྣམ་པར་དག་པའི་དེ་བཞིན་གཤེགས་པ་དེའི་རིགས་སུ་སྐྱེ་ཞིང་། སྔགས་སྤྱོད་པའི་ཆོས་དང་ལྡན་པའི་རྒྱལ་བོར་འགྱུར་རོ། །གཉིས་པ་ནི། དེ་ལྟར་རྟག་ཏུ་གཙང་སྦྲའི་མཆོད་པ་བྱས་ནས་གུས་པ་ཡིས་ནི་འདས་མ་འདས་ཀྱི་མགྲོན་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དགོས་པ་ནི་རང་གང་འདོད་པའི་ལས་རྣམས་སྒྲུབ་པ་ལ་རྣལ་འབྱོར་པས། བཤད་རྒྱུད་ལས་གསུངས་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་གཏོར་མ་སྦྱིན་པར་བྱའོ། །དུས་ནི་རྒྱུན་དུ་དང་ཁྱད་པར་ཟླ་བ་མར་གྱི་ངོའི་ཚེས་བཅུ་དང་། ཟླ་བ་ཡར་གྱི་ངོའི་ཚེས་བཅུར་གང་གྱུར་པ་ལ། མྱུར་དུ་འབད་པས་གཏོར་མའི་མཆོད་པ་བྱ་སྟེ། དེ་ཡང་འོག་ནས་འབྱུང་བ་ལྟར་མཚན་ཕྱེད་ཀྱི་དུས་སུའོ། །གཏོར་མགྲོན་ནི། རྡོ་རྗེ་ལྷ་མོ་སྟེ་མཁའ་འགྲོ་མས་མཚོན་ནས་བསྟན་པའི་མགྲོན་རྣམས་སོ། །གཏོར་རྫས་ནི་མྱོས་བྱེད་ཆང་དང་ཤ་རྣམས་སོ། །བྱིན་གྱིས་བརླབ་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །གཏོར་མ་ཕུལ་པའི་ཕན་ཡོན་ནི། །སྒྲུབ་པ་པོའི་སྐྱེ་བོ་གུས་པས་མགྲོན་དེ་རྣམས་ལ་གཏོར་མས་མཆོད་པར་བྱས་ན། དཔལ་ཧེ་རུ་ཀ་སྒྲུབ་པ་པོ་ལ་མངོན་པར་དགའ་བར་གྱུར་པ་ཡི་རྒྱུ་མཚན་གང་གི་ཕྱིར་མགུ་བའི་སེམས་ཏེ་ཐུགས་ཀྱིས་དངོས་གྲུབ་མཆོག་ནི་སྩོལ་བར་འགྱུར་ཏེ། སྒྲུབ་པ་པོ་དེ་རྣམས་ཀྱི་ལག་ན་མཆོག་སྟེ་དཔལ་གནས་པར་འགྱུར་རོ། །མཚན་མོའི་དུས་སུ་བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་བ་སྒྲ་གྲོལ་གཅེར་བུར་གྱུར་པས་གཏོར་མ་སྦྱིན་པར་བྱ་སྟེ་འདི་གོང་དུའང་འབྲེལ་ལོ། །རང་ཉིད་ཤྲཱི་ཧེ་རུ་ཀའི་བདག་ཉིད་དུ་དབྱེར་མེད་པར་སྦྱོར་བས་གཏོར་མ་བྱིན་ན་མ་མོ་སྟེ་མཁའ་འགྲོ་མ་རྣམས་མཉེས་པར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་སྤྱོད་པ་དང་བརྟུལ་ཞུགས་དང་མཆོད་པ་དང་གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའི་འགྲེལ་པའོ།། །།གཉིས་པ་ནང་གི་སྦྱིན་སྲེག་རིགས་གཅིག་དང་ལྡན་པའི་ཆོ་ག་ལ་ལྔ། ནང་གི་སྦྱིན་སྲེག་ཡིན་མིན་གྱི་ཆ་དང་བཅས་པ། གཡོན་པའི་ཀུན་སྤྱོད་དང་རིགས་གཅིག་གི་ཆོ་ག །སྦྱིན་སྲེག་གི་ཆོ་ག་གཞན། རིགས་གཅིག་གི་ཆོ་གའི་ཕན་ཡོན་དང་བཅས་པ། ལེའུའི་མཚན་ནོ། །དང་པོ་ལ་གཉིས། ནང་གི་སྦྱིན་སྲེག་གི་ཆོ་ག་དང་། བྱ་བར་རུང་མི་རུང་གི་རྣམ་དབྱེའོ། །དང་པོ་ནི། གང་ཡང་ཞེས་པ་ལ་དེ་ནས་ཞེས་འབྱུང་བ་ལྟར་ཏེ། ཕོ་ཉ་དང་ལྷན་ཅིག་ལེགས་པར་མཆོད་པ་ནི། བླ་ན་མེད་པའི་མཆོད་པ་རྣམ་པར་དག་པའ ི་དངོས་པོ་སྟེ་བདག་ཉིད་དོ། །མྱ་ངན་ལས་འདས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་དཔའ་བོ་དང་རྣལ་འབྱོར་མའོ། །དེ་ལྟར་ཕྱི་ནང་གསང་བའི་མཆོད་པ་དེ་ཡིས་ནི་བདག་ཉིད་སངས་རྒྱས་སུ་བསྒོོམས་ཏེ་མཆོད་པས་སངས་རྒྱས་བྱང་སེམས་སོགས་ཀུན་ལ་མཆོད་པ་དང་། དཔའ་བོ་ཀུན་དང་རྣལ་འབྱོར་མ་རྣམས་ལ་མཆོད་པ་དང་། བརྟན་པ་སྣོད་དང་གཡོ་བ་མི་ལ་སོགས་པ་ཐམས་ཅད་མཆོད་པར་འགྱུར་ཏེ། དེ་རྣམས་ཧེ་རུ་ཀའི་བདག་ཉིད་དུ་མོས་ནས་མཆོད་པའི་ཕྱིར་རོ། །ཆང་དང་བདེ་ཆེན་གྱི་ཞི་བའི་བྱ་བ་ལ་འདུས་པས་ལེགས་པར་གནས་པའི་རྣལ་འབྱོར་ཕོ་མོ་རྡོ་རྗེའི་སྤུན་དང་དཔའ་བོ་རྣལ་འབྱོར་བ་དང་རྣལ་འབྱོར་མ་ལའང་མཆོད་པར་བྱའོ། །གཉིས་པ་ནི། རང་དང་སྤུན་དང་བུ་སོགས་དང་ལྷན་ཅིག་ཏུ་འབྱུང་བའི་བདེ་བ་དང་སྡུག་བསྔལ་ཀུན་དང་བཅས་པ་དེར་ནི་འཇིག་རྟེན་པའི་བརྩེ་གདུང་ཙམ་གྱིས་སྔགས་དང་ཕྱག་རྒྱ་ཉིད་དག་དང་ཕྱག་ཆེན་གྱི་ཡེ་ཤེས་དང་། དཀྱིལ་འཁོར་སོགས་བསྟན་པར་མི་བྱ་སྟེ་ཉེས་པར་འགྱུར་རོ། །དག་བྱེད་བཙའ་རུ་བཟའ་བར་བྱ་ཞེས་པ་ནི་སྣོད་མིན་རྗེས་སུ་བཟུང་བའི་ཕྱིར་དུ་ཕྱོགས་གཅིག་ཏུ་བཟའ་བཏུང་ལ་སྤྱད་པར་བྱ་ཞེས་འཆད་དོ། །དེ་ལྟར་བྱས་ན་རྟག་ཏུ་དམ་ཚིག་ལ་སྤྱོད་པར་འགྱུར་རོ། །གསང་སྔགས་ཀྱི་དབང་བསྐུར་སོགས་ནི་བརྐམ་ཆགས་ཀྱི་དབང་གིས་སུ་ལའང་སྦྱིན་པར་མི་བྱ་ཞིང་མན་ངག་ཀྱང་མི་སྟོན་ལ། མན་ངག་ཉམས་པར་ཡང་སྦྱིན་པར་མི་བྱའོ། །དབང་བསྐུར་ཐོབ་ཅིང་དམ་ཚིག་སྲུང་བར་གནས་པ་ལ་མན་ངག་རྣམས་ཀྱང་དོན་ཇི་ལྟ་བ་བཞིན་སྦྱིན་པར་བྱའོ། །ཕོ་ཉ་མོ་དམ་ཚིག་ཅན་མ་གཏོགས་གཞན་དག་ལ་འདོད་པ་ལ་རྨོངས་པས་བགྲོད་པར་མི་བྱའོ། །ཕོ་ཉ་མོ་དེ་ལ་རྟག་ཏུ་ཞེས་པ་སྟེ་ཆགས་པས་བསྟེན་ན་ཐར་བ་སྟེ་གྲོལ་བར་འགྱུར་རོ། །ལེགས་པར་བསླབ་པའི་ཕྱག་རྒྱ་མེད་ན་ནི། ཕྱག་རྒྱ་སྐལ་བཟང་མ་གཞན་འདའ་བ་སྟེ་ལེགས་པར་སྦྱངས་པ་ཡིས་ཀྱང་ལོངས་སྤྱད་པར་བྱའོ། །ལས་རྒྱ་མཚན་ཉིད་མ་ཚང་བ་སྐྱེས་གནས་དམན་པ་ཡིན་ཏེ་དེ་ལ་མི་གནས་པ་ནི་མཚན་ཉིད་ཚང་བ་ཡིན་པས་དེ་ལའང་བསྙེན་བཀུར་ཉིད་ཙམ་བྱ་བ་མིན་ཏེ། སྙོམས་འཇུག་བྱ་དགོས་པས་སོ། །མ་དང་སྲིང་མོ་དང་བུ་མོ་དང་ཆུང་མ་བཞིན་དུ་ཕོ་ཉ་མོ་ཉིད་དུ་གནས་ན་དེ་ལ་སྡུག་པའི་སེམས་ཀྱིས་མཆོད་པར་བྱའོ། །དེ་འདྲ་བ་ལ་བཤད་བྱུང་ཞིང་དམན་པའི་སེམས་ཀྱིས་དཀའ་ཐུབ་བྱེད་ན་རང་གི་ཕུན་ཚོགས་ངེས་པར་ཟད་པར་འགྱུར་ལ། ལྷའི་འཁོར་ལོ་བསྒོམས་པ་ལས་གྲུབ་པའི་དགེ་བ་བསགས་པ་ཡང་དེ་བཞིན་དུ་འགྱུར་རོ། །ཕོ་ཉ་མཆོག་དང་ལྷན་ཅིག་ཏུ་བྱང་སེམས་ཀྱི་ཟླ་བ་དགུག་པའི་ཆོ་ག་བྱ་བ་ལ་རྣམ་རྟོག་མི་བྱའོ། །འདི་ལ་འགྱུར་མི་འདྲ་བ་གསུམ་སྣང་བས་དོན་ཡང་མི་འདྲ་བ་ཡོད་དོ། །དེ་ལྟ་བུའི་རྫས་ནི་དོན་དམ་རྣམ་པར་ངེས་པ་ཡིན་ནོ། །གཉིས་པ་ལ་གཉིས་གཡོན་པའི་ཀུན་སྤྱོད་དང་། རིགས་གཅིག་གི་ཆོ་གའོ། །དང་པོ་ནི། འཇིག་རྟེན་ཏེ་རྣལ་འབྱོར་བ་རྟག་ཏུ་གཡོན་ནས་སྤྱོད་པར་བྱེད་དོ་ཞེས་སོ། །དེ་ཇི་ལྟ་བུ་ཞེ་ན་འགྲོ་བའི་ཚེ་རྐང་བ་གཡོན་པ་སྔོན་དུ་འདོར་བ་དང་། ལག་པ་གཡོན་པ་སྔོན་དུ་ཡོངས་སུ་བསྒྱུར་བ་སོགས་བྱེད་པ་དང་། ལག་པ་གཡོན་གྱི་སྤྱོད་པས་རབ་ཏུ་མཆོད་པར་བྱེད་པ་དང་། གཡོན་པས་ཕྱག་རྒྱ་མར་འཁྱུད་པ་དང་། གཡོན་པ་ཡིས་ནི་ལྷ་ལ་མཆོད་ཅིང་ཟའོ། །དེ་ལྟ་བུའི་གཡོན་པའི་ཀུན་སྤྱོད་ནི་བརྟུལ་ཞུགས་མཉམས་ཤིང་བརྟུལ་ཞུགས་རྫོགས་པའོ། །གཡོན་པའི་ཀུན་སྤྱོད་ཀྱི་ངེས་དོན་ནི་རང་བཞིན་གྱིས་སྟོང་བ་ལ་གཡོན་དུ་བྱས་པ་དང་། དེ་རྟོགས་པའི་ཡེ་ཤེས་ལ་གཡོན་དུ་བྱས་པའི་ཚུལ་གཉིས་ཏེ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། སྒྲུབ་པོ་རང་གི་བྱ་བ་རྣལ་འབྱོར་ལ་བརྩོན་པ་ནི། དམ་ཚིག་ལྡན་པའི་རིག་མ་ལ་སྤྱོད་པ་དང་། དེ་དང་ལྷན་གཅིག་ཏུ་ཟས་ལ་སྤྱོད་པར་བྱེད་པ་དང་། ཕྱག་རྒྱ་རིགས་ལྔ་ལ་ནི་ཀུན་དུ་སྤྱོད་པ་ཡིན་ལ། དེ་ཡང་རིན་པོ་ཆེའི་རིགས་རྡོ་རྗེའི་རིགས་སུ་བསྡུས་ནས་རིགས་བཞིར་རབ་ཏུ་བརྟག་པར་བྱ་བ་དང་། དེ་རྣམས་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་།དེ་གསུམ་ཡང་རྡོ་རྗེ་འཆང་གི་རིགས་གཅིག་ལ་ནི་ཀུན་དུ་སྤྱོད་པའི་གྲུབ་པའི་རྣལ་འབྱོར་བས་རབ་ཏུ་མཆོད་པ་སྟེ་རྗེས་སུ་མཐུན་ནོ། །གསུམ་པ་ནི། དྲག་པོའི་སྦྱིན་སྲེག་བྱ་བ་སྟེ། མངོན་སྤྱོད་ཀྱི་ཡོ་བྱད་རྣམས་དང་། ཁྱད་པར་བ་ལང་གི་ཤ་དང་རྟ་ཤ་དང་ཁྱི་ཤ་དག་དང་སྣ་ཚོགས་པ་སྟེ་རྨ་བྱ་སོགས་ཀྱི་ཤ་རྣམས་བསྒྲུབ་བྱའི་ཤར་བསམས་ནས་དེས། ཐབ་ཁུང་གི་དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི་རྩ་སྔགས་ཀྱིས་སྤེལ་ཚིག་དང་བཅས་པའི་སྦྱིན་སྲེག་བཤད་པ་བཞིན་བྱས་ན། བསྒྲུབ་བྱ་ལྟ་ཅི་སངས་རྒྱས་དག་ཀྱང་དེས་འཇིག་པ་སྟེ་ཕུལ་བྱུང་བརྗོད་པའོ། བཞི་བ་ནི། ཕྱག་རྒྱ་དང་སྔགས་ལེགས་པར་བསླབས་པའི་རྣལ་འབྱོར་མ་དང་ཡང་དག་པར་ལྡན་པའི་དཔའ་བོ་ནི་བསྔགས་པའི་གནས་ཡིན་ལ། དེ་རྣམས་ཀྱི་ཟས་ཏེ་སྟོན་མོ་བྱེད་པ་ཡང་དེ་བཞིན་དུ་བསྔགས་པའི་གནས་སོ། །ཤྲཱི་ཧེ་རུ་ཀ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་ཡི་སྤྲུལ་པ་ནི་ཧེ་རུ་ཀར་བསྒྲོམས་པའི་རྣལ་འབྱོར་རོ། །དེ་ཉེ་བར་སྤྱོད་པ་ནི་དེ་ལ་གུས་པས་སྤྱོད་པའོ། །ཕྱི་རོལ་ཙམ་སྟོན་པའི་བསྟན་བཅོས་ཀུན་རྣམས་སྤངས་པ་སྟེ་འདོར་བའོ། །ཉེར་སྤྱོད་དེ་རྟག་པ་ཉིད་དུ་འཛིན་ཞིང་དམ་ཚིག་སྲུང་བ་ནི། ལས་རྣམས་ཀུན་སྲུང་བ་དང་སྒྲུབ་པ་ལ་བགེགས་མེད་པར་ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་བོ། །འདིར་ནི་འགར་ཡང་འགྲུབ་མ་ཡིན། ཞེས་པ་ལ་འདིར་ནི་གཞན་དག་འགྱུར་མ་ཡིན་ཞེས་འབྱུང་བ་ནི། འདིར་ནི་སྟེ་སྔར་བཤད་པ་དེ་ནི་ཉན་ཐོས་ཀྱི་བྱང་ཆུབ་སོགས་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་གསུང་། སྒྲུབ་པ་པོ་དེ་ཡི་ཕོ་ཉ་མོ་མཆོག་སྟེ་གཞན་བཟང་བོ་དང་བཅས་ཞིང་ལྷན་ཅིག་བརྩོན་པར་ལྡན་པ་སྟེ་ལེ་ལོ་མེད་པར་བྱ་བ་ཡིན་ནོ། །ཀུན་ནས་ཆགས་པའི་དགའ་བས་ཕོ་ཉ་མོ་དང་ལེགས་པར་སྦྱོར་བ་ལས་རྣལ་འབྱོར་གྱི་རྫས་བྱང་ཆུབ་ཀྱི་སེམས་ཀྱིས་རྣམ་པར་འབྱེད་པ་སྟེ་འབྲས་བུ་གཉིས་སྦྱིན་པར་བྱེད་པ་ཉིད་དོ། །བླ་མའི་མན་ངག་སྒོམ་པ་ལ་དགའ་ཞིང་གུས་པ་དང་ལྡན་པས་ཚེ་འདིར་སངས་རྒྱས་མ་ཐོབ་ནའང་། རྣལ་འབྱོར་བ་དེ་ནི་ཇི་ལྟར་འདོད་པའི་དོན་རྣམས་ནོར་སྦྱིན་དང་མཚུངས་པར་འབྱོར་བར་འགྱུར་རོ། །ལྔ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བསྡུས་པའི་རྒྱུད་ལས། ཕོ་ཉ་དང་འདུས་ནས་བཟའ་བཏུང་ལ་ལོངས་སྤྱོད་པའི་ནང་གི་སྦྱིན་སྲེག་དང་། ཕོ་ཉའི་རིགས་ཐམས་ཅད་རྡོ་རྗེ་འཆང་གི་རིགས་གཅིག་དང་ལྡན་པར་བྱས་ནས་ཕོ་ཉ་མཆོད་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའི་འགྲེལ་པའོ།། །།གསུམ་པ། ཕོ་ཉའི་མཚན་ཉིད་ནུས་པའི་གནས་སྐབས་ཀྱི་ཆོ་ག་ལ་གསུམ། བཤད་པར་དམ་བཅའ་བ། བཤད་པ་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔ་མ་ལས་གཞན་ཡང་སྟེ་ཕོ་ཉའི་ཁྱད་པར་གྱི་མཚན་ཉིད་ཤེས་པར་བྱ་བ་བསྟན་པར་བྱའོ། །དགོས་པ་གང་ན། རྣལ་འབྱོར་བ་གང་གིས་ཕོ་ཉའི་མཚན་ཉིད་ཡང་དག་པ་ཤེས་པར་འགྱུར་བའི་ཆེད་ཡིན་ལ། དེ་ཤེས་ན་མཁའ་འགྲོ་མ་རྣམས་དམ་ཚིག་ལ་མི་འདའ་བར་སྒྲུབ་པོ་ལ་ཕན་པའི་ཕྱིར་དུ་གནས་པར་འགྱུར་རོ། །གཉིས་པ་ལ་གསུམ། ཕོ་ཉའི་མཚན་ཉིད། ནུས་པའི་ཆོ་ག །རྣལ་འབྱོར་ཆེན་པོའི་བསྔགས་པའོ། །དང་པོ་ནི། མཁའ་འགྲོ་མའི་དམ་ཚིག་ཤེས་ཏེ་བསྟེན་ན་དེ་རྣམས་ཀྱིས་རྣལ་འབྱོར་བ་མིང་བོ་དང་ཕ་དང་ཡང་བདག་པོ་ཁྱོད་ཉིད་བཞིན་དུ་སྐད་ཅིག་གིས་མཐོང་ནས་རྗེས་སུ་འཛིན་ནོ། །ཡང་ན་བདག་པོ་སྟེ་རྣལ་འབྱོར་བས་སྐད་ཅིག་མཐོང་བ་སྟེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་མྱུར་དུ་མཐོང་བར་འགྱུར་རོ། །ལྕེ་སྦོམ་པ་དང་བཞིན་འཕེལ་ཀ་ཆེ་བ་སོགས་ཀྱི་ཕྱག་རྒྱ་མ་དང་། མིག་ནི་དམར་སེར་ཤས་ཆེ་ཞིང་རྐང་ལག་དམར་བ་སོགས་ཀྱི་ཕྱག་རྒྱ་མ་དང་། ལུས་དང་ཡན་ལག་རྩུབ་པའི་ཕྱག་རྒྱ་མ་དང་། སྤུ་སྟེ་སྐྲ་ནི་དམར་སེར་དང་སྐྲ་འཁྱིལ་བ་སོགས་ཕྱག་རྒྱ་མ་རིགས་བཞིའི་མཚན་ཉིད་དོ། །ཕྱག་རྒྱ་མ་དེ་རྣམས་དངོས་གྲུབ་ཀྱི་ཆེད་དུ་རྣལ་འབྱོར་བ་ཐམས་ཅད་ཀྱི་ཐུན་མོང་དུ་རྗེས་སུ་འགྲོ་བའོ། །གང་ཞིག་བཟླས་པ་དང་བརྟུལ་ཞུགས་དག་ལ་རྟག་ཏུ་དགའ་བ་དང་ཕོ་ཉ་མོའི་མཚན་ཉིད་རྣམས་དྲན་པ་དང་ནི་ཡང་དག་པར་ལྡན་པ། ཕོ་ཉ་མོ་དང་སོགས་ཏེ་བཟའ་བ་དང་སྲུང་བའི་དམ་ཚིག་ལ་གོ་འཕང་སྟེ་གནས་པ་དང་བཅས་པ་དེ་ལ། མཁའ་འགྲོ་མ་མཆོག་ཉི་ཤུ་རྩ་བཞིས་སྤྱོད་པ་སྟེ་མངོན་མཐོ་སོགས་ལ་མངོན་ཞེན་གྱི་འཆིང་བ་ལས་གྲོལ་པའི་འབྲས་བུ་རབ་ཏུ་སྟེར་བར་བྱེད་དོ། །གཉིས་པ་ནི། ལྷའི་འཁོར་ལོ་བསྒོམས་ནས་རྩ་བའི་སྔགས་ནི་རྟག་ཏུ་ཟློས་པ་སྟེ་བཟླའོ། །དེས་ནི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་དང་། བར་དུ་གཅོད་པའི་བདུད་ཀུན་རབ་ཏུ་ཞི་བར་བྱེད་ཅིང་། རྒྱུ་བ་སྣོད་དང་མི་རྒྱུ་བ་བཅུད་དང་ས་འོག་སོགས་འཇིག་རྟེན་གསུམ་པོ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་རོ་གཅིག་ཏུ་བྱས་པའི་རྣལ་འབྱོར་ལ་རོལ་བས། སྤྱོད་པ་དང་གྲོལ་བའི་འབྲས་བུ་རབ་ཏུ་སྟེར་བར་བྱེད་དོ། །དེའི་ཕྱིར་དངོས་གྲུབ་ཐམས་ཅད་གསང་སྔགས་འདི་ལས་འབྱུང་བ་ཡིན་ནོ། །སྔགས་དང་ཕྱག་རྒྱར་ཡང་དག་པར་ལྡན་པའི་སྒྲུབ་པ་པོ་ཉིད་ནི་དངོས་གྲུབ་སྒྲུབ་པ་ལ་བརྩོན་པ་ཡིན་པས། ཕྱག་རྒྱ་ལ་སྦྱོར་བ་དང་བྲལ་བས་གསང་སྔགས་ནི་ལུས་ཅན་སྒྲུབ་པ་པོ་རྣམས་ལ་འགྲུབ་པར་མི་འགྱུར་རོ། །ཇི་སྲིད་དུ་ཚར་གཅོད་རྗེས་འཛིན་ནུས་པའི་དྲོ་བའི་བྱ་བ་དག་ཐོབ་པ་དེ་སྲིད་དུ་མངོན་པར་བརྩོན་པས་འབད་ནས་ཐོས་པ་དང་མ་ཐོབ་པ་ཡང་རྟོགས་པར་བྱའོ། །གསུམ་པ་ལ་གཉིས། རྣལ་འབྱོར་བ་ལ་སྡང་བའི་ཉེས་དམིགས། རྣལ་འབྱོར་ཆེན་པོ་ལ་གནས་པའི་ཕན་ཡོན་ནོ། །དང་པོ་ནི། འདོད་པའི་དོན་ཀུན་སྒྲུབ་བར་བྱེད་པའི་དཔའ་ཧེ་རུ་ཀའི་རྣལ་འབྱོར་ཆེ་བ་སྟེ་ཆེན་པོ་ལ་མི་གང་ཞིག་སྡང་བས་སུན་འབྱིན་པ་ནི། དམྱལ་བར་འགྲོ་ཞིང་དེ་ལས་ཐར་ཡང་ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ཏེ། མིར་སྐྱེས་ཀྱང་སྨེ་ཤ་ཅན་ཏེ་རིགས་ངན་དུ་སྐྱེ་བར་འགྱུར་རོ། །དཔེར་ན་མི་ལ་ལས་མར་འདོད་པས་འབད་པས་ཆུ་ནི་བསྲུབས་པར་གྱུར་ཀྱང་། མར་སར་འབྱུང་བར་མི་འགྱུར་གྱི་ལུས་ཉོན་མོངས་པ་སྟེ་སྡུག་བསྔལ་བ་ཁོ་ནར་ཟད་དོ། །དེ་བཞིན་དུ་རྣལ་འབྱོར་འདི་དོར་ནས་འཚོ་བའི་ཐབས་ཀྱི་རྒྱུར་གྱུར་བའི་རྣལ་འབྱོར་གཞན་ལ་བརྟེན་ནས་འཛིན་ཅིང་མཆོད་པར་བྱེད་ནི། འདི་དང་གཞན་དུ་སྟེ་ཕྱི་མར་ངལ་བ་དོན་མེད་པར་འགྱུར་རོ། །གཉིས་པ་ནི། ཧེ་རུ་ཀའི་རྣལ་འབྱོར་ཆེན་པོ་མཆོག་འཛིན་པའི་དཔའ་བོ་སྟེ་སྒྲུབ་པ་པོ་ནི། ཡུལ་ཕྱོགས་གང་ན་གནས་པར་གྱུར་པ་ན་རྣལ་འབྱོར་བ་དེ་རིགས་ངན་དང་ཀླ་ཀློ་ཡིན་ན་ཡང་དེ་གནས་པའི་ཡུལ་དེ་དཔའ་བོའི་ཡུལ་དུ་ཡོངས་སུ་བརྟགས་པར་བྱ་སྟེ། ཡུལ་དེའི་སེམས་ཅན་ཡོངས་སུ་བཟུང་བའི་རྒྱུར་ཡུལ་དེ་རྒྱུ་ཧེ་རུ་ཀ་ངཱ་ནི་རྟག་པར་རྣལ་འབྱོར་པ་དེའི་སྙིང་ལ་གནས་སོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཕོ་ཉའི་མཚན་ཉིད་བསྟན་པ་དང་། དྲོད་ཀྱི་ནུས་པའི་གནས་སྐབས་སྐྱེད་ཐབས་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའི་འགྲེལ་པའོ།། །།དྲུག་པ་བར་ཆད་སེལ་ཞིང་སྲུང་བའི་སྔགས་བཏུ་བ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི་དེ་ནས་གཞན་ཡང་གནོད་མཛེས་ཀྱི་སྔགས་ཀྱི་མངོན་པར་རྟོགས་པ་བཤད་པར་བྱའོ། །དེ་ཡང་གཞན་གྱིས་ཤིན་ཏུ་རྙེད་པར་དཀའ་བའི་དབྱངས་གསལ་དགོད་པར་བྱ་སྟེ། དགོས་པ་ནི་སྒྲུབ་པ་པོ་གང་གིས་སྔགས་བ ཏུ་བའི་ཚུལ་ཤེས་པ་ཙམ་གྱིས་ནི་མྱུར་དུ་བགེགས་ཞི་བའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །གཉིས་པ་ལ་གསུམ། ས་གཞི་བསྟར་བ་སོགས་བྱས་ཏེ་སྔགས་པ་བཏུ་བ། བཏུས་པའི་ཆེ་བ་ཆོ་ག་དང་བཅས་པ། སྔགས་བཞི་རིམ་པར་བསྒྲིགས་ཏེ་བསྟན་པའོ། །དང་པོ་ལ་བཞི། གང་དུ་བཏུ་བའི་གཞི། གང་གིས་འཐུ་བའི་རྣལ་འབྱོར། གང་ལས་འཐུ་བའི་གཞི། བཏུ་བའི་ཚུལ་དངོས་སོ། །དང་པོ་ནི། སྔགས་འཐུ་བའི་ས་ཡི་ཆ་ནི་མཐོ་དམན་མེད་པར་མཉམ་ཞིང་ཡིད་དུ་འོང་བར་ཙནྡ ན་གྱི་ཆུས་ནི་ཉེ་བར་བསྐུ་བར་བྱའོ། །དྲི་བཟང་བོའི་དྲི་དང་ལྡན་པའི་ས་ལ་ནི་མེ་ཏོག་སིལ་མ་གཅལ་དུ་བཀྲམ་ཞིང་། མར་མེའི་ཕྲེང་བས་ཡང་དག་པར་དཀྲིགས་པར་དང་། སྤོས་ཀྱི་དྲི་ཡིས་ཉམས་དགའ་བར་བྱས་པའི་གཞིར་སྔགས་བཏུའོ། །གཉིས་པ་ནི། འཐུ་བ་པོ་བདག་གིས་བྱ་དགོས་པ་ཐམས་ཅད་བྱས་ནས་ནི་སྔགས་བཏུ་བར་བྱ་ཞིང་། དེར་མ་ཟད་རྡོ་རྗེའི་ས་གཞི་དང་ར་གུར་སོགས་ཀྱི་ཕྱོགས་བཅིང་བ་ཡང་བྱས་ནས་དེའི་རྗེས་སུ་བྱའོ། །གསུམ་པ་ནི། ཕྱོགས་བཅིངས་བ་དེ་ནས་རྫ་རྫབཅིངས་བ་ལྟ་བུའི་དབྱིབས་ས་ལ་བྲི་བར་བྱ་སྟེ། དེ་ཡང་ཕྱོགས་རེ་ནས་རི་མོ་བརྒྱད་བརྒྱད་ཀྱིས་བསྐོར་བ་ལ་རེའུ་མིག་བདུན་བདུན་ཏེ་ཞེ་དགུར་འགྱུར་ལ། དེ་ནས་རི་མོ་དགུ་བས་བསྐོར་བ་སྟེ་དབུས་སུ་བྱེད་དོ། །རྫ་རྔའི་དབྱིབས་ནི་རེའུ་མིག་བྱེད་པའི་གཞི་ཡིན་གྱི། རིའུ་མིག་གི་དབྱིབས་མིན་ནོ། །དེ་ལྟར་རི་མོ་དགུ་ཡིས་ལེགས་པར་བསྐོར་ནས་རེའུ་མིག་ཞེ་དགུ་ལ་ནི་ཡི་གེ་སྟེ་གསལ་བྱེད་དང་། ཕྱི་མོ་སྟེ་དབྱངས་རྣམས་མཉམ་པ་སྟེ་རྫོགས་པར་བྲིས་ལ། སློབ་དཔོན་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་ཤིན་ཏུ་མཉམ་པར་བཞག་པས་ཨ་ནས་ཧའི་བར་དགོད་པར་བྱ་ཞིང་། དབུས་སུ་ནི་ཀྵ་བྲིའོ། །བཞི་བ་ལ་གསུམ། སྔགས་བཏུ་བ་མདོར་བསྟན་པ། བཏུ་གཞི་དང་མདོར་བསྟན་གྱི་ངེས་དོན། བཏུ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རེའུ་མིག་དེར་གནས་པའི་དབྱངས་གསལ་ལས། ལྷ་སྔགས་དབྱེར་མེད་པའི་དཔའ་བོ་ནི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པའི་སྔགས་བཏུ་བར་བྱའོ། །ཇི་ལྟར་ན། དབྱངས་རྣམས་རིམ་བཞིན་འབྱུང་བ་སྟེ་གཡས་སྐོར་དང་། ཡི་གེ་སྟེ་གསལ་བྱེད་རྣམས་རིམ་མིན་རེ་གཡོན་སྐོར་དུ་བྱས་པའི་ཚུལ་གྱིས་སྒྲུབ་པོའོ་ཡི་གེའི་གྲངས་རྣམས་རེའུ་མིག་དེ་དག་གི་ནང་དུ་ཆུད་པར་བྱས་ལ་ཐུའོ། །གཉིས་པ་ངེས་དོན་ནི། རྫ་རྔའི་སྐད་དོད་མུ་ར་ཛེ་ནི་སྐུ་གསུམ་མོ། །རི་མོ་བརྒྱད་དང་བཅས་པའི་དགུ་པ་ནི་རླུང་སྟེ། རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་དོན་ནོ། །དབྱངས་གསལ་གྱིས་གསུང་རབ་ཡན་ལག་བཅུ་གཉིས་མཚོན་ཞིང་། ཀྵ་ནི་མི་ཤིགས་པའོ། །དབྱངས་གསལ་ལས་སྔགས་ཐུབ་པ་ནི་སྙིང་བོ་བདག་མེད་རྟོགས་པའི་ཡེ་ཤེས་ཐུ་བའོ། །བཏུས་པའི་སྔགས་ཀྱིས་བདུད་འཇོམས་ངེས་དོན་ནི་ཡེ་ཤེས་དེས་ནང་གི་བདུད་བསྒྲིབ་པ་འཇོམས་པའོ། །དབྱངས་གསལ་ལུགས་འབྱུང་ལུགས་བཟློག་ནི་ཡས་བབས་མས་བརྟན་གྱིས་དགའ་བཞི་བསྐྱེད་པའོ། །མདོར་ན་སྙིང་ཁའི་མི་ཤིགས་པ་ལ་རྡོར་བཟླས་བྱས་ནས་དགའ་བཞི་སྐྱེད་པས་བདེ་སྟོང་སྦྱོར་པའི་དོན་ཏེ། འདི་དག་གི་ངེས་དོན་ཞིབ་པར་སྦས་དོན་ཀུན་གསལ་ལས་བཤད་པར་དེར་ཤེས་པར་བྱའོ། །གསུམ་པ་ལ་བཞི། སྔགས་རྐང་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། གཞི་བ། ཐོག་མཐའི་ཡི་གེ་དང་བཅས་པ་བཏུ་བའོ། །དང་པོ་ནི། དགེ་བ་ཐུབ་པར་བྱས་ནས་ནི་ཞེས་པ་འདི་འགྲེལ་བ་གཞན་ན་མེད་པ་ལྟར་ལེགས་སོ་གསུང་། དེ་ནས་འདིར་ཐུབ་པ་ནི་བདུན་གྱི་གྲངས་ཏེ། སྡེ་ཚན་བདུན་པོ་དེ་ཡི་གྲངས་སུ་གྱུར་པ་གསལ་བྱེད་ལས། ཀ་ནས་བགྲངས་བའི་རེའུ་མི ག་སུམ་ཅུ་གཉིས་པས་བླངས་ལ། ཨ་ནས་བགྲང་བའི་དབྱངས་ལྔ་བ་ཨུ་ཐུང་ངུ་ཡིས་ནི་ཁྱད་པར་དུ་ཡིས་ནི་ཁྱད་པར་དུ་བྱས་པས་སུའོ། །བརྒྱའི་ཕྱེད་ལྔ་བཅུ་དེའི་ཕྱེད་ཉེར་ལྔ་བ་སྟེ། ཀ་ནས་བགྲངས་བའི་ཉེར་ལྔ་བ་མ་ཡང་དག་པར་བླངས་ལ། ཉི་ཤུ་རྩ་བཞི་བ་བྷ་ཡིས་ཕྱེ་བ་སྟེ་མ་ལ་འདོགས་སོ། །ཨ་ནས་བགྲངས་བའི་རེའུ་མིག་སུམ་ཅུ་དྲུག་པ་ན་བླངས་ལ། དབྱངས་གསུམ་པ་ཨི་ཡིས་ནི་ཁྱད་པར་དུ་དབྱེ་བས་ནིའོ། །དེ་ནས་ཀ་ནས་བགྲངས་བའི་སུམ་ཅུ་གཉིས་པ་ས་བླངས་ལ། དབྱངས་ལྔ་པ་ཨུ་ཡིས་ཁྱད་པར་དུ་བྱས་པས་སུའོ། །དེ་ནས་ཉི་ཤུ་ལྔ་པ་མ་བཟུང་ལ། ཉི་ཤུ་བཞི་བ་བྷ་དག་དང་སྦྱར་བ་སྟེ་དེ་ལ་གདགས་སོ། །དེ་བཞིན་དུ་ཀ་ནས་སུམ་ཅུ་རྩ་གསུམ་པ་ཧ་ཡང་དག་པར་བླངས་ལ། ཨ་ནས་རེའུ་མིག་བཅོ་ལྔ་བ་ཡིར་ཏེ་ཨཾ་དང་ལྡན་པ་སྟེ་ཨཾ་གྱི་ཨ་ཡིག་ནི་བརྗོད་དོན་ཡིན་པས་ཕྱིས་ཏེ་ཐིག་ལེ་ཧའི་མགོ་བོར་བྱིན་པས་ཧཾ་མོ། །དེ་དབྱངས་ཀྱི་ལྔ་བ་ཨུ་དག་དང་ཡང་དག་བཅས་པ་ཧཱུྃ་སོ། །དེ་ནི་མཛེས་པའི་མཆོག་ནི་ཡིན་པར་འདོད་དེ་རྐང་བ་དང་པོའོ། །གཉིས་པ་ནི། ཨ་ནས་བགྲངས་བའི་རེའུ་མིག་བཅུ་དགུ་བ་ག་བཟུང་བར་བྱས་པ། མེ་ཡི་བུ་སྟེ་ར་དང་ཡང་དག་པར་ལྡན་པར་བྱས་པས་གྲའོ། །དེ་ལ་དབྱངས་ཀྱི་རེའུ་མིག་གསུམ་ཨི་ཐུང་དུས་རྣམ་པར་ཕྱེ་བས་གྲིའོ། །ཡ་སོགས་ཏེ་ཡ་ནས་བགྲངས་པའི་བརྒྱད་པའི་བོན་ཧ་ལ་ཨ་ནས་རེའུ་མིག་སུམ་ཅུ་དྲུག་པ་ན་དང་ཡང་དག་པར་ལྡན་པར་གྱུར་བ་ནི་ཧ་ལ་ན་བཏགས་པའོ། །སླར་ཡང་གྲི་ཧའི་ཚིག་དེ་དག་ཉིད་སྦྱར་བ་ནི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ནས་རང་བྱུང་ཧ་བླངས་ནས་ནི་རེའུ་མིག་ལས་ནི་ལྔ་བ་ཨུ་དང་སྦྱར་བས་ཧུའོ། །དེའི་སྤྱི་བོར་ནཱ་ང་སྦྱར་བའི་ཐིག་ལེ་བྱིན་པ་ཧུཾ་ནི་འདོད་པའི་དོན་ཀུན་སྒྲུབ་བྱེད་ཅེས་བྱ་བའི་སྔགས་ཚིག་རྐང་བ་གཉིས་པ་ཡིན་པར་བཤད་དོ། །གསུམ་པ་ནི། ཨ་ནས་རེའུ་མིག་བཅུ་དགུ་བ་ཀ་ཉིད་ལ། ཀ་ནས་ཉི་ཤུ་རྩ་བདུན་པ་ར་ཡིས་ཕྱེ་བས་གྲའོ། །དེ་ལ་དབྱངས་གསུམ་པ་ཨི་དག་དང་ཡང་དག་པར་ལྡན་པར་བྱས་པ་གྲིའོ། །ཀ་ནས་སུམ་ཅུ་རྩ་གསུམ་པ་ཧ་ལེགས་པར་བླངས་ཏེ། དབྱངས་ཀྱི་རེའུ་མིག་གི་གཉིས་པ་ཨཱ་རིང་པོ་དང་སྦྱར་རོ། །ག་ནས་ཉི་ཤུ་བ་ན་དང་ཡང་དག་པར་ལྡན་པ་སྟེ་ཧ་ལ་བཏགས་པ་ནི་མཛེས་པའི་མཆོག་ནི་ཡིན་པར་འདོད་དོ། །འདིར་ན་ནི་མགོའི་ཧའི་དབང་གིས་ཎར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཀ་ནས་ཉི་ཤུ་རྩ་གཅིག་པས་ཉིད་དང་། དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ཡ་བཏུ་བ་ཡིན་ནོ། །གྲི ཧྣ་པ་ཡ་ལན་གཉིས་སུ་བཟླས་པའི་ཚིག་དུ་ནི་ཧེ་རུ་ཀའི་ང་རྒྱལ་ལ་ཤིན་ཏུ་མཉམ་པར་གཞག་སྟེ་བཏུའོ། །དེ་ནས་གསལ་བྱེད་ཀྱི་གོ་རིམ་བཟློག་པའི་དང་པོ་ཧ་ཉིད་གཟུང་ངོ་། །རེའུ་མིག་ལས་ཏེ་དེའི་ནང་ནས་ནི་ཞེས་པ་ཡིན་ལ། ཀྵ་དབུས་སུ་སོང་བས་ཧ་ཐ་མར་འོང་ངོ་། །ཧ་དང་པོར་བཤད་པ་ནི་གསལ་བྱེད་ལུགས་བཟློག་ཡིན་པའི་དབང་དུ་བྱས་པའོ། །བཞི་བ་ནི་དབྱངས་ཀྱི་བཞི་བ་ཨཱིའོ། །དེའི་མཐའ་སྟེ་ཕྱི་མ་ཨུ་ཐུང་ངུ་སྟེ་ཧ་དེ་དང་ཡང་དག་པར་ལྡན་པར་བྱས་པས་ཧུའོ། །དེ་བཞིན་དུ་དབྱངས་ཀྱི་བཅོ་ལྔ་བ་ཨཾ་གི་ཨ་ཕྱིས་ནས་ཐིག་ལེ་དང་བཅས་པར་བྱས་པས་ཧུ་མོ་ཆོས་སྟེ་མངོན་མཐོ་སྒྲུབ་བྱེད་དང་། དོན་ཏེ་ནོར་རམ་ལོངས་སྤྱོད་དང་། འདོད་པ་ལ་བརྟེན་པ་དང་། ཐར་བ་ངེས་ལེགས་སྒྲུབ་པ་ཡི་སྔགས་ཀྱི་ཚིག་ནི་གསུམ་པ་ཡིན་པར་བཤད་དོ། །བཞི་བ་ནི། དབྱངས་ཀྱི་རེའུ་མིག་གཉིས་པའི་བོན་ཨཱ་རིང་པོ་དང་། རེའུ་མིག་སུམ་ཅུ་དྲུག་པ་ན་ཉིད་དང་། དེ་བཞིན་དུ་ཀ་ནས་ཉི་ཤུ་དྲུག་པ་ཡ་དང་། ཨ་ནས་སུམ་ཅུ་གསུམ་པ་ཧ་ཡང་དག་པར་བླངས་ལ། ཨ་ནས་རེའུ་མིག་བཅུ་གསུམ་པ་ཨོ་ལིར་ཏེ་དེ་དང་ལྡན་པར་བྱས་པས་ཧོའོ། །སྒྲུབ་པོས་གསལ་བྱེད་ཀྱི་རེའུ་མིག་གོ་རིམ་བཟློག་པའི་ཏ་ནས་བགྲངས་པས་བཅུ་བ་བྷ་དང་ཨ་ནཱ་རེའུ་མིག་ལས་ནི་བཅུ་དགུ་པ་ཉ་དང་། དེ་བཞིན་དུ་ཉི་ཤུ་རྩ་དགུ་བ་ཝ་ནི་ཨ་ནས་རེའུ་མིག་གཉིས་པ་ཨཱ་རིང་པོ་དང་ཡང་དག་ལྡན་ཞིང་། སྒྲ་སྟེ་ནཱ་དང་ཐིག་ལེས་རྣམ་པར་བརྒྱན་པར་བྱའོ། །དེ་ནས་ཆུ་ཡི་ས་བོན་བ་དང་། ཀ་ནས་བརྒྱད་པ་ཛ་ཡ་ནི་དེ་བཞིན་དུ་བཟུང་ངོ་། །མེ་ཡི་བུ་ཏེ་ར་ཡིས་ཁྱད་པར་དུ་དབྱེ་བ་སྟེ་ཛ་ལ་གདགས་སོ། །ཡི་གེ་ཧུཾ་གིས་སྔགས་དེའི་མཐའ་རུ་སྦྱར་ཏེ། འདི་ནི་ཁམས་གསུམ་སྟེ་ཚངས་པ་ཁྱབ་འཇུག་དབང་ཕྱུག་གསུམ་ལས་རྒྱལ་བར་བྱེད་པ་ཅེས་བྱ་བའི་སྔགས་ཀྱི་ཚིག་རྐང་བ་བཞི་ཡིས་རྣམ་པར་བརྒྱན་པའོ། །དེ་ལ་ༀ་ནི་རྐང་བ་བཞི་བོ་ཀུན་ལ་ཐོག་མའི་གསལ་བྱེད་དང་། ཧཱུྃ་དང་ཕཊ་ནི་རྐང་བ་རེ་རེའི་མཐའ་རུ་སྦྱར་བར་བྱ་སྟེ། འདིའི་ཧཱུྃ་རྣམས་ལ་ཐིག་ལེ་ཡོད་ཀྱང་ཟླ་ཕྱེད་མེད་དོ། །སྔར་གྱི་ཧུཾ་དང་བཅས་པ་ཧཱུྃ་གཉིས་རེ་དང་ཕཊ་རེ་རེའོ། །གཉིས་པ་ལ་གཉིས། སྔགས་ཀྱི་ཆེ་བ་དང་། སྔགས་ཀྱི་ཆོ་གའོ། །དང་པོ་ནི་རིག་པ་སྟེ་ལྷ་རྣམས་སོ། །དེའི་རྒྱལ་པོ་ནི་འཁོར་ལོ་སྒྱུར་བ་ཧཱུྃ་མཛད་དང་། གནོད་མཛེས་ཀྱི་སྔགས་བ ཏུ་གཞི་སོགས་ཀྱི་ངེས་དོན་དང་བཅས་པ་འདི་ནི་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་རོ། །གང་དུ་མ་བྱུང་བ་ནི། རྩ་རྒྱུད་དེ་ཉིད་བསྡུས་པ་དང་། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་དང་སྒྱུ་མ་བདེ་མཆོག་དང་། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་དུའང་མ་བྱུང་ངོ་། །འཁོར་ལོ་ཞེས་པ་འགྱུར་གཞན་ལ་མེད་ཅེས་གསུང་། ཧཱུྃ་མཛད་ལ་ཁྲོ་བོ་འདོད་རྒྱལ་དབྱུག་སྔོན་ཅན་སྟོབས་པོ་ཆེ་མི་གཡོ་བ་སྟེ་ཁྲོ་བོ་བཞིས་བསྐོར་བ་དང་། ཡང་དག་པར་ལྡན་པའི་སྲུང་འཁོར་དང་། སྐད་ཅིག་གིས་སྔགས་རྐང་བ་བཞི་བརྗོད་པ་ལས་ནི་སྒོ་མཚམས་བརྒྱད་ཀྱི་སྐུར་འགྱུར་བའི་སྲུང་འཁོར་བསྒོམས་པར་བྱ་བ་སྟེ། དེ་ཡང་བདེ་བ་ཆེན་པོའི་ངོ་བོ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་དང་། གཞན་ཡང་སྲུང་བའི་དོན་དུའོ། །དེ་ལྟར་བྱས་པས་གདུག་པ་ཅན་ཐམས་ཅད་ཁྱད་པར་ཏེ་ངེས་པར་ཟིལ་གྱིས་གནོན་པ་འདི་ནི་རྙེད་པ་ཙམ་གྱིས་ཀྱང་བརྟག་མི་དགོས་པ་སྟེ་ཐེ་ཚོམ་མེད་པར་གདུག་པ་ཅན་རྣམས་འཆི་བར་བྱེད་པར་འགྱུར་རོ། །རང་གི་ལུས་ལ་ཤེས་རབ་ཀྱི་ལུས་སུ་ཤུགས་ཏེ་སླར་རང་གི་ལུས་ལ་ཞུགས་པས་འཁོར་ལོའི་སྦྱར་བ་རྣལ་འབྱོར་བ་བདག་ཉིད་ཀྱིས་སྔགས་དེ་བཟླས་ན། དངོས་གྲུབ་ཀུན་གྱི་འབྲས་བུ་བགེགས་མེད་པར་བསྐྱེད་པར་འགྱུར་རོ། །གསུམ་པ་ནི། ༀ་སུམ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ། ༀ་གྲིཧྞ་གྲི ཧྞ་ཧཱུྃ་ཧུཾ་ཕཊ། ༀ་གྲིཧྞ་པ་ཡ་གྲི ཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་ཧཱུྃ་ཧཱུྃ་ཕཊ། གཞན་དུ་ཧཱུྃ་རིང་བོ་ཡང་འབྱུང་བ་ཡོད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྫ་རྔ་བཅིངས་པ་ལྟ་བུའི་དབྱིབས་ལ་དབྱངས་གསལ་བཀོད་པ་ལས། སྔགས་རྐང་པ་བཞི་བཏུ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་བའི་འགྲེལ་པའོ།། །།བདུན་པ་བཟའ་བའི་དམ་ཚིག་རྒྱས་པར་བཤད་པ་ལ་གསུམ། ལག་པའི་བརྡའི་ཆོ་གའི་ལེའུ་དང་། ཕྱུག་དང་། རོ་ལངས་སྒྲུབ་པ་དང་བསྐྱེད་རིམ་གྱི་ཆོ་གའི་ལེའུ་དང་། གསང་བ་དང་བསྙེན་བཀུར་གྱི་མཆོད་པའི་ལེའུའོ། །དང་པོ་ལ་བཞི། གཡོན་པའི་ཀུན་སྤྱོད་འཇུག་པའི་ཡུལ། ཀུན་སྤྱོད་དེ་རྒྱས་པར་བཤད་པ། དེ་སྦས་ནས་བསྟན་པར་བྱ་བ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྭ་གཅིག་པ་བཤད་པར་བྱ་བ་ལ་ཤ་ཆེན་ཏེ་མིའི་ཤའི་སྦྱིན་སྲེག་སོགས་ནི་གདུག་པ་ཅན་ཐམས་ཅད་ཀྱི་སྲོག་འཇིག་པར་བྱེད་པ་ཡིན་ལ། རྡོ་རྗེ་ལས་སྐྱེས་པ་སྟེ་མི་སླུ་བ་དང་། རྡོ་རྗེ་གཉིས་མེད་ཀྱི་ཡེ་ཤེས་ལས་སྐྱེས་པའི་རྡོ་རྗེ་འཛིན་པའི་སྐུའི་ཏིང་ངེ་འཛིན་གྱིས་དེ་དག་བྱེད་དོ། །མིའི་ཤའི་སྦྱིན་སྲེག་འདི་ནི་གདུག་པ་ཅན་ཐམས་ཅད་ཀྱི་སྲོག་འཇིག་པར་བྱེད་པ་མི་བཟད་པའི་མཐུ་ཅན་དུ་བཤད་དོ། །མི་ཤར་མ་ཟད་འདི་ལྟར་ཁྱི་དང་ཕག་གི་ཤ་དང་ཟངས་ཀྱི་གཙུག་ཕུད་ཅན་ཏེ་ཁྱི་བྱའི་ཤ་ཡང་དེ་བཞིན་དུ། བཟའ་བ་དང་དྲག་པོའི་སྦྱིན་སྲེག་དང་གཏོར་མ་བྱས་ནས་དབུལ་བར་བྱ་སྟེ། དེས་ཀྱང་གདུག་པ་འཇིག་པར་བྱེད་དོ། །དེའི་ཚེ་འདི་ལྟར་རུང་ངམ་མི་ཆུང་སྙམ་པའི་རྣམ་པར་དཔྱད་པ་མེད་པར་བྱས་ན་ཐུན་མོངས་པའི་དངོས་གྲུབ་པ་དང་། དངོས་གྲུབ་ལྷག་མ་ལུས་པ་ལུས་པ་མེད་པའི་སངས་རྒྱས་ཉིད་འགྲུབ་ཅིང་། སའི་དབང་ཕྱུག་བྱེད་པའི་རྒྱལ་སྲིད་ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར་རོ། །རིག་བྱེད་པ་སོགས་ན་རེ། དུང་སོགས་གསུམ་ནི་དག་བྱེད་ཡིན་ལ། མིའི་ཐོད་པ་ནི་མི་གཙང་བར་དེ་མིན་ནོ་ཞེ་ན། དུང་དང་ཉ་ཕྱིས་དང་མུ་ཏིག་གསུམ་པོ་ཡང་རྒྱུ་མཚན་ཏེ་རྒྱུ་མ་དག་པ་ལས་འབྱུང་བ་ཡིན་ན། ཆོས་ཀྱི་སྐུ་སྒྲུབ་པ་ཡི་རྟེན་གྱི་ལུས་ཅན་མིའི་ཐོད་པ་ལ་ནི་དག་བྱེད་མ་ཡིན་ནོ་ཞེས་སུ་ཞིག་སྨོད་དེ་སྨད་དུ་མི་རུང་ངོ་། །མིའི་ཐོད་པ་ནི་དག་བྱེད་དུ་འགྱུར་ཏེ། དཔའ་བོ་ཧེ་རུ་ཀ་ཡང་མིའི་ཐོད་པ་བསྐམ་རློན་གྱི་ཕྲེང་བ་ཅན་དུ་མཛད་ལ། ཟླ་བ་ཕྱེད་པས་བརྒྱན་དུ་བྱས་སོ། །ཟླ་བ་ཕྱེད་པའི་རྣམ་པ་དེ་ལྟར་གྱུར་པ་ཉིད་ལས་ཟླ་བ་རྒྱས་པར་འགྱུར་བ་དེ་བཞིན་དུ། དཔའ་བོ་ཉེར་བཞི་སོགས་ཀྱང་དཔའ་བོ་ཧེ་རུ་ཀ་ལས་འབྱུང་བར་ཡིན་པར་བཤད་དོ། །གཉིས་པ་ལ་གཉིས། གཡོན་པའི་ཀུན་སྤྱོད་སྤྱི་དང་། ལག་པ་གཡོན་པའི་མཆོད་པའོ། །དང་པོ་ནི། བརྡ་ནི་ལྔ་བོ་ཞེས་པ་ཕག་མོ་ལ་སོགས་པའི་ལྷ་མོ་ལྔ་ཡིན་ལ། དེ་ལྔའི་ངོ་བོ་གྱུར་པའི་ཐོད་སྐམ་ལྔ་བསྟེན་པར་བྱའོ། །ཞེས་པའམ། བརྡ་ལྔ་ནི་སོར་མོ་ལྔ་དང་། འོག་ནས་བསྟན་པ་དག་གི་སྒོ་ནས་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པར་བྱེད་པའི་སྒྲུབ་པ་པོ་ཡི་ལག་པ་གཡོན་གྱིས་བཟའ་བཏུང་སོགས་དམ་ཚིག་ཅན་ལ་སྦྱིན་ཞིང་སྤྱོད་དོ། །ལག་པ་གཡོན་པ་འདི་ནི་རྡོ་རྗེ་སེམས་དཔའ་སོགས་དཔའ་བོ་དང་དཔའ་མོའི་གནས་ཡིན་ཞིང་། དེས་ལག་པའི་བརྡ་རྣམས་ལ་ནི་རབ་ཏུ་འཇུག་པའོ། ཁམས་གསུམ་གྱི་རྒྱུ་བ་བཅུ་དང་མི་རྒྱུ་བ་སྣོད་ཀྱིས་བསྡུས་པའི་འགྲོ་བ་ཀུན་ནི། གཡོན་པའི་ཀུན་སྤྱོད་ཀྱིས་མཚོན་པའི་ངེས་དོན་རང་བཞིན་གྱིས་སྟོང་བ་ལས་འབྱུང་བ་ཡིན་ནོ། །གཉིས་པ་ནི། འོ་ན་ལག་མཆོད་བྱེད་པ་ན་ལག་པ་གཡོན་པའི་སོར་མོ་སོགས་ལ་ལྷ་གང་འགོད་སྙམ་ན། རྡོ་རྗེ་སེམས་དཔའ་ནི་སྦོམ་པོ་སྟེ་མཐེ་བོང་ལ་གནས་སོ། །དེ་བཞིན་དུ་ལྕུག་མ་སྟེ་མཛུབ་མོར་རྣམ་པར་སྣང་མཛད། གཙོ་བོར་ཏེ་གུང་མོ་ལ་པད་མ་གར་མཛད་དེ་གར་དབང་དང་། བརྟན་པ་སྟེ་སྲིན་ལག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་པའི་དཔའ་པོ་ཧེ་རུ་ཀ་བཞུགས་སོ། །མཐའ་མ་མཐེའུ་ཆུང་ལ་ནི་ནམ་མཁའི་སྙིང་བོ་སྟེ་རྡོ་རྗེ་ཉི་མ་མི་བཟད་པའི་སྐུ་དང་ལྡན་པ་ཉིད་དོ། །སེན་མོའི་ངོས་ལྔ་བསྡོམས་པ་ནི་རྟ་མགྲིན་ནམ་རྟ་མཆོག་གི་གནས་སུ་གྱུར་པར་བཤད་པ་ཡིན་ནོ། །དཔའ་བོ་འདི་དག་ཐམས་ཅད་ལག་པ་གཡོན་ལ་དགོད་པ་ནི། བརྡ་སྟོན་པ་དང་ཟས་སྟེར་བ་སོགས་ལག་པ་གཡོན་པ་ལས་འབྱུང་བའི་རྒྱུ་མཚན་ཡིན་ནོ། །ལག་པ་གཡོན་པའི་མཐིལ་དུ་པད་འདབ་ལྔ་བ་ཅན་གྱི་ལྟེ་བ་ལ་ཤྲཱི་ཧེ་རུ་ཀ་དང་དེ་ཡི་ཡུམ་ཕག་མོ་གཉིས་འདུས་པས་ཤིན་དུ་དགའ་བ་བྱེད་པ་ཡིན་ནོ། །མདུན་དུ་གཤིན་རྗེ་མ། གཡོན་དུ་རྨོངས་བྱེད་མ། གཡས་སུ་སྐྱོད་བྱེད་མ། རྒྱབ་ཏུ་སྐྲག་བྱེད་མ། གཏུམ་མོ་ནི་དབང་ལྡན་དུའོ། །ལག་པ་གཡོན་པའི་རྒྱབ་ཏུ་ཡང་ལྷའི་འཁོར་ལོ་ཤིན་དུ་ངེས་པ་སྟེ་བསྒོམ་པར་བྱའོ། །དེ་ལ་མཆོད་པའི་ལག་མཆོད་ཀྱི་བརྡ་འདི་རྣམ་པ་ལྔ་དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔ་པོ་བསྟན་པའོ། །འདི་དག་ནི་ལག་པ་གཡོན་དུ་ལྷ་དགོད་པ་སྟེ། མཛའ་བ་སྟེ་སེམས་མཐུན་པའི་རྣལ་འབྱོར་མ་ཐམས་ཅད་འདུས་པ་ན། རྣམ་པ་དེ་ལྟ་བུའི་ཆོ་ག་ཡིས་དཔའ་བོ་དམ་པ་ལག་མཆོད་ཀྱི་བདུད་རྩི་རྣམ་པ་ལྔས་མཆོད་པར་བྱའོ། །ས་ནི་སྤྱན་ཞེས་བྱ་བར་བཤད། ཞེས་སོགས་ནི། སྤྱན་མ་དང་། མཱ་མ་ཀི་དང་གོས་དཀར་མོ་དང་། སྒྲོལ་མ་བཞི་ནི། ས་ཆུ་མེ་རླུང་རྣམ་དག་གི་ངོ་བོར་གྱུར་པ་སྟེ། རང་གི་ས་སོགས་བཞི་སྤྱན་སོགས་བཞིའི་ངོ་བོ་མཁའ་འགྲོ་མ་སོགས་བཞིར་ངོ་བོར་བསྒོམ་པའོ། །ཙུམ་པི་ཀ་སྟེ་འོད་བྱེད་མ་ནི་སྟོང་བ་སྟེ་ནམ་མཁའི་ཁམས་སོ། །དེ་བཞིན་དུ་ལྷ་མོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་ཤེར་ཕྱིན་མ་ཡིན་ནོ། །དབུས་སུ་ནི་སྟོང་བ་ནམ་མཁའི་དབྱིངས་ཏེ། དཔའ་བོ་ཀུན་གྱི་རོལ་བའི་གནས་ཀྱང་ཡིན་ནོ། །མཁའ་པས་རྒྱབ་ཏུ་གཤེགས་སུ་གསོལ། ཞེས་པ་ནི། ལྷ་རྣམས་ལག་པའི་རྒྱབ་ཏུ་གཟུགས་བརྙན་ཤར་བ་བཞིན་བསམ་པའོ། །གསུམ་པ་ནི། ལག་མཆོད་སོགས་གསང་བ་འདི་ནི་སྣོད་མིན་ལ་མི་བཤད་ཅིང་། རབ་ཏུ་འབད་པས་སྦ་བར་བྱའོ། །དེ་ལྟར་ལག་མཆོད་ལ་དུང་ཆེན་པོའི་བརྡ་བྱས་པའི་མིའི་ཐོད་པའི་རྫས་འཁོར་ལོ་སྡོམ་པ་ལ་སོགས་པའི་དཔའ་བོ་རྣམས་མཆོད་ཅིང་། ཟས་ལ་ལོངས་སྤྱོད་པའི་ཚེ་སྣོད་དུ་གཅིག་ཏུ་ཟས་ལ་བརྩམ་པ་སྟེ་ལོངས་སྤྱོད་པར་བྱའོ། །བརྡར་བྱས་པ་ཞེས་པ་མཆོད་པའི་དོན་དུ་གསུངས་པ་ལྟར་ཡང་རུང་ངོ་། །དེ་ལྟར་བྱས་པས་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མའི་དྲ་བ་སྟེ་ཚོགས་ཀུན་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་འགྱུར་བ་ཡིན་ནོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་བཟའ་བ་དང་སྦྱིན་སྲེག་དང་། གཏོར་མའི་བྱ་བ་ལ་འཇུག་པ་ན་ལག་པའི་བརྡའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའི་འགྲེལ་པའོ།། །།གཉིས་པ་ཕྱུགས་དང་རོ་ལངས་སྒྲུབ་པ་དང་བསྐྱེད་རིམ་གྱི་ཆོ་གའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ལག་མཆོད་ལས་གཞན་ཡང་བཤད་པར་བྱའོ། །དེ་གང་ན། བཟའ་བའི་རྒྱུ་ཕྱུགས་དང་ལོངས་སྤྱོད་པར་བྱ་བས་ན་སྟོན་མོ་སྟེ། དེ་རྣམས་འདུས་པ་ནི་བསགས་པ་སྟེ། དེ་རྣམས་མཛེས་བྱེད་ལྷའི་རྣལ་འབྱོར་སོགས་ཡང་དག་པའི་ཆོ་ག་གང་གིས་ཤེས་པ་ནི། དངོས་འགྲུབ་ཚེ་འདིར་མྱུར་དུ་རབ་ཏུ་འཇུག་པར་བྱེད་པའོ། །གཉིས་པ་ལ་གསུམ་སྦྱིན་སྲེག་སོགས་ཀྱི་ཆེད་དུ་ཕྱུགས་ཀྱི་སྒྲུབ་པ་དང་། དངོས་གྲུབ་ཆེན་པོའི་དོན་ཏུ་རོ་ལངས་ཀྱི་སྒྲུབ་པ་དང་། དེ་ལ་བསྐྱེད་རིམ་གྱི་རྣལ་འབྱོར་བསྟན་པའོ། །དང་པོ་ནི། སྒྲུབ་པ་པོས་སྔར་བསྟན་པའི་རིམ་པ་དེས་རིགས་ལྔ་རྣམ་པར་དག་པའི་བོང་བུ་སོགས་ལྔའི་ཕྱུགས་རྣམས་ཀྱི་ཤ་ནི་དགུག་པ་སྟེ་སྒྲུབ་པར་བྱའོ། །སྐྱེ་བདུན་གྱི་ཕྱུགས་རྣམས་ལ་བརྟེན་ནས་སྒྲུབ་པ་དེ་བཞིན་དུ་སྲོག་ཆགས་གཞན་ལྔ་ལས་ཀྱང་བསྒྲུབ་པར་བྱའོ། །ལྔ་ནི་རུས་སྦལ་དང་རྔ་མོ་དང་ཁྱི་དང་ལྕེ་སྤྱང་དང་རྟ་སྟེ་ལྔའོ་ཞེས་ཁ་ཅིག་བཞེད་དེ་བརྟག །བོང་བུ་དང་རུས་སྦལ་དང་མི་དང་རྔ་མོ་དང་ལྕེ་སྤྱང་དང་རྟ་དང་སོགས་རྣམས་ཀྱིས་བ་ལང་ཡང་བཟུང་ངོ་། །མཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཕྱུགས་འདི་དག་གི་ཤ་ནི་སྒྲུབ་པའི་ཡན་ལག་ཏུ་འགྲོའོ། །འོ་ན་འདིར་མི་ལ་ཕྱུགས་སུ་བརྗོད་པ་ཇི་ལྟར་ཞེ་ན་ཕྱུགས་ཀྱི་སྐད་དོད་གོའུ་ནི་དམ་པ་དང་མཆོག་ལ་འཇུག་པས་དེའི་དབང་དུ་བྱས་སོ་ཕྱུགས་ཀྱི་རིགས་དེ་རྣམས་ལས་ནི་རིགས་ཀྱི་མཆོག་གི་ཕྱུགས་ནི་མི་ཡིན་ལ། དུད་འགྲོའི་རིགས་རྐང་བཞི་བ་རྣམས་ལས་གླང་པོ་ཆེ་མཆོག་དང་། འདབ་ཆགས་རྣམས་ལས་དང་པོ་ཉིད་མཆོག་དང་། དུད་འགྲོ་རྣམས་ལས་དུད་འགྲོ་ཕྱུགས། ཞེས་པ་ནི། བྱོལ་སོང་རྣམས་ལས་རུས་སྦལ་རྒྱལ། ཞེས་འབྱུང་བ་ལྟར་ནོར་བུ་ཡོད་པའི་རུས་སྦལ་རྒྱལ་བོའོ། །ལྷ་རྣམས་ལས་ནི་ཆུ་གཡོ་བ་ཞེས་པ་འགྱུར་གཞན་གཉིས་དང་འགྲེལ་བ་རྣམས་སུ་མེད་པར་བཤད་ཅིང་ཁ་ཅིག་ལྷ་མིན་གྱི་ཁ་གཡོ་བར་འཆད་དོ། །སྔར་ཤའི་རིགས་ནི་རྣམ་པ་དེ་ལྟར་བརྗོད་པ་དེ་རྣམས་སོ། །ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ་ཚོགས་ལ་ལོངས་སྤྱོད་པའི་ཚེ་ཕྱུགས་དེ་དག་གི་ཤ་ནི་རྣམ་པར་བཤད་དེ། ཁྭ་དང་ཆུ་སྐྱེར་དང་སྐྱེ་གཉིས་བློན་པོ་ཆེན་པོ་སྟེ་ནེ་ཙོ་དང་། ཁྲུང་ཁྲུང་དང་བཞེད་རི་སྐེགས་དང་ཀ་ཏཾ་པའི་ཤ་རྣམས་ལས། བཟའ་བ་དང་སྦྱིན་སྲེག་དང་གཏོར་མ་བྱས་པས། འདོད་པའི་དངོས་གྲུབ་ཀུན་ནི་འགྲུབ་པར་འགྱུར་རོ། །འདིར་ལྕེ་སྤྱང་འདབ་ཆགས་ཀྱི་ནང་དུ་བགྲངས་པ་ནི་འགྱུར་མ་དག་པའོ། །གཉིས་པ་ནི། གནོད་མཛེས་ཀྱི་སྔགས་སམ། རྩ་སྔགས་སམ། སྙིང་བོའི་སྔགས་འབུམ་བཟླས་ཏེ། དཀྱིལ་འཁོར་བྲིས་པའི་དབུས་མི་རོ་སྐྱོན་མེད་གན་རྒྱལ་དུ་བཞག་པའི་སྙིང་ཁར་སྒྲུབ་པ་པོ་ཤར་དུ་བལྟས་ལ་འདུག་སྟེ། ཁྱི་དང་བ་ནག་མོ་རི་འོ་ཐུག་ནི་སྲན་མ་ལ་ཤ་ཀ་དང་འབྲས་ནག་པོར་ལྡན་པར་བྱས་པའི་བསྲེག་རྫས་ཀྱིས། དངོས་གྲུབ་འདོད་པས་འཇིགས་པའི་དོགས་པ་མེད་དུ་གནོད་མཛེས་སམ་སྙིང་པོའི་སྔགས་ཀྱིས་རོའི་ཁར་ནི་སྤྱིན་སྲེག་ཇི་སྲིད་བརྒྱ་རྩ་བརྒྱད་དམ། བརྒྱད་བརྒྱའི་བར་བྱས་པས་དེ་ནས་ཡི་དྭགས་རོ་དེ་ལངས་ནས་ནི་སྒྲུབ་པ་པོ་དེ་ལ་ནིའདྲི་བར་བྱེད་དེ། བདག་གིས་ཅི་བགྱི་ཞེས་ནི་སྨྲ་བར་འགྱུར་ཏེ། དེ་ནས་དེ་ལ་མཆོད་ཡོན་བྱིན་ནས་གསོལ་བ་བཏབ་པས། ས་འོག་སྟེ་སའི་བུག་བར་འཇུག་པར་དང་། ཡར་ས་བ་སྟེ་བར་སྣང་དུ་འགྲོ་བ་དང་། རལ་གྲིའི་རིག་འཛིན་དང་། འམ་གྱི་སྒྲས་འཁོར་ལོའི་རིག་འཛིན་སོགས་བསྡུའོ། །གདུག་པ་ཅན་ཚར་ག ཅོད་པ་དང་། གཞན་ལ་ཕན་འདོགས་པ་དང་རིལ་བུའི་རིག་འཛིན་ཉིད་དག་དང་། མིག་སྨན་གྱིས་ས་འོག་གི་གཏེར་མཐོང་བ་རྣམས་སམ། རྐང་མགྱོགས་དག་གམ། ཚེ་རིང་བར་གནས་པའི་བཅུད་ལེན་དང་། དེ་བཞིན་ཞེས་པས་དངོས་གྲུབ་གཞན་སྡུད་དེ། དངོས་གྲུབ་དེ་རྣམས་ལས་གང་རུང་ཅིག་བྱིན་ནས་རང་གི་གནས་སུ་འགྲོ་བར་འགྱུར་གྱི། གཞན་དུ་མིན་པ་སྟེ་མ་བྱིན་པར་མི་འགྲོའོ། །སྟེང་གི་ཕོ་ཉ་མོ་མཁའ་ལ་སྤྱོད་པ་དང་། འོག་གི་ཕོ་ཉ་མོ་དང་ས་དང་ས་འོག་ཏུ་སྤྱོད་པའི་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་གྲུབ་པས་དེ་རྣམས་ཀྱིས་རང་གི་གནས་སུ་འཁྲིད་པའོ། །དེའི་ཐབས་སྟོན་པར་འགྱུར་བ་ནི་བདེ་མཆོག་གི་རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན་ནོ། །གསུམ་པ་ལ་གཉིས། རྟེན་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི། བ་ལང་གནས་ཞེས་སོགས་བཞི་ལ་དོན་འཆད་ཚུལ་མི་འདྲ་བ་འགའ་རེ་སྣང་ཡང་། རྗེའི་བཞེད་པའི་སྙིང་བོ་ལ་བ་ལང་གནས་ནི། བ་ལང་འཇུག་པའི་གོ །སླ་ནི་ས་ལའང་འཇུག་བསོ་འདིར་སའོ། །མེ་ཏོག་སོགས་སྟེང་དུ་བཞག་ན་ལྡིང་བ་ནི་ཆུའོ། །ལྷག་མ་མེད་པར་སྐམ་པ་བྱེད་པ་ནི་མེའོ། །ཙན་དན་ས་རྒྱུ་བ་ནི་རླུང་ངོ་། །དེ་ནས་དུང་ཆེན་པོའི་རང་བཞིན་དུ་བྱ་བ་ནི་བདེ་བ་ཆེན་པོའི་རང་བཞིན་དུ་བྱ་བ་སྟེ། བདེ་ཆེན་མཚོན་པའི་མངོན་བྱང་ལྔ་དང་། འབྱུང་བཞི་སོགས་བདེ་ཆེན་གྱི་ངོ་བོར་མོས་བར་བྱ་བའོ། །ཡང་ན་རུལ་སྦལ་དག་གིའོ་ནི། ཡང་ན་རུས་སྦལ་གྱི་བརྡས་བསྟན་པའི་རི་རབ་ཀྱང་བསྒོམ་ཞེས་པའི་དོན་ནོ། །དེ་ལྟར་བསྒོམས་པ་འདིས་ནི་དངོས་གྲུབ་སྦྱིན་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། དེར་ཧེ་རུ་ཀ་ཕྱག་བཞི་བ་དང་ཞལ་བཞི་བ་དང་ཕྱག་དྲུག་པ་དང་། ཕྱག་བཅུ་གཉིས་པ་ནས་ཇི་སྲིད་ཕྱག་ནི་འབུམ་གྱི་བར་གང་རུང་བསྒོམ་པར་བྱའོ། །རོ་ལངས་སྒྲུབ་པའི་སྐབས་ལྟ་བུ་ལ། སྐུ་ནི་མདོག་དཀར་བའི་ཁྲོ་བོ་ཆེན་པོ། དེ་ནས་དེ་བཞིན་ཏུ་དྲག་ཞུལ་གྱི་གཟུགས་འཆང་བ། སྤྱན་རྡོ་རྗེ་ཕག་མོ་ལ་གཟིགས་པ། ཕག་མོ་ཡང་ཡབ་དེ་ཡི་སྐུ་མདོག་འཆང་བ་སྟེ་དཀར་བོ་ཞལ་བཞི་བ། ཕྱག་ན་མཚོན་ཆ་སྟེ་རྡོ་རྗེ་དབང་ཐོད་པ་འཆང་བ། དཔའ་བོ་ཡབ་ནི་ཐོད་པའི་ཕྲེང་བ་ཅན། སྐུ་ལ་དུར་ཁྲོད་ཀྱི་ཐལ་བས་ཉེ་བར་བྱུགས་པ་རལ་པ་ཅོད་པན་དུ་བཅིངས་པ། ཕྱག་གཡས་ཀྱི་གཉིས་པ་ན་མདུང་དང་ལྡན་པ། སྤྱི་བོའི་ནོར་བུ་ལ་སོགས་པའི་ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན་པ། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས་པ། ཡི་དྭགས་ཆེན་པོ་དབང་ཕྱུག་ཆེན་པོ་གདན་དུ་བྱས་པའི་ལྷ་སོ་དྲུག་དང་བཅས་པའི་སྒྲུབ་པ་པོ་ཡིས་དུས་གསུམ་དུ་རྟག་ཏུ་སྔགས་ཀྱི་ལྷ་དེ་རྣམས་ཤེས་ནས་བསྒོམ་པར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་བསྒོམས་པས་ཡོད་ཏན་ཁྱད་པར་དུ་འཕགས་པའི་འདོད་པ་ཡི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། དུད་འགྲོ་འདབ་ཆགས་དང་བོང་བུ་ལ་སོགས་པའི་ཕྱུགས་ཀྱི་ཤ་འགུག་པ་དང་། རོ་ལངས་སྒྲུབ་པ་དང་དེ་དག་ལ་མཁོ་བའི་བསྐྱེད་པའི་རིམ་པ་བསྟན་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་འགྲེལ་པའོ།། །།གསུམ་པ་གསང་བ་དང་བསྙེན་བཀུར་གྱི་མཆོད་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྒྲུབ་པ་པོ་ཀུན་ལ་ནི། སྦྱོར་བ་སྟེ་རྣལ་འབྱོར་ཀུན་ལ་འདི་ལས་མཆོག་ཏུ་གྱུར་པའི་སྦྱོར་བ་གཞན་མེད་པ་དེ་བཤད་པར་བྱའོ། །གཉིས་པ་ལ་གསུམ། བསྙེན་བཀུར་གྱི་མཆོད་པ། གསང་བའི་མཆོད་པ། དེའི་ཕན་ཡོན་ནོ། །དང་པོ་ནི། བཟའ་བ་ནི་ལོངས་སྤྱོད་བྱ་སྟེ་གཽ་ཀུ་ད་ཧ་ན་ལ་སོགས་པའི་སྨན་ནོ། །བཅའ་བ་ནི་སྟོན་མོ་སྟེ་ཞོ་མར་སྦྲང་རྩི་ལ་སོགས་པའོ། །ཉ་རོ་ཏི་ཏ་ལ་སོགས་པའི་ཤ་རྣམས་ཀྱིས་ནུས་པ་སྟེ་འབྱོར་བ་ཇི་ལྟ་བ་བཞིན་དུ་བྱའོ། །བདུད་རྩི་ལྔ་བོ་མེད་པར་གྱུར་ཀྱང་བཟའ་བ་དང་བཏུང་བ་རྣམས་བདུད་རྩི་ལྔ་བོ་ཉིད་དུ་བསྒོམ་པར་བྱ་བ་ཡིན་ནོ། །ཚོགས་ཀྱི་ཡོ་བྱད་བཟའ་བ་དང་བཅའ་བ་རྒྱ་ཆེ་བ་རྣམས་རྟག་པར་ཏེ་རྒྱུན་དུ་མཚན་སོ་ཉིད་དུ་གཙོ་བོར་བྱ་ཞིང་། ཉིན་པར་བྱེད་ཀྱང་མི་མངོན་པར་བྱའོ། །དེ་ནས་བདག་ཉིད་གཅིག་བུས་མི་ཟ་ཡི། རིགས་བཟང་ངན་གྱི་ཕོ་ཉ་མོ་རྣལ་འབྱོར་མ་རྣམས་ལའང་རབ་ཏུ་སྦྱིན་པར་བྱའོ། །གཉིས་པ་ནི། ཁྱད་པར་དུ་ན་སྒྲུབ་པ་པོས་རང་གི་རྡོ་རྗེའི་མགོ་ཕྱག་རྒྱའི་བར་སྦྱར་ཏེ་པདྨར་བཞག་སྟེ། རང་དཔའ་བོ་ཧེ་རུ་ཀར་བྱས་པ་དང་གཉིས་སུ་མེད་པ་སྟེ་མཉམ་པར་སྦྱོར་བས་རབ་ཏུ་མཆོད་པར་བྱའོ། །ཕོ་ཉ་མོ་ཡང་མའམ་ཡང་ན་སྲིང་མོའི་བུ་མོ་དང་ཡང་ན་ཆུང་མ་དང་འདྲ་བ་བཞི་སྟེ། དེ་རྣམས་བསྟེན་པའི་ཚེ་ལྷ་ཡབ་ཡུམ་དུ་བསྒོམས་པའི་རྣམ་པ་འདི་ལྟ་བུའི་ཆོ་ག་ཡིས་བསྟེན་ནས་འཁོར་བར་བཅིང་བའི་བག་ཆགས་ལས་ནི་རབ་ཏུ་གྲོལ་བར་བྱའོ། །ཕོ་ཉ་མོ་ལ་གས ང་མཆོད་བྱས་པ་དེ་ནས་ཏེ་དེ་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྔགས་ནི་འགྲུབ་པར་འགྱུར་ཏེ། ཇི་སྲིད་ཉོན་མོངས་འབྱུང་བ་ཡོད་པ་སྟེ་གནས་མ་གྱུར་གྱི་བར་དུའོ། །ཡེ་ཤེས་ཁྱད་པར་ཅན་མངོན་དུ་མ་བྱས་པར་རྡོ་རྗེ་འཛིན་ཇི་ལྟར་འགྲུབ་ཅེ་ན། རྡོ་རྗེ་འཆང་སློབ་དཔོན་གྱི་ལུས་སུ་ལེགས་པར་གནས་ཏེ་སྒྲུབ་པ་པོ་རྣམས་ལ་ཕྱི་ནང་གི་མཆོད་པ་ལེན་པ་རྡོ་རྗེ་འཛིན་ཉིད་དང་འདྲའོ། །དཔའ་བོ་ཧེ་རུ་ཀ་ལ་སོགས་པ་རྣམས་ཀྱི་སྟན་ཏེ་བཞུགས་པའི་གནས་དག་ནི། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མོ་ཉིད་དུ་ཐེ་ཚོམ་མེད་པའི་ཕྱིར་དེ་བསྟེན་པ་ནི་ཧེ་རུ་ཀས་བྱིན་གྱིས་རློབ་པ་དང་མི་འབྲལ་ལོ། །དེའི་ཕྱིར་སྒྲུབ་པ་པོས་ལྷའི་ང་རྒྱལ་དང་གསལ་སྣང་ལ་ཤིན་ཏུ་མཉམ་པར་བཞག་པས་གླུ་དང་གར་ལ་སོགས་པའི་མཆོད་པས་རང་དང་ཕྱག་རྒྱ་ལ་མཆོད་པར་བྱ་སྟེ། སློབ་དཔོན་གྱི་ལུས་ལ་ཧེ་རུ་ཀ་གནས་ནས་མཆོད་པ་ལེན་པ་དེ་བཞིན་དུ་ཕྱག་རྒྱའི་ལུས་ལའང་གནས་ནས་མཆོད་པ་ལེན་པའི་ཕྱིར་རོ། །ཇི་སྲིད་ལུས་ཅན་ཐམས་ཅད་ཀྱང་ཐབས་ཤེས་དབྱེར་མེད་ཀྱི་རྣལ་འབྱོར་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ཞེན་པ་སྟེ་དགའ་བར་མ་གྱུར་པ་དེ་སྲིད་དུ་འཁོར་བར་འཁོར་བར་འགྱུར་ཞིང། ལུས་སྡུག་བསྔལ་དང་སེམས་མྱ་ངན་གྱིས་ཡོངས་སུ་གཡེང་བར་འགྱུར་རོ། །དེ་ནས་ཏེ་དེའི་ཕྱིར་ཕྱི་ནང་མཆོད་པའི་དངོས་པོ་ཀུན་གྱིས་གྲུབ་པ་པོས་རང་དང་ཕྱག་རྒྱ་ལ་མཆོད་པར་བྱའོ། །མཆོད་པས་ནི་མཆོད་པར་འདོད་པ་སྟེ་ཕོ་ཉ་ཁྱད་པར་ཅན་གྱིས་རྗེས་སུ་འཛིན་པས་འདོད་དོན་འགྲུབ་ལ། དེ་རྣམས་ལ་བརྙས་པ་ཡིས་ནི་དམྱལ་བར་ངེས་པར་བསྲེག་པར་འགྱུར་རོ། །རྣལ་འབྱོར་གྱི་ནི་རྒྱུད་གསང་འདུས་སོགས་ནས་བཤད་པ་ལྟར་གྲུབ་པའི་མི་སྟེ་རྣལ་འབྱོར་བས། ལྷ་སྐུ་ཕྱག་རྒྱ་ཆེ ན་པོ་དང་པོར་གྲུབ་པའི་ཆེན་དུ་ཕོ་ཉ་མོ་བླངས་ལ་རབ་ཏུ་འབད་པར་མཆོད་པར་བྱའོ། །དང་པོར་དེ་ལྟར་སྤྱད་པས་འོད་གསལ་དུ་ཞུགས་པའི་ཕྱི་ནས་འོད་གསལ་དེ་ལས་ལངས་ནས་དཔའ་བོ་རྣམས་ཀྱི་ནི་དཔའ་བོ་ཉིད་དེ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟུང་འཇུག་གི་རིམ་པ་མངོན་དུ་བྱས་ནས་སྤྱད་པར་བྱ་བའོ། །གསུམ་པ་ནི། སྔར་བཤད་པ་དེ་ལྟར་མཆོད་པ་བྱས་པ་ལ་བརྟེན་ནས་ནི་སྒྲུབ་པ་པོས་ས་འོག་གི་དངོས་གྲུབ་དང་། ལངས་པ་ནམ་མཁར་འགྲོ་བ་དང་། ནད་གདོན་སོགས་ཞི་བ་དང་། ཚེ་དང་ཤེས་རབ་སོགས་རྒྱས་པ་དང་། གཞན་དབང་དུ་བྱ་བ་དང་། དགུག་པ་དག་དང་ནི་གནོད་བྱེད་གསོད་པ་དང་། གནས་ནས་སྐྲད་པ་དང་། སོགས་ཀྱིས་སྨྱོ་བ་དང་རིམ་གྱིས་འདེབས་པར་བྱེད་པ་དང་། རྨུགས་པར་བྱེད་པ་དང་། རེངས་པ་དང་དེ་བཞིན་དུ་མཛའ་བ་དང་དབྱེ་བ་ཉིད་དང་། ཚར་གཅོད་པ་དང་རྗེས་སུ་འཛིན་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་གང་ཅི་ཡང་རུང་བའི་ལས་ཀུན་སྒྲུབ་པ་ལ་ཉོན་མི་མོངས་པ་སྟེ་སྡུག་བསྔལ་བ་མེད་པར་འགྲུབ་པར་འགྱུར་རོ། །མདོར་ན་ཐེ་ཚོམ་མེད་སྟེ་ངེས་པར་སྒྲུབ་པ་པོས་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཀྱི་ཞེས་བའི་རྐང་བ་གཅིག་ནི། ཇི་བཞིན་ལས་རྣམས་ཐམས་ཅད་ནི། ཞེས་ཡོད་གསུང་ངོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ཕོ་ཉ་མོ་བསྟེན་པའི་གསང་བའི་མཆོད་པ་དང་། བཟའ་བཏུང་གི་བསྙེན་བཀུར་གྱི་མཆོད་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའི་འགྲེལ་པའོ།། །།༈ བརྒྱད་པ་མཆོད་པ་བཞིའི་གསང་བ་རྒྱས་པར་བཤད་པ་ལ་བཞི། ཕྱག་ཆེན་སྟོན་པའི་ལེའུ། ཆོས་རྒྱ་སྟོན་པའི་ལེའུ། དམ་ཚིག་དང་ལས་སྟོན་པའི་ལེའུ། ལས་རྒྱ་དབང་དུ་བྱ་བའི་ལེའུའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་རབ་གཏུམ་མ་ལ་སོགས་པའི་མཁའ་འགྲོ་མ་ཡི་དྲ་བ་སྟེ་ངོ་བོའི་འཁོར་ལོ་བདེ་མཆོག་གི་ཞི་བ་ལ་སོགས་པའི་ཆོ་ག་རྒྱས་པ་སྔར་བཤད་པའི་ལས་རྣམས་གང་ཡང་མྱུར་བ་རུ་སྒྲུབ་པ་པོ་ཡི་ཐེ་ཚོམ་མེད་པར་འགྲུབ་པའི་ཐབས་བཤད་པར་བྱའོ། །གཉིས་པ་ལ་གཉིས། དོན་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས། དྲང་བའི་དོན་དང་། ངེས་པའི་དོན་ནོ། །དང་པོ་ནི། དཔའ་བོ་ཉེར་བཞི་བོ་ཀུན་དང་རྣལ་འབྱོར་མ་ཉེར་བཞི་བོ་ལྟེ་བའི་པདྨ་སྟེ་འདབ་མའི་ལྟེ་བར་ངེས་པར་སྦྱར་བ་སྟེ་དགོད་པར་བྱའོ། །ལྷ་རྣམས་ཀྱི་སྨིན་མའི་བར་དུ་སྤྱན་རེ་རེ་བཞུགས་པ་སྟེ་ངེས་པར་བསྒོམ་པར་བྱའོ། །འདིས་ལྷ་རྣམས་སྤྱན་གསུམ་དང་ལྡན་པར་བཤད་དོ། །དེ་ནི་ཨ་ཝ་དྷཱུ་ཏཱིའི་ཡང་སྣེའི་གནས་སོ། །དཔའ་བོ་ཧེ་རུ་ཀའི་ཞལ་འཚོལ་བ་བྱས་པ་སྟེ་དྲག་པོ་དང་ཆགས་པའི་ཉམས་འདྲེས་པ་དང་ཆགས་སྡང་འདྲེས་པའི་ཉམས་ཅན་ཏེ་དེ་ལྟ་བུའི་ལྷའི་རྣལ་འབྱོར་གྱིས། དེ་ནས་ལས་དང་མཐུན་པའི་བཟའ་བ་ཡང་ནི་སྟེ་སྲེག་རྫས་གཽ་མ་མ་ས་སྟེ་བ་ལང་གི་ཤ་དང་། དྷུ་དྷི་ར་སྟེ་ཁྲག་གིས་འབད་པས་བསྲེག་བྱ་སྟེ་བསྲེག་བླུགས་ལྔ་དག་འཇིག་རྟེན་པའི་མེ་ལྷ་ལ་དབུལ་བར་བྱའོ། །དེ་ནས་ཐབ་ཁུང་གི་འབར་བའི་མེ་ལ་ནི་བདུད་རྩི་ལྔ་སོགས་བསྲེག་རྫས་ཞི། བསྲེག་བླུག་དགུ་ནི་འཇིག་རྟེན་པའི་མེ་ལྷའི་ཞལ་དུ་སྦྱིན་པར་བྱའོ། །དེ་ནས་འཇིག་རྟེན་ལས་འདས་པའི་ལྷ་ལ་སྦྱིན་སྲེག་ནི། ཐབ་ཁུང་དུ་འབར་བའི་ཕྲེང་བ་འཕྲོ་བ་རྒྱ་མཚོ་ལྟར་འཁྲིགས་པ་དེར་བལྟ་བ་སྟེ་བསྒོམ་པར་བྱའོ། །མེའི་དབུས་དེར་ཕྱོགས་བཞི་བོ་ཀུན་ནས་སྒོ་རེ་རེ་ཡོད་པའི་སྒོ་ཡི་འཁོར་ལོ་སྟེེ་གྲུ་བཞི་སྒོ་བཞི་བའི་གཞལ་ཡས་ཁང་ངེས་པ་སྟེ་བསམ་པར་བྱའོ། །གཞལ་ཡས་ཁང་དེའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་དཔའ་བོའི་དབང་བོ་ཧེ་རུ་ཀ་ཞལ་བཞི་བ་དང་། དཔའ་བོའི་གནས་འཁོར་ལོ་རིམ་པ་གསུམ་པ་རྩིབས་འདབ་མ་ཉེར་བཞི་དང་དེ་བཞིན་དུ་གདན་དེར་དཔའ་བོ་ཉེར་བཞི་དང་། ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་སོགས་ཕོ་ཉ་མོ་བཞི་དགོད་པ་ཡིན་ནོ། །དཔའ་བོ་གཅིག་པུར་མ་ཟད་དཔའ་མོ་ཉེར་བཞི་བོ་ཀུན་དང་གཉིས་སུ་མེད་བར་སྦྱོར་བས་བདེ་ཆེན་བསྐྱེད་པའི་དཔའ་མོ་ཉེར་བཞི་ཡང་དགོད་པར་བྱའོ། །དེ་རྣམས་མཚམས་ཀྱི་ཐོད་པ་བཞི་དང་། སྒོ་མཚམས་མ་བརྒྱད་ཀྱང་མཚན་ནོ། །དུམ་སྐྱེས་མའི་སྒོ་ནས་ལས་སྒྲུབ་པའི་ཆོ་ག་ཇི་བཞིན་དུ་བཤད་པའི་རྣམ་པ་ཡིས་ཁཎྜ་རོ་ཧི་སྦྱར་ནས་ཕྱི་ནང་གི་མཆོད་པ་སྦྱིན་ནོ། །རང་གི་ལུས་ལས་དུམ་སྐྱེས་མ་གཉིས་པ་ཞིག་ཕྱི་རོལ་དུ་ཕྱུང་ནས་ལས་ལ་སྦྱོར་ཏེ། ཞི་སོགས་ཀྱི་ལས་དང་མཐུན་པའི་མདོག་ཅན་གྱི་གཟུགས་སུ་རྣམ་པར་ཞུགས་པ་སྟེ་གནས་པར་བྱའོ། །དེ་ཁོ་ན་མིན་གྱི་ཐབ་ཀྱི་དབུས་སུ་འཁོར་ལོའི་ལྷ་རྣམས་བལྟ་བར་བྱ་སྟེ། བརྟེན་པའི་འཁོར་ལོ་འདི་དག་གསལ་བར་ཞི་སོགས་ཀྱི་ལས་ཀྱི་རིམ་པ་ལ་སྐུ་མདོག་སོགས་ཇི་ལྟར་གསུངས་པ་བཞིན་བྱའོ། །གཉིས་པ་ངེས་དོན་ལ་གཉིས། བླ་མ་སྔ་མའི་མན་ངག་ལས་འབྱུང་བ་དང་། ལྭ་བའི་ན་བཟའ་ཅན་གྱི་ཚུལ་ལོ། །དེ་གཉིས་སྦས་དོན་ཀུན་གསལ་ལས་རྒྱས་པར་བཤད་པས་དེར་ཤེས་པར་བྱ་ལ། འདིར་བྱི་ལས་བཤད་པའི་དོན་གྱི་སྙིང་བོ་ཕྱོགས་ཙམ་བཤད་ན། གཏུལ་མེའི་ཨ་ཐུང་ནི་དཔའ་བོ་རྣལ་འབྱོར་ཐམས་ཅད་འདུས་པའི་ངོ་བོ་དང་། དེ་སྤྲུལ་པའི་འཁོར་ལོའི་པདྨའི་ལྟེ་བར་གནས་པ་དང་། སྨིན་མའི་དབུས་ཀྱི་དྷུ་ཏཱིའི་ཡར་སྣར་ས་བོན་མེད་པའི་རྫོགས་རིམ་སྣ་ཚོགས་རྡོ་རྗེ་བསྒོམ་ཚུལ་དང་། དཔའ་བོ་འཚོལ་བ་ནི་ཨ་ཐུང་གི་མེ་འབར་བ་དང་། བསྲེག་བྱ་ལྔ་དབང་བོ་ལྔ་དང་རུ་དྷི་ར་ནི་ཁམས་ལྔའི་རྣམ་རྟོག་སྲེག་པར་བྱེད་པ་དང་། འབར་ཕྲེང་རྒྱ་མཚོ་ནི་གཏུམ་མོ་འབར་བས་རྣམ་རྟོག་བསྲེགས་པ་དང། ཀུན་ནས་སྒོ་ཡི་འཁོར་ལོ་ནི་སྒྱུ་ལུས་སུ་ལྡང་བ་སྟེ་རྫོགས་རིམ་གྱི་ཁྱད་པར་རྣམས་བསྟན་ཏོ། །གཉིས་པ་ནི། རིག་པ་རྒྱ་མཚོ་ཞེས་པའི་རྒྱུད་ལས་འཁོར་ལོ་བསྟན་པ་ཇི་ལྟ་བ་བཞིན་དུ། དཔའ་བོ་ཧེ་རུ་ཀས་འདིར་ཡང་མདོར་བསྡུས་ཏེ་གསུངས་པ་ཡིན་ནོ། །ཕོ་ཉ་མོ་དང་གཉིས་སུ་མེད་པར་སྦྱོར་བའི་བདག་ཉིད་ཅན་གྱི་སྔགས་ཀྱི་གཞུང་འདི་ལ་བརྟེན་ནས་བརྩོན་པ་དེས་ནི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཕོ་ཉ་མོ་དང་གཉིས་སུ་མེད་པར་སྦྱོར་བའི་སྦྱིན་སྲེག་གི་ལས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བཞི་བའི་འགྲེལ་པའོ།། །། གཉིས་པ་ཆོས་ཀྱི་ཕྱག་རྒྱ་སྟོན་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ལས་ཀྱི་མཆོག་རབ་ཀྱི་སྒྲུབ་པ་བཤད་པར་བྱའོ། །དེ་ཡང་བླ་མ་བརྒྱུད་པའི་རིམ་གྱིས་ལུགས་མ་ཉམས་པ་ཇི་ལྟ་བ་བཞིན་དུ་མཚོན་པ་སྟེ་ཤེས་པར་བྱེད་པའོ། །དེ་ཡང་ཐབས་ཤེས་གཉིས་སུ་མེད་པའི་མཆོད་པ་ལ་སྦྱོར་བའི་བདག་ཉིད་སྔགས་པས་ཞི་བ་སོགས་ཀྱི་ལས་སྒྲུབ་ཚུལ་གྱི་ལས་ནི་སོ་སོར་སྦྱར་བ་བྱ་སྟེ། ལས་གང་དག་རབ་ཏུ་སྒྲུབ་པར་བྱེད་པའི་སྔགས་དེ་ཡི་དབྱེ་བ་རྣམས་ནི་རིམ་པ་བཞིན་དུ་བཤད་པར་བྱའོ། །གཉིས་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ལ་གཉིས། བཟླས་པ་བྱེད་ཚུལ་དང་། དུམ་སྐྱེས་མས་ལས་སྒྲུབ་ཚུལ་ལོ། །དང་པོ་ནི། ཁ་དོག་ནི་འདིར་ཡི་གེར་བསྒྱུར་བ་ལྟར་ཏེ་དབྱངས་གསལ་རྣམ་པ་གཉིས་སོ། །ཕོ་ཉ་ནི་རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མའོ། །སོགས་ཀྱིས་གཙོ་བོ་ཡབ་ཡུམ་དང་དཔའ་བོ་ཉེར་བཞི་ལར་གཟུང་སྟེ་དེ་རྣམས་ཀྱི་སྔགས་གང་ཡིན་པའོ། །དམིགས་པ་ནི། སྔགས་དེ་རྣམས་ལས་ནི་སོ་སོའི་དབྱེ་བ་ཤེས་ནས་བཟླ་ཞིང་། ཇི་ལྟར་གཞུ་བ་ཀང་སྟེ་མདའ་རྒྱང་འཕངས་པའི་ཤུགས་ཀྱིས་མྱུར་དུ་འཇུག་པ་བཞིན་དུ། གང་གི་ཚེ་གདུག་པ་ཅན་ཚར་གཅོད་པར་བྱེད་པ་དེའི་ཚེ། སྲད་པུ་བསྒྲིལ་བ་ལྟར་གསང་སྔགས་ཀྱི་ཡི་གེ་རྣམས་ཕན་ཚུན་གཅིག་ལ་གཅིག་མདུད་པ་སྟེ་སྦྱར་ནས། ཡབ་ཡུམ་གཉིས་ཀའི་ཞལ་ནས་གཅིག་ཅར་འབྱུང་བ་ཟོ་ཆུན་གྱི་བུམ་པ་ལྟར་ཡོངས་སུ་འཁོར་བ་བསམ་པར་བྱའོ། །ཞི་བ་ལ་རང་གི་ཁའི་ནང་ནས་ཡུལ་ཉིད་ཀྱིས་ཕྱེ་བ་སྟེ། ཞུགས་པའི་སྔགས་ཀྱི་ཡི་གེ་རྣམས་ལུ་གུ་རྒྱུད་ཀྱི་ཕྲེང་བའི་ཚུལ་ཅན་རྡོ་རྗེའི་མ་མ་ནས་ཡུམ་གྱི་པདྨ་དང་། དེ་ནས་ཡུམ་གྱི་ཁར་འཇུག་པ་ལྷོད་ཅིང་རྩུབ་པ་མ་ཆད་པར་འཁོར་བའོ། །རྒྱས་པ་ལ་ནི་ས་བོན་ཏེ་སྔགས་ཀྱི་ཡེ་གེའི་ཕྲེང་བ་དེ་ནས་བཟུང་བ་སྟེ། གཅིག་ལ་གཅིག་སྦྲེལ་གྱིས་བཟླ་བའོ། །དྲག་པོ་ལ་ཧཱུྃ་ནི་བསྒྲུབ་བྱའི་མིང་གི་ཐོག་མ་དང་མཐའ་རུ་གནས་པར་བྱ་བ་ཡིན་ཏེ། ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཞེས་པ་ཧཱུྃ་ཧཱུྃ་ཕཊ་ཀྱི་སྔོན་དུ་སྦྱར་བས་བསྒྲུབ་བྱ་འགོག་པ་སྟེ་འཆི་བ་འགྱུར་བ་ཡིན་ཏེ། གོམ་པ་ཅི་ཀྱང་མི་འགྲོ་བ་སྟེ་འགྲོ་བའི་ལོང་མེད་དོ། ཁ་སྦྱར་སྦྱར་བར་གྱུར་པ་ནི་ཞི་བ་ལ། ༀ་ལྷ་སྦྱིན་སྭཱ་ཧཱ་ༀ་ཞེས་ༀ་གཉིས་ཁ་སྦྱར་བར་བྱའོ། །དྲག་པོ་ལ་ནི་བསྒྲུབ་བྱའི་མིང་གི་ཐོག་མཐར་རྡོ་རྗེ་སྟེ་ཧཱུྃ་ཁ་སྦྱར་བྱིན་ནས་ལུ་གུ་རྒྱུད་དེ་ལྕགས་སྒྲོག་བཅིངས་པ་ལྟ་བུས། རྡོ་རྗེ་སྟེ་ཧཱུྃ་གིས་དབྱེ་བ་སྟེ་གཞོམ་པ་ཉིད་བྱའོ། །དེ་བཞིན་བུང་བ་ཞེས་པ་ནི། སྒྲོའི་ཆུན་པོར་བསྒྱུར་བ་ལྟར་ཇི་ལྟར་རྨ་བྱའི་ཆུན་བོས་བསྐོར་བ་ན་བར་མཚམས་མེད་པར་སྣང་བ་ལྟར། སྔགས་ཞལ་ནས་ཞལ་དུ་བར་མཚམས་མེད་པར་འཁོར་བར་བསམ་པར་བྱའོ། །གཉིས་པ་ནི། བསྒྲུབ་བྱ་འགུག་པར་འདོད་ན། ཛ་ཆེ་གེ་མོ་ཨ་ཀཪྵ་ཡ་ཛཿཞེས་སྤེལ་ཏེ་དུམ་སྐྱེས་མ་ལྕགས་ཀྱུ་ཐོགས་པ་ཉིད་གྱིས་བསྒྲུབ་བྱ་དགུག་པར་བྱའོ། །གཞན་གྱི་དཔུང་དཀྲུག་པར་འདོད་ན། ཧཱུྃ་ཆེ་གེ་མོ་ཀྵོ་བྷ་ཡ་ཧཱུྃ་ཞེས་དང་། དུམ་སྐྱེས་མས་གཏུན་ཤིང་གིས་དཔུང་དེ་དཀྲུག་པར་བྱའོ། །འགུགས་པ་དུམ་སྐྱེས་མས་བྱེད་པ་དེ་བཞིན་དུ། ཕཊ་ཆེ་གེ་མོ་བྷཀྵ་ཡཾ་ཕཊ་ཞེས་པ་དུམ་སྐྱེས་མས་རྡོ་རྗེ་ཉིད་ཀྱིས་འདེབས་པ་སྟེ་ཟ་བར་བཤད་དོ། །གཞན་གྱི་ལུས་དགུག་པ་སྟེ་འབིགས་པ་ལ་ནི། ཕཊ་ཆེ་གེ་མོ་མེ་དྷ་ནན་ཕཊ་དང་། དུམ་སྐྱེས་མས་མདས་བསྣུན་པ་ནི་སྦྱར་བར་བྱའོ། །དུས་མ་ཡིན་པའི་འཆི་བ་ལས་རྒྱལ་བར་བྱ་བ་ལ་དུམ་སྐྱེས་མ་དཀར་མོ་ཡན་ལག་སྟེ་ཕྱག་ན་ཁ་ཊྭཱཾ་བསྣམས་པ་དང་སྦྱོར་ཞིང་། ཧཱུྃ་ལས་བདུད་རྩི་དཀར་བོའི་རྒྱུན་འཛག་པར་བསམས་ལ། ཧཱུྃ་ཆེ་གེ་མོ་ཛྲ་བི་ཡ་ཧཱུྃ་ཞེས་བཟླའོ། །དུམ་སྐྱེས་མས་ལས་སྒྲུབ་པ་ཐམས་ཅད་ཀྱི་ཐོག་མར་ཐོད་པའི་སྣོད་དུ་བདུད་རྩི་ལྔས་བཀང་བས་དེའི་ཞལ་དུ་མཆོད་ཡོན་ཕུལ་ལ། དེའི་འོག་ཏུ་མཚོན་ཆ་སྟེ་ལྕགས་ཀྱུ་སོགས་ཀྱིས་ལས་ལ་སྦྱར་བར་བྱའོ། །གཉིས་པ་ནི་ལ་བ་པས་མདའི་ཤུགས་ཀྱི་ནས། འདེབས་པར་བཤད་ཅེས་པའི་བར་ལ་ངེས་དོན་ཀྱི་བཤད་པ་མཛད་པའི་དོན་བསྡུ་ན། མདའ་ནི་རླུང་སྟེ་དེའི་ཤུགས་ཀྱིས་འགྲོ་འོང་བྱེད་པ་ནི་འཁོར་བའོ། །ཕན་ཚུན་མདུང་བ་ནི་འགྲོ་འོང་བྱེད་པ་ན་དབྱངས་གསལ་གྱི་སྔགས་འདུས་པའོ། །ཡུལ་ཉིད་ཀྱིས་ནི་ཕྱེ་བ་སྟེ་དབྱངས་གསལ་རྣམས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིར་བཀོད་པའོ། །ས་བོན་ནི་རྩ་གཡས་གཡོན་གཉིས་སུ་དབྱངས་གསལ་གྱི་ཕྲེང་བས་ཟིན་བར་བྱ་བའོ། །ཧཱུྃ་མཐའ་རུ་གནས་པ་ནི་ཧཱུྃ་ཡིག་སྙིང་ཁར་བཀོད་ནས་རླུང་སེམས་འགུག་པའོ། །འགོག་པ་ནི་རླུང་གཉིས་གྱི་རྒྱུ་བ་བཅིངས་པའོ། །གོམ་པ་གཅིག་ཀྱང་མི་འགྲོ་བ་ནི་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཐིམ་པ་ན་དེས་ཀུན་རྟོག་མི་བསྐྱེད་པའོ། ཁ་སྦྱར་སྦྱར་བ་ནི་རོ་རྐྱང་གི་རླུང་གཉིས་འཁོར་ལོ་བཞིའི་དབུ་མར་འཇུག་པའི་ཁ་སྦྱར་བ་དང་བཅིངས་པའོ། །རྡོ་རྗེ་དབྱེ་བ་ནི་ཐབས་ཀྱི་རྡོ་རྗེ་ཤེས་རབ་ཀྱི་པདྨ་ཕྱེ་བ་དང་། དེ་བཞིན་དུ་རྡོ་རྗེ་པདྨའི་ནང་དུ་བུང་བ་ལྟར་འཁོར་བ་སྟེ་བསྐྱོད་པའོ། །ཐབས་དེས་འདོད་པའི་ལྕགས་ཀྱུས་བྱང་སེམས་དགུག་པ་དང་། གཏུན་ཤིང་རྡོ་རྗེས་རྩ་ཐམས་ཅད་དཀྲུག་པ་དང་། རྡོ་རྗེས་འདེབས་པ་ནི་བྱང་སེམས་རྡོ་རྗེའི་རྩེར་འདུས་པ་ལ་ལོངས་སྤྱོད་པའོ། །གསུམ་པ་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བའི་ལས་དང་དུས་མ་ཡིན་པར་འཆི་བ་སླུ་བ་སོགས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའི་འགྲེལ་པའོ།། །།གསུམ་པ་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་གཉིས་ལྷན་ཅིག་སྟོན་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི་དེ་ནས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསྟེན་པའི་མཆོད་པ་ཆེན་པོ་བཤད་པར་བྱའོ། །ཕྱག་རྒྱ་ལ་བརྟེན་པ་མཆོད་པར་འཇོག་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་དག་པ་མཚན་མ་གཉིས་ལ་ཡི་གེ་དགོད་པ་ཡང་སྔགས་ཡིན་ཞིང་། དེ་བཀོད་ནས་དེའི་ལས་ལ་སྦྱོར་བ་ནི་མཆོད་པ་ཆེན་པོར་རབ་ཏུ་གྲགས་པ་སྟེ་བཤད་པའི་ཕྱིར་རོ། །ཕྱག་རྒྱའི་མཆོད་པ་འདིས་མྱུར་དུ་དངོས་གྲུབ་འགྲུབ་པར་བྱེད་པར་ནི་ཐེ་ཚོམ་མེད་པས་དེ་ལ་བརྟེན་པར་བྱའོ། །གཉིས་པ་གཉིས། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། དེ་ལ་བརྟེན་ནས་ལས་སྒྲུབ་པའི་ཆོ་གའོ། །དང་པོ་ལ་གཉིས། ཕྱག་རྒྱ་གཉིས་ལ་བརྟེན་པའི་མཆོད་པ་དང་། ཕྱག་རྒྱ་བཞིའི་རྣམ་གཞག་གོ །དང་པོ་ནི། རང་དང་ཕྱག་རྒྱ་གཉིས་གཙོ་བོ་ཡབ་ཡུམ་དུ་བྱས་པའི་གསང་གནས་ཀྱི་མཚན་མ་གཉིས་ལ་སྔགས་རབ་ཏུ་སྦྱར་ཏེ། གསང་གནས་གཉིས་ཆོ་གའི་གཞུང་ནས་འབྱུང་བ་ལྟར་བསྐྱེད་ཆོག་བྱའོ། །མཁའ་འགྲོ་མ་ནི་ཕག་མོ་དང་དཔའ་བོ་ནི་ཧེ་རུ་ཀ་སྟེ་གཉིས་སུ་མེད་པར་སྦྱོར་བའོ། །དེ་བཞིན་དུ་ཡབ་ཡུམ་གྱི་གནས་བཞིར་སྙིང་པོ་དང་ཉེ་སྙིང་རྣམས་ཀྱི་སྔགས་དགོད་པར་བྱའོ། །དེ་ནས་སྔགས་པས་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་དང་སྦྱར་ཏེ། སྙོམས་འཇུག་ལ་མཁས་པའི་བློ་ལྡན་གྱིས་རྣལ་འབྱོར་མ་ལས་དང་དམ་ཚིག་གི་ཕྱག་རྒྱའི་པདྨ་བསྲུབ་པར་བྱས་ལ། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱའོ། །དག་པའི་ལུས་སུ་བྱས་པས་ནི། རང་འདོད་པའི་ཕྱག་རྒྱ་མ་གང་རུང་གཅིག་ལ་བརྟེན་ནས་དཔའ་བོ་ཧེ་རུ་ཀ་མཆོད་པར་བྱས་ནས་ཞི་སོགས་ཀྱི་ལས་ཐམས་ཅད་ནི་འབད་པ་ཉིད་ཀྱིས་བྱས་སྟེ། དེ་ལས་རྣམས་མྱུར་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། ཕྱག་རྒྱ་བཞི་ལས་བསྐྱེད་རིམ་པའི་ལས་རྒྱ་ནི་ཕྱིའི་ཕྱག་རྒྱ་མ་དང་། ཆོས་རྒྱ་ནི་ལུས་ལ་སྒོམ་པའི་ཧཱུྃ་ཡིག་སོགས་དང་། དམ་རྒྱ་ནི་ས་བོན་སོགས་ལས་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་འདུས་པའི་སྤྲོ་བསྡུ་བྱེད་པ་སོགས་དང་། ཕྱག་ཆེན་ནི་གཙོ་བོའི་སྐུར་སྒོམ་པ་སྟེ། རྫོགས་རིམ་དང་འབྲས་བུ་ལའང་ཤེས་པར་བྱའོ། །གཉིས་པ་ནི། ཚོགས་ཀྱི་དཀྱིལ་འཁོར་བ་ཐམས་ཅད་ལ་རང་གང་ལ་དགའ་བའི་སྔགས་པས་ཚོགས་ཀྱི་རྫས་རྣམ་པར་དབྱེ་བ་སྟེ་སོ་སོར་བགོ་ཞིང་། ཕྱག་རྒྱ་བསྟེན་པའི་དུས་སུ་ཕྱིན་ཅི་ལོག་ཏུ་སྟེ་རྣལ་འབྱོར་མ་སྐྱེས་པ་ལྟར་སྟེང་དུ་འདུག་པ་ལ་ངེས་པར་སྦྱར་བར་བྱའོ། །དེའི་དགོས་པ་ནི་ཉོན་མོངས་རྣམས་ཚར་གཅོད་པ་དང་། སེམས་ཅན་ལ་ཕན་འདོགས་པའི་དོན་རྣམས་ལ་སྟེ་དེའི་ཆེད་དུའོ། །ལ ས་ནི་སོ་སོ་རང་རིག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཡིན་ལ། འདི་ཡི་དངོས་པོ་རྣམ་པར་བསྒོམ་ནི་གཡེར་བ་ཐམས་ཅད་སྤངས་ཏེ་སྒོམ་པའོ། །དེ་ཉིད་ནི་རིགས་ལྔ་སྟེ། དེའི་དབྱེ་བས་ཕྱེ་བའི་མིག་སོགས་དག་པའི་གཏི་མུག་རྡོ་རྗེ་ལ་སོགས་པར་མིག་སོགས་བལྟས་ནས་ནི། རྩལ་སྟེ་རྩ་ཡི་ལམ་དུ་སྦྱར་བར་བྱའོ། །དབང་བོས་ཡུལ་ལ་ལོངས་སྤྱོད་པ་འོད་གསལ་གྱི་དོར་རམ། སྒྱུ་མ་ལྟ་བུ་སྦྱོར་ཚུལ་ཇི་ལྟར་བྱ་ན། ཇི་ལྟར་ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་པ་དེ་བཞིན་དུ། ནད་མིག་སོགས་ཡུལ་སྤྱོད་པ་ནའང་བདེ་ཆེན་འབར་བྱས་པ་ལ་བརྟེན་ནས་སྦྱོར་རོ། །དངོས་གྲུབ་རབ་ཏུ་སྒྲུབ་པའི་སྦྱོར་བ་སྟེ་རྣལ་འབྱོར་གྱི་དོན་ལ་ཕྱག་རྒྱ་གཉིས་ལ་བརྟེན་པ་འདི་ཡིས་ནི་མྱུར་དུ་ལྷ་དང་ལྷ་མིན་དང་མིར་བཅས་པ་རྣམས་ཚར་གཅོད་དང་ཕན་འདོགས་པའི་ཚུལ་གྱིས་བསྒྲུབ་པར་བྱ་བ་སྟེ་འགྲུབ་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ཕྱག་རྒྱ་གཉིས་ལ་བརྟེན་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། ཞི་སོགས་ཀྱི་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་གི་འགྲེལ་པའོ།། །།བཞི་པ་ལས་རྒྱ་དབང་དུ་བྱ་བ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔ་མ་ལས་གཞན་ཡང་བཤད་པར་བྱ་སྟེ། དེ་ཡང་སྒྲུབ་བྱ་ཚར་གཅོད་པ་དང་། གནོན་པའི་ཆོ་ག་སྟེ་བུད་མེད་དབང་དུ་བྱ་བའི་ཚུལ་ལོ། །གཉིས་པ་ལ་གསུམ། ཁ་ཟས་ལ་བརྟེན་ནས་དབང་དུ་བྱ་བ་དང་། སྦྱིན་སྲེག་ལ་བརྟེན་ནས་དབང་དུ་བྱ་དང་། ཆོ་ག་དེའི་བསྔགས་པའོ། །དང་པོ་ནི། ཕན་ཚུན་སྦྱར་བ་ནི་ཕྱི་ནང་སྟེ་ཕྱི་དཀྱིལ་དང་ལུས་དཀྱིལ་ལོ། །གསང་སྔགས་ནི་མཁའ་འགྲོ་མ་རྣམས་སོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར་བ་ནི་དཀྱིལ་འཁོར་དེ་གཉིས་ཀ་སྒོམ་པའོ། །དེ་ལྟར་བསྒོམ་ཏེ་བཟླས་པ་བྱས་ནས་མར་ལ་སོགས་པའི་བཟའ་བ་ཟོས་ཤིང་མིང་ནས་ནི་སྔགས་བཟླས་པའི་མཐར་ཐོད་པའི་ནང་དུ་སྐུག་པར་བྱའོ། །ཟས་དེ་མཚན་མོ་སྟེ་བཞག་བདུན་ནི་རྫོགས་པའི་འོག་ཏུ་བསྒྲུབ་བྱ་གང་ཡིན་གྱི་བཟའ་བ་དང་བཏུང་བ་དག་ལ་སྦྱར་ཏེ་བྱིན་པ་འདི་ཡིས་ནི། བསྒྲུབ་བྱ་དེ་ཇི་སྲིད་འཚོ་བའི་བར་དུ་རང་གི་དབང་དུ་འགྲོ་བར་ཐེ་ཚོམ་མེད་དོ། །ཞག་གྲངས་སྔར་ལྟར་བ་སེར་སྐྱའི་མར་ནི་ཟོས་ཤིང་མར་ཁུ་འཐུང་ནས་སུ། སྔགས་བཟླས་པའི་མཐར་ནི་སྐྱུག་པར་བྱ་ལ། སྐྱུག་པ་དེ་ཡིས་རང་གི་གདོང་ལ་བསྐུས་ནས་བསྒྲུབ་བྱ་དེ་ལ་སྔར་བཞིན་སྦྱར་ཏེ་བྱིན་ན། གལ་ཏེ་རྟག་ཏུ་བསྒྲུབ་བྱ་ཁྲོས་པ་གྱུར་ནའང་རང་ཉིད་བསྒྲུབ་བྱ་དེས་མཐོང་བ་ཙམ་གྱིས་རང་གི་དབང་དུ་འགྱུར་རོ། །གཞན་དང་པོ་དང་འདྲ་ལ་ཁྱད་པར་ནི། ཏིལ་དམར་པོའི་མར་གྱིས་ས་ལུ་དམར་པོ་བཏགས་པ་དང་ལྡན་པས་ལུས་ཀྱི་དྲི་མ་དྲིལ་བས་ལུས་ནི་བསྐུས་པར་གྱུར་ཅིང་། ས་ལུའི་ཁམ་སྐྱོང་མར་གྱིས་བཙས་པའི་སྣུམ་མཁུར་སྔགས་པས་བྱས་ནས་ནི། དེ་བཟའ་བ་ལ་ནི་རབ་ཏུ་སྦྱར་ཏེ་བྱིན་ན་གལ་ཏེ་ལས་སྦྱོར་འདི་མ་བཏང་ན་ཇི་སྲིད་འཚོ་བ་ཡི་བར་དུ་བསྒྲུབ་བྱ་དེ་རྟག་ཏུ་རང་གི་དབང་དུ་འགྱུར་རོ། །ཏིལ་ནས་སྐེ་ཚེ་དང་བཅས་པ་དག་ནི་ཟོས་ནས་སུ་སྐེ་ཚེར་བཅས་པ་སྐྱུག་པ་དང་། རུ་ཏ་བཤང་བའི་ལམ་ནས་བཏོན་པ་དང་ལྡན་པ་དང་། ལག་སྐྱེས་སེན་མོ་དང་ལྟོ་བར་གནས་པའི་སྲིན་བུ་ནི་བཤང་ལམ་ནས་བྱུང་བ་དང་རང་གི་ཁྲག་ལྷན་ཅིག་བཏགས་ནས་ནི། སྭ་ཤུ་ཀྲ་སྟེ་རང་གི་ཁུ་བ་ཉིད་དང་སྦྱར་ཏེ་བཟའ་བཏུང་དང་མིག་སྨན་དང་གོས་ལ་བྱུག་པ་ཉིད་དུ་རབ་ཏུ་སྦྱར་ན། སྦྱོར་བའི་འདི་ཡིས་ཇི་སྲིད་འཚོ་བ་ཡི་བར་དུ་རང་གི་དབང་དུ་འགྱུར་བར་གདོད་མི་ཟའོ། །གཉིས་པ་ནི། ཐབ་ཁུང་དུ་བ་ལང་གི་ཤ་ཁྲག་གི་བསྐུས་པས་ཞག་བདུན་ཐུན་བཞིར་སྦྱིན་སྲེག་བརྒྱ་རེ་བྱས་ན་བསྒྲུབ་བྱའི་ལྷ་རྣམས་ནི་དེའི་མོད་ལ་དབང་དུ་འགྱུར་རོ། །འམ་ནི་གལ་ཏེ་བསྒྲུབ་བྱ་རང་གི་དྲུང་དུ་མ་འོངས་ན་འཆི་བར་འགྱུར་བ་བསྡུའོ། །ཐབ་ཏུ་ཧེ་རུ་ཀ་འཁོར་བཅས་བསྐྱེད་ནས་བདག་ཉིད་དེའི་མདུན་དུ་འདུག་པར་བསྒོམ་ནས་ལས་སྦྱོར་ལ་མཁས་པས་སྦྱིན་སྲེག་བྱ་ཞིང་། སྦྱིན་སྲེག་བྱས་པ་རྫོགས་པའི་མཐར་བ་ལང་གི་ཤ་ཁྲག་གི་གཏོར་མ་དབུལ་བར་བྱས་ནས་ནི། ཁམས་གསུམ་པ་རྣམས་སྐད་ཅིག་གིས་ཏེ་མྱུར་དུ་འགུག་པ་མཚན་ཏེ་ཞག་བདུན་གྱིས་ནི་འགྲུབ་པར་འགྱུར་རོ། །གསུམ་པ་ནི། ས་འོག་སོགས་འཇིག་རྟེན་གསུམ་ན་རྙེད་པར་དཀའ་བའི་རྣལ་འབྱོར་བ་དམ་ཚིག་སྤྱོད་པའི་མཚན་ཉིད་ཅན་གྱིས་ལས་རྒྱའི་བྱ་བ་འདི་ནི་རྟག་ཏུ་རང་གི་སྔགས་ཀྱི་ཀུན་སྤྱོད་སྦས་པ་ཡིས་རབ་ཏུ་འབད་དེ་སྔགས་ཀྱི་སྣོད་མིན་ལ་གསང་བར་བྱ་སྟེ་སྐལ་མེད་ལ་བྱིན་ཡང་སྦས་དོན་ཟབ་མོ་རྙེད་པར་མི་འགྱུར་ཞིང་ཡིད་མི་ཆེས་ལ། །སྐལ་བ་དམན་བས་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །སྐལ་བ་མི་དམན་ན་ནི་བསོད་ནམས་བསགས་པ་ཆུང་བའི་སྒྲུབ་པ་པོས་ཀྱང་། ཧེ་རུ་ཀ་དང་བླ་མ་མཉེས་པར་བྱས་པས་ཟབ་དོན་རྙེད་པར་འགྱུར་ཞིང་འགྲུབ་པར་ཡ ང་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་སྦྱིན་སྲེག་སོགས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའི་འགྲེལ་པའོ།། །། དགུ་བ་སྤྱོད་པ་ལྷག་མ་གཉིས་རྒྱས་པར་བཤད་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ལུས་ངག་གི་བརྡ་དང་མཁའ་འགྲོ་མ་ཉེར་བཞིའི་ལུས་༼ཤོག༦༥མེད༽ བ་བྱ་བའི་གནས་ནི། །ཆུ་བོ་དང་རྒྱ་མཚོ་དང་པི་བུའི་འགྲམ་དང་རི་བོ་དང་དེ་བཞིན་དུ་ལམ་བཞི་མདོ་དང་ལྟེང་ག་མཚེའུ་དང་ཁྲོན་པའི་འགྲམ་དང་ཁང་སྟོང་དང་གྲོང་ཁྱེེར་གྱི་ལམ་སྲང་དང་ཐམས་ཅད་དུ་ནི་སྤྱོད་པའི་བརྟུལ་ཞུགས་དང་བསྒྲུབ་པ་བྱའོ། །དེ་ལ་མཁའ་འགྲོ་མ་རྣམས་ཀུན་ཏུ་ཞེན་པ་སྟེ་རྗེས་སུ་ཆགས་པར་ཐུགས་བརྩེ་བས་ལྟ་བ་ལ་གནས་པར་མཛད་དོ། །འཇིགས་པ་ཆེན་པོ་ཅན་གྱི་དུར་ཁྲོད་དུ་རྣལ་འབྱོར་མ་མཁའ་ལ་སྤྱོད་པ་དང་། དེ་བཞིན་དུ་ས་འོག་ན་སྤྱོད་པ་དང་ས་ལ་སྤྱོད་པ་དང་། རོ་ལངས་ཀྱང་ནི་དུ་མ་ཞིག་འཇིགས་པའི་གཟུགས་དང་སྟོབས་ཆེན་པོས་དེ་རྣམས་དང་ལྷན་ཅིག་ཏུ་དཔའ་བོ་ཆེན་པོ་སྒྲུབ་པ་པོ་དང་ཅི་བདེ་བར་ནི་བག་ཚ་བ་མེད་པ་རོལ་བར་མཛད་དོ། །རིའི་སུལ་དང་ཚང་ཚིང་གནས་གསང་བ་རུ་རྣལ་འབྱོར་མ་ཁྱད་པར་ཅན་དང་གསང་བ་བསྒྲུབ་པའི་མི་སྔར་བཤད་པའི་ཕྱོགས་ན་དེ་དང་དེ་དག་ཏུ་སྒྲུབ་པ་པོ་ལྷན་ཅིག་ཏུ་སའི་སྟེང་དུ་རོལ་བར་མཛད་དོ། །གསུམ་པ་ནི་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྣལ་འབྱོར་མ་ལ་བརྟེན་པའི་སྤྱོད་པ་སྒྲུབ་པ་དང་། གསང་བའི་ལམ་སྒྲུབ་པའི་དཔའ་བོའི་གནས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའི་འགྲེལ་བའོ།། །།བཅུ་བ་དངོས་གྲུབ་འགྲུབ་པའི་མཚན་མ་བརྟག་པ་ལ་བཞི། བལྟ་བ་དང་ཧ་ཧ་རྒོད་པའི་ལེའུ། རིགས་ལྔ་བོ་དབང་དུ་བྱ་བ་དང་ཕྱག་ཆེན་བསྟེན་པའི་ལེའུ། ཡི་གེ་ཉེར་བཞིའི་དཀྱིལ་འཁོར་དགོད་པའི་ལེའུ། རྒོད་པའི་སྔགས་དང་མཁའ་འགྲོའི་གཟུགས་ཀྱི་རྒྱུའི་ལེའུའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི་དེ་ནས་བཞད་པ་བརྒྱད་ཀྱི་སྔགས་ཀྱི་མཐོང་བ་སྩོལ་བ་བཤད་པར་བྱའོ། །གཉིས་པ་ལ་གསུམ། རྒོད་པ་ལས་བལྟ་བ་འབྱུང་ཚུལ། མཐོང་བ་ན་འཇིགས་པའི་ཉེས་དམིགས་མི་འཇིགས་པའི་ཕན་ཡོན་ནོ། །དང་པོ་ནི། སྒྲུབ་པ་པོའི་རྣལ་འབྱོར་བ་ཆེན་པོ་གང་གིས་སྤྱོད་པ་བྱེད་པའི་དུས་སུ་དུར་ཁྲོད་ལ་སོགས་པར་ཕྱིན་ནས་ཆོས་རྣམས་སྒྱུ་མ་ལྟ་བུར་བལྟས་ལ། བཞད་པ་བརྒྱད་ཀྱི་སྔགས་ནི་རྣམ་པ་བརྒྱད་པོ་ཡན་ལག་བརྒྱད་པ་དགོད་ཅིང་ངག་ཏུ་བཟླས་པ་ཡང་བྱའོ། །དེ་ནས་སྒྲུབ་པ་པོ་འདི་ལ་མཁའ་འགྲོ་མ་རྣམས་ཀྱིས་རང་གི་གཟུགས་ཡང་དག་པར་མཐོང་བར་རྩོལ་བར་འགྱུར་བ་ལ་གདོན་མི་ཟའོ། །བཞད་པ་བརྒྱད་ནི་ཁ་ཅིག་རྩ་སྔགས་ཀྱི་ཆ་ཤས་ཀི་ལི་ཀི་ནས་དྷི་ལི་དྷི་བར་བརྒྱད་ལ་འཆད་ཅིང་། ཁ་ཅིག་ཧ་ཧ་ཧི་ཧི་ཧུ་ཧུ་ཧཱུྃ་ཧཱུྃ་བརྒྱད་དང་། ཁ་ཅིག་ཧ་སོགས་དྲུག་དང་ཧེ་ཧེ་བརྒྱད་ལ་འཆད་དོ། །གཉིས་པ་ནི། དེ་ལྟར་མཐོང་བའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་འཇིགས་པའི་སྒྲ་ནི་རྣམ་པ་མང་བོ་མི་བཟད་པ་འཇིགས་པར་བྱེད་པ་སྒྲོག་པར་བྱེད་དོ། །དེ་ལ་དཔའ་བོ་སྒྲུབ་པ་པོ་འཇིགས་པར་གྱུར་ན་ནི་སྐྲག་ཅིང་སྟེ་བག་མི་འབེབས་པས་ཕྱོགས་ཕྱོགས་སུ་རྣམ་པར་འབྱེར་བར་བྱེད་པར་འགྱུར་བས་དངོས་གྲུབ་མི་སྟེར་རོ། །གསུམ་པ་ནི། གལ་ཏེ་དཔའ་བོ་སྒྲུབ་པ་པོ་དེ་ལ་མི་འཇིགས་ན། མཁའ་འགྲོ་མ་རྣམས་ཀྱིས་ལག་པ་གཡོན་ནས་བཟུང་ནས་ནི་དེ་དག་གི་རང་གི་གནས་སུ་ཁྱེར་ནས་མཁའ་འགྲོ་མ་དེ་དག་དང་རྟག་ཏུ་མངོན་པར་ཏེ་མངོན་སུམ་དུ་རྩེ་བ་དང་རོལ་བར་བྱེད་ཅིང་། བདེ་བ་ཅན་གྱི་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པའི་གནས་སུ་འགྲོ་བར་འགྱུར་ལ། ཧེ་རུ་ཀ་དཔལ་ལ་ཤིན་ཏུ་གུས་ཤིང་འདོད་པ་སྟེ་དོན་གཉེར་ཆེན་པོས་དེ་སྒྲུབ་པའི་མཁའ་ལ་འགྲོ་བ་སྟེ་མཁའ་སྤྱོད་ཀྱི་གནས་སུ་འཁྱེར་བར་བྱེད་དོ། །སྒྲུབ་པ་པོ་ནི་སྔགས་ཏེ་ཡེ་ཤེས་ཀྱི་ལུས་ཅན་དུ་གྱུར་ནས་འཁོར་བར་འཆི་བ་དང་རྒ་བ་སོགས་མེད་པར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུ་ལས། མཁའ་འགྲོ་མས་གཟུགས་བསྟན་པ་བལྟ་བ་དང་། ཧ་ཧ་རྒོད་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དགུ་བའི་འགྲེལ་བའོ།། །།གཉིས་པ་རིགས་ལྔ་བོ་དབང་དུ་བྱ་བ་དང་ཕྱག་རྒྱ་ཆེན་པོ་བསྟན་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། ད་ནི་ལེའུ་བཞི་བཅུ་བའི་དོན་རབ་ཏུ་བཤད་པར་བྱའོ། །གང་ལ་བཤད་ན། དཔའ་བོ་ཧེ་རུ་ཀའི་རྣལ་འབྱོར་དང་རྐང་བརྒྱད་ཀྱི་སྔགས་ཀྱི་བཟླས་པ་ཡིས་སྦྱིན་སྲེག་གི་ཆོ་ག་གང་གིས་ས་སྟེང་ན་གནས་པའི་མི་སོགས་དབང་དུ་འགྱུར་བ་རྣམས། ཧེ་རུ་ཀའི་རྣལ་འབྱོར་ཆོ་ག་ལ་གནས་པས་འགྲུབ་པར་འགྱུར་བ་བཤད་པར་བྱའོ། །གཉིས་པ་ལ་གསུམ། ཕྱི་ནང་གི་སྦྱིན་སྲེག །བསྒྲུབ་བྱ་ལ་ལྟོས་པའི་གྲངས། ཕན་ཡོན་ནོ། །དང་པོ་ནི། སྒྲོན་མ་སྟེ་ཤ་དང་མྱོས་བྱེད་ཆང་དང་བཅས་པ་དང་ཉ་ཡི་ཤ་དང་ལྡན་པར་བྱས་ཏེ། དཔའ་བོའི་དབང་ཕྱུག་འཁོར་བཅས་ལ་གནས་སྐབས་ཐམས་ཅད་དུ་ཉི་མ་བདུན་གྱིས་སྒྲུབ་པ་པོ་ཐུན་གསུམ་དུ་ཕྱི་ནང་དབང་གི་སྦྱིན་སྲེག་བྱེད་པ་ལ་གཞོལ་བས་དབང་དུ་བྱེད་ནུས་པའི་དངོས་གྲུབ་རྒྱ་ཆེན་པོ་གསོལ་བ་སྟེ་སྩོལ་བར་འགྱུར་རོ། །མཚན་མོ་ནི་རྣལ་འབྱོར་མ་སྟེ་དེ་དང་ལྷན་ཅིག་སྙོམས་པར་ཞུགས་ནས་ཕྱི་ནང་གི་སྦྱིན་སྲེག་བྱ་བའི་དོན་ནོ། །གཉིས་པ་ནི། སྤྱིན་སྲེག་བརྒྱ་དང་རྩ་བརྒྱད་ལྡན་པ་སྟེ་བཅས་པ་ཉིད་ཀྱིས་ཐུན་གསུམ་དུ་ནི་དབང་གི་སྦྱིན་སྲེག་སྒྲུབ་པར་བྱེད་ན། རྒྱལ་བོ་དཔུང་དང་བཅས་པར་ནི་ཉི་མ་བདུན་གྱིས་ནི་རང་གི་དབང་འགྱུར་རོ། །བརྒྱ་རྩ་བརྒྱད་ཀྱི་ཕྱེད་ལྔ་བཅུ་རྩ་བཞིས་དཔའ་བོ་གྲོང་དཔོན་ཆེན་པོ་དང་། ང་བཞི་དེའི་ཕྱེད་ཉེར་བདུན་གྱི་སློབ་དཔོན་དང་། རྒྱལ་ཕྲན་ལ་སུམ་ཅུ་རྩ་གཉིས་སུ་བཤད་པའི་རིམ་པ་ཉིད་ཀྱིས་སྦྱིན་སྲེག་བྱ་ལ། སྦྱིན་སྲེག་ཉི་ཤུས་བྲམ་ཟེ་ཉིད་ཀྱི་ཆེད་ལ་ཉི་མ་བདུན་གྱི་བར་ཐུན་གསུམ་དུ་སྦྱིན་སྲེག་བྱ་ལ་དེ་བཞིན་དུ་རྒྱལ་རིགས་དག་ལ་སྦྱིན་སྲེག་བདུན། རྗེའུ་རིགས་ལ་སྦྱིན་སྲེག་ལྔ། དམངས་རིགས་ལ་སྦྱིན་སྲེག་གསུམ། ཐ་མ་གདོལ་བའི་རིགས་ལ་ནི་སྦྱིིན་སྲེག་གཅིག་བྱའོ། །དེ་ལྟར་དཔའ་བོས་རིགས་ཀྱི་རིམ་གྱིས་དུས་ནི་ཟླ་གཅིག་ཅེས་སོགས་ནི་སྟན་གཅིག་ལ་ནི་མཉམ་བསྟན་ནས་འབྱུང་བ་དག་པས། སྟན་དེ་གདན་གཅིག་ལ་ཡབ་ཡུམ་གཉིས་ཀ་མཉམ་པར་བརྟེན་ནས་སྔགས་ཀྱི་ནུས་པ་སྒྲུབ་པ་པོས་རིགས་ལྔ་བའི་འགྲོ་བ་ཐམས་ཅད་དབང་དུ་དགུག་པར་བྱའོ། །གསུམ་པ་ནི། །དཔའ་པོ་སྒྲུབ་པ་པོས་ཆོ་ག་སྔ་མ་ཡིས་ཏེ་ལྷའི་རྣལ་འབྱོར་དང་སྦྱིན་སྲེག་སྔོན་དུ་འགྲོ་བས། འདོད་ཡོན་ལྔ་དང་རང་གང་དབང་དུ་བྱ་བར་འདོད་པའི་ཐབས་བསྟེན་པ་ན་དབང་དུ་བྱ་བ་ཐོབ་པར་འགྱུར་རོ། །དེའི་མཐུས་ས་སྟེང་འདོད་པའི་དབང་ཕྱུག་སྟེ་དབང་ཆེན་པོ་བཞིན་དུ་བསོད་ནམས་ཀྱི་དཔལ་དང་ལྡན་ཞིང་། གཟུགས་ལ་སོགས་པའི་སྐལ་བ་བཟང་བོར་སྐྱེ་བར་འགྱུར་ལ། སྒྲུབ་པ་པོ་ནི་མཁའ་འགྲོ་མ་རྣམས་ཀྱིས་ཡིད་དུ་འོང་བར་འགྱུར་བ་གདོན་མི་ཟ་བ་སྟེ་ཐེ་ཚོམ་མེད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས་རྒྱལ་བོ་སོགས་རིགས་ལྔ་དང་ཕྱག་རྒྱ་རིགས་ལྔ་པོ་དབང་དུ་བྱ་བ་དང་། དེ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་བསྟེན་པའི་ལེའུ་སྟེ་བཞི་བཅུ་བའི་འགྲེལ་བའོ།། །།གསུམ་པ་ཡི་གེ་ཉེར་བཞི་བའི་དཀྱིལ་འཁོར་དགོད་པའི་ལེའུ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ལས་རྣམས་ཀྱི་མཆོག་རབ་དང་རྫོགས་རིམ་པས་དངོས་གྲུབ་ཐམས་ཅད་འགྲུབ་པར་སྟོན་པ་སྔགས་ཀྱི་རྣལ་འབྱོར་གང་གིས་ཤེས་ནས་སྒྲུབ་པ་པོ་ལེགས་པར་སྒྲུབ་པ་དེ་བཤད་པར་བྱའོ། །གཉིས་པ་ལ་གཉིས། ལས་ཀྱི་དབྱེ་བ་དང་། དེ་འགྲུབ་པའི་རྒྱུའོ། །དང་པོ་ནི། བསྒྲུབ་བྱའི་ལས་ལ་ནི་ལས་ཆེན་བཅུ་གཉིས་ཏེ། དབང་དུ་བྱ་བ་དང་དགུག་པ་གཉིས་གཅིག་ཏེ་བྱས་པ་དང་། མཛའ་བ་དབྱེ་བ་དང་། བསད་པ་དང་། བསྐྲད་པ་དང་། ལ་སོགས་པས་ཞི་རྒྱས་གཉིས་པོ་སོ་སོ་དང་། སེམས་རྨུགས་པར་བྱེད་པ་དང་། རེངས་པར་བྱེད་པ་དང་། དྲན་པ་རྨོངས་པར་བྱེད་པ་དང་། དེ་བཞིན་དུ་ཕུར་བུས་གདབ་པ་དང་། ཚིག་འཕྲོག་པ་དང་ངག་སྐུག་པ་དང་རྣ་བ་འོན་པ་དང་དེ་བཞིན་དུ་མིག་ལོང་བ་སྟེ་བཞི་ནི་དབང་བོ་རེངས་པ་ཞེས་གཅིག་ཏུ་དང་། མ་ནིང་ཉིད་དུ་བྱ་བ་དང་། གཟུགས་ནི་སྣ་ཚོགས་པར་ཡོངས་སུ་འགྱུར་བ་སྟེ་བཅུ་གཉིས་སོ། །གཉིས་པ་ལ་གཉིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ལས་ཆེན་བཅུ་གཉིས་པོ་འདི་དག་ནི་རྟག་ཏུ་སྒྲུབ་པ་པོ་ཡིས་བསྒྲུབས་ན། འདོད་པའི་དངོས་གྲུབ་སྒྲུབ་པ་པོ་ལ་ནི་དྲན་པ་སྟེ་བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར་བ་ཐེ་ཚོམ་མེད་དོ། །གཉིས་པ་ལ་གསུམ། མཁའ་འགྲོ་མས་གནས་ཀུན་ཁྱབ་པར་བསྟན་པ། གནས་ཀྱི་གཙོ་བོ་ངོས་བཟུང་བར། བསྒོམས་ཤིང་མཆོད་པར་བསྲུབ་པར་བསྟན་པའོ། །དང་པོ་ནི། ཡུལ་ཐམས་ཅད་ཀྱི་བླ་མ་སྟེ་གོང་མ་འཛམ་གླིང་གི་ཡུལ་གྱི་གནས་དང་ཉེ་བའི་གནས་ལ་སོགས་པ་ཡུལ་ཉེར་བཞིའི་མཁའ་འགྲོ་མས་ནི་ཡུལ་ཐམས་ཅད་ཁྱབ་པར་གནས་སོ། །དེ་དག་ཀྱང་གང་ཞེ་ན། བུལ་ལི་ར་མ་ལ་ཡ་ལ་སོགས་པའི་ཡུལ་དང་ཡུལ་དུ་མངོན་པར་སྐྱེ་བ། བདེ་བ་ཆེན་པོའི་ཡེ་ཤེས་དང་ལྡན་པའི་རང་རང་གི་སྐྱེ་གནས་ཏེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་མཚོའོ། །རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱི། གཙོ་མོ་རྣམས་བསྡུས་པ་རབ་གཏུམ་མ་ལ་སོགས་པ་དེ་རྣམས་ནི་མཁའ་འགྲོ་མ་ཉེར་བཞི་རུ་བཤད་དོ། །གཉིས་པ་ལ་གསུམ། ཡུལ་ཉེར་བཞི་བསྟན་པ། དེ་རྣམས་ཀྱི་རྣལ་འབྱོར་མའི་བྱིན་རླབས་འཇུག་ཚུལ། དེ་རྣམས་རྣལ་འབྱོར་མ་གང་གིས་བསྡུས་པས་སོ། །དང་པོ་ནི། འདི་ག ནས་ཉེར་བཞི་གོ་རིམ་བཟློག་སྟེ་སྟོན་པ་ནི། ཀུ་ལུ་ཏ་དང་མ་རུ་ཞེས་པ་མྱ་ངན་གྱི་ཡུལ་དང་། སིནྡྷུའི་ཡུལ་དང་། ནཱ་ག་ར་དང་། སུ་ཝ་ར་ཎ་དཱི་བ་དང་། སཽར་ཥྚ་དང་། གྲྀ་ཧ་དེ་བ་དང་། བྲེ་ཏ་པུ་རི་དང་། ཧི་མ་ལ་ཡ་དང་། ཀཉྩི་དང་། ལམ་པ་ཀའི་ཡུལ་དང་། ཀ་ལིངྐ་དང་། ཀོ་ས་ལ་དང་། ཏྲི་ཤ་ཀུ་ནེ་དང་། ཨོ་ཏྲེ་དང་། ཀ་མ་རུ་བ་དང་། མཱ་ལ་ཝ་དང་། དེ་ཝི་ཀོ་ཊི་དང་། ར་མེ་ཤྭ་རེ་དང་། གོ་དབ་རི་དང་།ཨ་རྦུ་ཏ་དང་། ཨུ་རྒྱན་དང་། ཛཱ་ལན་དྷ་ར་དང་། པུལ་ལི་ར་མ་ལ་ཡ་སྟེ་སྐུ་འཁོར་ནས་ཐུགས་འཁོར་གྱི་བར་རོ། །སོགས་ཀྱིས་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་སོགས་བསྡུའོ། །གནས་འདི་དག་དཔའ་བོ་ཉེར་བཞིའི་གནས་ཀྱང་ཡིན་ནོ། །གཉིས་པ་ནི། ཡུལ་ཉེར་བཞི་བོ་འདི་དག་གི་བུ་མོ་གང་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་དང་གཉིས་སུ་མེད་པར་སྦྱོར་བ་སྟེ། རྣལ་འབྱོར་མ་དེ་ཀུན་ནི་རང་གི་འདོད་པ་ཙམ་གྱིས་གཟུགས་མི་འདྲ་བ་དུ་མ་སྤྲུལ་བ་ཅན་ཏེ། འདི་རྣམས་དཀྱིལ་འཁོར་དུ་བཀོད་ནས་བསྒོམས་བས་ཡིད་ཀྱི་ཤུགས་ཀྱིས་ཏེ་ཡིད་ལྟར་མགྱོགས་པའི་ཤུགས་ཀྱིས་བྱོན་ནས་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པ་ལ་འཇུག་པ་ཡིན་ནོ། །གསུམ་པ་ནི། རྣལ་འབྱོར་མ་དྲུག་ནི། ལཱ་མ་དང་གཟུགས་ཅན་མ་དང་བྱིས་བཅས་མ་དང་ཡོངས་གྱུར་མ་དང་མེ་ཧི་ཀ་དང་མི་ལྟོག་མ་དྲུག་སྟེ། དེ་དྲུག་གི་རྣལ་འབྱོར་མ་ཉེར་བཞི་རྣམས་བསྡུས་སོ། །ཇི་ལྟར་བསྡུས་ན། ཀུ་ལུ་ཏ་ནི་བརྩོན་འགྲུས་ཆེན་མོའོ། །མ་རུའི་ཡུལ་ན་མ་མོ་རྣམས་ཞེས་པ་ནི་འཁོར་ལོ་བསྒྱུར་མའོ། །སིནྡྷུའི་ཡུལ་ན་གནས་པ་ནི་སྟོབས་ཆེན་མོའོ། །རིགས་ཀྱི་གཙོ་མོ་ནཱ་ག་ར ར་ཞེས་པ་ནི་ཤིན་ཏུ་དཔའ་མོའོ། །སྐུ་འཁོར་གྱི་མཚམས་མ་དེ་བཞི་ནི་ལཱ་མའི་བདག་ཉིད་ཀྱིས་བསྡུས་སོ། །ལམ་པ་ཀ་སུ་ཝ་རྞ་དཱི་པར་གནས་པ་ནི་འཁོར་ལོའི་གོ་ཆ་མའོ། །སཽ་རཥྚར་རིགས་ཀྱི་ལྷ་མོ་རྣམས་ཡིན་ནོ་ཞེས་པ་ནི་ཆང་འཚོང་མའོ། །ཀ་ཏ་ཆེ་གྲྀ་ཧ་དེ་བ་ཏ་ར་གནས་པ་ཞི་དུམ་སྐྱེས་མའོ། །གྲི་ཏ་པུ་རི ར་གནས་པ་ནི་འཁོར་ལོའི་ཤུགས་ཅན་མའོ། །མཁའ་འགྲོ་གཟུགས་ཅན་མ་རུང་བཅས་ཞེས་པ་ནི་སྐུ་འཁོར་གྱི་ཕྱོགས་ན་གནས་པ་དེ་རྣམས་ནི་གཟུགས་ཅན་མའི་བདག་ཉིད་ཀྱིས་བསྡུས་སོ། །ཧི་མ་ལ་ཡའི་རིར་གནས་པ་ནི་མཁའ་འགྲོ་གདོད་མའོ། །ཀཉྩི་ན་གནས་པ་ནི་རྟ་སྣ་མའོ། །པཉྩར་ལ་ལམ་པ་ཀར་གནས་པ་ནི་ཤིན་ཏུ་བཟང་མོའོ། །ཀ་ལིངྐ་ན་གནས་པ་ནི་བརྟུལ་ཞུགས་འཛིན་པ་ཁྱིམ་ལྷ་མོ་སྟེ་སྔོ་བསངས་མའོ། །གསུང་འཁོར་གྱི་མཚམས་མ་དེ་རྣམས་བྱིས་བཅས་མས་བསྡུས་སོ། །གོ་ས་ལར་གནས་པའི་ཤ་ཟན་མོ་ནི་ཆང་འཐུང་མའོ། །ཡི་དྭགས་གྲོང་ཨོ་ཊེར་གནས་པའི་རྡོ་རྗེ་མཁའ་འགྲོ་ནི་འཇིགས་བྱེད་ཆེན་མོའོ། །དེ་བཞིན་དུ་ཀ་མ་རུ་པར་གནས་པ་ནི་སྤོམ་དབང་ཕྱུག་སྟེ་ས་སྲུང་མའོ། །ཏྲི་ཤ་ཀུ་ནེར་གནས་པ་ནི་རླུང་ཤུགས་མའོ། །གསུང་གི་འཁོར་གྱི་ཕྱོགས་ན་གནས་པ་བཞི་ནི་ཁཎྜ་རོ་ཧི་ཡོངས་གྱུར་མས་བསྡུས་སོ། །པུལ་ལི་ར་མ་ལ་ཡ་ར་གནས་པ་ནི་རབ་གཏུམ་མའོ། །དེ་བཞིན་ཞེས་པ་ནི་འོད་ལྡན་མའོ། །ཨརྦུ་ཏར་གནས་པ་ནི་རྣ་ཅན་མའོ། །གསེར་རི་ཛ་ལན་དྷ་རར་གནས་པ་ནི་གཏུམ་མིག་མའོ། །ཐུགས་འཁོར་གྱི་ཕྱོགས་མེད་རྣམས་ནི་སྨེ་ཤ་ཅན་ཀྱི་རིགས་སྐྱེས་ཞེས་པ་ཨེ་ཧི་ཀས་བསྡུས་སོ། །བུད་མེད་སྟོང་ཕྲག་ཉི་ཤུ་གཅིག་ནི་ཡུལ་དེ་རྣམས་ཀྱིས་རྣལ་འབྱོར་མ་རེ་རེ་ལ་ཡང་འཁོར་དེ་སྙེད་ཡོད་ཅེས་པའོ། །ལྷག་མ་གཞན་དག་ཇི་སྙེད་པ་ནི་མ་ལ་ཝང་གནས་པའི་ཤིང་གྲིབ་མ་དང་། དེ་བི་ཀོ་ཊིར་གནས་པའི་ལངྐའི་དབང་ཕྱུག་མ་དང་། ར་མ་ཤ་རར་གནས་པའི་མིའུ་ཐུང་མ་དང་། གོ་ད་བ་རིར་གནས་པའི་དཔའ་བློ་མ་སྟེ། ཐུགས་འཁོར་མཚམས་མ་བཞི་ནི་མི་ལྡོག་མའི་རིགས་ཡིན་ནོ། །དེ་དག་ནི་དཔལ་ལྡན་ཧེ་རུ་ཀ་ཡི་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །ཤྲཱི་ཧེ་རུ་ཀའི་བསྲུབ་པ་ཆེ་ནི་རྡོ་རྗེ་ཕག་མོའོ། །ཕག་མོ་དེ་ནི་ཧེ་རུ་ཀ་དེ་ཡི་དཀྱིལ་འཁོར་གྱི་གཙོ་མོ་ཡིན་ནོ། །དེའི་ཁོངས་སུ་གཏོགས་པ་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་དོ། །དཀྱིལ་འཁོར་གྱི་གཙོ་མོ་དང་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་བོ་འདིས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གསུམ་གྱི་སྣོད་དང་འགྲོ་བ་ཀུན་ལ་འདི་ཡིས་ཁྱབ་པ་སྟེ་དེ་ཐམས་ཅད་དུ་རྒྱུ་བའོ། །གསུམ་པ་ནི། མཁའ་འགྲོ་མའི་དམ་ཚིག་འདི་ནི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་ཕྱི་ནང་གི་དཀྱིལ་འཁོར་ལ་སྒོམ་པ་ཉིད་ཡིན་ཏེ། བསམ་གཏན་དང་སོགས་ཀྱིས་བཟླས་པ་སོགས་ལས་ཞི་སོགས་ཀྱི་ལས་གང་ཅི་ཡང་རུང་བ་རྣམས་མ་སྟེང་ན་ནི་རྫོགས་པ་སྟེ་འགྲུབ་པར་འགྱུར་རོ། །སྔགས་པས་རྟག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་མཚན་མོ་ནམ་མཁའི་གོས་ཅན་ཏེ་གཅེར་བུར་བྱས་ནས་གསང་སྤྱོད་བྱ་ཞིང་། སྐྱེས་བའམ་གལ་ཏེ་ག ཡོན་པ་རུ་སྟེ་བུད་མེད་རྣལ་འབྱོར་མ་ཀུན་དང་། དཔའ་བོ་རྣམས་མཉེས་པའི་ཐབས་ཕྱག་རྒྱ་གར་གྱི་མཆོད་པ་ཡིས། རང་འབྱུང་སྟེ་ལྷན་སྐྱེས་མ་རྟག་ཏུ་མཆོད་ན་དངོས་གྲུབ་མ་ལུས་ཤིང་ལུས་པ་མེད་པར་འགྲུབ་ཅིང་། དེའི་ཐབས་གཡོན་པ་ཤེས་རབ་མའི་མཆོད་པ་ལ་རབ་ཏུ་འཇུག་པར་བྱའོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། བུ་ཛ་སོགས་ཡི་གེ་ཉི་ཤུ་རྩ་བཞིས་མཚོན་པའི་གནས་ཉེར་བཞིར་དཔའ་བོའི་དཀྱིལ་འཁོར་དགོད་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའི་འགྲེལ་བའོ།། །།བཞི་པ་རྒོད་བའི་སྔགས་དང་མཁའ་འགྲོའི་གཟུགས་ཀྱི་རྒྱུའི་ལེའུ་ལ་གསུམ། བཤད་པར་དམ་བཅས་པ། བཤད་པ་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ལེའུ་དེ་གཉིས་པ་བཤད་པར་བྱའོ། །ཞེས་ཁོངས་ནས་བླང་ངོ་། །གཉིས་པ་ལ་གཉིས། བཤད་ཚུལ་དང་པོ་དང། གཉིས་པའོ། །དང་པོ་ལ་གཉིས། བཞད་པ་བྱ་ཚུལ་དང་། གསང་བའི་མཚན་མ་འཕྲོས་དང་བཅས་པའོ། །དང་པོ་ནི། དཔའ་བོ་སྟེ་སྒྲུབ་པ་པོས་ཕྱག་རྒྱ་མ་དང་སྦྱར་བའི་རང་གི་མེ་ཏོག་གི་ཆུ་རྡོ་རྗེས་འཐུངས་ནས་ཧ་ཧ་སོགས་ཀྱི་སྔགས་འདིས་བཞད་པ་རྗེས་སུ་དྲན་ནས་རྒོད་པར་བྱའོ། །ཕྱག་རྒྱ་དང་ལྷན་ཅིག་སྒྲུབ་པ་པོས་སྙོམས་པར་ཞུགས་ནས་སྔགས་བརྒྱད་ཀྱིས་རྒོད་པ་འདི་ལྟར་རྟག་ཏུ་བྱ་བ་ཉིད་ཡིན་ཞིང་། །དེ་ཡང་མཚན་མོ་རྟག་ཏུ་ཤ་ཟ་བ་དང་ཆང་འཐུང་བ་དང་བཅས་པར་བྱའོ། །འདི་ཉིད་ཀྱིས་ནི་གསུམ་སྔགས་ན་ཞེས་པ་ལ་སྔགས་གསུམ་བྱ་བ་འདི་ཡིས་ནི་ཞེས་འབྱུང་བ་ལྟར། ༀ་སརྦ་བཛྲ་ཀ་མི་ནི་ནས། །པུཧྱ་བཛྲི་ནི་སྭཱ་ཧཱ་ཞེས་པའི་སྔགས་ལན་གསུམ་བརྗོད་ནས་སྙོམས་པར་ཞུགས་ན་མྱུར་དུ་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་ཞུགས་པའི་བྱང་སེམས་པདྨར་གནས་པ་རང་གི་འཐུངས་པ་དང་། དེ་བཞིན་དུ་ཕྱག་རྒྱ་མ་དེ་ལ་བྱིན་པ་དང་། པདྨ་དེར་རྡོ་རྗེ་རེག་པ་སྟེ་སྦྱར་བ་དང་། སྔགས་ཏོན་ནས་བཞད་པར་བྱའོ། །གཙོ་མོ་ནི་རང་གི་ཕྱག་རྒྱ་རིགས་ལྡན་མ་ཆེན་མོར་བྱས་པའོ། །ཕྱག་རྒྱ་མ་དེ་ནི་གནས་པས་སྨྲ་བས་ཚངས་པར་སྤྱོད་པ་དང་། ཐོག་ཐར་ཞེས་པའི་རྐང་བ་ལ་བལྟ་དང་བཞད་པའི་ཕྱག་རྒྱས་སྒྲུབ་ཅེས་འབྱུང་བ་ལྟར། །བལྟ་བར་བྱར་ཡོད་པའི་ལས་ཀྱི་ཕྱག་རྒྱ་མ་དེ་ནི་སྙེམས་པ་ཏ་འགྱིང་བ་དང་བཅས་པས་སྒྲུབ་པ་པོ་ལ་ལྟ་བའི་གྲགས་ལྡན་མ་སྟེ། བདེ་ཆེན་སྟེར་བའི་གྲགས་པ་དང་ལྡན་པའོ། །མཚན་མོའམ་དེ་བཞིན་དུ་ཉིན་མོར་ནི་ཕྱག་རྒྱ་མ་དང་སྦྱོར་བ་འདིས་ནི་བཞད་པ་དག་ཏུ་བྱ་སྟེ། དེས་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་འགྲུབ་པའི་རྟགས་འབྱུང་བར་འགྱུར་རོ། །གཉིས་པ་ནི། དེའི་རྟག་ནི་གཟུགས་དང་ལས་ཀྱིས་གསང་བ་གང་ཡིན་པ་ཇི་ལྟར་གནས་པ་ནི་དཔའ་བོ་ཕྱག་ན་རྡོ་རྗེ་ཉོན་ཅིག་ཅེས་པའོ། །འདིར་དབང་ཕྱུག་བརྒྱད་ནི་སྦས་དོན་གསལ་བར་འབྱུང་བས་དེར་ཤེས་པར་བྱའོ། །དུས་རྟག་ཏུ་རྣལ་འབྱོར་བ་དེ་ནི་མིག་ནས་མཆི་མ་འབྱུང་སྟེ། སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་ལ་མི་བཟོད་སྙིང་རྗེ་ཆེན་པོ་སྐྱེ་བའི་ཕྱིར་རོ། །རིག་མ་ལ་བརྟེན་ནས་བྱང་སེམས་འཛག་པ་ལས་སྐྱེས་པ་དད་པས་དེ་ཡི་ལུས་ཀྱི་སྤུ་ཡང་ལྡང་བ་དང་། དེའི་ཚེ་རྡོ་རྗེ་ལ་ནི་འགོམ་མི་བྱེད་ཅེས་པ་ནི། དེ་ལ་འགོམ་པར་བྱེད་ཅེས་འབྱུང་བ་ལྟར་ན་གཞིག་པར་དགའ་བ་རྡོ་རྗེ་དང་འདྲ་བའི་འཁོར་བ་ལས་འདའ་བར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་བཞིན་དུ་རིག་མ་གཅེར་བུར་བྱས་ཏེ་ནུ་མ་ལ་རེག་པར་སོགས་སྦྱོར་བའི་ཐབས་ཀྱིས་མཆོད་པར་བྱའོ། །འདི་ནི་འདོད་པའི་དབང་ཕྱུག་མ་ཕྱག་རྒྱ་མ་ཀུན་གྱི་དབང་བོའི་ཚོགས་ཀྱི་བདེ་བའི་རོ་རིམ་པ་ཉིད་དེ་བཞིན་དུ་མྱོང་བར་བྱའོ། །དབུགས་འབྱིན་ནི་རླུང་གི་མཐུས་བྱང་སེམས་འབབས་པའོ། །སྒུལ་བ་ནི་དེ་བབ་པས་ལུས་འདར་བའོ། །རྒོད་པ་ནི་བཞད་པའི་ལུས་ཀྱིས་རིག་མ་གནོན་པའོ། །སྒེག་པའི་གར་ནི་རང་གིས་གར་འགྲོས་ཀྱིས་རིག་ལ་འདུག་པའོ། །ངོ་མཚར་བ་ནི་སོ་སྐྱེ་རྣམས་རྨད་དུ་གྱུར་པ་མཛད་པའོ། །དེ་ལྟར་མཛད་པས་རྣལ་འབྱོར་མ་གང་དག་སྣ་ཚོགས་པ་ཐམས་ཅད་ཀྱི་མདུན་དུ་དེ་ལྟར་རྒོད་པར་བྱའོ། །དེ་ཡང་ཕྱག་རྒྱ་མོ་དང་བཞད་པའི་སྔགས་ནི་རྗེས་སུ་དྲན་པར་བྱས་ནས་རྒོད་པར་བྱའོ། །བཞད་པའི་སྔགས་བརྒྱད་ནི་ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿསྟེ་རྣམ་པ་བརྒྱད་དེ་འདི་དག་གིས་རྒོད་པའོ། །གཉིས་པ་ནི། སྔར་གྱི་དེ་རྣམས་ལ་བཤད་ཚུལ་མི་འདྲ་བ་ཡོད་པ་སྟེ་སྦས་དོན་གསལ་བར་ཤེས་པར་བྱའོ། །སྣ་ཚོགས་ནི་ཕོ་ཉ་མོ་ལས་སྣ་ཚོགས་ལ་དབང་བྱེད་པའི་དབང་ཕྱུག་མ་རྣམས་མཆོག་ཏུ་དགའ་བས་རྗེས་སུ་ཆགས་པར་བྱེད་པའོ། །ཧ་ཧ་ཞེས་སོགས་བྱ་བ་འདི་རྣམས་ཉེ་བར་ཏེ་ཕོ་ཉ་མོ་ཁྱད་པར་ཅན་གྱི་མངོན་སུམ་དུ་སྒྲུབ་པ་པོས་བྱའོ། །རྟག་ཏུ་སྟེ་སྒྲུབ་པ་པོ་ལ་གནས་དེ་སྲིད་དུ་ངུ་བར་བྱེད་ཅིང་མཆི་མ་འབྱུང་བ་དེ་དག་ལ་བཞད་པ་བརྒྱད་ཀྱི་སྔགས་ཟློ་བ་དེ་ཉིད་ཀྱིས་ཕོ་ཉ་མོ་དེ་དག་དགའ་བར་འགྱུར་ཞིང་། ལྷའི་རྣལ་འབྱོར་གྱིས་བསམ་གཏན་དང་། སྔགས་ཀྱི་བཟླས་པས་ལེགས་པར་སྦྱོར་བ་སྟེ་ཤིན་ཏུ་མནན་པ་ནི་རྣལ་འབྱོར་མའོ། །གཅོ་མོ་སྟེ་དཔའ་མོ་ཉེར་བཞི་རྣམས་དང་། དཔའ་བོ་ཉེར་བཞི་བོ་རྣམས་དང་ལྷན་ཅིག་ཏུ་ལུས་ཀྱིས་བ་སྤུ་ལྡང་བ་དང་ལྷན་ཅིག་སྐྱེས་པའི་བདེ་བ་མྱོང་བར་འགྱུར་རོ། །རང་གི་རྡོ་རྗེ་པདྨར་འཇུག་པ་ལས་འགོམ་པ་སྟེ་འདའ་བར་མི་བྱའོ། །དེ་ནི་གཡོན་པ་སྟེ་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་བརྟགས་པ་སྟེ་ངེས་པར་དགོངས་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྒོད་པའི་སྔགས་རྣམ་པ་བརྒྱད་དང་། མཁའ་འགྲོ་མའི་གཟུགས་ཀྱི་རྒྱུན་སྟེ་གཟུགས་ཀྱི་སྤྲུལ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའི་འགྲེལ་བའོ།། །།བཅུ་གཅིག་པ་ཐུན་མོང་གི་དངོས་གྲུབ་སྒྲུབ་ཚུལ་གཞན་བསྟན་པ་ལ་ལྔ། ཡབ་ཀྱི་ཉེ་སྙིང་དང་གོ་ཆའི་ལས་བསྒྲུབ་པ། དཔའ་མོའི་གོ་ཆ་དང་ཧ་ལྔ་ལ་བརྟེན་ནས་ལས་བསྒྲུབ་པ། སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་བསྒྲུབ་པ་དང་། ལྷ་སྒོམ་བརྟག་ཏུ་བྱ་བ་དང་། སྐྱེ་བདུན་བརྟག་པ་སངས་རྒྱས་པར་བསྟན་པ། ཡུམ་གྱི་སྙིང་བོའི་སྔགས་ཀྱིས་ལས་བསྒྲུབ་པའོ། །དང་པོ་ལ་གཉིས། ཡབ་ཀྱི་ཉེ་སྙིང་ལ་བརྟེན་ནས་བསྒྲུབ་པ་དང་། དེ་དང་ཡུམ་གྱི་གོ་ཆ་ལ་བརྟེན་ནས་བསྒྲུབ་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་རྣལ་འབྱོར་མས་རྗེས་སུ་འཛིན་པའི་ཆེད་དུ་སྤྱན་རས་ཀྱི་གཟུགས་པའི་ཐབས་བཤད་པར་བྱའོ། །རྣལ་འབྱོར་མས་སྤྱན་གྱིས་གཟིགས་ན་སྒྲུབ་པ་པོའི་མི་རྣམས་དཔའ་བོ་ཉེར་བཞི་བོ་ལྟར། དཔའ་མོ་ཉེར་བཞི་དང་གཉིས་སུ་མེད་པར་སྙོམས་པར་འཇུག་པར་འགྱུར་རོ། །དེ་རྣམས་ཀྱིས་ཅི་འདྲ་བ་ཞིག་ལ་སྤྱན་གྱིས་གཟིགས་པར་འགྱུར་ཞེ་ན། གནས་ཉེར་བཞིའི་དབྱེ་བའི་ཆོ་ག་ཕྱི་དཀྱིལ་དང་། ནང་ལུས་དཀྱིལ་ཇི་ལྟར་ཤེས་ནས་དེ་དག་བསྒོམ་པ་ལ་རྟག་ཏུ་མངོན་པར་དགའ་བ་ལ་གཟིགས་པར་འགྱུར་རོ། །གཉིས་པ་ལ་ལྔ། གནས་གང་དུ་གཟིགས་པ། གཅེས་བུའི་མཆོད་པ། བར་ཆད་སྲུང་བའི་སྔགས། ནུས་པ་ཐོབ་ནས་ལས་བསྒྲུབ་པ། ལས་ཀྱི་ནུས་པ་འགྲུབ་པའི་ཐབས་སོ། །དང་པོ་ནི། གཟིགས་པའི་གནས་ནི་ལམ་གྱི་བཞི་མདོའི་རང་གི་ཁྱིམ་དག་གམ། དཔའ་བོ་སྟེ་ཕྱོགས་སྐྱོང་སོགས་ཀྱི་གནས་དང་། རི་བོར་ནི་གནས་ཏེ་དམ་ཚིག་སྲུང་བར་གནས་པ་ལ། མཁའ་འགྲོ་མ་ཡིས་ཡུལ་ཐག་རིང་བོ་ནས་ཀྱང་ཐུགས་རྗེའི་སྤྱན་གྱིས་གཟིགས་པར་འགྱུར་རོ། །གཉིས་པ་ནི། རྣལ་འབྱོར་བ་གོས་མེད་པར་ཕྱག་རྒྱ་མོ་མཆོད་པ་ནི་གཅེར་བུའི་མཆོད་པ་སྟེ། མཆེད་པའི་ལས་དེ་ལས་གོ་འཕང་དམ་པ་ཐོབ་ཅིང་གྲོལ་བར་འགྱུར་རོ། །སྟག་པགས་ཀྱི་གོས་ཉིད་ཀྱིས་སྨད་བཀབ་པ་སྟེ་དཀྲིས་ཤིང་། འམ་གྱིས་གཏེར་བུ་དང་། གཞན་རུས་རྒྱན་སོགས་བྱས་ནས། འདོད་པ་རྣམས་ལ་ལོངས་སྤྱོད་ཀྱང་། དེ་ཉིད་ཀྱི་ཉེས་པས་གོས་པར་མི་འགྱུར་ཏེ། པདྨ་འདམ་ལས་སྐྱེས་པ་དེའི་ཉེས་པས་མི་གོས་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ཡང་གྲོལ་བའི་སྤྱོད་པ་གཙོ་བོར་གྱུར་པས་ཕྱག་རྒྱ་མཉེས་པའི་ལས་རྣམས་ཐམས་ཅད་བརྩམ་པར་བྱའོ། །གསུམ་པ་ནི། ལས་ཐམས་ཅད་རྩོམ་པ་ལ་ཡབ་ཀྱི་རྩ་བའི་སྔགས་དང་། དེ་བཞིན་དུ་གཞན་ནི་གུར་ལ་སོགས་པ་རྣམས་ཀྱིས་ཕྱོགས་བཅིང་བར་ནི་འཇུག་པ་ཡིས་སྲུང་ནས་བྱེད་པ་ནི། ལྷ་དབང་དང་ལྷའི་ཚོགས་གཞན་རྣམས་ཀྱིས་ཀྱང་མ་མཐོང་བར་ནི་གཅེར་བུའི་མཆོད་པར་གྱིས་ཤིག །བཞི་བ་ལ་གཉིས། སྔགས་ཀྱི་ནུས་པ་ཁྱད་པར་བརྙེད་ཚུལ་དང་། དེ་ལ་བརྟེན་ནས་ལས་སྒྲུབ་པའོ། །དང་པོ་ནི། སྙིམ་པ་མེ་ཏོག་གིས་བཀང་སྟེ་དེ་ལ་སྔགས་བཟླས་ནས་ནམ་མཁའ་ལ་སྤྱོད་པ་སྟེ་དེར་གྱེན་དུ་འཐོར་བ་ན། ནམ་མཁའ་ནས་མེ་ཏོག་དེ་དག་གཅིག་ཀྱང་ས་ལ་མ་ལྷུང་ཞིང་མེ་ཏོག་ས་ལ་ལྷུང་བ་མ་མཐོང་ན་ལས་ཐམས་ཅད་བྱེད་པར་ནུས་ཤིང་། སའི་གནས་ཀྱི་ཁྱད་པར་བ་རྣམས་ལ་གནས་པ་དང་། ནམ་མཁའ་ལ་འགྲོ་བ་སྟོང་ཕྲག་གིས་མཚོན་ནས་སྟེང་ཕྱོགས་ཀྱི་གནས་རྣམས་ལ་དབང་བྱེད་པར་འགྱུར་ཞིང་། ངག་གི་དབང་ཕྱུག་མ་སྟེ་དབྱངས་ཅན་མ་ལ་སོགས་པའི་ལྷའི་བུ་མོ་རྣམས་དང་། གསུང་གི་དབང་བོ་སྟེ་སྨྲ་མཁས་ལྷའི་བླ་མ་ཕུར་བུ་སོགས་ལྷ་ཆེན་རྣམས་ཀྱང་འགུགས་པར་འགྱུར་རོ། །གོ་རིམ་ཇི་ལྟ་བ་བཞིན་དུ་ལྷ་དང་ལྷ་ཡི་ཞེས་པ་ནི་མང་ཚིག་སྟེ། དེ་རྣམས་ཀྱིས་གཏམ་སྐད་ཤེས་ཤིང་སྐར་མའི་རྒྱུ་བ་རྣམས་ཀྱང་ཤེས་པར་འགྱུར་རོ། །གོ་རིམ་སོགས་གཅིག་ནི་འགྲེལ་བ་རྣམས་སུ་མེད་ཅེས་གསུང་། གཉིས་པ་ལ་གསུམ། མི་སྣང་བ་དང་ཤིང་འགུག་པ། རྨི་ལམ་བརྟག་པ་དང་པྲ་དབབ་པ། ནད་ཞི་བ་སོགས་ཀྱི་ལས་སྒྲུབ་པའོ། །དང་པོ་ནི། གྲོང་གྲོང་ནི་མང་པོ་སྡུད་པའི་ཟློས་སྒྲའོ། །དེ་བཞིན་དུ་དགོན་པ་དབེན་པ་དང་། གྲོང་ཁྱེར་དང་ནི་ལམ་གྱི་བཞི་མདོ་དང་། ཕན་ཚུན་གྲིབ་མིས་མི་ནོན་པའི་ཤིང་གཅིག་དང་། ཞིང་སྐྱོང་སོགས་གནས་པའི་དཔའ་བོའི་ཁྱིམ་དང་། རི་རྩེ་དབང་ཕྱུག་གི་མཚན་མ་ལིང་ཀའི་དྲུང་དུ་སྙིང་བོ་དང་ཉེ་སྙིང་རྟག་ཏུ་དྲན་ཏེ་བརྗོད་ན། ལྷ་དང་མི་གཞན་གྱིས་མཐོང་བར་མི་འགྱུར་བའི་མི་སྣང་བར་འགྲུབ་བོ། །དེ་བས་ན་ཇི་སྐད་བཤད་པའི་གྲོང་ལ་སོགས་པ་ཡུལ་ཕྱོགས་འདི་དག་ཏུ་ནི་སྒྲུབ་པ་པོ་ནི་རྟག་ཏུ་གནས་པ་ཡིན་ནོ། །རང་ཧེ་རུ་ཀའི་ཐུགས་ཀར་པར་འདབ་དྲུག་པ་ལ་ཉེ་སྙིང་ཡི་གེ་བདུན་གྱི་བདག་ཉིད་ཅན་ཁ་དོག་དམར་པོ་བཀོད་ནས་དེ་ལས་སྔགས་ཁ་དོག་དམར་བོ་འཕྲོས་པ་ཤིང་སྟོང་གི་རྩེ་དང་དྲུང་སྟེ་རྩ་བར་བསམ་ཏེ། ཡི་གེ་བདུན་པ་དང་དབྱེར་མི་ཕྱེད་པར་འདྲེས་པར་བསྒོམ་ན་ཤིང་སྟེ་མྱུར་དུ་དམའ་བ་སྟེ་འགྱེལ་བར་འགྱུར་རོ། །ས་རྣམས་ཀྱང་སྟེ་རྡོའི་རིག་ལ་ཡང་སྔར་ལྟར་ནའང་འགྱེལ་བར་འགྱུར་བ་ལས་གཞན་དུ་མིན་ནོ། །གཉིས་པ་ནི། བདག་སྟེེ་རང་ཧེ་རུ་ཀའི་ལུས་ཀྱི་སྙིང་ཀ་ལ་པད་འདབ་དྲུག་པ་གཅིག་དང་། དེའི་ལྟེ་བ་འདབ་མ་དང་བཅས་པ་བདུན་ལ་ཉེ་སྙིང་གི་ཡི་གེ་རེ་རེ་རྣམ་པར་བཀོད་དེ། མལ་འོག་གི་ས་ལ་བདུད་རྩི་ལྔས་བྱུགས་ཏེ་ཀུ་ཤ་སྟན་བྱས་པའི་སྟེང་དུ་ཉལ་ལ། ཡི་གེ་བདུན་པའི་བདག་ཉིད་ཅན་གྱི་སྔགས་བརྒྱ་རྩ་བརྒྱད་པ་ཉིད་དུ་བཟླས་ཏེ། རང་ལས་མཁའ་འགྲོ་མའི་འཁོར་སྤྲོས་ནས་སླར་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ་ཉལ་ན། རྨི་ལ མ་དུ་ནི་བྱ་བ་ཀུན་རང་གི་ཡིད་ལ་འདོད་པ་ཐམས་ཅད་སྟོན་པར་འགྱུར་རོ། །གང་སྟོན་པ་ནི། དུས་མ་ཡིན་པར་འཆི་བ་དང་། བཅོམ་པ་དང་ཉམས་པ་སོགས་ཀྱི་བྱ་བ་ཀུན་ཏུ་གང་གྱུར་པ་དང་། བྱ་བ་རྣམ་པ་སྣ་ཚོགས་གཞན་དག་ཀྱང་ཐམས་ཅད་རྨི་ལམ་དག་ཏུ་རྣལ་འབྱོར་མས་སྟོན་པར་འགྱུར་རོ། །དེ་བཞིན་དུ་པྲ་ཕབ་པས་ཀྱང་བྱ་བ་དང་མི་བྱ་བ་སྟོན་ཏེ། གཞོན་ནུ་མའམ་ཁྱེའུ་གཞོན་ནུ་དགོངས་མོ་བོ ས་ཏེ། མིག་བཀའ་ནས་སྔགས་དེ་བརྒྱ་རྩ་བརྒྱད་བཟླས་ནས་བསྔགས། མར་མེ་སོགས་ཀྱིས་སྐུ་གཟུགས་མཆོད་པས་ཐོ་རངས་ཇི་ལྟ་བ་བཞིན་དུ་སྟོན་ནོ། །དེ་ཡང་རལ་གྲི་དང་ཆུ་དང་མཐེ་བོང་དང་མར་མེ་དང་མེ་ལོང་བསྟན་ལ་སྔགས་པས་བདག་ཉིད་རྟག་ཏུ་ལྷའི་རྣལ་འབྱོར་དང་ལྡན་པས། བྲ་སེན་ནི་འབེབས་པར་བྱེད་ཅིང་། ཧེ་རུ་ཀ་བསྒོམ་ནས་སྙིང་བོ་ལན་བདུན་བཟླས་བརྗོད་བྱས་ནས། །དགེ་བ་སྟེ་ལེགས་པ་དང་མི་དགེ་བ་སྟེ་མི་ལེགས་པའི་བྱ་བ་རྣམས་ལྷའི་མཐུས་སྟོན་པར་འགྱུར་རོ། །གསུམ་པ་ལ་ལྔ། སྔགས་དང་འཁོར་ལོ་ལ་བརྟེན་ནས་ནད་ཞི་བ། དབང་གི་སྦྱིན་སྲེག་གདམ་ངག་དང་བཅས་པ། ལས་ཀྱི་དབྱེ་བའི་ཁ་དོག་བྱ་ཚུལ། དུག་རིམ་སོགས་འཇིག་ཚུལ། རྒྱན་པོ་དང་གཡུལ་ལས་རྒྱལ་བ་ཞལ་བྱུང་དང་བཅས་པའོ། །དང་པོ་ནི། དེ་ནས་དཔའ་བོ་ཧེ་རུ་ཀའི་ཉེ་སྙིང་ཡི་གེ་བདུན་པའི་སྔགས་འཁོར་ལོ་ལ་འགོད་པའི་དབྱེ་བ་མི་འདྲ་བ་ཉིད་ཀྱིས་ལས་སྒྲུབ་ཚུལ་ནི། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཉེ་སྙིང་བྲི་བ འམ་ཡིད་ཀྱིས་བསམས་ནས་ནི། དེའི་དབུས་སུ་ནད་པ་བསམས་ཏེ་སྤེལ་ཚིག་དང་བཅས་པས་ཉེ་སྙིང་སྟོང་གི་བར་བཟླས་པ་བྱ་ཞིང་། རང་གི་ལག་པ་ལ་སྔགས་ཀྱི་ཡི་གེ་ཤེལ་གྱི་རྣམ་པ་ལྟ་བུར་ནི་བསྒོམས་ནས། ནད་ཀྱིས་གདུངས་པའི་ནད་པ་ལ་བསྟན་པར་བྱས་ན། །ལག་པ་དེ་མཐོང་བ་ཙམ་གྱིས་མོད་ལ་ནི་ནད་ཀུན་འཇོམས་པར་ཐེ་ཚོམ་མེད་ཅིང་། ནད་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཡང་སྟོན་ཀའི་དུས་ཀྱི་ཟླ་བ་འདྲ་བའི་དཀྱིལ་འཁོར་བསམས་ལ། ཟླ་བ་དེའི་དབུས་སུ་རེའུ་མིག་ལྔ་དང་། མཚམས་སུ་བཞི་དང་བཅས་པའི་དགུ་རྣམ་པར་བཀོད་ཅིང་། དབུས་སུ་ༀ། ཤར་ནས་ཕྱོགས་བཞི་ཧྲིཿ ཧ་དང་ཧ་དང་ཧུཾ་ལང་དབུས་སུ་ཧཱུྃ་དང་མཚམས་སུ་ཕཊ་བཞི་འམ་ཕ་བཞི་དགོད་པར་བྱ་སྟེ་ཡི་གེ་ཤེལ་གྱི་མདོག་ལྟར་དཀར་པོར་སྣང་བའི་འཁོར་ལོ་ནད་རྣམས་ཀུན་སེལ་བ་ལ། བསྒྲུབ་བྱ་དབུས་སུ་ཡོད་པའི་འཁོར་ལོ་ལག་པ་གཡོན་པར་བསྒོམས་ཏེ། དེ་ཡང་རིམ་དང་གདོན་སོགས་དང་རྗེད་བྱེད་དར་གཟེར་དང་ལྷོག་པ་སོགས་ཀུན་དང་མཛེ་ཅན་དང་དུག་གིས་ཟིན་པ་སོགས་ཀྱི་ནད་རྣམས་དང་། དེ་དག་ལས་གཞན་པའི་ནད་ཀུན་མེད་པར་ནི། གཟུགས་ལ་ཡི་གེ་བདུན་པ་བཀོད་པ་ལག་པ་གཡོན་པར་བསམས་ནས་ནི། ནད་ཀྱི་གདུངས་པ་རྣམས་ལ་བསྟན་པ་སོགས་བྱས་ནས། ནད་ཞི་བར་འགྱུར་ཞིང་། སྔགས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུར་རྣམ་པར་འབྱེར་བ་སྟེ་ཁྱབ་པར་བསམས་ན་དུག་སོགས་སེལ་བར་བྱེད་པར་འགྱུར་རོ། །གཉིས་པ་ནི། སྦྱིན་སྲེག་དུས་ནི་མཚན་མོ་གསང་བ་སྟེ་དབེན་བར་གནས་ཏེ། གཽ་ལ་མ་ས་ནི་བ་ལང་གི་ཤ་སྟེ་དེ་མར་སོགས་མངར་གསུམ་བཏགས་པ་སྟེ་སྦགས་པའི་བསྲེག་རྫས་ཡི་གེ་བདུན་གྱི་གསང་སྔགས་ཀྱིས་སྦྱིན་སྲེག་བྱེད་ཚུལ་ཤེས་པས། དབང་ལས་ཐམས་ཅད་པའི་ཐབ་ཏུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན། སྔགས་པས་ནང་བར་གྱི་དུས་སུ་གསེར་སྲང་སྟོང་ནི་རྙེད་པར་འགྱུར་ལ། སྦྱིན་སྲེག་སྟོན་ཕྲག་བཅུ་ཡིས་ནི་ཡུལ་འཁོར་དམ་པ་རྙེད་པར་འགྱུར་རོ། །ཡང་ན་གསང་སྔགས་རྒྱལ་བོ་ཉེ་སྙིང་ནི་གནས་གང་དང་གང་དུ་ཞི་སོགས་ཀྱི་དོན་དུ་བསམས་ཏེ་བརྗོད་ན། གནས་དེ་དང་དེར་ནི་དེའི་ཚེས་དེ་སྐྱེ་བ་སྟེ་འབྱུང་བར་འགྱུར་བར་ཐེ་ཚོམ་མེད་དོ། །གསུམ་པ་ནི། ལྷ་རྣམས་དང་སྔགས་དང་ཆས་དང་རྫས་རྣམས་ཁ་དོག་དཀར་པོར་བྱས་པ་ཡིས་ནི། ནད་གདོན་སོགས་ཞི་བར་འགྱུར་བའི་ལས་འགྲུབ་ཅིང་། དེ་རྣམས་ཁ་དོག་ནག་པོར་བྱས་པས་སྐད་ཅིག་གིས་ཏེ་མྱུར་དུ་གསོད་པར་བྱེད་དོ། །དེས་གསད་བསྐྲད་སོགས་ཀྱང་ཤེས་པར་བྱའོ། །དེ་རྣམས་དམར་པོར་བྱས་པས་ནི་བསྒྲུབ་བྱ་དབང་དུ་འགྱུར་བ་སྟེ་འཕྲལ་དུ་ངེས་པར་འགུགས་པར་འགྱུར་ལ། སེར་པོར་བྱས་པས་གཞན་གྱི་དཔུང་ལ་སོགས་པ་ཐམས་ཅད་རེངས་པའམ་གནོན་པར་འགྱུར་རོ། །ལས་སོ་སོ་ལ་ཁ་དོག་གི་དབྱེ་བ་སོ་སོར་བཤད་པ་འདི་ནི་བསྟན་བཅོས་ཏེ་རྒྱུད་རྣམས་ལས་ངེས་པ་ཡིན་ནོ། །ཐམས་ཅད་གནོན་ཞེས་པའི་གནོན་བྱ་ནི། ཁ་དོག་སེར་པོས་ཕ་རོལ་གཞན་གྱི་དཔུང་ནི་གནོན་པ་དང་། ཆུའི་གྲུ་དང་འཁྲུལ་འཁོར་དང་གླང་བོ་ཆེ་སོགས་གནོན་པ་སྟེ་རེངས་པར་བྱེད་དོ། ཁ་དོག་དཀར་པོས་བསམས་པ་ཙམ་གྱིས་ནི་དུས་མིན་དུ་འཆི་བའི་རྒྱུ་ཞི་བར་བྱས་ཏེ་འཆི་བ་ལས་ངེས་པར་སློང་བར་བྱེད་པར་འགྱུར་ལ། སྦྲུལ་ཆེན་པོ་བརྒྱ་ཡི་མཆེ་བའི་དུག་གིས་ཟིན་པའི་ནད་དེ་ཡང་དེ་ལས་མྱུར་དུ་སློང་བ་སྟེ་ཐར་བར་བྱེད་དོ། །བཞི་བ་ནི། དུག་གིས་བརྒྱལ་བ་རྣམས་སྒྲུབ་པ་པོས་མཐོང་ནས་དེ་ལས་རབ་ཏུ་སད་པའི་ཐབས་བྱས་པས་བརྒྱལ་བ་དེ་ལས་རབ་ཏུ་སད་པར་འགྱུར་ལ། རིམ་དང་གདོན་དང་རྗེད་བྱེད་སོགས་གྱིས་ཟིན་པ་རྣམས་ནི། ལག་པའི་འཁོར་ལོ་སྔར་བཤད་པ་དེ་མཐོང་བས་འཇིག་པ་སྟེ་ཉམས་པར་འགྱུར་རོ། །ལྔ་པ་ནི། རྒྱལ་བོ་ཤོ་འདེབས་པ་དང་། གཡུལ་དུ་འཇུག་པའི་ཚེ་ཉེ་སྙིང་གི་འཁོར་ལོ་དང་བཅས་པའི་ལག་པའི་ཁུ་ཚུར་བཅངས་ཏེ། ཡིད་ལ་ཉེ་སྙིང་རྟག་ཏུ་ཟློས་པར་བྱེད་ན་ཁུ་ཚུལ་མ་བཀྲོལ་བ་དེ་སྲིད་དུ་རང་གི་འདོད་པའི་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ། །གལ་ཏེ་དགྲ་བོ་ལག་ན་ནི་མཚོན་ཆ་འཕྱར་བར་བྱེད་པ་ཡང་ཇི་སྲིད་ཁུ་ཚུར་མ་བཀྲོལ་བར་དུ་མཚོན་ཆ་གཏོང་བར་མི་ནུས་སོ། །ཡང་ན་སྟེ་གཞན་ཡང་དཔུང་གནོན་སོགས་ཀྱི་བྱ་བ་ཐམས་ཅད་ནི། འཁོར་ལོ་ལག་པར་བཅུག་ནས་ཁུ་ཚུར་བཅིངས་པས་དེ་བཞིན་དུ་སྒྲུབ་པར་བྱེད་དོ། །སྔགས་པ་རང་ཉིད་ཀྱིས་འབྲས་བུ་དང་མེ་ཏོག་དང་འདབ་མ་དང་སོ་རྩི་དང་དེ་བཞིན་དུ་ཁ་ཟས་གཞན་རྣམས་ལའང་ལག་པ་གཡོན་པར་ཟླ་བ་དང་། འཁོར་ལོ་རེའུ་མིག་དགུ་པ་ལ་ཉེ་སྙིང་སྔར་བཞིན་བཀོད་ནས་དེ་ལས་བདུད་རྩི་འཛག་པས་དེ་རྣམས་ཁྱབ་པར་བསམས་ཏེ་མང་པོས་སྤྱད་པར་བྱའོ། །ལྔ་པ་ནི། སྔར་གྱི་གནས་སུ་ལུས་ཏེ་སྐུའི་སྦྱོར་བ་སྟེ་རྣལ་འབྱོར་བྱེད་པ་ནི་དང་པོ་སྟེ་བདེ་མཆོག་གི་གཟུགས་སུ་བྱེད་པའོ། །དེ་བཞིན་དུ་གཉིས་པ་ནི་ནུས་པ་སྟེ་ཡིད་ཀྱིས་ལྷ་མོ་ཕག་མོ་སྒོམ་པའོ། །གསུམ་པ་དག་ནི་དག་ཉིད་དེ་ཞེས་པ་ནི་འཁོར་ལོ་ལྔའི་ལྷ་རྣམས་ལ་མཆོད་བསྟོད་ནས་བཟླས་པའི་བར་བྱས་ན་ལས་རྣམས་འགྲུབ་པར་འགྱུར་རོ། །བཞི་བ་དམིགས་པར་མི་འགྱུར་རོ་ནི་འགྲེལ་བ་རྣམས་སུ་མེད་ཅེས་གསུངས་ལ། ཡོད་པའི་ལུགས་ལྟར་ན་ལུས་ངག་ཡིད་གསུམ་གྱི་སྦྱོར་བ་ལས་བཞི་བ་གཞན་མེད་པའོ། །སྔར་བཤད་པ་ལྟར་ལས་ཚུལ་བཞིན་བསྒྲུབས་ན་སྔགས་ཀྱི་རྒྱལ་བོ་ཉེ་སྙིང་གིས་འགྲུབ་པར་འགྱུར་རོ། །གང་འགྲུབ་པ་ནི། ས་གཞི་ཤིང་གིས་མཚོན་པ་དང་བཅས་པ་ཕྱིའི་ཕྱོགས་བཞིའི་རྒྱ་མཚོ་ཆུ་ཡི་སྐ་རགས་བཏགས་པ་སྟེ་བཅིངས་པ་དེ་ལ་གནས་པའི་དངོས་གྲུབ་འགྲུབ་པ་འདིར་ནི་ཐེ་ཚོམ་མེད་དོ། །ས་གསུམ་གྱི་ཁམས་གསུམ་གྱི་རྒྱུ་བ་བཅུད་ཀྱི་སེམས་ཅན་དང་། མི་རྒྱུ་བ་སྣོད་གྱི་འཇིག་རྟེན་དང་བཅས་པར་དམོད་འདེབས་པ་སྟེ་ཚར་གཅོད་པ་དང་། ཕན་འདོགས་པའི་རྗེས་སུ་འཛིན་ནུས་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཉེ་བའི་སྙིང་བོའི་སྒོ་ནས་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའི་འགྲེལ་པའོ།། །།གཉིས་པ་དེ་དང་ཡུམ་གྱི་གོ་ཆ་ལ་བརྟེན་ནས་ལས་བསྒྲུབ་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ལས་རྒྱའི་ཕོ་ཉ་མོ་ལ་བརྟེན་ཏེ་ཡི་གེ་བདུན་པ་གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་དང་ལྡན་པས། བསྒྲུབ་བྱ་གང་དུ་དབང་བ་སོགས་པའི་ལས་ལ་ཡང་དག་པར་བརྩམས་ན་དེ་ཡི་མོད་ལ་ལས་རྣམས་མྱུར་དུ་འགྲུབ་པ་བཤད་པར་བྱའོ། །གཉིས་པ་ལ་གསུམ། དབང་གི་སྒོ་ནས་དགུག་པའི་ལས་དང་། གནོན་པའི་སླར་དགྲོལ་བ་དང་བཅས་པ་དང་། སྨྱོ་བྱེད་ཀྱི་ལས་སླར་དགྲོལ་བ་དང་བཅས་པའོ། །དང་པོ་ལ་གཉིས་འཁོར་ལོ་ལ་རྟེན་ནས་དགུག་པ་དང་། སྦྱིན་སྲེག་ལ་བརྟེན་ནས་དགུག་པའོ། །དང་པོ་ནི། ལག་པ་གཡོན་པའི་དབུས་སུ་སྟེ་མཐིལ་དུ་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་དྲུག་པ་བྲི། དེའི་ལྟེ་བར་ༀ། །འདབ་མ་ལ་ཧྲིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་རྣམ་པར་དགོད་ཅིང་། རྩིིབས་དྲུག་ལ་རྣལ་འབྱོར་མའི་སྔགས་ༀ་བཾ་སོགས་དྲུག་ལས་སོ་སོའི་ཁ་དོག་ཅན་བསྒྲུབ་བྱའི་མིང་སྤེལ་དང་བཅས་པ་ཡང་དག་པར་གནས་པ་སྟེ་དགོད་པར་བྱའོ། །ལག་པའི་གཡོན་པའི་འཁོར་ལོ་མིང་སྤེལ་པའི་བསྐུལ་ཚིག་དང་ལྡན་པར་ཟློས་ཤིང་། སྔགས་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བསྒྲུབ་བྱ་གང་ཞིག་རང་གི་གཟུགས་འཛིན་པ་བཀུག་པར་བ སམས་ནས། ཁ་ནས་གསང་སྔགས་ཀྱི་རྒྱལ་བོ་ཡི་གེ་བདུན་པ་ཟློས་བཞིན་པས་བསྒྲུབ་བྱ་གང་ལ་རང་གི་ལག་པ་དེ་བསྟན་པའི་བསྒྲུབ་བྱ་དེ་ནི་ངེས་པར་འགུག་པར་འགྱུར་རོ། །གཉིས་པ་ནི། ཙནྡན་དམར་པོའི་རྡུལ་ཏེ་ཕྱེ་མ་དང་། དེ་བཞིན་དུ་སྐེ་ཚེ་དང་ལན་ཚྭ་དང་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་གཅིག་ཏུ་བྱས་ནས་ཞིབ་ཏུ་བཏགས་པར་བྱ་ཞིང་། ཟླ་ཉི་བཀོད་པའི་ལག་པ་གཉིས་ཀྱིས་མཉེས་ལ་ཐབ་ཁུང་དུ། རྣལ་འབྱོར་མ་དྲུག་གི་གོ་ཆའི་འཁོར་ལོ་བྲིས་ཏེ་མཚན་མོའི་དུས་སུ། སྨེ་ཤ་ཅན་གདོལ་བའི་མེའམ་དུར་ཁྲོད་ཀྱི་མེ་ལ་རྣལ་འབྱོར་མའི་སྔགས་བསྐུལ་ཚིག་དང་ལྡན་པས་ཕྱེ་མ་བསྲེགས་པའི་སྦྱིན་སྲེག་བྱའོ། །ཐལ་བ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། གྲོག་ལ་འཁོར་ལོ་བྲིས་བ་དེའི་སྙིང་ཁར་བཅུག་སྟེ། རང་ཉིད་ལ་མངོན་དུ་ཕྱོགས་པར་བཞག་སྟེ། བསྒྲུབ་བྱ་བཀུག་སྟེ་གཟུགས་བརྙན་དེ་ལ་བཅུག་ནས་མིང་སྤེལ་དང་བཅས་པའི་སྔགས་བཟླས་པའི་སྦྱོར་བ་འདི་ནི་བརྩམ་པར་བྱས་ལ། ཇི་སྲིད་བརྒྱ་ཕྲག་གཅིག་གི་བར་དུ་བཟླས་ན་དེས་ནི་ངེས་པར་འགུག་པར་འགྱུར་རོ། །བསྒྲུབ་པར་བྱ་བའི་བདག་ཉིད་ནོར་བདག་དང་ནོར་དང་འཁོར་གྱི་སྐྱེ་བོ་རྣམས་རང་གི་དབང་དུ་འགྱུར་རོ། །ལས་ཀྱི་སྦྱོར་བ་འདི་ནི་གྲུབ་པ་སྟེ་མི་འགྱུར་ལ། རྣམ་པ་གཞན་དག་ཏུ་འགྱུར་བ་ང་མི་སྨྲའོ། །གཉིས་པ་ནི། སྔར་བཤད་པའི་ཙནྡན་ལ་སོགས་པའི་ཕྱེ་མའི་རྡུལ་དེ་ཉིད་བླངས་ནས་སུ་ལྕགས་ཀྱི་ཕྱེ་མ་དང་རྣམ་པར་བསྲེའོ། །དེ་ནས་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་སྤེལ་དང་བཅས་བྲིས་ཏེ་བསྟུམས་ནས་ནི། སྤེལ་ཚིག་དང་ལྡན་པའི་སྔགས་ལན་བདུན་བཟླས་ལ་ལམ་བཞི་མདོ་རུ་ཟབས་སུ་སོར་བརྒྱད་ཙམ་དུས་བརྐོས་ནས། དགྲའི་མིང་དང་བཅས་པར་ནི་བསྒྲུབ་གང་གི་མིང་སྨོས་པའི་སྔགས་བཟླས་ཏེ། ས་དེར་སྦས་པར་གྱུར་པ་དེ་ནི་མྱུར་དུ་གནོན་པ་སྟེ་རེངས་པར་འགྱུར་རོ། །གསོ་བར་འདོད་ན་འཁོར་ལོ་བཏོན་ནས་ཕྱེ་མ་དེ་ཉིད་ལ། དགྲོལ་བའི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ནས་ནི། འབད་དེ་བ་ཡི་འོ་མས་འཁོར་ལོ་བཀྲུས་པ་ཡིས་དེ་ནི་སླར་ཡང་གསོས་བར་གྱུར་ན་སོས་པ་འགྲུབ་པ་ཉིད་དུ་ཐེ་ཚོམ་མེད་དོ། །གསུམ་པ་ནི། སྔར་བཤད་པའི་ཕྱེ་མ་བཞི་བོ་དེ་ནི་བླངས་ནས་ནི་སྨྱོ་བྱེད་ཐམ་ཁྲོམ་གྱི་རྩ་བ་སྡོང་བུ་འདབ་མ་མེ་ཏོག་འབྲས་བུ་ལྔ་དང་ལྡན་པར་བྱས་པ་དེ་ནི། དུར་ཁྲོད་ཀྱི་རོ་རས་ལ་དགྲ་ཡི་མིང་སྤེལ་དང་བཅས་པའི་འཁོར་ལོ་སྔར་བཤད་པ་བྲིས་པ་བཅུག་པ། རས་དེ་ཉིད་ཀྱི་བཅིངས་ནས་བསྒྲུབ་བྱའི་མིང་སྤེལ་ཚིག་དང་བཅས་པའི་སྔགས་ལན་བརྒྱར་བཟླས་བརྗོད་བྱས་ནས་ནི། དུར་ཁྲོད་དུ་ནི་ས་བརྐོས་ནས་ངེས་པར་སྦས་ན་བསྒྲུབ་བྱ་དེ་འཕྲལ་དུ་སྨྱོ་བ་ཉིད་དུ་འགྱུར་རོ། །སླར་གསོན་བ ཏོན་པ་ཉིད་ཀྱི་ཐར་བར་འགྱུར་ཏེ། དེ་བཞིན་དུ་འཁོར་ལོ་བཏོན་ནས་བ་ཡི་འོ་མ་གཙང་མ་ཡིས་འབད་པས་བཀྲུ་བར་བྱས་ཏེ། སླར་ཡང་གསོ་བར་བྱེད་པ་དག་བྱས་ན་སོས་པ་ཉིད་དུ་ཐེ་ཚོམ་མེད་དོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་དྲུག་གི་གོ་ཆ་དང་ཉེ་སྙིང་ཡི་གེ་བདུན་གྱིས་ལས་བསྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བཞི་བའི་འགྲེལ་པའོ།། །།གཉིས་པ་དཔའ་མོའི་གོ་ཆ་དང་ཧ་ལྔ་ལ་བརྟེན་ནས་ལས་བསྒྲུབ་པ་ལ་གཉིས། དཔའ་མོའི་གོ་ཆ་དང་ཚིག་གི་དངོས་གྲུབ་སྒྲུབ་པའི་ཆོ་ག་དང་། ཧ་ལྔ་ལ་བརྟེན་ནས་ལས་སྒྲུབ་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བཤད་པའི་ལས་རྣམས་ལས་ཕུལ་དུ་བྱུང་བའི་ལས་ཀྱི་རབ་མཆོག་ནི། ངག་གི་ནུས་པ་ཁྱད་པར་ཅན་གྱི་དངོས་གྲུབ་གྲུབ་ནས་ལས་བྱེད་ཚུལ་བཤད་པར་བྱའོ། །གཉིས་པ་ལ་བཞི། ཚིག་གི་དངོས་གྲུབ་སྒྲུབ་པའི་ཐབས། དེ་ལ་བརྟེན་ནས་དགུགས་པའི་ལས་དུ་མ་སྒྲུབ་པ། ཐབས་གཞན་ལ་བརྟེན་ནས་ཚིག་གི་དངོས་གྲུབ་སྒྲུབ་པ། དེ་ཐོབ་ནས་ལས་མི་འདྲ་བ་དུ་མ་ཚིག་གིས་སྒྲུབ་པའོ། །དང་པོ་ནི། ཀཱ་ར་བཱི་རའི་མེ་ཏོག་ནི་རྟ་བོང་གི་རྔོ་ཞི་བ་བྱེད་པའི་ལྗགས་པ་ཡིན་ལ། དེ་ལ་དཀར་ནག་གཉིས་ལས་དེའི་དམར་བོ་བརྒྱ་རྩ་བརྒྱད་ནི་བླངས་ནས་སུ། འབད་དེ་བ་ཡི་འོ་མས་བཀྲུ་བ་དང་དཔའ་མོའི་གོ་ཆའི་སྔགས་གྱི་བཟླས་བརྗོད་བརྒྱ་ཡང་བྱ་བ་ཡིན་ནོ། །སྔགས་ལན་རེ་བཟླས་པའི་མེ་ཏོག་གི་རང་བྱུང་གི་ལིང་ཀའི་སྤྱི་བོར་བསྣུན་པར་བྱའོ། །དེ་ལྟར་ལྷའི་རྣལ་འབྱོར་ལ་ཤིན་ཏུ་མཉམ་པར་གཞག་པས་ཉི་མ་བདུན་དུ་འོ་མ་འཐུང་ཞིང་ཁྲུས་བྱ་བ་ཡིན་ནོ། །དེ་ནས་ཞག་གསུམ་བསྙུང་གནས་བྱས་ཏེ་ཉིན་ཞག་བཅུ་གཅིག་པ་ལ་མེ་ཏོག་དེ་དག་ནི་བླངས་ནས་སུ་ཀར་བཱི་རའི་ཤིང་ཤུན་ལ་བརྒྱུས་ནས་ཆུ་བོ་ཆེན་པོའི་འགྲམ་དུ་སོང་ནས་ནི། རྣལ་འབྱོར་མའི་འཁོར་ལོ་མཆོད་དེ་མེ་ཏོག་རྣམས་རེ་རེ་ནས་ནི་ཆུ་ལ་དོར་རོ། །དེ་དག་ཐམས་ཅད་ཀྱང་རིམ་པ་བཞིན་དུ་མེ་ཏོག་རེ་ལས་སྔགས་ལན་རེ་རབ་ཏུ་བཟླས་ནས་བྱའོ། །ཆུ་བོ་དེར་མེ་ཏོག་ཐ་མ་དོར་བའི་དུས་ནི་ཆུ་བོ་རྒྱུན་ལས་བཟློག་སྟེ་རབ་ཏུ་འབབ་ན། སྙིམ་པས་མེ་ཏོག་ཆུ་དང་བཅས་པར་བླངས་ནས་ནི་སོས་མ་རེག་པར་མེ་ཏོག་ཆུ་བཅས་དེ་འཐུངས་ན། འདི་ཡི་གསང་བའི་རྒྱུད་འབུམ་པ་ལས་འབྱུང་བའི་ཚིག་གི་དངོས་གྲུབ་ནི་སྒྲུབ་པ་པོ་ཡིས་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། སྐྱེ་གནས་ཀྱི་ཕྱག་རྒྱ་བཅངས་ནས་དགུག་པ། སྦྱིན་སྲེག་ལ་བརྟེན་ནས་དགུག་པ། ཀ་ར་བཱི་རའི་མེ་ཏོག་ལ་བརྟེན་ནས་ལས་བསྒྲུབ་པའོ། །དང་པོ་ནི། དེ་ནས་སྐྱེ་གནས་གྱི་ཕྱག་རྒྱའི་དོན་ལ་བཤད་ཚུལ་ཅུང་ཟད་མི་འདྲ་བ་སྣང་ཡང་། ཆོས་འབྱུང་གི་ཕྱག་རྒྱ་བཅིངས་ལ། དགུག་སྔགས་སྤེལ་ཚིག་དང་བཅས་པ་བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། སྔགས་པ་བསྒྲུབ་བྱའི་གཟུགས་བརྙན་ལ་མངོན་དུ་ཕྱོགས་ནས། བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་ལྟོ་བར་འཁོར་ལོ་གནས་པ་སྟེ་བཅུག་པ་དེ་ལ་ཡིད་ནི་དམིགས་པས་གནས་བཞིན་དུ། བློ་དང་ལྡན་པའི་སྒྲུབ་པ་པོས་ཐུན་གསུམ་དུ་ལག་པ་གཡོན་པའི་མཐེ་བོས་སྐུད་པ་མནན་ལ་མཐེའུ་ཆུང་གིས་གསང་གནས་ཀྱི་སྐུད་པ་བསྐྱོད་པར་བྱ་སྟེ་འཁོར་ལོ་དང་གཟུགས་བརྙན་བྱ་ཚུལ་ནི་འཆད་པར་འགྱུར་རོ། །དེ་ལྟར་བྱས་ན་སྔོན་བྲམ་ཟེ་གསོད་པ་སོགས་བྱས་པའི་སྡིག་ཆེ་བ་དག་གིས་ཀྱང་། ཞག་བདུན་ཀྱིས་བརྒྱ་བྱིན་དང་སོགས་ཀྱིས་དབང་ཕྱུག་ལ་སོགས་པ་ཡང་ངེས་པར་འགུགས་སོ། །བསྒྲུབ་བྱའི་གཟུགས་བརྙན་གང་ལས་བྱ་བ་ནི། ཙནྡན་དམར་བོའི་རྡུལ་ཏེ་ཕྱེ་མ་དང་བསྒྲུབ་བྱའི་རྐང་རྗེས་གྱིས་ལས་གང་འགུགས་པའི་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་པ་དེར་སྒ་དང་པི་པི་ལི་དང་ཕོ་བ་རིས་རེ་ཚ་བ་གསུམ་གྱིས་དེའི་ལུས་ལ་བསྐུ་ཞིང་། དེར་མ་ཟད་སྦྲ་ཚིལ་གྱིས་ཀྱང་དེ་ལ་རབ་ཏུ་བྱུག་གོ །དེ་ནས་སྒྲུབ་པ་པོ་ཡིས་གཟུགས་བརྙན་དེའི་གསང་གནས་སུ་ཟངས་མའི་ཁབ་ཀྱིས་ཕུག་ནས་ནི། དེའི་ཤུལ་དུ་སྐུད་པས་བརྒྱུས་པ་དེ་མཐེའུ་ཆུང་གིས་བསྐྱོད་པ་ཡིན་ནོ། །འཁོར་ལོ་ནི་རྣལ་འབྱོར་མ་དྲུག་གི་ཡི་གེ་སྤེལ་ཚིག་དང་བཅས་པར་བྲིས་པའི་འཁོར་ལོ་སྟེ། གཟུགས་བརྙན་གྱི་ལྟེ་བར་གཞུག་རྒྱུའོ། །གཟུགས་བརྙན་དེ་སེང་ལྡེང་གི་མེའི་འདག་མ་དུ་བ་མེད་པ་ལ། མཁས་པས་ཉི་མ་བདུན་དུ་ཐུན་རེ་ལ་སྔགས་ལན་བརྒྱར་བཟླས་ཏེ་སྦྲ་ཚིལ་མ་ཞུ་ཙམ་བྱས་ནས་བསྲོ་བར་བྱའོ། །དེ་ལྟར་བྱས་ཏེ་བཟླས་པའི་མཐར་ནི་མི་ཡི་བདག་པོ་དང་མདུན་ན་འདོན་ཏེ་བློན་པོ་ཆེན་པོ་དང་། བཙུན་མོ་འཁོར་དང་བཅས་པ་ནི་ངེས་པར་འགུགས་པར་བྱེད་པ་ཡིན་ནོ། །མི་ཡི་བདག་པོ་འཁོར་དང་བཅས་པའི་མིང་སྔགས་སྤེལ་ཚིག་དང་བཅས་པའི་འཁོར་ལོ་གྲོ་གའི་འདབ་མར་བྲི་བར་བྱ་སྟེ། ཡི་དྭགས་ནི་རོའོ། །དེའི་སེན་རྩི་ནི་དེའི་སེན་མོ་ལ་བསྐུས་པའི་རྒྱ་སྐྱེགས་སོ། །རོ་ཙ་ན་ནི་གི་ཧཾ་སྟེ་དེ་གཉིས་ཀྱིས་སྣག་ཚས་མཉམ་པར་བཞག་པ་སྟེ་མ་ཡེངས་པར་བྲིས་ནས་ནི། གཟུགས་བརྙན་དེའི་ལྟོ་བར་གཞུག་སྟེ། བསྒྲུབ་བྱའི་མིང་དང་སྔགས་སྤེལ་ནས་གཟུགས་དེ་ལ་མངོན་པར་ཕྱོགས་ཏེ་རྒྱ་ཞག་བདུན་བར་དུ་བཟླས་ནས་སེང་ལྡེང་མེ་དུ་བ་མེད་པ་ལ་གཟུགས་དེ་བདུག་ཤིང་སྟེ་བསྲོ་བར་བྱ། ཡང་དུར་ཁྲོད་ཀྱི་སོལ་བའི་མེ་སྟེང་དུ་གདུང་བར་བྱ་སྟེ། དགུག་ལས་བསྒྲུབ་པའི་ཕྱིར་བཤད་དོ། །བསྲོ་བའི་ཚད་ནི་ཇི་སྲིད་གཟུགས་བརྙན་གྱི་སྦྲ་ཚིལ་མ་ཞུ་བར་བསྲོས་པར་གྱུར་ན། ཞགས་བདུན་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་པས། རྒྱལ་པོ་ཕལ་བ་དང་། དེར་མ་ཟད་འཁོར་ལོ་བསྒྱུར་བའི་རྒྱལ་བོ་འཁོར་དང་བཅས་པར་ཡང་ངེས་པར་འགུགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་། ཙན་དན་དམར་བོའི་རྡུལ་ཉིད་དང་། དུར་ཁྲོད་ལྷག་མ་ཐལ་བར་སྦྱོས་ཞེས་པ་ལ། དུར་ཁྲོད་ཀྱི་ཐལ་བར་བསྲེགས་པའི་འགྱུར་ལེགས་སོ། །རྫས་དེ་རྣམས་སྒྲུབ་པ་པོ་ཡིས་གཅིག་ཏུ་བསྡུས་ནས་གང་འགུགས་པ་དེའི་གཟུགས་བརྙན་བྱའོ། །དེ་ནས་གཟུགས་དེ་སེང་ལྡེང་གི་མེ་དུ་བ་མེད་པ་ལ་རབ་ཏུ་འབད་པས་བསྲོ་བར་བྱའོ། །དེ་ནས་རྡུལ་ཏེ་གཟུགས་བརྙན་དེ་ལག་པ་གཉིས་ལ་སྔར་གྱི་འཁོར་ལོ་གཉིས་བཀོད་དེ། དེ་ཉིད་ཀྱིས་མཉེས་ནས་གཟུགས་ཕྱེ་མར་སོང་བ་དེས་སྦྱིན་སྲེག་བྱའོ། །དེ་ནི་ཇི་སྲིད་དགུག་པ་མ་གྲུབ་ཀྱི་བར་དེ་སྲིད་དུ་ནི་བསྲེགས་པས་འགྲུབ་པར་འགྱུར་རོ། །རྡུལ་གཟུགས་བརྙན་དེ་བླངས་ན་ནི་མ་ཡེངས་པར་དབུགས་ཕྱིར་མི་འབྱིན་པར་བྱས་ཏེ་དུར་ཁྲོད་དུ་སྦས་ན་ནི། བསྒྲུབ་བྱ་དེ་བརྒྱལ་ཞིང་སེམས་དང་བྲལ་བ་དང་འདྲ་བ་དང་། ཅི་ཡིན་མི་ཤེས་པས་རྨོངས་ཤིང་། དེར་མ་སོང་ན་ཉོན་མོངས་པ་སྟེ་སྡུག་བསྔལ་དུ་འགྱུར་བར་མཐོང་ནས། རླུང་གི་ཤུགས་ལྟར་མགྱོགས་པར་འོངས་ནས་ནི་སྒྲུབ་པ་པོའི་སྟེང་ནས་འོག་ཏུ་ལྷུང་བར་འགྱུར་རོ། །གསུམ་པ་ནི། དེ་ནས་ལས་ཀྱི་ཕོ་ཉ་མ་ཞེས་པ་སྐྱེས་པའི་རོ་བསྲེགས་པའི་སར་བུད་མེད་མཆོངས་ནས་ཤི་བ་མཉམ་དུ་བསྲེགས་པའི་སར་སོང་ནས། བུད་མེད་དེའི་མིང་ནས་བོས་ཏེ་ཁྱོད་ཀྱིས་བདག་གི་བྱ་བ་འདི་ནི་རྟག་ཏུ་གྱིས་ཤིག་ཅེས་ལན་གསུམ་བསྒོ་བ་འཛིན་དུ་གཞུག་གོ །ཀ་ར་བཱི་རའི་ལྕུག་མ་ནི་རླན་དང་བཅས་པ་གྲུ་མོ་ནས་དཔུང་བ་རྫོགས་པའི་བར་གྱི་ཚད་དང་མཉམ་པ་བླངས་ལ། འབར་བར་འགྱུར་བའི་རོ་བསྲེགས་པའི་མེ་ལ་དོར་ཏེ། ཇི་སྲིད་དུ་ལྕུག་མ་དེ་ནི་མ་ཚིག་པར་མྱུར་དུ་སོང་སྟེ་དེ་བླངས་ལ་རིག་པ་སྟེ་དཔའ་མོའི་གོ་ཆའི་སྔགས་ལན་བདུན་བཟླས་ནས་ནི། གང་ཞིག་བཟླས་ཏེ་ཞེས་པ་ནི་ཆེ་གེ་མོ་འདིར་ཤོག་ལ། ཁྱེའུ་འམ་བུ་མོ་ཆེ་གེ་མོ་འདིར་ཁྲིད་ཤོག་ཅེས་བཟླས་ཏེ། ལག་པ་གཡོན་པས་གཡོན་ཕྱོགས་སུ་བསྐོར་ན་ནི། སྐོར་བ་དེས་ནི་དེའི་སྐད་ཅིག་ལ་སྐྱེས་པའམ་བུད་མེད་རང་གི་གཟུགས་མཛེས་པ་ཅན་རླུང་ཤུགས་ཀྱིས་འོངས་པར་འགྱུར་རོ། །གསུམ་པ་ནི། ཀ་ར་བཱི་རའི་མེ་ཉོག་དམར་པོ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་བུ་ཤྱ་སྟེ་རྒྱལ་གྱི་སྦྱོར་བའི་ལས་མེ་ཏོག་བླངས་ཏེ། སྒྲུབ་པ་པོས་གི་ཧཾ་གིས་བྱུགས་ལ་མེ་ཏོག་སྨྱོ་བྱེད་ཀྱི་ཆུ་ལ་གནས་པ་ལ་བརྒྱ་རྩ་བརྒྱད་བཟླས་ནས། རང་ཆུ་བོ་ཆེན་པོར་ཞུགས་ནས་ནི་ལྟེ་བ་མན་ཆད་ཆུར་བཅུག་སྟེ་རིག་པ་སྟེ་སྔགས་སྟོང་ཕྲག་གཅིག་ཏུ་བཟླའོ། །དེ་ནས་རང་ལག་པ་གཉིས་ཐལ་མོ་སྦྱར་བའི་དབུས་སུ་སྒྲུབ་གྲོགས་ཀྱི་མེ་ཏོག་འདབ་མ་རྒྱས་པ་ཞིག་གནས་པ་སྟེ་གཞུག་པར་བྱའོ། །ལག་པ་གཉིས་སུ་སྒྲུབ་གྲོགས་ཀྱིས་བཅུག་པའི་མེ་ཏོག་གིས་ཕྱིར་ཀླགས་པ་སྟེ་ལེགས་པར་བཀང་ནས་ཆུ་དང་བཅས་པ་སོས་མ་རེག་པར་བཏུང་བར་བྱའོ། །དེ་ནས་སྒྲུབ་པ་པོ་དེ་ཡིས་ཚིག་ཙམ་གྱིས་ལས་ཐམས་ཅད་འགྲུབ་པའི་ཚིག་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །བཞི་པ་ལ་གཉིས། དགུག་པ་དང་དྲག་ལས། དགུག་ལས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དངོས་གྲུབ་འདིའི་དགོས་པ་ནི། རྒྱལ་བོའམ་རྒྱལ་བོའི་ཆུང་མ་ནི་དགུག་པའི་ཡིད་ཀྱིས་མིང་ནས་སྨོས་ཏེ་ཁུག་ཅིག་ཅེས་བརྗོད་ན་ངེས་པར་འགུགས་པར་འགྱུར་རོ། །དེ་བཞིན་དུ་བརྗོད་པས་ལྷར་བཅས་པའི་ལྷ་མིན་དང་མི་རྣམས་ནི་མྱུར་དུ་དབང་དུ་བྱེད་པར་འགྱུར་རོ། །ཁྲོས་པའི་བསམ་པས་སོད་ཅིག་ཅེས་པའི་ཚིག་གིས་གསོད་པར་འགྱུར་ཞིང་། མཛའ་བ་དང་དབྱེ་བ་དང་བསྐྲད་པ་ཉིད་ཀྱང་བྱེད་དེ། མདོར་ན་སྒྲུབ་པ་པོ་ཡི་ཚིག་ཙམ་ཉིད་གྱི་ཚར་གཅོད་པ་ཉིད་བྱེད་པར་འགྱུར་རོ། །འདི་དང་འདི་རེངས་པར་གྱུར་ཅིག་ཅེས་པའི་ཚིག་ཙམ་གྱིས་ནི། ཆུ་བོ་དང་ཤིང་རྟ་དང་འཁྲུལ་འཁོར་དང་རྒྱ་མཚོ་དང་གླང་བོ་ཆེ་དང་རྟ་དང་དེ་བཞིན་དུ་སྤྲིན་དང་སྐྱེས་བུའམ་བུད་མེད་དང་ཡང་ན་བྱ་ཡང་གནོན་པ་སྟེ་རེངས་པར་བྱེད་དེ། མདོར་ན་ཡིད་ཀྱིས་བསམས་ནས་ཡིད་ལ་གང་བྱ་བར་འདོད་པ་ཚིག་ཙམ་གྱིས་དེ་ཐམས་ཅད་བྱེད་པར་འགྱུར་བ་ནི། ཚིག་གི་དངོས་གྲུབ་གྲུབ་བའི་མཐུ་ཡིན་ནོ། །གཉིས་པ་ནི། བསྒྲུབ་བྱ་དགུག་པ་ཡི་ནི་སྦྱོར་བ་དག་ཁྱད་པར་དུ་བཤད་པར་བྱ་སྟེ། བུད་མེད་ཐམས་ཅད་རྨོངས་པ་སྟེ་མྱོས་པར་བྱེད་པ་ནི་མཚོན་པ་ཙམ་མོ། །དེ་སྟོན་པ་ནི་ཀ་ར་བཱི་རའི་མེ་ཏོག་ནི་དམར་པོ་ཡང་དག་བླངས་ནས་ནི། རིག་པ་སྟེ་དཔའ་བོའི་གོ་ཆའི་སྔགས་ལན་བརྒྱ་བཟླས་པ་དག་ཕྱག་རྒྱའི་སྐྱེས་གནས་ཀྱི་དབུས་སུ་གཞུག་པར་བྱ་སྟེ། དེའི་དོན་མེ་ཏོག་དེ་ནི་ལས་རྒྱ་དང་ཁ་སྦྱར་བྱས་པའི་ཕྱག་རྒྱའི་གསང་བའི་གནས་སུ་ངེས་པར་སྦྱངས་སྟེ་དེར་བཅུག་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་དང་ལྡན་པའི་སྔགས་པས། གོ་ཆའི་སྔགས་མིང་སྤེལ་དང་བཅས་པ་བརྒྱ་ཕྲག་གཅིག་ཏུ་བཟླས་ནས། སྐྱེས་གནས་དབུས་ཀྱི་མེ་ཏོག་དེ། ལས་སྒྲུབ་པོ་ཡིས་མེ་ཏོག་གཅིག་བླངས་ལ། མེ་ཏོག་དེ་ཡིས་ནི་གང་ལ་བསྣུན་པ་དེ་ནི། དེའི་མོད་ལ་རང་གི་དབང་དུ་འགྱུར་རོ། །འགྱུར་ཚུལ་ནི། དེའི་མཐུས་བསྒྲུབ་བྱ་དེ་བརྒྱལ་ཞིང་སེམས་དང་བྲལ་བ་སྟེ་དྲན་པ་ཉམས་པ་དང་། ཡན་ལག་གི་ཚིག་ཀུན་གྱི་བྱ་བ་བྱེད་པ་ལ་རང་དབང་མེད་པར་གཞན་སྒྲུབ་པ་པོའི་དབང་དུ་འགྱུར་བ་སྟེ། སྔར་གྱི་སེམས་ནི་མངོན་གྱུར་དུ་ལྡོག་པ་རུ་སྟེ་ལོག་ནས་སྐད་ཅིག་གིས་རང་གི་དབང་དུ་བྱེད་པ་འདི་ནི། སྔགས་ཀྱི་སྦྱོར་བ་ལ་ཡིད་ཆེས་པ་ལས་དངོས་གྲུབ་འགྲུབ་པ་སྟེ། དབང་དུ་བྱེད་པའི་ལས་དོན་ཡོད་པ་སྟེ་འབྲས་བུ་ཡོད་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། རྣལ་འབྱོར་མ་དྲུག་གི་ཚིག་གི་དངོས་གྲུབ་སྒྲུབ་པ་དང་། དགུག་པ་སོགས་ཀྱི་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་བའི་འགྲེལ་བའོ།། གཉིས་པ་ཧ་ལྔ་ལ་བརྟེན་ནས་ལས་སྒྲུབ་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཡི་གེ་ཧ་ལྔ་ལ་བརྟེན་ནས་གསད་ལས་སོགས་ལས་རྣམས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་བཤད་པར་བྱའོ། །དགོས་པ་ནི། སྒྲུབ་པ་པོ་གང་གིས་ཤེས་ནས་ཉམས་སུ་བླངས་པ་ཙམ་གྱིས་ནི་མྱུར་དུ་དངོས་གྲུབ་རབ་ཏུ་འཇུག་པ་སྟེ་འཐོབ་པར་འགྱུར་བས་བཤད་པར་བྱའོ། །གཉིས་པ་ལ་གསུམ། གསད་ལས། གཟུགས་བསྒྱུར་བའི་ལས། མངལ་འཕོ་བའི་ལས་སོ། །དང་པོ་ནི། འདིར་ཡི་གེ་ཧ་ལྔའི་ངོས་འཛིན་འགྱུར་འགའ་ཞིག་ཏུ་མི་མཐུན་པར་འབྱུང་ཡང་། རྗེའི་བཞེད་པ་ནི། ཧ་ལ་ཨཱ་ཨཱི་ཨཱུ་ཨཻ་ཨཽ་ལྔ་ཞུགས་པའི་ཧཱ་ཧཱི་ཧཱུ་ཧཻ་ཧཽ་ལྔའོ། །དེ་འདྲ་བའི་ཡི་གེ་ལྔ་ལག་པར་འཁོར་ལོ་རྩིབས་ལྔ་བ་བྲི་བའམ་བསམས་ལ། དེར་ཡི་གེ་ལྔ་བྲི་བའམ་བསམས་པ་ཡིས་སྔགས་བསྐུལ་ཚིག་དང་ལྡན་པས་མདའ་དང་ལྡན་པའི་ལག་པས་མཉེས་ན་ནི། སྦྱིན་སྲེག་བྱས་ཏེ་རྩ་ལྔ་ཁབ་ཀྱི་རྣམ་པ་ཅན་གྱི་ཁས་ཕུག་ནས། ཁྲག་འགུག་བཞིན་པ་ཐོད་པར་འབབ་པར་བསམས་ན། བསྒྲུབ་བྱ་ཁ་ནས་ཀྱང་ནི་ཁྲག་འཛག་ཅིང་དགྲ་བོ་དེ་ཡི་མོད་ལ་འཆིའོ། །འཁོར་ལོའི་ལྟེ་བར་ཧཾཿབྲིའོ། །རང་གི་ཁྲག་དང་སྲིན་ལག་གི་སྟེ་བུད་མེད་བུ་མེད་པའི་ཁྲག་དང་ལྷན་ཅིག་བསྲེས་ཏེ་ཐོད་པར་གནས་པར་སྟེ་བཞག་ལ། བསྒྲུབ་བྱའི་མིང་སྤེལ་ཚིག་དང་ལྡན་པར་བཟླས་ཤིང་། ལག་པས་ཁྲག་ཇི་སྲིད་སྐམས་ཀྱི་བར་དུ་དེ་མཉེ་བར་བྱ་ན་དེས་ནི་བསྒྲུབ་བྱ་རྣམ་པར་འཇིག་པ་སྟེ་འཆིའོ། །གལ་ཏེ་རྫས་གཉིས་མེད་ཀྱང་ཁྲོ་བ་འབར་བ་དང་བཅས་པས་མིག་དམར་པོ་ཡིས། ཧ་ལྔ་མིང་སྤེལ་དང་བཅས་པ་བཟླས་ན་ནི་དཔུང་ཚོགས་བཞོན་པར་བཅས་པ་ཡི་རྒྱལ་པོ་སོགས་མྱུར་དུ་འཆི་བར་བྱེད་དོ། །བྱི་ལ་དང་ནི་ནེའུ་ལེ་དང་ཁྭ་དང་ཝ་དང་ཆུ་སྐྱར་ལྔའི་ཤ་ཟླ་བར་ཧ་ལྔ་ལས་བསྐྱེད་ལ། དེ་དག་གིས་མཁའ་འགྲོ་མ་ལ་སྟོབས་ཅན་ལ་སྦྱར་བ་སྟེ་གཏོར་མ་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱས་ན། ཤ་འདི་དག་གིས་གསང་ལས་སོགས་མྱུར་དུ་འགྲུབ་པར་རྒྱུད་འདི་ལ་ནི་ཐེ་ཚོམ་མེད་དོ། །གཉིས་པ་ནི། རི་བོང་དང་ལ་སོགས་པས་ལྕེ་སྤྱང་སོགས་ཀྱི་སྦུ་ལས་ནི་སྲང་བུ་བྱས་ཏེ་ཧ་ལྔ་ལ་ལན་སྟོང་དུ་བཟླས་ནས། བསྒྲུབ་བྱ་གང་གི་མགུལ་དུ་བཅིངས་པར་གྱུར་པ་དེ་ནི་རི་བོང་ལ་སོགས་པ་དེ་དང་འདྲ་བའི་གཟུགས་འཛིན་པར་འགྱུར་རོ། །གསུམ་པ་ནི། རང་གི་ལག་པར་ཧ་ལྔའི་བཟླས་བརྗོད་སྟོད་བྱས་ཏེ་ཀ་ར་བཱི་རིའིི་མེ་ཏོག་དང་ལྡན་པར་ཡི་གེ་རེ་རེ་སྟེ་ཡིག་གྲངས་ཀྱི་འབུམ་མངོན་པར་བཟླས་ལ། མེ་ཏོག་དེ་དང་བཅས་ཏེ་སྦྲུམ་མ་ལ་ནི་རེག་པར་གྱུར་ན་མང ལ་ནི་རྣམ་པར་འཕོ་བར་འགྱུར་རོ། །ལག་པས་ལུས་ལ་རེག་པ་བཏང་ན་མངའ་འཕོ་བ་ལས་ཐར་བར་འགྱུར་རོ། །ཁྲོས་པས་གང་ལ་བསྡིགས་མཛུབ་བྱས་ཏེ་དྲག་སྔགས་བཟླས་པས་བསྒྲུབ་བྱ་དེ་འཆི་ལ། སླར་ཡང་ཞི་བས་སྔགས་བཟླས་ཏེ་སྡིགས་མཛུབ་བཀྲོ ལ་ན་འཚོ་བར་བྱེད་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། ཡི་གེ་ཧ་ལྔ་ལ་བརྟེན་ནས་ལས་བསྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའི་འགྲེལ་བའོ།། །།གསུམ་པ་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་ལས་བསྒྲུབ་པ་དང་ལྷ་སྒོམ་པ་རྟག་ཏུ་བྱ་བ་ལ་གཉིས། དེའི་སྔགས་ཀྱིས་ལས་བསྒྲུབ་པ་དང་། དཔའ་བོ་དང་རྣལ་འབྱོར་མ་རྟག་ཏུ་བསྒོམ་པར་བྱ་བའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་མཚན་ནོ། །དང་པོ་ནི། དེ་ནས་ཧ་ལྔའི་ལས་ལས་གཞན་ཡང་དག་པར་བཤད་པར་བྱའོ། །དེ་གང་ན། མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོ་སྟེ་དེ་ལ་བརྟེན་ནས་ལས་བསྒྲུབ་པའོ། །དགོས་པ་ནི། སྔགས་འདི་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་དབང་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བཤད་དོ། །གཉིས་པ་ལ་གཉིས། དབང་དང་དྲག་པོའི་ལས་ཀྱིས་བསྒྲུབ་པ་དང་། གཞན་དུ་བསྒྱུར་པའི་ལས་ཀྱིས་བསྒྲུབ་པའོ། །དང་པོ་ནི། བསྙེན་པ་སྔོན་དུ་སོང་བ་དེ་ནས་སངས་རྒྱས་མཁའ་འགྲོ་མའི་རིག་པ་ཆེན་མོ་སྟེ་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན། རྒྱལ་རིགས་ལ་སོགས་པ་རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དེ་རྟག་ཏུ་བཟླས་བརྗོད་བྱས་ན་ཚེ་རིང་བ་སོགས་ཀྱི་ཕུན་སུམ་ཚོགས་པའི་དཔལ་ཆེན་པོ་སྐྱེད་པར་འགྱུར་རོ། །མི་རུས་ལས་ཕུར་བུ་སོར་དྲུག་པ་བྱས་ལ། སྔགས་འདི་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས། བསྒྲུབ་བྱ་གང་གི་སྒོར་སྦས་པ་དེའི་རིགས་བརྒྱུད་རྣམས་རབ་ས་གཅོད་པར་འགྱུར་རོ། །ཞིང་དང་བ་ལང་གི་ར་བ་དང་མ་ཧེ་དང་གླང་བོ་ཆེ་དང་རྟའི་གནས་སུ་ས་བརྐོས་ཏེ། ཕུར་བུ་ལ་སྔགས་བཟླས་ཏེ་སྦས་ན་དེ་ཐམས་ཅད་བརླག་པར་འགྱུར་རོ། །དེ་ནས་རྒྱལ་བོའམ་རྒྱལ་བོའི་བློན་པོ་དབང་དུ་བྱ་བར་འདོད་ན། མཁས་པས་ས་ལས་ཏེ་རྫ་མཁན་གྱི་ལག་པ་ལ་འབྱར་བའི་འཇིམ་པ་ལས་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་བྱས་ལ། སྔགས་སྤེལ་ཚིག་དང་བཅས་པ་བྲིས་ནས་དེའི་སྙིང་ཁར་བཞག་ལ། དེ་རྒྱལ་བོའམ་བློན་པོའི་སྒོར་སྦས་ནས་བཞག་སྟེ། ཉིན་ཞག་དང་པོ་ལ་མ་དུ་ལུང་ཀའི་མེ་ཏོག་དང་འབྲས་བུ་རྣམས་དང་ཀུ་སུ་མུའི་མེ་ཏོག་བསྲེས་པའི་སྦྱིན་སྲེག་སྔར་སྟོང་ཕྲག་གསུམ་དང་། ཕྱིས་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་བོ་སོགས་དེ་ཐམས་ཅད་དབང་དུ་འགྱུར་རོ། །སྔགས་འདི་ཉིད་ལྷ་སྔགས་ཀྱི་ཁ་དོག་སོགས་སོ་སོར་བྱས་པས་དགུག་པ་དང་གནོན་པ་དང་རྨོངས་པ་དང་སྐེམས་པ་དང་རྨུགས་པ་དང་ཚིག་འཕྲོག་པ་སྟེ་ལྐུགས་པ་དང་། མིག་ལོང་བ་དང་། ལྕེ་དིག་པ་ཉིད་དུ་བྱེད་ལ། སླར་གསོ་བའི་བསམ་པས་བཟླས་ན་གཏོར་བར་བྱེད་དོ། །གཉིས་པ་ལ་དྲུག །མཚན་གཞན་དུ་བསྒྱུར་བ་དང་། འགྲོ་བ་གཞན་དང་། རྫས་གཞན་དང་། བསམ་པ་གཞན་དང་། གཟུགས་གཞན་དང་། བདག་པོ་གཞན་དུ་བསྒྱུར་བའོ། །དང་པོ་ནི། དེ་ནས་སྐྱེས་པ་བུད་མེད་དབང་དུ་བྱ་བར་འདོད་ན། སྐྱེས་པའི་རོ་ལ་བཏགས་པའི་མེ་ཏོག་དང་། ལྕགས་ཀྱི་མེ་ཏོག་དང་། ཀ་ཀཎྜ་ཡི་འབྲས་བུ་དང་། ཁྭ་ཏའི་སེན་མོ་དང་། རྐང་བའི་འོག་སྟེ་མཐིལ་གྱི་ལྤགས་པ་རྣམས་ཆ་མཉམ་པར་བྱས་ལ། སྔར་བཤད་ཀྱི་བུད་མེད་ཀྱི་ཐོད་པར་བསྐྱེད་པའི་ས་བོན་བླངས་ལ་རི་བོང་གི་ཁྲག་དང་ལྷན་ཅིག་བཏགས་ཏེ། རི་ལུ་བཅུ་གཅིག་བྱས་ལ་ཉི་མ་ལ་བསྐམ་མོ། །དེ་བཞིན་དུ་ཉི་ཞག་བཟང་བོ་ལ་ལག་པར་བླངས་ནས་ཁུ་ཚུལ་བཅིངས་ཏེ། ཉི་མ་རེ་རེ་ཞིང་ཐུན་རེ་རེ་ལ་སྟོང་ཕྲག་བརྒྱད་བརྒྱད་བཟླས་པའི་ཉི་མ་བཅུ་གཉིས་པ་ལ། སྐྱེས་པ་གང་གི་སྤྱི་བོར་རིལ་བུའི་ཕྱེ་མ་བཞག་པ་དེ་བུད་མེད་དུ་འགྱུར་རོ། །སྐྲ་བཞར་ན་ནི་སྔ་མ་བཞིན་དུ་འགྱུར་རོ། །གཉིས་པ་ནི། སྐྱེས་པ་ཁྱིར་བྱ་བར་འདོད་ན། རྒྱལ་གྱི་ལྕགས་ཏེ་གསེར་ནེའུ་ལེ་སྟེ་སྲེ་མོའི་མགོ་བོར་ཏེ་ཐོད་པའི་ནང་དུ་གུར་གུམ་དང་ལྷན་ཅིག་ཕྱེ་མར་བྱས་པ་བཞག་ལ། མཚན་མོ་སྟེ་ཞག་བདུན་གྱི་བར་དུ་སྔགས་བརྒྱད་སྟོང་བཟླས་ནས་སྦྱིན་སྲེག་བྱས་ལ། ཉིན་ཞག་བརྒྱད་པ་ལ་གུར་གུམ་དང་མཉམ་པོར་བྱས་ཏེ། སྔགས་སྤེལ་ཚིག་དང་བཅས་པ་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས། དབང་ལས་ཐམས་ཅད་པའི་ཐབ་ཏུ་སྦྱིན་སྲེག་བྱས་ལ། དེའི་ཐལ་བ་གང་གི་སྤྱི་བོར་བཞག་པ་དེ་ཁྱིའི་གཟུགས་སུ་འགྱུར་རོ། །སླར་གསོ་བ་ནི་མཚན་མོའི་དུས་སུ་མཁའ་འགྲོ་མ་རྣམས་ལ་མཆོད་པ་ཆེན་པོ་བྱས་ཏེ་གཏོར་མ་བྱིན་ནས་གསོལ་བ་བཏབ་ན། དེའི་འོག་ཏུ་སྔར་བཞིན་རྣལ་མར་འགྱུར་རོ། །གསུམ་པ་ནི། གསེར་དངུལ་སོགས་རིན་པོ་ཆེའི་རྫས་རྣམས་རིན་པོ་ཆེའི་རྫས་མ་ཡིན་པར་བྱ་བར་འདོད་ན། གསེར་ཤིང་ཐང་ཁྲོམ་གྱི་འབྲས་བུས་སྦྱིན་སྲེག་བརྒྱ་རྩ་བརྒྱད་སྤེལ་ཚིག་དང་བཅས་པ་བྱས་ན་རྫས་རྫས་དེ་མ་ཡིན་པར་འགྱུར་རོ། །ཨ་ཀ་རུའི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྣལ་མར་འགྱུར་རོ། །བཞི་བ་ནི། ཅི་སྟེ་སྨྱོ་བར་བྱ་བར་འདོད་ན། བྱ་ཆེན་པོ་ནི་འུག་པའོ། །དེའི་གནས་ཀྱི་ཤིང་གིས་ཞག་བདུན་གྱི་བར་སྔགས་སྟོང་ཕྲག་བརྒྱད་བཟླས་པ་སྔོན་དུ་སོང་བས་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་སྨྱོ་བར་འགྱུར་རོ། །སླར་བཟློག་པ་སྟེ་གསོ་ན་འབྲས་ཀྱི་ཕུག་མའི་མེ་ལ་སྦྱིན་སྲེག་བརྒྱད་སྟོང་བྱས་ན་ཞི་བར་འགྱུར་རོ། །ལྔ་བ་ནི། བྱི་ལའི་སྤུ་ཟླ་བ་གཟས་ཟིན་པའི་ཚེ་བསྡུས་ལ་བླངས་ཏེ། བསྒྲུབ་བྱ་གང་གི་མིང་ནས་བརྗོད་ནས་སྤེལ་ཚིག་བཅས་པའི་སྔགས་ཀྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ནས། ཐལ་བ་དེ་གང་གི་སྤྱི་བོར་བཞག་པ་དེ་བྱི་ལར་འགྱུར་རོ། །གསོ་ན་སླར་སྟོང་ཕྲག་བརྒྱད་བཟླས་ན་རྣལ་མར་འགྱུར་རོ། །བྱ་རོག་གི་རྒྱུས་པ་སྟེ་ཆུ་རྒྱུས་ལ་སྲད་བུ་བྱས་པ་གཟུང་ལ། བསྒྲུབ་བྱའི་མིང་སྤེལ་སྔགས་དང་བཅས་པ་ལན་བརྒྱད་བརྒྱར་མངོན་པར་བཟླས་ཏེ་གང་གི་མགུལ་དུ་བཅིངས་པ་དེ་བྱ་རོག་ཏུ་འགྱུར་རོ། །དེ་བཞིན་དུ་གང་དང་གང་གི་རྒྱུས་པ་སྲད་བུར་བྱས་ཏེ་སྔགས་སྔར་ལྟར་བརྒྱད་བརྒྱ་མངོན་པར་བཟླས་ཏེ་མགུལ་དུ་བཅིངས་པ་དེ་སེམས་ཅན་དེ་དང་དེ་འདྲ་བར་འགྱུར་རོ། །དེ་བཞིན་དུ་ཁྭ་དང་ཐི་བ་དང་རྨ་བྱ་དང་ཆུ་སྐྱར་དང་འུག་པ་དང་ཁྲ་དང་བྱ་རྒོད་ཀྱི་གཟུགས་འཛིན་པར་འགྱུར་རོ། །བ་ལང་གི་སྤུ་ལས་སྲད་བུ་བྱས་ལ་སྔར་བཞིན་སྔགས་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་བརྗོད་བྱས་ཏེ། མགུལ་དུ་བཅིངས་ན་དེ་བ་ལང་དུ་འགྱུར་རོ། །རྐང་བཞི་བ་དང་རྐང་མང་བ་དང་རྐང་མེད་པ་ལ་སོགས་པའི་སྲོག་ཆགས་གང་དང་གང་གི་སྤུ་ལས་སྲད་བུ་བྱས་ལ། མིང་སྤེལ་དང་བཅས་པའི་སྔགས་མངོན་པར་བཟླས་ཏེ་མགུལ་དུ་བཏགས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ། །བཏགས་པ་དེ་བཀྲོལ་ན་ཐར་བར་འགྱུར་རོ། །དྲུག་པ་ནི། སོ་བ་ལ་ཉི་མ་བདུན་གྱི་བར་ཐུན་རེ་རེར་སྔགས་སྟོང་ཕྲག་བརྒྱད་བཟླས་ནས་ནོར་གྱི་བདག་པོ་ཆེན་པོའི་ཁྱིམ་དུ་བཅུག་ལ། ལྷག་མ་སྟེ་བཅུག་པའི་རྗེས་སུ་སྔགས་ཀྱིས་མངོན་པར་བསྔགས་པའི་ཆུས་བདག་ཉིད་ལ་དབང་བསྐུར་ཞིང་། ཞག་བདུན་དུ་བཟླས་ན་མཚན་མོ་བདུན་གྱིས་སོ་བ་ཐམས་ཅད་འགུགས་པར་འགྱུར་རོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་ཀྱི་སརྦ་བུ དྡྷ་ཌཱཀི་ནིའི་སྒོ་ནས་ལས་ཐམས་ཅད་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའི་འགྲེལ་བའོ།། །།གཉིས་པ་དཔའ་བོ་དང་རྣལ་འབྱོར་མ་རྟག་ཏུ་བསྒོམ་པར་བྱ་བ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་དོན། དང་པོ་ནི། དེ་ནས་སྔ་མ་ལས་གཞན་ཡང་བཤད་པར་བྱའོ། །དེ་གང་ན། རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་ཀུན་གྱི་སྙིང་བོའི་སྔགས་སྒྲུབ་པ་པོ་གང་དགེ་བར་བྱེད་པ་སྟེ། རྣལ་འབྱོར་མ་ཀུན་གྱིས་སྒྲུབ་པ་པོ་ལ་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །སྙིང་བོའི་རྣལ་འབྱོར་མ་ཞེས་པའི་འགྱུར་ཅུང་མི་བདེ་བར་གསལ་ལོ། །དེ་བཞིན་དུ་སྔགས་དང་ལྷ་གང་ཞིག་བསྙེན་པའི་རྗེས་སུ་ཡིད་ལ་དྲན་ནས་བཟླས་པ་ཙམ་གྱིས། ས་འོག་སོགས་འཇིག་རྟེན་གསུམ་པོ་གཡོ་བར་བྱེད་ཅིང་། སྦྱིན་སྲེག་སོགས་ལ་མི་ལྟོས་པར་རྗེས་སུ་དྲན་པ་ཙམ་གྱིས་ཀྱང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་ཡང་དག་པའི་དངོས་གྲུབ་བདེ་མཆོག་གི་གོ་འཕང་རིམ་གྱིས་འཐོབ་པར་འགྱུར་བ་དེ་བཤད་པར་བྱའོ། །གཉིས་པ་ལ་གསུམ། ལས་སྒྲུབ་པའི་སྔགས་ཕན་ཡོན་དང་བཅས་པ། གསང་བའི་དཀྱིལ་འཁོར་སྒོམ་པ། དོན་བསྡུ་བའོ། །དང་པོ་ནི། སྔགས་ནི་སྭཱ་ཧཱ་སོགས་གོ་རིམ་ལུགས་བཟློག་ཏུ་གསུངས་པ་ནི་རྒྱུད་ལ་རང་དགར་འཇུག་པ་འགོག་བའི་ཆེད་དུ་ཡིན་པས། འདིར་ལུགས་མཐུན་དུ་བཤད་ན། ༀ་སརྦ་བུདྡྷ་ཌཱ ཀི་ནཱི་ཡེ། བཛྲ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་སྟེ། དེ་ལ་ༀ་ནི་ཕྱག་འཚལ་ལོ་ཞེས་སོ། །གང་གི་ཆེད་དུ་ན། སརྦ་བུདྡྷ་ཌཱ་ཀཱི་ནི་ཡེ་ནི་སངས་རྒྱས་མཁའ་འགྲོ་མ་ཐམས་ཅད་དང་། བཛྲ་ཝརྞ་ནི་ཡེ་ནི་རྡོ་རྗེ་རབ་བསྔགས་མ་སྟེ་དེའི་ཆེད་དུའོ། །ཧཱུྃ་གཉིས་ནི་དོན་དེར་བསྐུལ་བ། ཕཊ་ནི་གསལ་བར་བྱེད་པ། སྭཱ་ཧཱ་ནི་དབུགས་འབྱིན་པའོ། །སྔགས་འདི་བཀླགས་པས་འགྲུབ་པ་སྟེ་ཞེས་པ་ནི་སྔོན་གྱི་ཚོགས་རྒྱ་ཆེ་བ་འགའ་ཞིག་གིས་བསྙེན་པ་སོགས་ལ་མི་བལྟོས་པར་ལས་རྣམས་ཀུན་བྱེད་ཅིང་དགེ་བར་བྱེད་པ་ཡིན་ལ། གང་ཟག་གཞན་གྱིས་ནི་སྔོན་དུ་བསྙེན་པ་སོགས་དགོས་སོ། །སྔགས་དེ་གང་ཞེ་ན། མཁའ་འགྲོ་མ་ནི་མདོར་བསྟན་པ་སྟེ། རྣལ་འབྱོར་མ་ནི་དེ་འཆད་པའོ། །དེ་ཡང་གང་ན། དུམ་སྐྱེས་མ་དང་ལཱ་མ་དང་། སོགས་ཀྱི་ལྷ་གཞན་རྣམས་བསྡུའོ། །དེ་ལྟ་བུའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ནི་སངས་རྒྱས་མཁའ་འགྲོ་མའི་སྔགས་འདི་ཉིད་ཡིན་པར་གྲགས་སོ། །དེའི་ཆེ་བ་ནི། ས་འོག་དང་ཡང་ན་མཐོ་རིས་ས་བླ་ལྷའི་ཡུལ་དང་། དེ་བཞིན་དུ་ས་སྟེང་མིའི་ཡུ ལ་དག་ཏུ་ཡང་ཞི་སོགས་ཀྱི་ལས་ནི་གང་དག་ཡོད་པ་རྣམས་སྔགས་འདི་ཉིད་ཀྱིས་དེ་དག་ཐམས་ཅད་འགྲུབ་ཅིང་། དངོས་གྲུབ་ཀུན་འགྲུབ་པར་བྱེད་པ་ཡིན་ནོ། །དངོས་གྲུབ་ཐམས་ཅད་རབ་ཏུ་རྩོལ་བའི་སྔགས་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་པའི་སྔགས་གཞན་མེད་དེ། རྒྱུ་མཚན་གང་གི་ཕྱིར་ན་སྔགས་འདི་ནི་བླ་ན་མེད་པའི་དངོས་གྲུབ་ཀྱི་ཐབས་བཟང་བོ་ནི་བསྟན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྟེན་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ནི་མཁའ་འགྲོ་མ་ནི་ཀུན་གྱི་བཞུགས་པའི་གནས་ནི་མདོར་བསྡུས་ནས་བཤད་པར་བྱ་བའི། །རྒྱས་པར་འཆད་པ་ནི་མ་ཡིན་ནོ། །དེ་ཡང་རིན་ཆེན་སྣ་བདུན་གྱི་རང་བཞིན་གྱི་རི་བོ་བཟང་བོ་སྟེ་རི་རབ་རྩེ་མོ་བརྒྱད་པ་མེ་ཏོག་དང་འབྲས་བུ་སོགས་སྣ་ཚོགས་ཀྱིས་བརྒྱན་པ་བྲི་བ་སྟེ་བསྒོམ་པར་བྱའོ། །དེས་འབྱུང་བཞི་གཞལ་ཡས་ཁང་དང་བཅས་པ་ཡང་མཚན་ནོ། །གཉིས་པ་ནི། རི་རབ་དེའི་སྟེང་དུ་གཞལ་ཡས་ཁང་གི་དབུས་ཀྱི་ཕྱོགས་བཞིའི་འདབ་མ་ལ། རྟག་ཏུ་བསྒོམ་པར་བྱ་བ་ནི་ཤར་ལ་སོགས་པར་མཁའ་འགྲོ་མ་དང་། དེ་བཞིན་དུ་ལཱ་མ་དང་། དུམ་སྐྱེ་མ་དང་། གཟུགས་ཅན་མ་དང་། གཞན་ཡང་རྣལ་འབྱོར་མ་སོ་གཉིས་དང་། དཔའ་བོ་རྣམས་ཀྱི་གཙོ་བོ་དཔའ་བོ་ཧེ་རུ་ཀ་ཡུམ་དང་བཅས་པ་ཉིད་དང་། ཧ་ཧ་ཧེ་ཧེ་ཞེས་བྱ་བའི་བཞད་མོ་མཛད་པ་དང་། དཔའ་བོ་ཉི་ཤུ་རྩ་བཞིའི་མཁའ་འགྲོའི་དྲ་བ་སྟེ་ཚོགས་དང་བཅས་པའི་བདེ་མཆོག་གི་ལྷ་ཚོགས་བསྒོམ་པར་བྱའོ། །དཔའ་བོ་ཉེར་བཞི་གོ་རིམ་བཟློག་ནས་སྟོན་པ་ནི། རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་བྱེད་དེ་སྣང་མཛད་དང་པདྨ་གར་གྱི་དབང་ཕྱུག་དང་དཔལ་ཁྲག་འཐུང་སྟེ་ཧེ་རུ་ཀ་དང་། ནམ་མཁའི་སྙིང་བོ་དང་རྟ་མགྲིན་དང་རིན་ཆེན་རྡོ་རྗེ་དང་སྟོབས་པོ་བརྒྱད་དེ་སྐུ་འཁོར་གྱི་ལྷ་དང་། མིག་མི་བཟང་དང་འཇིག་བྱེད་ཆེན་མོ་དང་རྡོ་རྗེ་བཟང་བོ་དང་རབ་ཏུ་བཟང་བོ་དང་། རྡོ་རྗེ་ཧཱུྃ་མཛད་དང་དཔའ་བོ་ཆེན་པོ་དང་རྡོ་རྗེ་རལ་བ་ཅན་དང་མྱུ་གུ་སྟེ་གསུང་འཁོར་གྱི་ལྷའོ། །རྡོ་རྗེའི་ལུས་ཅན་དང་རྡོ་རྗེའི་འོད་དང་འོད་དཔག་མེད་དང་ལྷའི་དགྲ་དང་། དེ་བཞིན་དུ་མཆེ་བ་རྣམ་པར་གཙིགས་པ་དང་ཀེང་རུས་དང་ཀེང་རུས་ཆེན་པོ་དང་ཐོད་པའི་དུམ་བུ་སྟེ་ཐུགས་འཁོར་གྱི་ལྷའོ། །འདིར་སོགས་ཀྱི་སྐད་དོད་ཨ་དཱི་ནི་དང་པོ་ལའང་འཇུག་པས་དང་པོ་ཡིན་གྱི། སོགས་སུ་མི་བྱའོ། །དེ་ལྟར་དཔའ་བོ་ནི་ཤུ་རྩ་བཞི་ཡིས་སྒྲུབ་པ་པོའི་འགྲོ་བ་འདི་དག་ཐམས་ཅད་ཀྱི་སྤྱི་བོ་ལ་སོགས་པ་ནང་གི་གནས་ཉེར་བཞིར་ཁྱབ་པར་གནས་པར་བསྒོམས་པར་བྱ་སྟེ་དཔའ་མོ་རྣམས་དང་བཅས་པར་རོ། །དེ་ལྟར་དཔའ་བོ་ཉེར་བཞི་བོ་རྣམས་དང་། མཁའ་འགྲོ་མ་ཉིད་རྣལ་འབྱོར་མ་ནི་རབ་གཏུམ་མ་སོགས་པ་ཉེར་བཞི་ནི། བྱ་བ་སྟེ་ཞི་སོགས་ཀྱི་ལས་ཀུན་སྒྲུབ་པ་ལ་སྒྲུབ་པ་པོས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་རྩིབས་རྣམས་སུ་བཞུགས་པར་བལྟ་བ་སྟེ་བསྒོམ་པར་བྱའོ། །དེས་ལྷ་གཞན་རྣམས་ཀྱང་མཚོན་ཏེ་རེ་གཉིས་སུ་བྱའོ། །དངོས་གྲུབ་སྒྲུབ་པར་འདོད་པས་ཤིན་ཏུ་མཉམ་པར་བཞག་སྟེ་ལྷའི་འཁོར་ལོའི་བདག་ཉིད་འདི་ནི་རྟག་ཏུ་བསྒོམ་པར་བྱ་ཞིང་། སྔར་ལེའུ་གཉིས་པ་དང་གསུམ་པར་བཤད་པའི་ཆོ་ག་ཡིས་མཁའ་འགྲོའི་དྲ་བ་སྟེ་ཚོགས་ཀྱིས་བསྐོར་བའི་འཁོར་ལོ་འཁོར་ལོ་བདེ་མཆོག་བརྗོད་པ་སྟེ་མཆོད་པར་བྱའོ། །གསུམ་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོའི་རྣལ་འབྱོར་མ་རྣམས་བསྒོམ་ཞིང་། སྔར་བཤད་པ་དེ་བཞིན་དུ་མཆོད་པ་འདི་ནི་དངོས་གྲུབ་ཀུན་གྱི་གཞི་ཡིན་པར་རྣམ་སྣང་སོགས་སངས་རྒྱས་བྱེ་བ་དང་། ཧེ་རུ་ཀ་སོགས་དཔའ་བོ་བྱེ་བས་གསུངས་པ་ཡིན་ནོ། །དཔའ་བོའི་ཆེ་བ་ནི། དཔའ་བོ་རེ་རེ་ལ་རྣལ་འབྱོར་མ་རེ་རེ་དེ་འདྲ་བའི་མཁའ་འགྲོ་མ་ནི་རེ་རེ་ཡང་བྱེ་བ་གྲངས་མེད་པའི་འཁོར་གྱིས་བསྐོར་བའོ། །རྣལ་འབྱོར་མའི་ཆེ་བ་ནི། རྣལ་འབྱོར་མ་ནི་མཁའ་འགྲོ་མ་དང་གཟུགས་ཅན་མ་དང་དུམ་སྐྱེས་མ་དང་ལཱ་མ་དང་ལ་སོགས་པས་སྒོ་མཚམས་མ་བརྒྱད་དང་། གཙོ་མོ་རྣམས་ཀྱི་འཁོར་གྱི་གྲངས་ཡང་སྔར་བཞིན་ནོ། །དེ་ཐམས་ཅད་ཀྱང་དངོས་གྲུབ་ཀུན་རྩོལ་བར་བྱེད་པས་སྒྲུབ་པ་པོ་ལ་དགེ་བར་ཕྱེད་པ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་གནས་ཏེ་རི་རབ་སོགས་དང་། གསང་བ་སྟེ་ལྷའི་དཀྱིལ་འཁོར་སྒོམ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའི་འགྲེལ་བའོ།། །།བཞི་བ་སྐྱེ་བདུན་བརྟག་པ་རྒྱས་པར་བཤད་པ་ལ་གསུམ། བཤད་པར་དམ་བཅའ། དམ་བཅས་པའི་དོན་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔ་མ་ལས་གཞན་ཡང་བཤད་པར་བྱའོ། །དེ་གང་ན། སྔར་བཅུ་བཞི་བར་བཤད་པ་ཇི་ལྟ་བ་དེ་བཞིན་གྱི་ཆོ་ག་སྟེ་བོང་བུའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཕྱུགས་དེ་སྐྱེ་བདུན་བསྒྲུབ་པར་བྱའོ། །ཕྱུགས་ཀྱི་སྐད་དོད་གཽ་ནི་མཆོག་སོགས་ལ་འཇུག་པའི་དབང་དུ་བྱས་སོ། །དགོས་པ་ནི་སྒྲུབ་པ་པོ་གང་གིས་དེ་ཤེས་པ་ཙམ་གྱིས་འཆད་འགྱུར་གྱི་དངོས་གྲུབ་རྣམས་མྱུར་དུ་འགྲུབ་པར་འགྱུར་བས་བཤད་པར་བྱའོ། །གཉིས་པ་ལ་གསུམ། འབྲས་ཕྱེ་ལས་ཕྱུགས་ཀྱི་གཟུགས་བརྙན་བྱ་བ། ཕྱུགས་མཆོག་གི་མཚན་ཉིད་དང་དེ་ལ་བརྟེན་པའི་ལས། ལས་སྦྱོར་དེ་མཆོག་ཏུ་བསྟན་པའོ། །དང་པོ་ནི། སྔགས་པས་དགུན་དུས་སུ་སྐྱེས་པའི་འབྲས་ས་ལུའི་ཕྱེ་མ་དང་། འབྲས་ཕྱེའི་འཁུར་བ་ལ་མི་ལ་སོགས་པའི་ཕྱུགས་ཀྱི་གཟུགས་བརྙན་བྱའོ། །རིམ་བཞིན་ནི་མི་ལ་སོགས་པ་སྟེ། མི་དང་རུས་སྦལ་དང་རྔ་མོ་དང་བོང་བུ་དང་སྤྱང་ཀི་དང་རྟ་དང་ལ་སོགས་པས་ཁྭ་དང་འུག་པ་དང་བྱ་རྒོད་སོགས་གཟུང་ངོ་། །དེ་ལྟར་སྣ་ཚོགས་ཕག་ནི་ཁ་དོག་སྣ་ཚོགས་པའི་རི་དྭགས་ཀྱི་ཁྱད་པར་ཞིག་སྟེ། སྐབས་འདིར་ཕྱུགས་ནི་འདི་དག་ཏུ་ཤེས་པར་བྱའོ། །གཉིས་པ་ལ་གསུམ། དོན་གཉིས་བཤད་པར་དམ་བཅའ་བ། ཕྱུགས་མཆོག་གི་མཚན་ཉིད་བསྟན་པ། དེ་ལ་བརྟེན་པའི་ལས་སྦྱོར་རོ། །དང་པོ་ནི། སྐྱེ་བདུན་གྱི་མཚན་ཉིད་ཇི་ལྟར་དུ་གྱུར་བ་དང་། སྐྱེ་བདུན་འདི་རྣམས་ཀྱི་ལས་ནི་བཤད་པར་བྱའོ། །གཉིས་པ་ནི། དང་པོར་མིའི་སྐྱེ་བ་གཅིག་དང་། དེ་ནས་སྐྱེ་བ་གཉིས་པ་དང་སྐྱེ་བ་གསུམ་པ་དང་བཞི་བ་དང་ལྔ་བ་ཉིད་དང་སྐྱེ་བ་དྲུག་པ་དང་བདུན་པར་མ་ཆད་དུ་མིར་གྱུར་པ་དེ་ནི། ཕྱུགས་རྣམས་ཀྱི་མཆོག་ཏུ་ནི་གདོན་མི་ཟའོ། །འདི་ལ་ཕྱུགས་ཟེར་བ་ནི་སྔར་བཞིན་ནོ། །འམ་དང་དམ་ཞེས་པ་ནི་མེད་པ་བདེའོ། །མི་གང་གི་ཁའི་དྲི་ཨུཏྤལ་ལྟར་དྲི་ཞིམ་ཞིང་མིག་མི་འཛུམ་པར་རྣམ་པར་ལྟ་བ་དང་། ཚིག་བདེན་པར་སྨྲ་ཞིང་གཞན་གྱིས་མཐོང་ན་དགའ་བ་དང་། རྟག་ཏུ་དམ་པའི་ཆོས་སྤྱོད་པ་ལ་དགའ་བར་འགྱུར་ཞིང་། རང་གི་སྐྱེ་བ་ཤེས་པ་དང་ལུས་ཀྱི་དྲི་ནི་རྟག་ཏུ་ཞིམ་པོ་བྲོ་བའི་མཚན་ཉིད་འདི་དག་དང་ལྡན་པ་ནི། མིའི་སྐྱེ་བ་བདུན་དུ་བར་མ་ཆད་པར་འབྱུང་བ་ཡིན་ནོ། །མཚན་ཉིད་རྒྱས་པར་ནི་བཤད་རྒྱུད་མངོན་བརྗོད་ལས་གསུངས་སོ། །གསུམ་པ་ལ་གཉིས། ཕྱུགས་མཆོག་ལ་བརྟེན་པའི་ལས་དང་། ཕྱུགས་གཞན་ལ་བརྟེན་པའི་ལས་སོ། །དང་པོ་ནི། དེ་འདྲའི་སྐྱེ་བདུན་གྱི་ཤ་དེ་ནི་ཟོས་བ་ཙམ་གྱིས་ནི་ལྷ་ཡི་གཟུགས་ལྟ་བུ་ནི་འཛིན་པར་འགྱུར་ཞིང་། དེའི་སྙིང་ཁའི་རོ་ཙ་ནའི་དྲི་བ སྣམས་པའམ་དེ་ལ་རེག་པ་ཙམ་གྱིས་སམ། སྒྲུབ་པ་པོ་གང་ཞིག་རང་གི་དབྲལ་བར་རོ་ཙ་ན་དེའི་ཐིག་ལེ་བྱེད་པ་དེ། དེའི་མོད་ལའང་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བ་སྟེ། རྣལ་འབྱོར་བ་འདི་ནི་རང་གང་ལ་དགའ་བ་ཡི་གཟུགས་སུ་འགྱུར་རོ། །སྐྱེ་བདུན་དེ་ཡི་སྙིང་ཁ་ན་ཡོད་པའི་རོ་ཙ་ན་སྟེ་གི་ཧཾ་ནི་དེའི་ལས་སྦྱོར་ལ་མཁས་པ་ཡིས་ནི་བླང་ངོ་། །མངོན་བརྗོད་ལས་སྙིང་ག་ཐོད་པ་ལྟེ་བ་གསུམ་ཀ་ན་ཡོད་པར་བཤད་དོ། །གི་ཧཾ་དེ་བླངས་ནས་ནི་ཡབ་ཡུམ་གྱི་སྙིང་བོའི་སྔགས་ནི་བཟླས་ནས་སུ་དེ་ཡི་ཐིག་ལེ་བྱ་བ་ཡིན་ལ། སེམས་ཅན་གང་དང་གང་གི་ནི་གཟུགས་སུ་བསྒྱུར་བར་བྱེད་པར་འདོད་པ་ན། སེམས་ཅན་དེ་དང་དེ་ཡི་གཟུགས་སུ་ནི་སྔར་གྱི་ཐིག་ལེ་བྱས་པས་འགྱུར་བར་ཐེ་ཚོམ་མེད་དོ། །མཁས་པས་ཤིང་ལོ་མའི་ཁུ་བ་ནི་རོ་ཙ་དང་བཅས་པ་བླངས་ནས་སུ། དཔྲལ་བར་ཐིག་ལེ་བྱས་ན་ནི་ཤིང་དེའི་གཟུགས་སུ་འགྱུར་བ་ཐེ་ཚོམ་མེད་དོ། །ཕྱུགས་ཉིད་ཀྱི་ནི་བ་སྤུ་དག་དང་སེན་མོ་དང་སོ་དང་པགས་པ་དང་སྐྲ་སྟེ་ཡན་ལག་ལྔ་དང་ལྡན་པ་སྟེ། ལྷན་ཅིག་བྱས་པ་ལག་པ་དང་གཞ ན་གྱི་སྤྱི་བོར་བཅིང་བང་བྱ་ཞིང་། བཅིངས་ན་ནི་གང་བཅིངས་པ་དེ་དུད་འགྲོ་དེ་ཡི་གཟུགས་སུ་འགྱུར་བ་ཐེ་ཚོམ་མེད་དོ། །འདིའི་རྐང་བ་གཞན་གཉིས་འགྲེལ་བ་རྣམས་སུ་མེད་པ་ལྟར་བདེའོ། །དེ་རྣམས་བཅིངས་པ་དེ་བཀྲོལ་ན་ཐར་བར་འགྱུར་རོ། །ལས་འདི་རྣམས་སྒྲུབ་པ་ལ་ལྷའི་རྣལ་འབྱོར་ལ་ནི་ཤིན་ཏུ་གོམས་ཤིང་། སྔགས་མང་སྤེལ་དང་བཅས་པ་ཟློས་པ་དགོས་སོ། །འདིར་མི་རྣམས་དུད་འགྲོ་དང་སྦྱར་བ་དེ་ཅི་ཞེ་ན། མི་རྣམས་ལམ་སྒྲུབ་པའི་ནུས་པ་དང་ལྡན་པ་ཡིན་ནའང་། མི་ཕལ་ཆེར་ཉོན་མོངས་དང་སྡིག་སྤྱོད་ལ་དགའ་བས་དངོས་གྲུབ་ཀྱི་ལམ་ནི་འགོག་པར་བྱེད་པ་ཡིན་པས་དེ་བཟློག་པའི་ཕྱིར་གཟུགས་དམན་པར་བསྒྱུར་བས་གསུངས་སོ། །གཉིས་པ་ནི། གླང་བོ་དང་རྟ་དང་བོང་བུ་དང་རུས་སྦལ་དང་རྔ་མོ་དང་ཕག་དང་ཝ་དང་ཁྭ་དང་འུག་པ་སོགས་དང་། བྱ་རྒོད་དང་ཁྲུང་ཁྲུང་དང་ཁྲ་དང་སར་ས་སྟེ་བཞད་རྣམས་ཀྱི་ཤ་ཆོ་ག་བཞིན་དུ་གཏོར་མར་འབུལ་ཞིང་། རང་གིས་ལོངས་སྤྱད་ན་གཟུགས་བཟང་བ་དང་ངན་པ་དང་ཞེས་པ་ལ་གཟུགས་ངན་པ་ཡང་གཟུགས་བཟང་འགྱུར་ཞེས་པ་ལྟར། གཟུགས་ངན་པ་རྣམས་ཀྱང་གཟུགས་བཟང་བ་ལྷའི་གཟུགས་སུ་སྒྲུབ་པ་པོ་དེ་འགྱུར་རོ། །རྣལ་འབྱོར་བ་ཆེན་པོ་དེ་ནི་རང་གང་ལ་དགའ་བའི་གཟུགས་སུ་སྐྱེ་བ་སྟེ་འགྱུར་བ་དེ་ནི་ཐེ་ཚོམ་མེད་དོ། །གསུམ་པ་ནི། སྐྱེ་བདུན་གྱི་ལས་སྦྱོར་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་བ་ནི་འཇིག་རྟེན་གསུམ་ན་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། སྐྱེ་བ་བདུན་པ་ལ་བརྟེན་ནས་བཅུ་གཅིག་པར་བཤད་པར་ལྟར་གྱི་དངོས་གྲུབ་ཁྱད་པར་ཅན་བསྒྲུབ་པར་བྱ་བ་དང་། རང་གཞན་གྱི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དགུ་བའི་འགྲེལ་བའོ།། །།ལྔ་བ་ཡུམ་གྱི་སྙིང་བོའི་སྔགས་ཀྱིས་ལས་བསྒྲུབ་པ་ལ་བཞི། སྦྱིན་སྲེག་བཤད་པ། གནས་སོགས་བཅུ་བཤད་པ། དོན་བསྡུ་བ། ལེའུའི་མཚན་དོན། དང་པོ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། དོན་བསྡུས་ཏེ་ལས་སྒྲུབ་པའི་སྔགས་བསྟན་པའོ། །དང་པོ་ནི། དེ་ནས་དབང་གི་སྦྱིན་སྲེག་གི་ཆོ་ག་ནི་བསྒྲུབ་བྱ་ངེས་པར་དབང་དུ་བྱེད་པར་འགྱུར་བའི་ཡང་དག་པའི་ཆོ་ག་གང་གིས་ནི། མྱུར་དུ་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བ་བཤད་པར་བྱའོ། །གཉིས་པ་ལ་ལྔ། དབང་གི་སྦྱིན་སྲེག །མངོན་སྤྱོད་ཀྱི་སྦྱིན་སྲེག །རྒྱུན་ཏུ་བགེགས་ཞི་བའི་ཐབས། རྒྱས་པའི་སྦྱིན་སྲེག །རེངས་པའི་སྦྱིན་སྲེག་གོ །དང་པོ་ནི། གཽ་མཾ་ས་སྟེ་བ་ལང་གི་ཤ་དང་། མྱོས་བྱེད་ཆང་བསྲེས་ཏེ་ལག་པ་གཡོན་པས་སྦྱིན་སྲེག་བྱས་ན། སངས་རྒྱས་ཀྱང་ནི་དབང་དུ་འགྱུར་ན་ཕྲན་ཚེགས་མི་ནི་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟེ་ཕུལ་བྱུང་བརྗོད་པའོ། ཁའི་ཆུ་མཆིལ་མ་དང་སོ་ཤིང་དག་དང་། དེ་བཞིན་དུ་རང་གི་ལུས་མཉེས་པའི་དྲི་མ་དང་། མྱོས་བྱེད་ཆང་རྣམས་སྙིང་བོའི་སྔགས་མིང་སྤེལ་དང་བཅས་པ་ཡིས་དབང་གི་སྦྱིན་སྲེག་བྱས་ན། ཁམས་གསུམ་སྟེ་ས་གསུམ་གྱི་འགྲོ་བ་དག་ནི་རང་གི་དབང་དུ་འགྱུར་རོ། །བུད་མེད་ཀྱི་ཟླ་མཚན་ཁྲག་དང་ཟོས་ནས་རློན་པ་སྟེ་སྐྱུག་པའི་ཟས་དག་དང་། མི་ཡི་སྐྲ་དང་ལྡན་པ་ཡིས་སྦྱིན་སྲེག་བྱས་ན་དེའི་མོད་ལ་བསྒྲུབ་བྱ་འགུགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གཉིས། དབྱེ་བའི་སྦྱིན་སྲེག་དང་། གསད་བསྐྲད་ཀྱི་སྦྱིན་སྲེག་གོ །དང་པོ་ནི། རང་གི་ལུས་དང་སྐྲ་ལ། ཁྱི་ཡི་ལུས་དང་ཁྱི་ཡི་སྤུ་ཞེས་པ་ལྟར། ཁྱི་ཡི་ལུས་ཏེ་ཁོག་པ་ནས་སྐྱུགས་པ་དང་། ཁྱི་ཡི་སྤུས་ནི་ནིམ་པའི་ཤིང་ལས་མེ་རབ་ཏུ་སྦར་ནས་དབྱེ་བའི་སྦྱིན་སྲེག་བྱས་ན་དེའི་མོད་ལ་མཛའ་རྣམས་དབྱེ་བར་འགྱུར་རོ། །གཉིས་པ་ནི། དྲག་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་དབུར་སྟེ་སྨྱོ་བྱེད་ཀྱི་ཤིང་གིས་མེ་སྤར་ཏེ། ཡུངས་མར་ཚན་དེའམ་སྐེ་ཚེའི་མར་ཁུ་ལ་བསྒྲེས་པ་སྟེ་སྤགས་པའི་བྱ་རོག་གི་གཤོག་པས་སྦྱིན་སྲེག་བྱས་ན། འཕྲལ་དུ་འཆི་བ་ནི་གསང་སྔགས་དང་བཅས་པས་སོ། །གནས་སྐྲོད་པར་འགྱུར་བ་ལ་ནི་སྔགས་ལ་དེའི་སྤེལ་ཚིག་སྦྱར་བས་སོ། །གསུམ་པ་ནི། ཉལ་ནས་གཉིད་ལོག་པ་དང་མ་ཉལ་བ་སད་པ་དང་། འདུག་པའམ་ལངས་པ་དང་། ཟས་ཟོ་བཞིན་པ་དང་། དབང་བོ་གཉིས་སྦྱོར་བ་སོགས་རྣམས་ལ་ཡང་སྔགས་པས་རྟག་ཏུ་སྔགས་ཟློས་པར་བྱེད་ན། དེ་ལ་བགེགས་ནི་ཡོད་པ་མ་ཡིན་ནོ། །བཞི་པ་ལ་བཞི། ནོར་རྒྱས་པ། དངོས་གྲུབ་རྒྱས་པ། མངའ་ཐང་རྒྱས་པ། ཚེ་རྒྱས་པའོ། །དང་པོ་ནི། ཝ་ཡི་ཤ་ཡི་བསྲེག་རྫས་ཀྱིས་རྒྱས་པའི་ཐབ་དུ་བསྲེག་བླུགས་བརྒྱས། ཡང་དག་པའི་སྦྱིན་བླུགས་བྱེད་པའི་མི་དེ་ནི་ཟླ་བ་གསུམ་སོང་བའི་རྗེས་སུ། རིགས་རྒྱུད་གྱི་དབུལ་བ་འཇིག་པར་འགྱུར་རོ། །ཤ་ཆེན་གྱི་རྫས་དག་གིས་གང་ཟག་ལ་ལ་ཞིག་མྱོས་བྱེད་ཆང་དང་ལྡན་པས་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་དུ། སྒྲུབ་པ་པོས་ནི་ཞག་རེ་ལ་ཐུན་གསུམ་དུ་སྦྱིན་སྲེག་བྱེད་ན། རླབ་དྲུག་གིས་ས་མ་ལུས་པ་ལ་ལོངས་སྤྱད་པའི་ཚུལ་གྱིས་དབང་དུ་འགྱུར་རོ། །སྦྱིན་སྲེག་གིས་ཚིམ་པར་གྱུར་བའི་མཁའ་འགྲོ་མས་སྒྲུབ་པ་པོ་དེ་ལ་རྒྱལ་སྲིད་སྟེ་བར་གདོན་ཟའོ། །གཉིས་པ་ནི། དཀྱིལ་འཁོར་བའི་ལྷ་རྣམས་ཐམས་ཅད་གསལ་བར་བསམ་གཏན་གྱིས་བསྒོམས་ནས། ཞག་རེ་ལ་ཐུན་གཉིས་ཀྱི་བར་དུ་ཟླ་བ་གསུམ་དུ་སྦྱིན་སྲེག་བྱས་ན། སྒྲུབ་པ་པོ་རང་གི་ལུས་དེ་ཉིད་ཀྱི་ནམ་མཁའ་ལ་འགྲོ་བ་ཉིད་དེ་མཁའ་སྤྱོད་འགྲུབ་པར་འགྱུར་རོ། །གོ་མཱ་ཡུ་ནི་སྤྱང་ཀིའི་ཤ་དང་། ཆུང་གི་ཕྱིའི་ཐབ་ཏུ་ལྷ་ལ་སྦྱིན་སྲེག་དང་། ནང་གི་སྦྱིན་སྲེག་ཤ་དེ་མཚན་མོ་སྔགས་ཀྱི་བཟླས་བརྗོད་བྱས་ནས་ཟོས་ན། མྱུར་དུ་སྒྲུབ་པ་པོ་དེ་མི་ལག་ཏུ་དངོས་གྲུབ་ཐམས་ཅད་རབ་ཏུ་འཇུག་པར་འགྱུར་ཞིང་། ཡུལ་འཁོར་ཆེན་པོ་ཡང་འགུགས་པར་བྱེད་དོ། །དེ་ལྟར་ཉིན་རེ་བཞིན་སྦྱིན་སྲེག་གཉིས་བཟླས་པ་དང་བཅས་པ་བྱས་ན་ནི་སྒྲུབ་པ་པོ་རྒྱལ་བོ་ཉིད་དུ་བྱེད་པར་འགྱུར་རོ། །ལས་སྦྱོར་འདི་ལས་རྒྱས་པའི་ལས་སྦྱོར་རབ་མཆོག་ཏུ་གྱུར་བ་གཞན་དག་ནི་འཇིག་རྟེན་གསུམ་ན་ཡོད་པ་མ་ཡིན་ནོ། །འདིས་རྣལ་འབྱོར་བ་ཆེན་པོ་རང་དགས་ཏེ། རང་གི་འདོད་པ་ཙམ་གྱིས་འཆི་བ་དང་སྐྱེ་བར་འགྱུར་ཞིང་ལྷ་མི་སོགས་སྣ་ཚོགས་པའི་གཟུགས་དུ་མ་འཛིན་ཅིང་འདོད་པ་ལ་རོལ་བར་བྱེད་དོ། །གསུམ་པ་ནི། བིལ་བ་སྟེ་དཔལ་འབྲས་དང་། དེ་བཞིན་དུ་སཱ་ལ་ཤ་དང་ཨུ་དུམ་ཝ་ར་ཉིད་དག་གིས་ནི་རྒྱས་པའི་སྦྱིན་སྲེག་འབུམ་བྱས་ན་མྱུར་དུ་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །གཽ་མཾ་ས་སྟེ་བ་ལང་གི་ཤ་དང་། མྱོས་བྱེད་ཆང་གཉིས་བསྲེས་ནས་རྒྱལ་སྲིད་འདོད་པས་སྦྱིན་སྲེག་བྱེད་ཅིང་། རྣལ་འབྱོར་གྱི་དབང་ཕྱུག་ལྷ་དེ་མཉེས་པར་བྱས་ན་དབུལ་བོ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཽ་མཱ་ཡུ་ཅེ་སྤྱང་གི་ཤའི་སྤྱིན་སྲེག་གིས་ནི་མྱུར་དུ་ནོར་བདག་རྣམ་ཐོས་ཀྱི་བུ་དང་ནོར་མཉམ་པར་འགྱུར་རོ། །འདིའི་སྔོན་དུ་འབྱུང་བ་གཽ་མཱ་ཡུ་ནི་སྲེག་བྱས་པས། ཅི་བདེ་བར་ནི་འགྲུབ་པར་འགྱུར། ཞེས་བ་ནི་གཞན་དུ་འདིར་འབྱུང་སྟེ་སླའོ། །ཕྱིའི་བརྟུལ་ཞུགས་དང་གཙང་སྦྲ་ཡོད་ན་འགྲུབ་བར་མ་ཟད་མེད་ན་ཡང་ཇི་སྐད་བསྟན་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །བཞི་བ་ནི། ལྷག་པའི་ཚེ་ནི་ཚེ་དཔག་ཏུ་མེད་པ་འགྱུར་བ་སྟེ། དུལ་བའི་སྦྱིན་སྲེག་བྱས་པས་ཚེ་རིང་བར་འགྱུར་པའོ། །ལྔ་པ་ནི། ཀུཥྨ་ཎྞཾ་ནི་དེའི་མིང་ཅན་གྱི་ཤིང་གི་ས་བོན་དང་། མུད་ག་སྟེ་མོན་སྲན་རྔེའུ་དང་། མ་ཥཱ་སྟེ་སྲན་མ་མ་ཥཱ་དང་། སྲན་མ་ཙ་ན་ཀ་དང་། སྦྲང་རྩིའི་ཚིགས་མ་སྟེ་སྦྲ་ཚིལ་དང་། སྐེ་ཚེ་དང་། ཁྱིམ་གྱི་ཏ་མ་ལའི་འདབ་མ་ནི་པ་ཤ་ཀའི་ལོ་མ་རྣམས་བླངས་ནས་ཆ་མཉམ་པར་བྱས་ཏེ་མིང་སྤེལ་དང་བཅས་པའི་སྔགས་བཟླས་ནས་ཁང་བའི་ཕྱོགས་གཅིག་ཏུ་བྱུགས་ན། བསྒྲུབ་བྱ་དེའི་ཁ་བཅིངས་པར་ནི་འགྱུར་བ་ཡིན་ནོ། །འདི་ནི་རྒྱུད་འདིར་ལས་སྦྱོར་རྣམས་ཀྱི་ཕྱི་མ་ཡིན་ནོ། །གསུམ་པ་ནི། སྔར་བཤད་ལས་རྣམས་རང་གིས་བྱེད་པར་འདོད་པ་དེའི་ཚེ་ལས་དེའི་ཆོ་ག་ལ་སྤྱོད་པའི་རྣལ་འབྱོར་བ་ནི། གང་དུ་སྟེ་གང་ལ་དགའ་བ་དེ་དང་དེ་གྲུབ་ནས་གནས་པར་འགྱུར་རོ། །ལས་དེ་རྣམས་སྒྲུབ་པའི་སྔགས་ནི། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཅེས་བྱ་བའོ། །གཉིས་པ་ལ་གཉིས། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པའོ། །དང་པོ་ནི། དེ་ནས་སྔ་མ་ལས་དོན་གཞན་ཡང་བཤད་པར་བྱའོ། །གང་ཞེ་ན། རྣལ་འབྱོར་མའི་བརྡས་བསྟན་པའི་རབ་དགའ་སོགས་ས་བཅུ་དང་གནས་དང་ཉེ་བའི་གནས་ལ་སོགས་པ་བཤད་པར་བྱའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། དཔལ་ཧེ་རུ་ཀའི་སྐུའི་ཡན་ལག་དང་ཉིང་ལག་རྣམས་ལ་གནས་སོ། །དེ་ནི་ཧེ་རུ་ཀའི་སྤྱི་བོ་ལ་སོགས་པ་ཉེར་བཞི་བོ་རྣམས་གནས་ཉེར་བཞིའི་བདག་ཉིད་དུ་གནས་ལ། ངའི་བརྡས་ས་བཅུ་སྟོན་པའི་དོན་ནོ། །ཧེ་རུ་ཀའི་ཡན་ལག་ཐམས་ཅད་བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་བདག་ཉིད་ཅན་ཡིན་ཏེ། བརྟན་གཡོ་རྣམ་པ་གསུམ་དུ་འདུ་ལ། དེ་གསུམ་གྱི་དཔའ་བོ་དང་དཔའ་མོ་རྣམས་ནི་ཧེ་རུ་ཀའི་སྐུའི་ཆ་ཤས་སུ་གནས་པས་སོ། །གཉིས་པ་ལ་གཉིས། གནས་སོགས་ས་བཅུར་བསྟན་པ། དེ་བཅུས་ཀུན་ལ་ཁྱབ་པར་བསྟན་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ནི། རྒྱུད་དག་ལས་རབ་དགའ་སོགས་ཀྱི་ས་མིང་སོ་སོས་གསུངས་ཚུལ། གནས་སོགས་ལ་མི་མཐུན་པར་གསུངས་པའི་འགལ་སྤོང་། དེ་རྣམས་གང་གི་ཆེད་དུ་གསུངས་པའི་གདུལ་བྱའི་དབྱེ་བ་རྣམས་ཏེ། སྦས་དོན་ཀུན་གསལ་དུ་ཤེས་པར་བྱའོ། །གཉིས་པ་ནི། སྦྱིན་པས་སེམས་ཅན་ཚིམ་པར་བྱེད་པའི་གནས་ནི་རབ་ཏུ་དགའ་བའི་ས་དང་པོའོ། །སྐབས་འདིར་རྩ་བར་གོ་རིམ་མི་འདྲ་བ་ཞིག་སྣང་ཡང་། ས་རྣམས་རིམ་པར་འབྱུང་བ་ལྟར་བཤད་ན། དེ་བཞིན་དུ་དེ་དང་ཉེ་བའི་གནས་ནི་ས་གཉིས་པ་དྲི་མ་མེད་པའོ། །བཟོད་པས་མངོན་ཤེས་སོགས་སྐྱེ་བའི་ཞིང་ནི་རྒྱུད་འདིར་ས་གསུམ་པ་འོད་བྱེད་པ་ཡིན་པར་ཤེས་པར་བྱ་བ་དང་། དེ་དང་ཉེ་བའི་ཞིང་ནི་ས་བཞི་བ་འོད་འཕྲོ་བའོ། །རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དོན་དུ་གཉེར་བའི་ཚནྡོ་ཧ་སྟེ་འདུན་རྟོག་ནི་ས་ལྔ་པ་སྦྱང་དཀའ་བ་དང་། དེ་དང་ཉེ་བའི་ཚནྡོ་ཧ་རི་ས་དྲུག་པ་མངོན་དུ་གྱུར་པའོ། །ཐབས་ཀྱི་ཕར་ཕྱིན་གྱིས་མངོན་ཤེས་དང་ཏིང་འཛིན་རྩོལ་བཅས་ཀྱིས་འདུ་བ་ནི་ས་བདུན་པ་རིང་དུ་སོང་བ་དང་། དེ་དང་ཉེ་བའི་འདུ་བ་ནི་ས་བརྒྱད་པ་མི་གཡོ་བའོ། །བདག་མེད་པར་དུར་ཁྲོད་དང་མཚུངས་པའི་ཆོས་དབྱིངས་རྟོགས་ནས་ཆོས་སྟོན་པ་ལ་འབད་པ་ནི་དུར་ཁྲོད་དེ་དེ་ནི་ས་དགུ་པ་ལེགས་པའི་བློ་གྲོས་དང་། དེ་དང་ཉེ་བའི་དུར་ཁྲོད་ནི་ས་བཅུ་བ་ཆོས་ཀྱི་སྤྲིན་ནོ། །ཉེ་ཐུགས་ནི་རང་གི་སྔ་མ་དང་ཕན་གདགས་བྱ་འདོགས་བྱེད་དུ་འབྲེལ་བ་དང་། རང་གི་སྔ་མ་ལས་གོང་འཕེལ་དུ་གྱུར་པའི་དོན་ཏེ། ཕྱིའི་གནས་སོགས་ཀྱང་སྔ་མ་ལ་བརྟེན་ནས་ཆ་མཐུན་པའི་དོན་ཤེས་པར་བྱའོ། །དེ་ལྟར་ཤྲཱི་ཧེ་རུ་ཀའི་གཞུང་དུ་སྦྱོད་པ་སྟེ། གནས་ལ་སོགས་པ་འདི་ནི་ནང་གི་ངེས་དོན་གྱི་བདག་ཉིད་ཅན་གྱི་ས་བཅུ་ཡིན་ལ། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་བཞིན་ཅན་གྱི་རབ་དགའ་སོགས་ཀྱི་ས་རྣམས་ནི། རྣལ་འབྱོར་མ་ཡི་བརྡ་ཡི་སྐད་ཀྱིས་གནས་ལ་སོགས་པར་བསྟན་ཏོ། །གཉིས་པ་ནི། ཇི་ལྟར་ཧེ་རུ་ཀའི་སྐུའི་ཡན་ལག་ཐམས་ཅད་གནས་ལ་སོགས་པ་ཡིན་ཞེ་ན། མཐོ་རིས་ནམ་མཁའ་དང་། ས་སྟེང་དང་། ས་འོག་ཏུ་སྤྱོད་པའི་འཁོར་ལོ་གསུམ་གྱི་བརྟེན་པ་དང་། རྟེན་འཁོར་ལོའི་རྩིབས་རྣམས་ཀྱང་དཔའ་བོ་ཧེ་རུ་ཀའི་ཡན་ལག་རྣམས་དང་ངོ་བོ་དབྱེར་མེད་པས། ཧེ་རུ་ཀ་བརྟན་གཡོ་ཀུན་གྱི་བདག་ཉིད་ཅན་དུ་གསུངས་པ་སྟེ་དེ་ལ་དགོངས་ནས་སོ། །པཱུ་ལླི་ར་མ་ལ་ཡ་དང་། ལ་སོགས་པས་ལྷག་མ་གང་བསྟན་པ་རྣམས་ཕྱི་རོལ་དང་ནང་གི་བདག་ཉིད་ཅན་དུ་གནས་ཏེ། ཕྱིའི་གནས་སམ་འཁོར་ལོའི་རྩིབས་དང་། ནང་ལུས་དང་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་གནས་པའོ། །དཔལ་ལྡན་ཁྲག་འཐུང་གི་རྒྱལ་བོ་ཆེན་པོ་ནི་འདོད་པ་ཀུན་ལ་ལོངས་སྤྱད་པ་ལ་དབང་བསྒྱུར་བས་ན་དབང་ཕྱུག་གི་གཙོ་བོ་ནི་ལམ་འདིས་བསྒྲུབ་པར་བྱ་བའོ། །དེ་ཇི་ལྟ་བུ་ཞེ་ན། ཀུན་ཏུ་ཕྱག་དང་ཞབས་དང་ལྡན་ཞིང་སྤྱན་དང་དབུ་དང་ཞལ་དང་གསན་པ་སྟེ་ཐོས་པ་དང་ལྡན་པ་ཞིག་གོ ཀུན་ཏུ་ཞེས་པ་དྲུག་ཀ་ལ་སྦྱར་བ་ནི། སྐུའི་ཆ་ཀུན་གྱིས་ཕྱག་གི་བྱ་བ་བྱེད་ནུས་པ་ནི་ཀུན་ཏུ་ཕྱག་གི་དོན་ཡིན་ལ། དེ་བཞིན་དུ་སྦྱར་ཏེ་སྐུའི་ཆ་ཐམས་ཅད་ཀྱིས་གསན་པའི་བྱ་བ་བྱེད་པའི་བར་རོ། །དེ་ལྟར་འཇིག་རྟེན་ན་ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས་ཞེས་པ་ནི། དེ་ལྟར་ན་ཕྱག་གིས་ལེན་པའི་བྱ་བ་བྱེད་པ་སོགས་ནི། ཕྱོགས་ཏེ་ཙམ་མ་ཡིན་གྱི་འཇིག་རྟེན་ཐམས་ཅད་དུ་གཡོགས་པ་སྟེ་ཁྱབ་པའི་ཚུལ་གྱིས་རྣམ་པར་བཞུགས་སོ། །མཚན་བརྗོད་ལས། སྒྲ་ཡང་རྡོ་རྗེ་འབར་བ་སྟེེ། །སོགས་ཀྱིས་ཚུལ་དེ་བསྟན་ཅིང་། དད་པའི་སྟོབས་བསྐྱེད་པའི་མདོ་ལས། དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། དེ་ནས་རིམ་གཉིས་ཀྱི་བསམ་གཏན་དང་ལྡན་པའི་སེམས་ཀྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་བ་ནི། སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་དུ་གསང་བའི་དེ་ཉིད་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །བཞི་པ་ནི། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་བསྡུས་པའི་རྒྱུད་ལས། དབང་གི་སྦྱིན་སྲེག་སོགས་དང་། གནས་སོགས་ཀྱི་བརྡ་བཅུས་ས་བཅུ་བསྟན་པའི་ཆོ་གའི་ལེའུ་སྟེ་ལྔ་བཅུ་བའི་འགྲེལ་བའོ།། །།གསུམ་པ་ལེའུ་ང་གཅིག་པས་སྔ་མ་རྣམས་ཀྱི་དོན་བསྡུས་ཏེ་བསྟན་པ་ལ་གསུམ། བཤད་པར་དམ་བཅའ་བ། དམ་བཅས་པའི་དོན་བཤད་པ། ལེའུ་གྲངས་བསྟན་པའོ། །དང་པོ་ནི། ལེའུ་ལྔ་བཅུ་བའི་རྗེས་དེ་ནས་ལེའུ་སོ་སོའི་དོན་ལས་གཞན་སྔར་བཤད་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་པ་ཡང་བཤད་པར་བྱའོ། །གཉིས་པ་ལ་ལྔ། རྒྱུད་འདིའི་མན་ངག་ཤིན་ཏུ་རྙེད་པར་དཀའ་བར་བསྟན་པ། རྙེད་སླ་བའི་ཐབས་དེ་ཉིད་བཅུ་བཞི་བསྟན་པ། བཅུ་བཞི་ལ་སྤྱོད་པའི་ཕན་ཡོན་དང་ཉེས་དམིགས། དེ་ཉིད་བཅུ་བཞིར་བསྡུས་པ་སྒོམ་པའི་ཚུལ། སངས་རྒྱས་ཀྱི་གསུང་རབ་གང་ཡང་མི་སྤོང་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་མན་ངག་རྣམས་བླ་མ་བརྒྱུད་པ་ལས་མ་གཏོགས་གཞན་ཤིན་ཏུ་རྙེད་པར་དཀའ་བ་སྟེ། རིམ་གཉིས་ཀྱི་གནད་མཐར་ཐུག་རྣམས་ནི། ཉོན་མོངས་བཅོམ་པས་དཔའ་བོ་སྟེ་དེའི་བརྡ་ཡི་སྐད་དུ་ནི་རྡོ་རྗེ་འཛིན་པ་ང་ཡིས་སྦས་པ་ཡིན་ནོ། །གང་དུ་སྦས་ན་རྒྱུད་གཞན་དུ་སྟེ་རྒྱུད་སྡེ་འོག་མ་གསུམ་དང་མདོ་སྡེའི་ཕྱོགས་སུའོ། །དེར་སྦས་པ་ནི་མ་བསྟན་པའི་ཚུལ་གྱིས་སྦས་ལ། བླ་མེད་ཀྱི་རྒྱུད་འགར་སྦས་པ་ནི་མི་གས ལ་བའི་ཚུལ་གྱིས་སྦས་པའོ། །གཉིས་པ་ལ་གཉིས། དེ་ཉིད་བཅུ་བཞིའི་ཚིག་གི་དོན་དང་། དེ་རིམ་པ་གཉིས་ལ་སྦྱར་ཏེ་བཤད་པའོ། །དང་པོ་ནི། བཅུ་བཞི་དང་པོ་གོས་དང་ཕྱག་རྒྱ་ལ་སོགས་པའི་དེ་ཉིད་ནི། གོས་ཀྱི་སྐད་དོད་བ་ས་ན་མ་ཞེས་པ་གནས་ལའང་འཇུག་པས་གནས་ཏེ། དེ་ལ་ནི་སྒྲུབ་པ་པོའི་གནས་དང་ལྷའི་གནས་གཉིས་ཡོད་དོ། །ཕྱག་རྒྱ་ལྔ་ནི་སྤྱི་བོའི་ནོར་བུའམ་འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་དང་མཆོད་ཕྱིར་ཐོགས་ལྔའོ། །ལ་སོགས་ཀྱིས་ནི་ཐལ་བ་དང་མགོ་ཕྲེང་སོགས་སྡུད་པའོ། །གཉིས་པ་ཤེས་རབ་ཡན་ལག་གི་དེ་ཉིད་ནི། ཁ་ཊྭཱཾ་ག་འཾ་ཤེས་རབ་མའི་ཡན་ལག་གི་འཁྱུད་པའོ། །གསུམ་པ་ཕུར་བུ་དང་གུར་ཀྱི་དེ་ཉིད་ནི། རྡོ་རྗེ་ཕུར་བུ་དང་རབ་གུར་བླ་རེ་ས་གཞི་མདའི་དྲ་བ་མེ་རི་དང་བཅས་པའི་སྲུང་འཁོར་སྒོམ་པའོ། །ལྔ་བ་དང་དྲུག་པ་ཨཱ་ལི་དང་ཀཱ་ལིའི་དེ་ཉིད་ནི། དེ་གཉིས་བཀོད་པ་ལས་ཟླ་བ་དཀར་དམར་དུ་བསྐྱེད་པ་སོགས་སོ། །དྲུག་པ་རྒྱུ་སོགས་སྟོང་བ་སྟོན་དུ་འགྲོ་བའི་དེ་ཉིད་ནི། རྟེན་བསྐྱེད་པའི་སྔོན་དུ་སྟོང་ཉིད་སྒོམ་པ་ལྟ་བུའོ། །བདུན་པ་སྒྲ་ལ་སོགས་པའི་དེ་ཉིད་ནི། སྒྲ་དང་ལ་སོགས་པས་བསྡུས་པ་ཟླ་ཉི་ནས་བཟུང་སྟེ་མངོན་བྱང་ཐམས་ཅད་རྫོགས་པའི་བར་ཇི་སྲིད་པ་དེ་སྲིད་དུ་འཇུག་པ་སྟེ། སྒྲ་ནི་མངོན་བྱང་སྐབས་ཀྱི་ཧཱཾ་ཡིག་དང་ནཱ་དའོ། །སོགས་ཀྱི་སྒྲས་ཡི་གེ་གསུམ་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་སྤྲོ་བ་ཡང་བས་སོ། །བརྒྱད་པ་བསྡུས་པའི་སྦྱོར་བ་དང་ལྡན་པའི་དེ་ཉིད་ནི། ས་བོན་ཟླ་ཉི་རྣམས་གཅིག་ཏུ་བསྡུས་པའི་བྱ་བ་སྒྲུབ་པའི་སྐབས་དང་། སྤྲོས་པའི་ལྷ་རྣམས་ཡི་གེ་གསུམ་ལ་བསྡུ་བའོ། །དགུ་བ་བདུད་རྩིའི་ཚིམ་པར་བྱེད་པའི་དེ་ཉིད་ནི། གཏོར་མ་དང་ཕྱི་ནང་གི་བདུད་རྩིས་མཆོད་པ་བྱེད་པའོ། །བཅུ་བ་མྱ་ངན་ལས་འདས་པའི་དེ་ཉིད་ནི། དཀྱིལ་འཁོར་བསྒོམས་པའི་མཐར་ཉེར་བསྡུ་བྱེད་པའོ། །བཅུ་གཅིག་པ་ལག་པའི་མཆོད་པའི་དེ་ཉིད་ནི། ལག་པ་ལ་མཆོད་པ་དང་། ལག་པས་མཆོད་པའི་ཚུལ་གཉིས་སོ། །བཅུ་གཉིས་པ་དབང་བསྐུར་བའི་དེ་ཉིད་ནོ། །དབང་བཞི་བསྐུར་བ་སྟེ། ལྷ་ལ་ཡང་དབང་བསྐུར་བ་མཚོན་ནོ། །བཅུ་གསུམ་པ་གོ་ཆ་ཆེན་པོས་ཡང་དག་པར་སྲུང་བའི་དེ་ཉིད་ནི། ལུས་ཀྱི་སྤྱི་བོ་ལ་སོགས་པར་པཱུ་ཛ་སོགས་ཐིག་ལེ་ཅན་འགོད་པའི་གོ་ཆ་ཆེན་པོ་དང་། ཡབ་ཡུམ་གྱི་གོ་ཆ་གཉིས་ཀྱང་མཚོན་ནོ། །བཅུ་བཞི་བ་སྔགས་རྣམས་ཀུན་གྱིས་མཆོད་པའི་དེ་ཉིད་ནི། སྔགས་རྣམས་བརྗོད་ནས་མཆོད་པའི་སྔགས་མཆོད་དང་། ལྷ་སོ་སོའི་བཟླས་པ་བྱས་པའོ། །དེ་ལྟར་དེ་ཉིད་བཅུ་བཞིར་བསྡུས་ནས་བཤད་པ་ནི། ལེའུ་ལྔ་བཅུ་བའི་དོན་མདོར་བསྡུས་ནས་བཤད་པ་ཡིན་ནོ། །གཉིས་པ་ནི། རིམ་པ་གཉིས་ཀ་ཐུན་མོང་བའི་དེ་ཉིད་ནི། བཞི་སྟེ། དབང་བསྐུར་བ་སྔོན་དུ་བཏང་སྟེ། ལག་མཆོད་ཀྱི་དེ་ཉིད་ཀྱིས་དབང་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་བའི་ཕྱོགས་གཡོན་པའི་ཀུན་སྤྱོད་གཙོ་བོར་བསྟན་ཅིང་། གོས་དང་ཕྱག་རྒྱ་ལ་སོགས་པའི་དེ་ཉིད་དང་། ཤེས་རབ་ཡན་ལག་གི་དེ་ཉིད་གཉིས་ཀྱང་དབང་དུས་དང་རིམ་གཉིས་ཀྱི་སྐབས་སུ་དགོས་སོ། །བསྐྱེད་རིམ་ལ་སྦྱོར་ཚུལ་ནི་ཚིག་དོན་བཤད་པ་དེས་གོ་ནུས་ལ། འོན་ཀྱང་ལོ་དྲིལ་ནག་གསུམ་གྱི་ལུགས་དང་། འགྲེལ་བ་དག་གིས་འཆད་ཚུལ་ལ་མི་འདྲ་བ་ཡོད་དོ། །རྫོགས་རིམ་ལ་གཙོ་བོར་སྦྱོར་ཚུལ་ནི་འོག་ཏུ་འཆད་དོ། །གསུམ་པ་ལ་གཉིས། དེ་ཉིད་བཅུ་བཞི་ལ་སྤྱོད་པའི་ཕན་ཡོན་དང་། ལམ་འདི་ལ་མ་དད་པའི་ཉིས་དམིགས་སོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། ཁྱད་པར་དུ་འཆི་བའི་དུས་སུ་འབྱུང་བའི་ཕན་ཡོན་བསྟན་པའོ། །དང་པོ་ནི། མིའི་མཆོག་གང་ཞིག་དེ་ཉིད་བཅུ་བཞི་པའི་རིམ་གཉིས་ཀུན་ནས་སྤྱོད་པ་ནི། སྔོན་བསགས་པའི་སྡིག་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་ཏེ། སྒྲིབ་གཉིས་སྤངས་པའི་དེ་བཞིན་གཤེགས་པའི་ས་ཚེ་འདིར་འཐོབ་པར་འགྱུར་རོ། །གལ་ཏེ་དེ་མ་ཐོབ་ནའང་སྐྱེ་དང་སྐྱེ་བར་བདེ་བར་གཤེགས་པའི་རིགས་ཏེ་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བ་དང་། དེ་འདྲའི་རིགས་ཀྱི་ཆོས་སྤྱོད་པ་དང་ལྡན་པའི་རྒྱལ་བོར་འགྱུར་རོ། །གལ་ཏེ་སྡིག་ཆེ་ཡང་དེ་ཉིད་བཅུ་བཞི་གོམས་པར་བྱས་ན་ནི། སྔོན་སོགས་ནི་སྔོན་བསགས་སུ་བསྒྱུར་བ་བདེ་བས་སྔོན་ཇི་ལྟར་བསགས་པའི་སྡིག་པའི་མཚན་ཉིད་ཐམས་ཅད་དམན་པ་སྟེ་ཟད་པར་བྱས་ནས། ས་ལ་འདོད་པ་ཀུན་གྱི་དབང་ཕྱུག་ཏུ་འགྱུར་རོ། །ཐབས་གང་གིས་ཟད་པར་འགྱུར་བ་ནི། སྒྲུབ་པ་པོ་གང་ཞིག་དེ་ཉིད་བཅུ་བཞི་བོ་འདི་ནི་རྟག་ཏུ་སྒོམ་པའི་བསམ་གཏན་གྱིས་སྡིག་པ་ཀུན་ཟད་པར་བྱེད་དོ། །འོ་ན། ཞལ་ཕྱག་གི་རྣམ་པ་ཅན་བསྒོམས་པ་ཇི་ལྟར་མཛད་ཅེ་ན། དཔེ་ནི། དཔེར་ན་མར་གྱིས་གང་བའི་སྙོད་མི་གཙང་བའི་ལྕིགས་མས་གོས་པ་མེ་ཡི་དབུས་སུ་བཞག་ན་ནི། མར་སར་སྟེང་དུ་ཞུ་བར་འགྱུར་ཞིང་སྣོད་ཀྱི་དྲི་མ་འབྱར་བ་རྣམས་འཇིག་པ་སྟེ་གོག་ནས་མར་ཁུའི་འོག་ཏུ་གནས་པར་འགྱུར་བ་དེ་བཞིན་དུ། རང་ཉིད་ཤྲཱི་ཧེ་རུ་ཀ་ཡི་མཚན་ཅན་དུ་སྒོམ་པ་ཞལ་ཕྱག་གི་རྣམ་པ་ཅན་དང་། སྟོང་ཉིད་བསྒོམས་པ་ཉིད་ཀྱིས་སྡིག་པ་འཇིག་པ་སྟེ་ཟད་པར་འགྱུར་ལ། ཡིད་ལ་ཧེ་རུ་ཀའི་བསམ་གཏན་བསམས་པ་སྟེ་བསྒོམས་པ་ཙམ་གྱིས་སམ། རྩ་རྒྱུད་ཀྱི་གླེགས་བམ་ཀློག་ཅིང་ཁ་ཏོན་དུ་བྱེད་པ་དང་། གླེགས་བམ་བྲིས་པ་ཡིས་ཀྱང་སྡིག་པ་དག་ནས་བདེ་འགྲོ་མཐོ་རིས་ཀྱི་རྟེན་དང་། ལོངས་སྤྱོད་ཀྱི་འབྱོར་བ་འཐོབ་པར་འགྱུར་བའམ་ཡང་ན་འཁོར་ལོ་བསྒྱུར་བ་འཐོབ་པར་འགྱུར་རོ། །གཉིས་པ་ནི། ཚེ་འདིར་མཆོག་མ་གྲུབ་ནའང་འཆི་བའི་ཚེ་ཕན་ཡོན་ནི། ལམ་འདིའི་རྣལ་འབྱོར་བ་ཕོ་མོ་རྣམས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ཚེ། དཔལ་ཁྲག་འཐུང་སྟེ་ཧེ་རུ་ཀ་དང་ཕག་མོ་སོགས་དཔའ་བོ་དང་རྣལ་འབྱོར་མ་ལག་ན་མེ་ཏོག་དང་བདུག་སྦོས་སྣ་ཚོགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་དང་། རོལ་མོའི་སྒྲ་ནི་སྣ་ཚོགས་པ་དང་། ཡིད་དུ་འོང་བའི་གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས་མཁའ་སྤྱོད་ཀྱི་གནས་སུ་འ ཁྲིད་པར་བྱེད་དོ། །མཁའ་སྤྱོད་ནི་འོད་གསལ་ལ་བྱས་ནས་དེར་འཁྲིད་པ་དང་། མཁའ་འགྲོ་མ་བཞུགས་པའི་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པ་གཉིས་ལས་འདིར་སྒྲ་ཟིན་གྱི་དབང་དུ་བྱས་ན་ཕྱི་མའོ། །མཁའ་སྤྱོད་ཀྱི་གནས་ཁྱད་པར་ཅན་ནི་ནམ་མཁའི་དབྱིངས་སུ་ཡོད་པར་བཤད་དོ། །དེས་ན་འཆི་བ་ཞེས་པ་འདི་ནི་འཇིག་རྟེན་པའི་རྣམ་རྟོག་གིས་བཞག་པ་ཡིན་ཏེ། རྣལ་འབྱོར་བ་ཁྱད་པར་ཅན་གྱིས་གནས་བཟང་བོ་གཅིག་བཏང་ནས་གཅིག་ལ་འཇུག་པ་ནི་ཚེ་འདིར་ཁང་བཟང་གཅིག་ནས་གཅིག་ཏུ་བགྲོད་པ་ལྟ་བུའོ། །དེ་འདྲ་བའི་ཡོན་ཏན་བཤད་པ་འགྲུབ་པའི་དཔའ་བོ་ཆེན་པོ་བདེ་མཆོག་དང་། ཐོད་པའི་དུམ་བུ་སོགས་དང་། རྣལ་འབྱོར་མ་རབ་གཏུམ་མ་ལ་སོགས་པ་དེ་དག་སྒོམ་པ་ལ་བརྩོན་པའི་རྣལ་འབྱོར་ཕོ་མོ་དེ་འདྲ་ས་སྟེང་ན་ནི་ཤིན་ཏུ་རྙེད་པར་དཀའ་འོ། །གཉིས་པ་ནི། དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཆེན་པོ་གང་གིས་ཤེས་ནས་མ་དད་པ་དེ་ལ་དངོས་གྲུབ་ཀུན་གྱི་དབུལ་བོ་སྟེ་དབུལ་བ་དང་། ངན་འགྲོ་ལ་སོགས་པའི་སྡུག་བསྔལ་གྱིས་གདུངས་པར་རྟག་ཏུ་འགྱུར་ན། མི་ཤེས་པར་མ་དད་པར་བྱེད་པ་ལྟ་ཅི་སྨོས་སོ། །བཞི་བ་ནི། ཤྲཱི་ཧེ་རུ་ཀ་རྒྱལ་བོ་ཆེན་པོའི་གོ་འཕང་མཆོག་སྒྲུབ་པའི་ཐབས་དེ་ཉིད་བཅུ་བཞིའི་དོན་ནི་བསྒོམ་པར་བྱའོ་ཞེས་འོག་ཏུ་སྤྲེལ་ལོ། །ཇི་ལྟར་དུ་བསྒོམ་ཞེ་ན། མགུལ་རྒྱན་དང་ཕྱག་ཞབས་ཀྱི་གདུ་བུ་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། ཚངས་པའི་སྐུད་པ་དང་། མགོ་བོ་ཡི་ཕྲེང་བའི་དོ་ཤལ་དང་། ཐོད་སྐམ་གྱི་དབུ་རྒྱན་དང་། སྐེ་རགས་དྲིལ་བུ་གཡེར་ཁ་ཅན་སིལ་སིལ་གྱི་སྒྲ་སྒྲོགས་པ་དང་བཅས་པའི་ཧེ་རུ་ཀ་སོགས་བསྒོམ་པར་བྱའོ། །དེ་རྣམས་ཀྱི་སྐྱེད་མཆོག་ཇི་ལྟ་བུ་ཞེ་ན། ལེའུ་སོ་གཅིག་པར་བཤད་པའི་འབྱུང་བཞི་རི་རབ་དང་། རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་ཆེ་བ་དང་། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་དང་། དེའི་ལྟེ་བར་སྣ་ཚོགས་པདྨ་ཆུང་བ་དང་། དེའི་ལྟེ་བར་ཨཱ་ལི་དང་ཀཱ་ལིའི་འཕྲེང་བ་གཡས་སྐོར་གཡོན་བསྐོར་དང་། དེ་ལས་ཟླ་བ་དང་དེ་ནས་ས་བོན་ཏེ་དེ་རྣམས་འབྲེས་པ་ལས་རྟེན་དང་བརྟེན་པ་རྣམས་སྐྱེས་པ་སྟེ། འདི་ལ་ཅིག་ཅར་དུ་བསྐྱེད་པ་དང་རིམ་ཅན་དུ་བསྐྱེད་པའི་ཚུལ་གཉིས་སོ། །མངོན་བྱང་ལྔ་ལས་སྐྱེས་པའི་ཧེ་རུ་ཀ་ནི་དཀར་མོ་སྟེ་ལྷ་མོ་ཨུ་མ་དང་། དེའི་བདག་པོ་དབང་ཕྱུག་གཉིས་ཞབས་འོག་ཏུ་རྣམ་པར་གནོན་ཅིང་། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གྱི་སྐུ་ལ་འཁྱུད་པ་དང་། ཉི་ཤུ་རྩ་བཞིའི་ཕྱེད་བཅུ་གཉིས་ལྡན་པ་ནི། ཕྱག་དང་སྤྱན་དང་མ་མོ་བཅུ་གཉིས་ལ་བཤད་པའི་ཚུལ་གསུམ་ལས་འདིར་ནི་དང་པོའོ། །དེ་འདྲ་བའི་ཕྱག་དང་ལྡན་པ་སྟེ། ཕྱག་མཚན་ནི་བཤད་རྒྱུད་ལས་འཆད་པར་མཛད་དོ། །དེ་འདྲ་བའི་གཙོ་བོ་ཡབ་ཡུམ་གཉིས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་བསྒོམ་པར་བྱའོ། །དཔའ་བོ་ཉེར་བཞི་བོ་ཀུན་དང་རྣལ་འབྱོར་མ་སོ་དྲུག་པོའི་འཁོར་དང་བཅས་པའི་དབུས་སུ། གཙོ་བོ་ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་བ་དང་ལྡན་པས་ལྷ་ཐམས་ཅད་ལ་དགྱེས་པ་བསྐྱེད་པའི་བདེ་སྟོང་གཉིས་སུ་མེད་པར་གྱུར་བ་དང་། འཁོར་གྱི་ལྷ་རྣམས་འབྱིན་པ་སྟེ་སྤྲུལ་བ་དང་སླར་རང་ལ་སྡུད་པར་མཛད་པ་ཡིན་ནོ། །དེ་ལྟར་ན། དེ་ཉིད་བཅུ་བཞིའི་དོན་གྱི་གཙོ་བོ་རྣམས་འདིར་སྟོན་པ་ཡིན་ནོ། །འབྱུང་བ་རིམ་བརྩེགས་སོགས་རྟེན་གྱི་ངེས་དོན་དང་། མངོན་བྱང་ལྔ་དང་དེ་ལས་ཧེ་རུ་ཀ་རྫོགས་པ་སོགས་ཀྱི་ངེས་དོན་རྫོགས་རིམ་ཉིད་དང་སྦྱོར་ཚུལ་རྣམས་སྒྲུབ་ཐབས་ཀྱི་ཊིཀྐར་བཤད་ཟིན་ཏོ། །ལྔ་པ་ནི། མོས་པ་དུ་མ་སྟེ་ཁམས་སྣ་ཚོགས་པ་ཅན་གྱི་སེམས་ཅན་ཏེ་གདུལ་བྱ་དུ་མ་རྣམས་ལ་ནི། སྤྱོད་པ་མི་འདྲ་བ་སྣ་ཚོགས་པ་སངས་རྒྱས་ཀྱིས་སྟོན་པར་མཛད་དེ། ཐབས་སྣ་ཚོགས་པའི་ཚུལ་གྱིས་གདུལ་བར་བྱ་བ་ལ། རང་གི་དབང་བོ་དང་མཚམ་པའི་ཐབས་ནི་སྣ་ཚོགས་པ་སྟོན་པ་ཡིན་ནོ། །དེ་ལྟར་ཤིན་ཏུ་ཟབ་མོའི་ཆོས་ནི་སྟོན་པ་ལ། གལ་ཏེ་མོས་པར་མ་གྱུར་ཀྱང་སྨོད་པ་དག་ཏུ་མི་བྱ་སྟེ། ཆོས་ཟབ་མོ་ཉིད་བདག་འདྲ་བས་བསམ་གྱིས་མི་ཁྱབ་བོ་སྙམ་དུ་དྲན་པར་བྱའོ། །གལ་ཏེ་མོས་པ་མ་སྐྱེས་ཀྱང་བཏང་སྙོམས་སུ་བྱ་བ་ཡིན་ཏེ། བྱམས་མགོན་གྱིས་མདོ་སྡེའི་རྒྱན་ལས། ཡིད་ཀྱི་ཉེས་པའི་རང་བཞིན་གདུག་པ་སྟེ། །མི་རིགས་པ་ནི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལ་ཉེས་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་ནི་སངས་རྒྱས་རྣམས་ནི་བྱུང་བར་གྱུར་ཏམ། མ་བྱུང་ན་ཡང་རྣམ་པ་ཀུན་ཏུ་ཆོས་ཉིད་ནི་འཕེལ་བ་དང་། བྲི་བ་སྤངས་པའི་གནས་པ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་བོ། །གསང་ཆེན་འདིར་བདག་པོ་སྐྱེའི་ཡུལ་མིན་པ་རྒྱུ་མཚན་གང་གིས་ན། བདག་གིས་ཆོས་ཉིད་མི་ཤེས་པ་དང་རྫོགས་པའི་སངས་རྒྱས་དང་དེའི་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན་ནོ་ཞེས་དེ་རྣམ་པར་བཞག་པ་བྱས་ནས་ཀྱང་། སངས་རྒྱས་ཀྱིས་འཇིག་རྟེན་པ་ཀུན་ཏེ་གདུལ་བྱ་སེམས་ཅན་གྱི་ཆེད་དུ་གསུངས་པ་རྣམས་ལ་ཡོང་སྟེ་གཏན་མི་སྨད་དོ། །བྱམས་མགོན་གྱིས་རྒྱུད་བླ་མར། མཚམས་མེད་ལྔ་བྱས་པའི་སྡིག་པ་ལས་ཀྱང་། ཆོས་ཉིད་སྟོན་པའི་ཟབ་མོའི་ཆོས་སྨད་ཅིང་སྤངས་པ་སྡིག་ཆེ་བར་བཤད་དོ། །གདུལ་བྱའི་འཇིག་རྟེན་དེ་ཡི་བགྲོད་པ་སྟེ་འཇུག་པ་བསམ་ཡས་ཤིང་། དེ་དང་མཐུན་པར་འཇུག་པའི་སངས་རྒྱས་ཀྱི་རོལ་བ་སྟེ་རྣམ་འཕྲུལ་གྱི་མཛད་པ་ཡང་བསམ་གྱིས་མི་ཁྱབ་པོ། །གདུལ་བྱའི་འཇུག་པ་དང་བསྟུན་ནས་གསུངས་པའི་ཆོས་ཇི་ལྟ་བུ་ཞེ་ན། མདོ་སྡེའི་ཕྱོགས་དུ་མ་དང་། རྒྱུད་སྡེ་ལ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། གསང་བའི་རྒྱུད་ཀྱི་མཐའ་ནི་རྣལ་འབྱོར་བླ་མེད་རྣམས་སོ། །དེ་རྣམས་ཀྱི་དབྱེ་བས་ཕྱེ་བ་ཉིད་ནི་གདུལ་བྱའི་སེམས་ཅན་རང་རང་གི་མོས་པས་ལམ་ལ་འཇུག་པ་རྣམས་ནི། རང་གི་ལམ་དེ་དང་དེ་ལ་ཇི་ལྟར་དགའ་བ་བཞིན་དུ་གསུངས་པ་རྣམས་སོ། །གསུམ་པ་ནི། དཔལ་ཧེ་རུ་ཀ་ཞེས་མངོན་པར་བརྗོད་པ་རྩ་བའི་རྒྱུད་ཀྱི་རྒྱལ་བོ་རྒྱས་པ་ཤླཽ་ཀ་འབུམ་པའི་ནང་ན་གནས་པ་སྟེ་དེ་ལས་བཏུས་པ། རྣལ་འབྱོར་མའི་རྒྱུད་ཐམས་ཅད་བླ་མ་སྟེ་གོང་མ་དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་ཀླགས་པས་འགྲུབ་པའམ་གྲུབ་པ་ནི། རྒྱུད་པ་ཀླགས་ཀྱང་སངས་རྒྱས་མྱུར་འགྲུབ་པའོ། །ཐམས་ཅད་དུ་གཞན་གྱིས་མི་ཐུབ་པ་ནི། ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་རྣམས་ཀྱིས་ཟིལ་གྱིས་གནོན་མི་ནུས་ཤིང་། དེ་རྣམས་ཕར་ཟིལ་གྱིས་གནོན་པའོ། །གདོད་ནས་གྲུབ་པ་ནི། ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་སྟེར་བར་གྲུབ་པ་སྟེ་གནས་པ་རྩ་རྒྱུད་རྒྱས་པའི་རྒྱུད་ཕྱི་མའོ། །མཚན་བསྡུ་ན། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་ལྔ་བཅུ་རྩ་གཅིག་པའི་འགྲེལ་བ་རྫོགས་སོ།། །།བཞི་བ་མཇུག་གི་དོན་ལ་གཉིས། གཞུང་ཡོངས་སུ་རྫོགས་པའི་ཚུལ་དང་། བོད་དུ་གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། བཤད་པ་གོང་མ་དེར་འདུས་པར་སྣང་ལ། གཉིས་པ་ནི། རྩ་རྒྱུད་འདི་ལ་འགྱུར་མི་འདྲ་བ་འགའ་རེ་སྣང་ཡང་། རྗེ་ཉིད་ཀྱིས་བཤད་བྱའི་འགྱུར་གྱི་གཙོ་བོ་ནི། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝ་རྨ་སྟེ་པདྨ་བྱེད་པའི་གོ་ཆ་དང་། ལོ་ཙཱ་པ་རིན་ཆེན་བཟང་པོས་བསྒྱུར་ནས་དེའི་རྗེས་སུ་རྒྱ་གར་མཁན་པོ་ཉི་མ་སྦས་པ་དང་། ལོ་ཙཱ་བ་འགོས་གཉིས་ཀྱིས་འགྱུར་བ་ཅེས་མཛད་ཅིང་། སླར་ཡང་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱི་རྟི་དང་། ལོ་ཙཱ་བ་མར་བ་དོ་བ་སྟེ་མར་བ་ཆོས་ཀྱི་དབང་ཕྱུག་གིས་འགྱུར་སྔ་མ་ལ་ཞུ་དག་བགྱིས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པ་དེའོ། །འདིར་ཡང་དེ་དང་མར་དོ་རྐྱང་བའི་འགྱུར་དང་ཡང་ཅུང་ཟད་ཏེ་བསྟུན་པའོ། །གསུང་རབ་ཀུན་གྱི་སྙིང་བོ་མཐར་ཐུག་པ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཏེ། །དེ་ཡི་ནང་ནས་ཤིན་ཏུ་བྱིན་ཆེ་བ། །དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་རྒྱལ་བོ། །དགོངས་དོན་མཁའ་འགྲོའི་བརྡ་ཡིས་བཅིངས་གྱུར་པ། །བཤད་རྒྱུད་དགོངས་འགྲེལ་བཅས་པ་དུ་མ་ཡིས། །ཕྱེ་མོད་ཇི་བཞིན་རྫོགས་པར་གསལ་མཛད་པ། །ཀུན་མཁྱེན་ཙོང་ཁ་བ་ལས་གཞན་ན་གང་། །ཚུལ་འདིར་འཇུག་པ་སྐལ་བ་བཟང་སྙམ་སྟེ། །རྒྱུད་དང་བླ་མའི་དགོངས་པ་བཀྲལ་བ་འདིར། །མ་རྟོགས་ལོག་རྟོག་ཉེས་པར་གྱུར་པ་གང་། །བླ་མ་དཔའ་བོ་མཁའ་འགྲོའི་སྤྱན་སྔར་འཆགས། །ལེགས་པར་བཤད་པའི་རྣམ་དཀར་ཚེ་རབས་ཀུན། །དཔའ་བོ་མཁའ་འགྲོས་རྗེས་སུ་འཛིན་པ་དང་། །ལམ་འདི་མཐར་ཕྱིན་དཔལ་ལྡན་ཧེ་རུ་ཀའི། །གོ་འཕང་མཆོག་དེ་བདེ་བླག་ཐོབ་ཕྱིར་བ སྔོ། །ཅེས་བདེ་མཆོག་རྩ་རྒྱུད་ཉུང་ངུའི་ཊིཀྐ་སྦས་པའི་དོན་ཀུན་གསལ་བའི་སྙིང་བོ་བསྡུས་པ་ཞེས་བྱ་བ་འདི་ནི། བསྟན་པའི་མངའ་བདག་ཀོའུ་ཤྲཱི་ནང་སོ་ཡེས་ཀྱིས་རང་ཕྱོགས་སུ་རྒྱུད་གྲྭ་གསར་དུ་བཙུགས་པའི་ཚེ། བདེ་མཆོག་གི་འཆད་ཉན་གྱི་རྒྱུན་ལ་ཕན་པར་དགོངས་ཏེ་གནང་སྦྱིན་དང་བཅས་བསྐུལ་བ་ལྟར། རྒྱུད་པའི་སློབ་དཔོན་པ་ཤཱ ཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རྗེ་ཉིད་ཀྱི་མན་ངག་ལ་བརྟེན་ནས་ཅོ་ནེ་དགོན་དུ་ལེགས་པར་སྦྱར་བ་སྟེ། ཕྱིས་སྔགས་རམ་པ་ངག་དབང་བསམ་གཏན་དང་། ངག་དབང་བཀྲ་ཤིས་གཉིས་ཀྱིས་རྒྱུད་གྲྭར་མཚན་གདགས་མཛད་པའི་ཚེ་དད་པས་པར་དུ་བསྒྲུབས་པའོ། །མངྒ་ལཾ།། །


previousབདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་སྦས་པའི་དོན་ཀུན་གསལ་བའི་སྙིང་བོ་བསྡུས་པ།no next