Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
དཔལ་བདེ་མཆོག་ལཱུ་ཧི་པའི་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདཔལ་བདེ་མཆོག་ལཱུ་ཧི་པའི་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད་དང་བཅས་པ། next

དཔལ་བདེ་མཆོག་ལཱུ་ཧི་པའི་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད་དང་བཅས་པ།

དཔལ་བདེ་མཆོག་ལཱུ་ཧི་པའི་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད་དང་བཅས་པ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མཐུ་སྟོབས་དབང་ཕྱུག་རྒྱལ་སྲས་གསང་བའི་བདག །མགོན་དེས་རྗེས་བཟུང་ཨིནྡྲ་བྷོ་དྷི་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ས་ར་ཧ། །ཟབ་དོན་འགྲེལ་བར་ལུང་བསྟན་ཀླུ་སྒྲུབ་ཞབས། །ཐུགས་སྲས་རྗེ་བཙུན་རི་ཁྲོད་དབང་ཕྱུག་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ལམ་འདིས་གོ་འཕང་མཆོག་བརྙེས་ལཱུ་ཧི་པ། །ཟབ་ལམ་མཐར་ཕྱིན་དཱ་རི་ཀ་བའི་ཞབས། །སྒྱུ་ལུས་མངོན་གྱུར་རྡོ་རྗེ་དྲིལ་བུ་པར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རིམ་གཉིས་རྟོགས་པ་མཆོག་ལྡན་རུ་སྦལ་ཞབས། །ཕག་མོས་རྗེས་བཟུང་ཇཱ་ལནྡྷ་ར་པ། །བརྟུལ་ཞུགས་མཆོག་གྱུར་ནག་པོ་སྤྱོད་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གསང་བའི་མན་ངག་མཛོད་འཛིན་གུ་ཧྱ་པ། །གྲུབ་པའི་གོ་འཕང་མཐོར་གཤེགས་རྣམ་རྒྱལ་ཞབས། །ཏིལ་བརྡུང་སྤྱོད་པས་མཆོག་བརྙེས་ཏེ་ལོ་པར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གནས་ལྔ་རིག་པའི་མཐར་སོན་ནཱ་རོ་ཏ། །བསྒོམས་པའི་ནུས་པ་ཕུལ་བྱུང་ཕམ་མཐིང་མཆེད། །མཁས་མཆོག་གློག་སྐྱ་ཤེས་རབ་བརྩེགས་ཉིད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྒྲ་སྒྱུར་ཆེན་པོ་བློ་གྲོས་གྲགས་པའི་དཔལ། །ས་ཆེན་རིག་འཛིན་ཀུན་དགའ་སྙིང་བོའི་ཞབས། །རྗེ་བཙུན་དམ་པ་བསོད་ནམས་རྩེ་མོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གསང་དོན་ཀུན་གཟིགས་གྲགས་པ་རྒྱལ་མཚན་པ། །རིག་གནས་མཐར་སོན་ས་སྐྱ་པཎྜི་ཏ། །དེ་སྲས་ཐུ་བོ་རིགས་པའི་སེངྒེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཁས་བཙུན་ཆེན་པོ་སངས་རྒྱས་འབུམ་པ་དང་། །སྐད་གཉིས་སྨྲ་བ་མཆོག་ལྡན་ལེགས་པའི་བློ། །བླ་མ་དམ་པ་དཔལ་ལྡན་སེངྒེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བསྟན་པའི་མངའ་བདག་བུ་སྟོན་རིན་ཆེན་གྲུབ། །སྔགས་འཆང་ཀུན་གྱི་གཙོ་གྱུར་ཁྱུང་ལྷས་པ། །ཆོས་ཀྱི་རྒྱལ་བོ་རྗེ་བཙུན་ཙོང་ཁ་བར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དཔལ་ལྡན་འཁོར་ལོ་སྡོམ་པའི་ལུང་རྟོགས་བསྟན། །ཇི་བཞིན་འཛིན་མཛད་རིམ་པར་བྱོན་པ་ཡི། །དངོས་དང་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བརྟན་གཡོའི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །དྲི་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་ངོར། །སྡོམ་མཛད་ཧེ་རུ་ཀ་དཔལ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་དག་སྐྱེ་ཤི་བར་དོ་རྣམ་པ་གསུམ། །རྣམ་དག་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ངོར། །བསྒྱུར་མཛད་འཁོར་ལོ་སྡོམ་པའི་རིམ་གཉིས་ལམ། །བགྲོད་པའི་ཉམས་ལེན་མཐའ་རུ་ཕྱིན་པར་ཤོག །གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ཀྱང་། །འཆི་བའི་ཚེ་ན་བླ་མ་ལྷ་ཚོགས་ཀྱིས། །ངོ་མཚར་ལྟས་བཟང་མང་བོས་བསུ་མཛད་དེ། །མཁའ་སྤྱོད་རིག་འཛིན་གནས་སུ་འཁྲིད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། ཞེས་སོགས་ཀྱང་བརྗོད་པར་བྱའོ། །རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །ངུར་སྨྲིག་གར་རོལ་གསང་ཆེན་རྒྱུད་སྡེ་ཡི། །དགོངས་པ་ཇི་བཞིན་འགྲེལ་མཛད་ཐམས་ཅད་མཁྱེན། །རྒྱལ་བ་གཉིས་པར་གྲགས་ལ་ཕྱག་འཚལ་ལོ། །ལམ་བཟང་མཐར་ཐུག་འཁོར་ལོ་བདེ་མཆོག་གི །ཟབ་ལམ་སྒྲུབ་པའི་བརྩོན་པ་ལྷུར་མཛད་པ། །མཆོག་ཐུན་འདོད་རྒྱུའི་འབྱུང་གནས་ཡིད་བཞིན་ནོར། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་ཐུགས་སྒྲིབ་བྲལ་བདེ་བ་ཆེན་པོ་ཉིད། །ཡེ་ཤེས་ཐུགས་གསུང་སྐུ་དང་དམ་ཚིག་གི །འཁོར་ལོར་སྤྲུལ་མཛད་རིགས་རྣམས་ཀུན་གྱི་བདག །ཁྱབ་བདག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཟུང་འཇུག་གོ་འཕང་བདེ་ཆེན་ལམ་ཉིད་ཀྱིས། །ཐོབ་པར་མཚོན་ཕྱིར་རྡོ་རྗེ་ཕག་མོ་དང་། །མཉམ་སྦྱོར་ལྷན་སྐྱེས་བདེ་བའི་སྦྲང་རྩིའི་རོས། །རྟག་ཏུ་མངོན་དགས་རོལ་ལ་ཕྱག་འཚལ་ལོ། །དབང་སྔོན་རི་བཞིན་རྣམ་ཐར་སྒོ་བཞིའི་ཞལ། །བཅུ་གཉིས་སྤྱན་དང་ཕྱག་ལྡན་སྟོང་ཕྲག་འོད། །དབང་ཕྱུག་དུས་མཚན་བཅས་པའི་ཉི་གདན་སྟེང་། །གཡས་བརྐྱངས་སྟབས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །བྱུ་རུའི་མདངས་ལྡན་ཉིན་བྱེད་འབུམ་གྱི་འོད། །མི་ཕྱེད་མཛའ་བས་ཡབ་ལ་འཁྱུད་པ་ཡིས། །ཟག་མེད་བདེ་བའི་དཔལ་སྟེར་བཅོམ་ལྡན་མ། །རྡོ་རྗེ་ཕག་མོའི་ཞབས་ལ་ཕྱག་འཚལ་ལོ། །དྲན་པ་ཉེར་གཞག་རྣམ་བཞི་དག་པའི་དངོས། །གཅེར་བུ་སྐྲ་གྲོལ་བཞད་པའི་ཞལ་ལྡན་ཞིང་། །རབ་མཛེས་ལང་ཚོ་དར་བའི་འཇོ་སྒེག་ཅན། །བདེ་ཆེན་ལྷ་མོ་བཞི་ལ་ཕྱག་འཚལ་ལོ། །པཱུལླི་ར་མ་ལ་སོགས་ཡུལ་རྣམས་དང་། །འཁོར་ལོ་སྔོན་པོའི་རྩིབས་བཞུགས་རྡོ་རྗེའི་རིགས། །དབང་སྔོན་མདངས་ལྡན་མཁའ་ལ་སྤྱོད་པའི་ཚུལ། །ཐུགས་འཁོར་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཀཱ་མ་རུ་བ་ལ་སོགས་ཡུལ་རྣམས་དང་། །འཁོར་ལོ་དམར་པོའི་རྩིབས་བཞུགས་པདྨའི་རིགས། །པད་རག་མདངས་ལྡན་ས་ལ་སྤྱོད་པའི་ཚུལ། །གསུང་འཁོར་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཕྲེ་ཏ་པུ་རི་ལ་སོགས་ཡུལ་རྣམས་དང་། །འཁོར་ལོ་དཀར་པོའི་རྩིབས་བཞུགས་དེ་ཡི་རིགས། །ཟླ་བའི་མདངས་ལྡན་ས་འོག་སྤྱོད་པའི་ཚུལ། །སྐུ་འཁོར་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །འཐུང་གཅོད་ཉེ་བའི་འཐུང་གཅོད་སོགས་རྣམས་དང་། །དཀྱིལ་འཁོར་སྒོ་མཚམས་བརྒྱད་བཞུགས་ལས་ཀྱི་རིགས། །ཕྱོགས་དང་ཕྱོགས་བྲལ་མདོག་ཅན་ཁྲོས་པའི་ཉམས། །དམ་ཚིག་འཁོར་ལོའི་ལྷ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བདག་པོ་དཔལ་ལྡན་ཧེ་རུ་ཀའི། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་རོལ་པ་ལས། །ལེགས་འཁྲུངས་འཁོར་ལོ་ལྔ་ཡི་ལྷ་ཚོགས་ཀྱི། །རྟེན་དང་བརྟེན་པར་ཤར་ལ་ཕྱག་འཚལ་ལོ། །དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཅུང་ཟད་བསྟོད་ལས་བྱུང་བའི་རྣམ་དཀར་དགེས། །རང་གཞན་ཀུན་གྱིས་བདེ་ཆེན་དཔལ་རྙེད་ནས། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །དེ་ལྟར་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ། །མཆོད་བསྟོད་བསྒོམས་དང་བཟླས་པའི་དགེ་བ་དང་། །དུས་གསུམ་ལེགས་ཚོགས་ཇི་སྙེད་བསགས་པ་ཀུན། །བཤེས་གཉེན་དམ་པས་རྗེས་སུ་འཛིན་ཕྱིར་བསྔོ། །དེ་ཡིས་ཉེ་བར་བསྟན་པའི་གདམས་པའི་དོན། །དལ་འབྱོར་རྙེད་དཀའ་ངན་འགྲོའི་སྡུག་བསྔལ་དང་། །དེ་ལས་སྐྱོབ་པའི་སྐྱབས་འགྲོ་ལས་འབྲས་ལ། །ཉམས་ལེན་འཇུག་ལྡོག་ཚུལ་བཞིན་བྱེད་པར་ཤོག །འཁོར་བའི་ངང་ཚུལ་མེ་འོབས་ལྟར་མཐོང་ནས། །ཐར་འདོད་ངེས་འབྱུང་ཤུགས་དྲག་སྐྱེ་བ་དང་། །མ་རྣམས་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །ཕྱིན་དྲུག་རླབས་ཆེན་སྤྱོད་ལ་འཇུག་པར་ཤོག །རྣམ་དག་དབང་བཞིས་སྐུ་བཞི་འགྲུབ་འགྱུར་བའི། །ནུས་པ་འཇོག་ཅིང་དྲི་མ་ཀུན་བཀྲུས་ནས། །རིམ་གཉིས་རྫོགས་པར་བསྒོམ་ལ་དབང་བ་དང་། །དམ་ཚིག་སྡོམ་པ་སྲུང་བར་བྱེད་པར་ཤོག །ཐ་མལ་སྣང་ཞེན་དྲི་མ་འཁྲུད་བྱེད་པའི། །བསྐྱེད་པའི་རིམ་ལ་ཐུན་བཞིའི་རྣལ་འབྱོར་གྱིས། །གང་སྣང་ལྷ་ཡི་འཁོར་ལོ་འཆར་ནུས་པའི། །རིམ་པ་དང་པོ་རྟོགས་པ་མཐར་ཕྱིན་ཤོག །སྒོ་གསུམ་སྐུ་གསུང་ཐུགས་ཀྱི་དག་བྱེད་ལྷས། །བྱིན་གྱིས་བརླབས་པས་བགེགས་རྣམས་ཞི་བ་དང་། །ཞིང་གི་མཆོག་ལ་དམིགས་ནས་མཆོད་པ་ཡིས། །རླབས་ཆེན་བསོད་ནམས་ཚོགས་ནི་རྫོགས་པར་ཤོག །སྤྲོས་ཀུན་འོད་གསལ་བསྡུས་པའི་སྟོང་ཉིད་ལས། །ནཱ་དའི་གཟུགས་ལྡང་ཟླ་བར་ཞུགས་པ་ཡིས། །དཀྱིལ་འཁོར་ཡོངས་རྫོགས་སྐྱེ་འཆི་བར་དོ་གསུམ། །སྐུ་གསུམ་ལམ་དུ་འཁྱེར་བར་བྱེད་ནུས་ཤོག །གང་དུ་བསྣུན་པའི་རྩ་འཁོར་སོགས་མཚོན་ཕྱིར། །འབྱུང་བཞི་རི་རབ་པདྨ་ཟླ་བ་སོགས། །བསྒོམས་པས་དཀར་དམར་ཆ་ཡི་བབས་འཛེག་ལས། །ངེས་དོན་ལྷན་སྐྱེས་སྐྱེ་བའི་རྒྱུད་སྨིན་ཤོག །སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ཧེ་རུ་ཀའི། །ཕྱི་དང་ལུས་ཀྱི་ཐུན་བཞིར་བསྒོམས་བྱས་པས། །ཕྱི་ནང་དཀྱིལ་འཁོར་གསལ་སྣང་རྫོགས་པ་དང་། །ལས་རླུང་མ་ལུས་དྷཱུ་ཏཱི་འཇུག་པར་ཤོག །ནང་གི་རྗེ་བཙུན་ཡབ་ཡུམ་ཟུང་བསྒོམས་པའི། །དཔྱིད་དང་ཐིག་ལེ་ཕན་ཚུན་སྙོམས་ཞུགས་ལས། །རྫོགས་རིམ་རྟོགས་པ་ཡོངས་རྫོགས་སྐྱེ་བ་ཡི། །དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །འཁོར་ལོ་སྡོམ་པའི་རྩ་བཤད་རྒྱུད་ཉིད་དོན། །གྲུབ་ཆེན་བླ་མའི་མན་ངག་གནད་བསྡུས་པ། །རྫོགས་རིམ་རྣལ་འབྱོར་ཆེན་པོ་སྤྱོད་པར་བཅས། །རྫོགས་པར་བསྐྱེད་ནས་དངོས་གྲུབ་མཆོག་ཐོབ་ཤོག །སྤྲུལ་བའི་འཁོར་ལོར་སྦྲིན་སྒྲར་སེམས་བརྟན་པས། །ཉི་ཟླའི་འགྲོས་བཅོམ་ཙཎྜ་ལི་སྦར་ཏེ། །བྱང་ཆུབ་སེམས་རྒྱུན་དྷཱུ་ཏཱིར་འབབ་འཛེག་ལས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །འཇུག་གནས་ལྡང་བའི་རླུང་གི་རྡོར་བཟློས་མཆོག །དྷཱུ་ཏཱིའི་ལམ་ནས་ཡང་ཡང་གོམས་བྱས་པས། །ཧཾ་ཡིག་ཞུ་བའི་བདུད་རྩིས་དབང་ཕྱུག་མ། །མཉེས་བྱས་ལམ་གྱི་འོད་གསལ་འཆར་བར་ཤོག །ལྟེ་བའི་ཡེ་ཤེས་སེམས་དཔའ་སྙོམས་འཇུག་སྒྲས། །རྗེས་གཞིག་རིམ་པས་སྣོད་བཅུད་ཀུན་བསྡུས་པའི། །བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེར། །རྩེ་གཅིག་མཉམ་པར་འཇོག་པའི་ནུས་ལྡན་ཤོག །དེ་ལས་ལངས་ཚེ་གང་ཤར་སྣོད་བཅུད་ཀུན། །བདེ་སྟོང་ཆེན་པོའི་རོལ་པར་ཤར་གྱུར་ཏེ། །ཀུན་རྟོག་བག་ཆགས་སྦྱོང་ལ་ཐོགས་མེད་ཅིང་། །སེམས་དབེན་མཐར་ཐུག་ཏིང་འཛིན་རྫོགས་པར་ཤོག །དེ་ལས་ཆུ་ཀླུང་དྭངས་ལས་ཉ་བཞིན་དུ། །སྒྱུ་འཕྲུལ་དྲ་བ་སྒྱུ་མའི་སྐུར་ལངས་ནས། །དེ་ཉིད་འོད་གསལ་འཇུག་ལ་གོམས་བྱས་པས། །དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར་བར་ཤོག །དེ་ནས་སློབ་པའི་ཟུང་འཇུག་འགྲུབ་པའི་མཐར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་སྟོབས་ཉིད་ཀྱིས། །འཁྲུལ་བའི་བག་ཆགས་དྲི་མ་ཀུན་སྦྱངས་ཏེ། །མི་སློབ་ཟུང་འཇུག་གོ་འཕང་ཐོབ་པར་ཤོག །ཚེ་འདིར་གོ་འཕང་མཆོག་དེ་མ་ཐོབ་པར། །འཆི་ཚེ་རྗེ་བཙུན་འཁོར་བཅས་གྱིས་བསུས་ཏེ། །མཁའ་སྤྱོད་རིག་འཛིན་གནས་སུ་འཁྲིད་མཛད་ནས། །ཟབ་ལམ་འདི་ཉིད་མྱུར་དུ་མཐར་ཕྱིན་ཤོག །ཚུལ་དེ་སྒྲུབ་ལ་ཐོགས་མེད་མཐུ་ལྡན་པ། །འཛམ་གླིང་གནས་མཆོག་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་རྣལ་འབྱོར་མ་ནི་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་ཤོག །རྗེ་ཉིད་ཀྱིས་མཛད་པའི་བདེ་མཆོག་གི་ཤིས་བརྗོད་རྒྱས་པ་མ་ལྕོགས་པའི་ཚེ་བསྡུས་པ་བྱ་ཚུལ་མང་ཡང་གཅིག་ནི། རབ་ཡངས་ནམ་མཁར་བདེ་མཆོག་ལྷ་ཚོགས་ཀྱིས། །ཡོངས་གང་མེ་ཏོག་ཆར་འབེབ་ཤིས་བརྗོད་སོགས། །ཕུན་ཚོགས་དཔལ་སྟེར་མཛད་པར་ཤེས་ཀྱིས་དང་། །བཀྲ་ཤིས་གདངས་སྙན་བདག་གིས་བསྒྲག་པར་བྱ། །རྡོ་རྗེ་འཆང་ཆེན་ཨིནྡྲ་བྷཱུ་ཏི་དང་། །ས་ར་ཧ་དང་ཀླུ་སྒྲུབ་ཤ་བ་རི། །ལཱུ་དྲིལ་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །དངོས་དང་བརྒྱུད་པའི་བླ་མ་དམ་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་འདོད་རྒུད་པ་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་འགྱུར་བའི། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཁྱབ་བདག་མགོན་པོ་དཔལ་ལྡན་ཧེ་རུ་ཀ །ཟག་མེད་བདེ་སྟེར་རྗེ་བཙུན་རྣལ་འབྱོར་མ། །རྩ་བཤད་རྒྱུད་དང་རིམ་གཉིས་ལ་སོགས་པ། །ལུང་དང་རྟོགས་པའི་དམ་ཆོས་མ་ལུས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་འདོད་རྒུད་པ་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་འགྱུར་བའི། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །རྣམ་སྣང་ལ་སོགས་དག་བྱེད་ལྷ་རྣམས་དང་། །དམ་ཚིག་སྐུ་གསུང་ཐུགས་དང་བདེ་ཆེན་གྱི། །དཔའ་བོ་རྣལ་འབྱོར་མ་ཚོགས་ཐམས་ཅད་དང་། །རྡོར་སེམས་ལ་སོགས་གོ་ཆའི་ལྷ་རྣམས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་འདོད་རྒུད་པ་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་འགྱུར་བའི། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཁྱབ་བདག་མགོན་པོ་དཔལ་ལྡན་ཧེ་རུ་ཀ །ཟག་མེད་བདེ་སྟེར་རྗེ་བཙུན་རྣལ་འབྱོར་མ། །རྩ་བཤད་རྒྱུད་དང་རིམ་གཉིས་ལ་སོགས་པ། །ལུང་དང་རྟོགས་པའི་དམ་ཆོས་མ་ལུས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་འདོད་རྒུད་པ་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་འགྱུར་བའི། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །རྣམ་སྣང་ལ་སོགས་དག་བྱེད་ལྷ་རྣམས་དང་། །དམ་ཚིག་སྐུ་གསུང་ཐུགས་དང་བདེ་ཆེན་གྱི། །དཔའ་བོ་རྣལ་འབྱོར་མ་ཚོགས་ཐམས་ཅད་དང་། །རྡོར་སེམས་ལ་སོགས་གོ་ཆའི་ལྷ་རྣམས་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ མཐུན་རྐྱེན༴ ཕུན་ཚོགས༴ རྣམ་དག་ཡེ་ཤེས་རང་བཞིན་ལས་གྲུབ་ཅིང་། །རྣམ་མང་རིན་ཆེན་རྒྱན་སྤྲས་རྡོར་འཕྲེང་ལས། །རྣམ་པར་འཕྲོ་བའི་མེ་རུ་དུར་ཁྲོད་བཅས། །རྣམ་སྣང་དག་བའི་གཞལ་ཡས་ཁང་ཆེ་ལ། །ལེགས་ཚོགས་ཇི་སྙེད་མཆིས་བའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་འདོད་རྒུད་པ་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་འགྱུར་བའི། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཡང་ན། ནམ་མཁའི་ཁྱོན་ལྟར་ཞེས་སོགས་བྱའོ། །དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་བའི་བླ་བརྒྱུད། བསྟོད་པ་སྨོན་ལམ། ཤིས་བརྗོད་འདི་རྣམས་ནི་དད་སྟོབས་ཕུན་སུམ་ཚོགས་པའི་གནས་བརྟན་བློ་བཟང་བརྩོན་འགྲུས་ཞེས་བགྱི་བས་རང་ཉིད་དད་པ་ཁོ་ནས་འདི་ལྟ་བུ་ཞིག་གྱིས་ཤིག་དང་། ཁོ་བོས་པར་དུ་བསྒྲུབ་པར་བྱའོ་ཞེས་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་རེ་གཉིས་ལ་ཕན་ཐོགས་པར་བསམས་ཏེ་སྦྱར་བའོ།། །།སརྦ་མདྒ་ལཾ།། །།


no previousདཔལ་བདེ་མཆོག་ལཱུ་ཧི་པའི་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད་དང་བཅས་པ། next