Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་གཏེར་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་གཏེར་ཆེན།next

བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་གཏེར་ཆེན།

བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་གཏེར་ཆེན་ཞེས་བྱ་བ་བཞུགས།

སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཉིད། །སྣ་ཚོགས་གཟུགས་སྐུའི་རྣམ་པར་རོལ་པ་ཅན། །དཔལ་ལྡན་ཧེ་རུ་ཀ་དཔལ་ཡབ་ཡུམ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དེ་ལ་འདིར་དཔལ་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཉམས་སུ་ལེན་བདེ་བ་ཞིག་བཤད་པར་བྱ་སྟེ། སྤྱིར་བདེ་མཆོག་གི་སྒྲུབ་ཐབས་ལ་ལྷ་རེ་གཉིས་མ། ལྷ་བཅུ་གསུམ་མ། ལྷ་ལྔ་མ། དཔའ་གཅིག ། འཁོར་ལོ་གསུམ་སོ་སོའི་དབང་དུ་བྱས་པའི་སྒྲུབ་ཐབས་ལས་མང་དུ་བཤད་ཅིང་ཁྱད་པར་དུ་ལྷན་སྐྱེས་ལ་ཕྱག་བཅུ་གཉིས་མ་དང་ཕྱག་གཉིས་མ་སོགས་དུ་མ་རྒྱུད་དང་རྒྱ་གཞུང་ལས་འབྱུང་ངོ་། །འདིར་ཕྱག་བཅུ་གཉིས་མའི་དབང་དུ་བྱས་ཏེ་འཆད་པ་ལ། བདེ་མཆོག་གི་དབང་བསྐུར་ཐོབ་པ་ཞིག་གིས། གནས་ཡིད་དང་མཐུན་པར་འདིའི་དྲིས་སྐུ་དང་མཆོད་གཏོར་སོགས་ཅི་འབྱོར་སྟ་གོན་བྱས་ཏེ། སྐྱབས་སེམས་ནི། མཆོག་གསུམ་དཔའ་བོ་མཁའ་འགྲོ་དང་། ཧེ་རུ་ཀ་དཔལ་ཡབ་ཡུམ་ལ། །སྐྱབས་མཆི་སེམས་ཅན་དོན་གྱི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །དེ་ནས་རྡོར་སེམས་ཀྱི་སྒོམ་བཟླས་རྒྱས་པ་འདོད་ན་གཞན་ནས་འབྱུང་བ་ལྟར་དང་། བསྡུས་པ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོར་སེམས་ཧེ་རུ་ཀ་དཀར་བོ་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། དེའི་ཐུགས་ཀའི་ཟླ་གདན་ལ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་བའི་སྔགས་ཀྱིས་བསྐོར་བ། དེ་ལ་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྒྲིག་སྒྲིབ་སྦྱངས། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ་པ་རང་གི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ། ཧེ་རུ་ཀའི་ཡིག་བརྒྱ་ཉེར་གཅིག་གམ་བདུན་བཟླ། དེ་ནས་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་སྤྱི་ལྟར་བྱའོ། །དག་པ་གསུམ་ནི། ཤྲི་ཧེ་རུ་ཀ ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ་རྒྱུའི་བདག་ཉིད་དུ་བརྟག་པར་བྱས་པའི་སྟོང་བའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་གང་ཟག་གི་བདག་མེད་པ་དང་། ཀ་ནི་དེ་ཁོ་ན་ཉིད་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་མི་གནས་པ་དང་། ཤྲི་ནི་ཡུལ་སྟོང་བ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །སྟོང་བའི་ངང་ལས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུ་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ། དེ་ནས། ༀ་ཨ་ཨཱ་ནས། ཀྵ་ཧཱུཾ་ཧཱུཾ ཕཊ། ལན་གསུམ། རང་གི་ལྟེ་བར་དབྱངས་གསལ་གྱི་འཕྲེང་བ་ལན་གསུམ་གྱིས་བསྐོར་བ་ལས་ཧེ་རུ་ཀའི་ཚོགས་འཕྲོས་པ་སྣ་བུག་གཡས་པ་ནས་འཐོན་བགེགས་བསྐྲད། སླར་བྱོན་སྣ་བུག་གཡོན་པ་ནས་ཞུགས་ཏེ་ལྟེ་བའི་སྔགས་འཕྲེང་ལ་ཐིམ་པར་གྱུར། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་གྱུར་ཅིག །ཐོབ་ཟིན་པའི་བདེ་བ་བརྟན་པར་གྱུར་ཅིག །ཡིད་དེ་བཞིན་ཉིད་དང་རོ་གཅིག་ཏུ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། ཚོགས་ཞིང་ནི། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ། །དེའི་འོད་ཟེར་གྱིས་རང་གི་སྤྱི་བོ་ནས་རྐང་མཐིལ་ཀྱི་བར་གང་བས་ཐོག་མ་མེད་པ་ནས་ཀྱི་སྒོ་གསུམ་གྱི་དྲི་མ་རྣམས་སྦྱངས། ཡུས་ཤེལ་གོང་ལྟར་དག་པར་གྱུར་ཏེ། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས་བླ་མ་དང་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་བའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱི ས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མ་ཛཿ གང་གི་དྲིན་གྱི་བདེ་ཆེན་གནས། ཞེས་སོགས་ཚིགས་བཅད་གཅིག་གི་མཐར། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེན་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །གནས་དང་ཉེ་བའི་གནས་དང་ཞིང་། འདུས་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། །རང་གི་སྙིང་ཀའི་ཧཱུཾ་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་ཙཀྲ་སཾ་བར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ནས་ཤཔྟའི་བར་དང་། རིག་མ་བཅུ་དྲུག་གམ། བསྡུ་ན། ༀ་ཨཱཿབཛྲ་ཨཱ་དཪྴེ་ཧཱུཾ། ༀ་ཨཱཿབཛྲ་ཝི་ནི་ཧཱུཾ། ༀ་ཨཱཿབཛྲ་གྷནྡྷེ་ཧཱུཾ། ༀ་ཨཱཿབཛྲ་རཱ་ས་ཧཱུཾ། ༀ་ཨཱཿ་བཛྲ་སྭཪྴེ་ཧཱུཾ། ༀ་ཨཱཿབཛྲ་དྷརྨེ་ཧཱུཾ། དེ་ནས་རྐང་བརྒྱད་ཀྱིས་བསྟོད་པས་མཆོད་དམ་མིན་ཡང་རུང་། དཀོན་མཆོག་གསུམ་ལ་བདག་སྐྱབས་འཆི། །ཞེས་སོགས་ཀྱི་རྒྱུན་བཤགས་ལན་གསུམ་དང་། ཚོགས་ཞིང་རྣམས་རང་གི་སྙིང་ཁར་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་པར་བསམ་མོ། །འདིའི་རྒྱ་གཞུང་འགའ་ཞིག་ལས་མངོན་བྱང་ལྔས་བསྐྱེད་པ་མི་སྣང་ཡང་། བསྐྱེད་པ་ནི་ཡེགས་པས་དེ་ལ་འཆི་བ་ཆོས་སྐུའི་ལམ་ཁྱེར་ནི། ༀ་སྭ་བྷཱ་ཝ་ནས་ཤུངྔྷོ྅ཧཾ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བརྟན་གཡོ་ཐམས་ཅད་སྦྱངས་ཏེ་འོད་ཀྱི་རྣམ་པར་གྱུར་པ་རང་ལ་ཐིམ། རང་ཡང་སྟོད་སྨད་ནས་རིམ་ཀྱིས་ཧཱུཾ་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ནས། ནཱ་དའི་བར་རིམ་གྱིས་ཐིམ་ཞིང་། ནཱ་ད་ཡང་མི་དམིགས་པར་གྱུར། ༀ་ཤཱུ་ནྱ་ཧ་ནས་ཀོ྅ཧཾ། བར་དོ་ལོངས་སྐུའི་ལམ་ཁྱེར་ནི། སྟོང་བའི་རང་ལས་རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་བསྒྲེང་ཞིང་ཕྲ་བ་དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁར་གནས་པར་གྱུར། ༀ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧུཾ་ཕཊ། ཤར་དུ་སྔགས་དེ་ཉིད་ཁ་དོག་ནག་པོ། ༀ་གྲྀ ཧྞ་གྲྀཧྞ་ཧུཾ་ཧུཾ་ཕཊ། བྱང་དུ་སྔགས་དེ་ཉིད་ཁ་དོག་ལྗང་ཁུ། ༀ་གྲིཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧུཾ་ཧུཾ་ཕཊ། ནུབ་ཏུ་སྔགས་དེ་ཉིད་ཁ་དོག་དམར་བོ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝན་པིདྱཱ་རཱ་ཛ་ཧུཾ་ཧུཾ་ཕཊ། ལྷོར་སྔགས་དེ་ཉིད་ཁ་དོག་སེར་བོ་རྣམས་སུ་འཁོད་པར་གྱུར། དེ་རྣམས་ལས་རང་འདྲའི་ཁ་དོག་ཅན་རྣམས་ཀྱི་འོད་ཟེར་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་ཁྱབ་པའི་འོད་ཟེར་ཆེན་པོའི་གཟུགས་རྣམས་སུ་གྱུར། སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཤར་ནག །བྱང་ལྗང །ནུབ་དམར། ལྷོ་སེར་བའི་ར་བ་གྲུ་བཞི་པ་ཚད་དེ་ལྟ་བུ། ར་བ་གྲུབ་པ་དང་མཉམ་དུ་འོག་ཏུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེ་ས་གཞི། སྟེེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ། དེའི་ཕྱི་རོལ་དུ་མདའི་དྲ་བ། རྡོ་རྗེའི་ར་གུར་རྣམས་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་དུ་རྡོ་རྗེའི་མེ་འཇིགས་དུས་ཀྱི་མེ་ལྟ་བུས་བསྐོར་བར་གྱུར། ༀ་མེ་དེ་ནཱི་བཛྲ་བྷ་ཝ་བཛྲ་བྷནྡྱ་ཧཱུཾ ༀ་བཛྲ་བྲཱ་ཀར་ཧཱུཾ་བཾ་ཧཱུཾ། ༀ་བཛྲ་པཉྪ་ར་ཧཱུཾ་བཾ་ཧཱུཾ་། ༀ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ༀ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། །ༀ་སུཾ་བྷ་ནི་སོགས་བཞི་བརྗོད་དེ། འགྲོ་བ་རྣམས་རྣམ་པ་ཐམས་ཅད་དུ་བགེགས་དང་བྲལ་བར་གྱུར་པར་བསམ་མོ། །རྒྱ་གཞུང་འགའ་ཞིག་དང་རྒྱལ་དབང་ལྔ་བའི་དར་འབྱུང་བཞི་དང་རྟེན་གྱི་དཀྱིལ་འཁོར་དང་དུར་ཁྲོད་རྣམས་བསྐྱེད་ཚུལ་ཤིན་ཏུ་བསྡུས་ཀྱང་། འདིར་འབྲིང་བོའི་དབང་དུ་བྱས་ཏེ་སྤྲུལ་སྐུའི་ལམ་ཁྱེར་ནེ། སྲུང་འཁོར་གྱི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་བོ་གྲུ་གསུམ་པ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་བོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་བོ་གྲུ་བཞི་བ་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་གྲུ་བཞི་བ་ལྕོགས་བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་བཾ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་བཾ་ལས་སྣ་ཚོགས་པདྨ་ཆུང་ངུའི་དབུས་སུ་མཚན་སོ་གཉིས་ཀྱི་ངོ་བོ་ཨ་ཨཱཿ ནས་ཨཾ་ཨཿསྟེ་དབྱངས་ཡིག་དཀར་བོ་བཅུ་དྲུག་པ་ཕྲག་གཅིག་གཡས་བསྐོར་དང་། སླར་ཡང་ཨ་ཨཱཿནས་ཨཾ་ཨཿསྟེ་དབྱངས་ཡིག་དཀར་པོ་ཕྲག་གཅིག་གཡོན་བསྐོར་དུ་རིམ་པ་གཅིག་གིས་འཁོད། དེའི་ཕྱི་རོལ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཀ་ཁ་ག་གྷ་ང་ནས་ཤ་ཥ་ས་ཧ་ཀྵ་སྟེ་གསལ་བྱེད་དམར་བོ་བཞི་བཅུ་བ་ཕྲག་གཅིག་གཡས་སྐོར་དང་། སླར་ཡང་ཀ་ཁ་ག་ང་གྷ་ནས་ཤ་ཥ་ས་ཧ་ཀྵ་སྟེ་གསལ་བྱེད་དམར་བོ་བཞི་བཅུ་བ་ཕྲག་གཅིག་གིས་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེ་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཅན་ལ་དབྱངས་གསལ་གཉིས་གཟུགས་བརྙན་བཞིན་དུ་ཤར་བའི་ཨཱ་ལི་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཀཱ་ལི་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། རང་སེམས་ནམ་མཁའི་ནཱ་དས་ཟླ་བ་དཀར་དམར་མཐོང་ནས་དེའི་དབུས་སུ་ཞུགས་པས། སླར་ཡང་ནཱ་ད་ནས་ཨཱུའི་བར་རིམ་པ་བཞིན་དུ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཆགས་པ་རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་དུ་རྫོགས་པར་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས། ཧཱུྃ་ཡིག་གི་ནཱ་ད་ལས་འོད་ཟེར་འཕྲོས་པའི་སྣེ་ལས་ཧེ་རུ་ཀའི་ཚོགས་དཔག་ཏུ་མེད་སྤྲོས་པས་འགྲོ་བ་རྣམས་ཧེ་རུ་ཀའི་གོ་འཕང་ལ་བཀོད། ཐོག་མ་ནས་གྲུབ་པའི་དཔའ་བོ་རྣལ་འབྱོར་མ་དང་ལྷན་ཅིག་སྤྱན་དྲངས། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་ནས་ཧཱུཾ་ཡིག་ལ་ཐིམ་པས་ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། ༀ་ཨཱཿཧཱུཾ། ༀ་སརྦ་བི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ༀ་བཛྲ་ཤུངྔྷཿསརྦ་དྷརྨཱཿབཛྲ་ཤུངྔྷོ྅ཧཾ། ཟླ་བ་དབྱངས་གསལ་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྟེན་གྱི་གཞལ་ཡས་ཁང་དེ་ཡང་གྲུ་བཞི་བ། སྒོ་བཞི་བ་ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པ། ནང་གི་ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སེར་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞི། ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལས་དཔྱངས་པའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་རྒྱལ་མཚན་དང་བ་དན་ལ་སོགས་པ་མཛེས་པར་བྱས་ཤིང་། སྟེང་གི་ཟུར་བཞིར་གདུགས་བཞིས་བརྒྱན་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་འཚམས་དང་འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་གསེར་ལ་སོགས་པའི་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་བོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བར་བར་དུ་གྲུབ་པ་ཐོབ་པ་དང་། སྤྲིིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། དེའི་ཕྱི་རོལ་ཏུ་རྡོ་རྗེའི་ར་བ་མེ་རི་དང་བཅས་པ། དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་ན་ཤིང་བརྒྱད། དེ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད་དང་ཞིང་སྐྱོང་བརྒྱད། ཆུ་བརྒྱད་དང་། དེར་གནས་པའི་ཀླུ་བརྒྱད། སྤྲིན་བརྒྱད། རི་བརྒྱད། མཆོད་རྟེན་བརྒྱད། མེ་བརྒྱད། གཞན་ཡང་ཀེང་རུས་གང་གསལ་ཤིང་ལ་བསྐྱོན་པ་དང་། ཁྭ་དང་འུག་པ་དང་བྱ་རྒོད་ལ་སོགས་པ་དང་། གནོད་སྦྱིན་དང་སྲིན་པོ་དང་གྲུབ་པ་ཐོབ་པ་ལ་སོགས་པ་མཚན་ཉིད་ཡོངས་སུ་རྫོགས་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཉི་མའི་གདན་ལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་བཞི་བའི་རྩ་ཞལ་ནག །གཡོན་ཞལ་ལྗང་། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་ར་རེ་ཡང་སྤྱན་གསུམ་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལ་ཐོད་པ་བསྐམ་པོ་ལྔ་ལྔས་བརྒྱན་ཅིང་། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཆང་བ། དཔྲལ་བར་རྡོ་རྗེ་རྩེ་ལྔ་བའི་འཕྲེང་བ་འཛིན་པ། ཞབས་གཡས་བརྐྱངས་བས་འཇིགས་བྱེད་ནག་པོ་ལག་པ་བཞི་བའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཌ་མ་རུ་དང་རལ་གྲི་འཛིན་པའི་མགོ་བོ་མནན་ཅིང་། གཡོན་བསྐུམས་བས་དུས་མཚན་མ་དམར་བོ་ལག་པ་བཞི་བའི་དང་པོ་གཉིས་ཐལ་མོ་སྦྱར་ཞིང་། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་ནུ་མ་མནན་པ། གདན་གཉིས་ཀའང་གདོང་གཅིག་པ་མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཕྱག་བཅུ་གཉིས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་། དེའི་འོག་མ་གཉིས་ཀྱིས་གླང་བོ་ཆེའི་ལྤགས་པ་རློན་པ་བསྡིགས་མཛུབ་དང་བཅས་པས་བརྐྱངས་ཏེ་འཛིན་པ། གཡས་གསུམ་པ་ན་ཌ་མ་རུ། བཞི་བ་ན་དགྲ་སྟ། ལྔ་བ་ན་གྲི་གུག །དྲུག་པ་ནམ་དུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ན་ཁ་ཊྭཱཾ་ག །བཞི་བ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་བ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་བ་བསྣམས་ཤིང་སྒེག་པ། དཔའ་བ། མི་སྡུག་པ་སོགས་ཉམས་དགུ་དང་ལྡན་པ། སྟག་གི་ལྤགས་པའི་གཤམ་ཐབ་ཅན། མི་མགོ་རློན་པ་ལྔ་བཅུས་ཕྲེང་བ་བྱས་པ། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུག་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །ཞལ་གཅིག །ཕྱག་གཉིས་སྤྱན་གསུམ་མ། གཅེར་མོ་སྐྲ་ཀྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་བག་ཅན། ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཐོད་པ་ན་བདུད་བཞི་ལ་སོགས་པའི་ཁྲག་གི་གང་བ་བསྣམས་པ། གཡས་པས་གདུག་པ་ཅན་ཀུན་ལ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླ་ཡི་སྟེང་ནས་ལེགས་པར་འཁྲིལ་བ། ཐུགས་རྗེའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་བསྐམ་པོ་ལྔའི་ཐོད་དང་། བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །ཡབ་ཀྱི་གསང་གནས་ཧཱུཾ་དཀར་བོ་ལས་རྡོ་རྗེ་དཀར་བོ་རྡོ་རྗེ་ལྔ་བ་བྱཱ་དམར་བོ་ལས་བྱུང་བའི་ནོར་བུ་དམར་བོ་བྱཱ་སེར་བོས་མཚན་པ། ཡུམ་གྱི་གསང་གནས་ཨཱཿདམར་བོ་ལས་པདྨ་དམར་བོ་འདབ་མ་གསུམ་པ་དྱཱ་དཀར་བོ་བྱུང་བའི་བྱང་ཆུབ་ཀྱི་སེམས་མཚོན་པའི་ལྟེ་བ་དཀར་བོ་དྱཱ་སེར་བོས་མཚན་པ། ཡབ་ཀྱི་ལྟེ་བར་ཟླ་གདན་ལ་ༀ་བཛྲ་བཻ་རོ་ཙ་ནཱ་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཐུགས་ཀར་ཟླ་གདན་ལ་ༀ་སརྦ་བུངྔྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། མགྲིན་པར་ཉི་གདན་ལ་ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ་ཌཱ་ཀི་ནི་ཛྭ་ལ་སཾ་བྷ་རཾ་སྭཱ་ཧཱ། དཔྲལ་བར་ཉི་གདན་ལ་ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཡུམ་གྱི་ལྟེ་བར་ཉི་གདན་ལ་ཤྲཱི་བཛྲ་སོགས་དང་། ཐུགས་ཀར་ཉི་གདན་ལ་ཧྲཱིཿཧ་སོགས་དང་། མགྲིན་པར་ཟླ་གདན་ལ་ༀ་བཛྲ་བཻ་རོ་སོགས་དང་། དཔྲལ་བར་ཟླ་གདན་ལ་ༀ་སརྦ་བུངྔྷ་སོགས་སྔར་བཞིན་ནོ། །སྔགས་རྣམས་ཁ་དོག་དམར་བོ། གཡོན་སྐོར་དུ་ཕན་ཚུན་ཞལ་སྦྱོར་བར་གྱུར། ༀ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་སྤྱི་བོ་ནས་ཞུ་བ་མགྲིན་པར་སླེབ་པ་ན་དགའ་བ། སྙིང་ཁར་སླེབས་པ་ན་མཆོག་དགའ། ལྟེ་བར་སླེབས་པ་ན་ཁྱད་དགའ། ནོར་བུའི་རྩེར་སླེབས་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྐྱེས། བདེ་བས་སྟོང་བ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་ནས། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་སྟེ་ཡབ་ཡུམ་གཉིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟར་འོད་ཀྱི་རང་བཞིན་ཅན་དུ་གྱུར། གོ་ཆ་ནི། རང་གི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་བོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་བོ། སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་བོ། ཕྲག་པ་གཉིས་སུ་ཉི་མ་ལ་ཧེ་རུ་ཀའི་ངོ་བོ་ཥ་ཊ་ཧེ་ནག་པོ། མིག་གཉིས་སུ་ཉི་མ་ལ་རྡོ་རྗེ་ཉི་མའི་ངོ་བཾ་ཧཱུྃ་ཧཱུྃ་ཧོ་དམར་སེར། དཔྲལ་བར་ཉི་མ་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་ཁུ། ཡུམ་གྱི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཉི་མའི་ངོ་བོ་ༀ་བཾ་དམར་བོ། སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡཾ་སྔོན་པོ། མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མཾ་དཀར་བོ། མགོ་བོར་ཉི་མ་ལ་སྐྱོད་བྱེད་མའི་ངོ་བོ་ཧྲིཾ་ཧྲེཾ་སེར་བོ། སྤྱི་གཙུག་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་ཁུ། དཔྲལ་བར་ཉི་མ་ལ་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁས་མཚན་པ། སྤྱིར་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། དེ་ནས་འབར་བའི་ཕྱག་རྒྱ་དང་བཅས་ཏེ། ཕེཾ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་བདེ་མཆོག་གི་ཡེ་ཤེས་པའི་འཁོར་ལོ་དང་དབང་གི་ལྷ་རྣམས་ༀ་བཛྲ་ས་མཱ་ཛཿཧཱུྃ་ༀ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ༀ་ཨཱཿཧཱུྃ་སརྦ་བི་ར་ཡོ་གི་ནི་ཀ་ཡ་ཝ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ༀ་ཡོ་ག་ཤུངྔྷཿསརྦ་དྷརྨཱཿཡོ་ག་ཤུངྔྷོ྅ཧཾ། དེ་ནས་དབང་ལྷ་ལ། ༀ་ཨརྒྷཾ་ནས་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་དང་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་སརྦ་ཏ་ཐཱ་ག་ཏ་ནས་ཤྲཱི་ཡེ་ཧཱུྃ་ཞེས་དབང་བསྐུར་ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས། ཡབ་ལ་རྡོར་སེམས་དང་ཡུམ་ལ་རྣམ་སྣང་གི་དབུ་བརྒྱན་པར་གྱུར། དེ་ནས་ནང་མཆོད་ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་མམ་འོག་ནས་འབྱུང་བ་ལྟར་དང་། ཆུ་གསུམ་དང་བཅས་པའི་མཆོད་པ་བྱིན་བརླབ་བྱ་བ་ནི། ཁཎྜ་རོ་ཧས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། །ཞབས་བསིལ། ཞལ་བསིལ་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་བོ་དྲུག་གི་སྤྱོད་ཡུལ་དུ་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཤྲཱིཿཧེ་རུ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ནས། ཤཔྟའི་བར་དང་། སྔར་ལྟར་རིག་མ་དྲུག་གམ། བཅུ་དྲུག་གིས་ཀྱང་མཆོད་དུ་རུང་། ནང་མཆོད་ནི། མཆོད་དོ། སྐུ་བཞིའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿཧཱུྃ། རྒྱལ་བ་རྡོ་རྗེ་འཆང་གི༴ རྗེ་བཙུན་རྣལ་འབྱོར་མའི༴ གྲུབ་ཆེན་ལཱུ་དྲིལ་ནག་གསུམ་གྱི༴ ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི༴ མཁས་གྲུབ་ངག་དབང་བརྩོན་འགྲུས་ཀྱི༴ རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོའི༴ བདེ་མཆོག་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི༴ གཞན་ཡང་དབང་བསྐུར་ཞེས་སོགས་ཀྱི་འཇུག་ཏུ་ༀ་ཨཱཿཧཱུྃ། ༀ་ཧྲཱིཿཧ་སོགས་དང་། བཛྲ་བཻ་རོ་ཙ་ནའི་མཐར་ༀ་ཨཱཿཧཱུྃ་སྦྱར་བ་དང་། རྒྱུད་སྡེ་བཞིའི་ལྷ་ཚོགས་དང་ཆོས་སྐྱོང་སྲུང་མའི་ཚོགས་དང་དཔའ་བོ་མཁའ་འགྲོ་ཡུལ་ལྷ་གཞི་བདག་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ༀ་ཨཱཿམྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། མགྲོན་རྣམས་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར། དེ་ནས། ༀ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧཱུྃ་ཧཱུྃ་ཕཊ་སོགས་ཡབ་དང་། ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། ཧཱུྃ་ཧཱུྃ་ཕཊ་སོགས་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད་ཅིང་། བསྡུ་ན། རབ་མཛེས་ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །བྱི་རུའི་འཁྲི་ཤིང་མཆོག་གིས་འཁྱུད་པ་བཞིན། །ཟག་མེད་ལྷན་སྐྱེས་བདེ་ལ་རྟག་རོལ་བ། །ཧེ་རུ་ཀ་དཔལ་ཡབ་ཡུམ་ཞབས་ལ་འདུད། །ཞེས་བསྟོད། དེ་ནས་ཕྲེང་བ་བསངས་སྦྱངས། སྟོང་བའི་ངང་ལས་ཕྲེང་བ་སྐད་ཅིག་གིས་པདྨ་གར་གྱི་དབང་ཕྱུག་ཏུ་གྱུར་པ་འོད་དུ་ཞུ་བ་ལས་བགྲང་འཕྲེང་གི་རྣམ་པར་གྱུར་པ་འམ། ཡང་ན་གཞུང་ལྟར་བསྐྱེད་ནས། རང་གི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་ལྷའི་ཚོགས་སྤྲོས། འགྲོ་བའི་དོན་བྱས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམ་ལ། ཡབ་ཡུམ་གཉིས་ཀྱི་སྙིང་བོ་ཉེ་སྙིང་ཅི་འགྲུབ་བཟླའོ། །རྒྱ་གཞུང་ཕལ་ཆེར་དང་བོད་ཀྱི་ཆོ་ག་འགའ་ཞིག་ལས་ཡབ་ཡུམ་གྱི་རྩ་སྔགས་བཟླ་བར་མ་བཤད་པས་དེ་གཉིས་མ་བཟླས་ན་ཆད་ལྷག་ཏུ་མི་འགྱུར་ཡང་། བཟླས་ཀྱང་ཕུན་སུམ་ཚོགས་པ་ལས་མི་རུང་བ་མི་སྣང་ངོ་། །མཐར་ཧེ་རུ་ཀའི་ཡིག་བརྒྱ་བརྗོད་དེ། ཉེར་བསྡུ་བྱ་བ་ལས་སླར་མཆོད་པའི་ཚུལ་མི་འབྱུང་ངོ་། །ཉེར་བསྡུ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ལ་ཕོག་པས། དེ་རྣམས་འོད་ཀྱི་སྣང་བར་བྱས། དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། དེ་རང་ཡབ་ཡུམ་ལ་ཐིམ། ཡུམ་རང་དང་རང་སྟོད་སྨད་ནས་རིམ་གྱིས་ཞུ་སྟེ་སྙིང་ཁའི་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ནས་ནཱ་དའི་བར་རིམ་གྱིས་ཐིམ་ཞིང་། ནཱ་ད་ཡང་མི་དམིགས་པར་གྱུར། སྟོང་བའི་ངང་ལས་རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་སྐུར་བཞེངས་བའི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་བོ་ཞེས་སོགས་སམ། བསྡུ་ན། སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། གཏོར་མ་བྱིན་བརླབ་དང་། འབུལ་ཚུལ་རྒྱས་པ་ནི་ལྷ་མང་ཉུང་གི་ཁྱད་པར་མ་གཏོགས་ལྷ་ལྔ་མ་ལྟར་ཡིན་ལ། བསྡུ་ན། བྱིན་རླབས་གོང་ལྟར་རམ། གཏོར་མ་བསངས་སྦྱངས། སྟོང་བའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་བོ། དེའི་སྟེང་དུ་ༀ་ཨཱཿཧཱུྃ་ལས་མི་མགོའི་སྐྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་ཐོད་པ་ཕྱི་དཀར་ནང་དམར་བའི་ནང་གི་ཤར་ལ་སོགས་པའི་ཕྱོགས་བཞིར་གཡོན་སྐོར་དང་དབུས་སུ་ༀ་ཁཾ་ཨཾ་ཏྲི་ཧཱུྃ་ལས་རིམ་པ་བཞིན་དུ་དྲི་ཆེན་ཤ་ཆེན་བྱང་སེམས་རཀྟ་དྲི་ཆུ་རྣམས་ཡི་གེ་དེ་རྣམས་ཀྱིས་མཚན་པ། མེ་ལ་སོགས་པའི་མཚམས་བཞིར་གཡས་སྐོར་དུ་ལཾ་མཾ་བཾ་ཏཾ་ལས་རིམ་པ་བཞིན་དུ་བ་ལང་ཁྱི་གླང་ཆེན་རྟའི་ཤ་རྣམས་ཡི་གེ་དེ་རྣམས་ཀྱི་མཚན་པ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། །རླུང་གཡོས་མེ་འབར་བའི་དྲོད་ཀྱི་རྫས་ཡི་གེ་དང་བཅས་པ་ཞུ་ནས་བདུད་རྩི་དམར་སེར་དུ་གྱུར། དེའི་སྟེང་དུ་ཧཱུྃ་ལས་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་བལྟ་བ་ཐོད་པར་ལྷུང་སྟེ་ཞུ་བས་བཅུ ད་དེ་དག་དངུལ་ཆུའི་མདོག་ཅན་དུ་གྱུར། དེ་རྣམས་ཀྱི་སྟེང་དུ་དབྱངས་གསལ་གྱི་ཡི་གེ་དེ་རྣམས་ཡོངས་སུ་གྱུར་པ་ལས་ༀ་ཨཱཿཧཱུྃ། དེ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་ནས་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་བདུད་བརྩི་དང་། རྒྱ་མཚོ་ཆེན་པོ་ན་གནས་པའི་བདུད་རྩི་རྣམས་བཀུག་སྟེ་ཡི་གེ་གསུམ་ལ་ཐིམ་ཞིང་། དེ་གསུམ་ཡང་ཞུ་ནས་བདུད་རྩིར་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ཕེཾཿ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་སོགས་འཁོར་དང་བཅས་པའི་དཀྱིལ་འཁོར་སྤྱན་དྲངས། ༀ་ཨརྒྷཾ་ཨཱཿཧཱུྃ། ནས་ཤཔྟའི་བར་གྱིས་མཆོད་དེ། བཅོམ་ལྡན་འདས་ཡབ་ཡུམ་གྱི་ལྗགས་ཧཱུྃ་དཀར་བོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་བོ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་ཨ་ར་ལི་ཧོཿབཛྲ་ཌཱ་ཀི་ཌྱ་ས་མ་ཡ་སྟྭཾ་ཏྲི་ཤྱ་ཧོཿཞེས་པ་ལན་གཉིས་ཀྱིས་གཙོ་བོ་ཡབ་ཡུམ་ལ་ཕུལ་ནས། ནང་མཆོད་སོགས་སྔར་བཞིན་མཆོད། དེ་ནས་ཡབ་ཀྱི་རྐང་བ་བརྒྱད་ཀྱིས་བསྟོད་པ་འམ། སྔར་བཞིན་སྟོང་ཅིང་། སྲིད་པ་དང་མཉམ་ཞེས་སོགས་ཀྱིས་འདོད་དོན་ལ་གསོལ་བ་གདབ་པོ། དེ་ནས་ཕྱོགས་སྐྱོངས་སོགས་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཞེས་སོགས་སྔར་ལྟར་བྱིན་གྱིས་བརླབས་ལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སོགས་ལན་གཉིས་ཀྱིས་ཕུལ་ནས། ནང་མཆོད་སོགས་ཕུལ་ཏེ། བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཞེས་སོགས་ཀྱིས་འཕྲིན་ལས་ཞིང་། མཐར་ཡིག་བརྒྱ་བཟླས་ནས། མ་རྙེད་སོགས་ཀྱིས་བཟོད་གསོལ་བྱས་ལ། བཛྲ་མུཿ འཇིག་རྟེན་པ་རང་གནས་སུ་གཤེགས་ཤིང་། ཡེ་ཤེས་པ་བདག་ཉིད་ལ་ཐིམ་པར་གྱུར། ༀ་ཡོ་ག་ཤུངྔྷཿནས་ཤུངྔྷོཿཧཾ། དེ་ནས་སྲིད་པ་གསུམ་འབར་སོགས་དང་། ལྷ་མོ་མཚན་མ་སོགས་དང་། དགེ་བ་འདི་ཡིས་སོགས་ཀྱིས་སྨོན་ལམ་དང་། ཤིས་བརྗོད་ཀྱིས་བརྒྱན་པར་བྱའོ། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དད་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་བ་ནི། ལམ་འདི་ལ་དད་པ་ཐོབ་པའི་གནས་བརྟན་གྲགས་པ་དཔལ་འབྱོར་ཏེ། དགེ་བས་ཚེ་རབས་ཀུན་ཏུ་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱིས་འབྲལ་བ་མེད་པར་རྗེས་སུ་བཟུང་སྟེ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །མདྒལཾ།། །།


previousབདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྒྲུབ་ཐབས་དངོས་གྲུབ་ཀྱི་གཏེར་ཆེན།next