Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་པ་དང་བཅས་པ་ནས་འབྱུང་བའི་སྔགས་ཀྱི་དོན་རྣམ་པར་བཤད་པའི་ཟུར་བཀོལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་པ་དང་བཅས་པ་ནས་འབྱུང་བའི་སྔགས་ཀྱི་དོན་རྣམ་པར་བཤད་པའི་ཟུར་བཀོལ།next

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་པ་དང་བཅས་པ་ནས་འབྱུང་བའི་སྔགས་ཀྱི་དོན་རྣམ་པར་བཤད་པའི་ཟུར་བཀོལ།

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་པ་དང་བཅས་པ་ནས་འབྱུང་བའི་སྔགས་ཀྱི་དོན་རྣམ་པར་བཤད་པའི་ཟུར་བཀོལ་བཞུགས།

བླ་མ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །གང་གི་ཞབས་པད་གུས་པས་བསྟེན་ཙམ་གྱིས། །སྡིག་སྒྲིབ་ངན་འགྲོའི་མུན་ཚོགས་ཀུན་བཅོམ་སྟེ། །ཕན་དང་བདེ་བའི་ལྷ་ལམ་གསལ་མཛད་པ། །ཐུབ་དབང་པདྨོའི་གཉེན་དེར་གུས་ཕྱག་འཚལ། །འདིར་བློ་བཟང་རྒྱལ་བ་གཉིས་པའི་སྲས་ཀྱི་ཐུ་བོ་ཆེན་པོ་རིག་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་གནད་བསྡུས་པའི་ཆོ་ག་རྒྱུད་དོན་ཀུན་གསལ་དང་། དེའི་རང་འགྲེལ་ཊྭཱིཀ་ཆེན་དུ་གྲགས་པ་ལེགས་པར་བཤད་པ་ཐམས་ཅད་ཀྱི་སྙིང་བོ་གཉིས་ལས་ཇི་ལྟར་འབྱུང་བའི་སྔགས་དོན་རྣམས་ཟུར་དུ་བཀོལ་ཏེ་བརྗོད་པར་བྱའོ། །དེ་ཡང་འདོན་ཆ་དང་མཐུན་པར་རིམ་པར་བཤད་པར་བྱ་སྟེ། ཐོག་མར་ཊཀྐི་ཧཱུྃ་ཛཿཊ ཀྐི་ཛཿཧོཿཞེས་པའི་དོན་ནི། ཊཱིཀྐར་མི་གསལ་ཡང་། གཞན་ནས། ཊཀྐི་ནི་འདོད་པའོ། །དེ་ཡང་འདོད་པའི་ལྷ་ལ་བདེ་བའི་དོན་དམ་དེ་དྲན་པའི་ཆེད་ཡིན་ལ། ཧཱུྃ་ནི་ལྷའི་ཐུགས་ཀྱི་ས་བོན་དང་ཛཿལྷ་འགུགས་པ་དང་ཧོཿདབང་དུ་བྱ་བ་དང་མཉེས་པར་བྱེད་པའི་དོན་དུ་བཤད་པ་ལྟར་རོ། །སྔགས་དོན་གོང་འོག་རྣམས་འཐོར་འཁྲུགས་སུ་ཡོད་པར་མ་ཟད། འགའ་ཞིག་ཅུང་ཟད་ཁ་བསྐང་ནས་འཆད་དགོས་པར་སྣང་ལ། སྔོན་འགྲོའི་མཆོད་པ་བྱིན་བརླབས་གཞུང་དུ་མི་འབྱུང་ཞིང་གཏོར་མ་བྱིན་བརླབས་ཀྱི་ཚེ། ༀ་བཛྲ་ཡཀྵ་ཧཱུྃ་ཞེས་པས་མཚོན་ཏེ་ༀ་ཞེས་པའི་དོན་ནི། རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཞེས་གསུངས་པ་ལྟར་བཀྲ་ཤིས་པར་བྱེད་པ་སོགས་དོན་བདུན་གྱི་ཆེད་དང་། སྔགས་ཀྱི་འགོ་འདྲེན་པ འི་དགོས་པ་སྒྲུབ་པའོ། །དེ་ལྟ་བུས་མཚོན་སྔར་བཤད་ཟིན་པ་འགའ་ཞིག་འོག་ཏུ་མི་འཆད་བས་གཞན་ལ་ཡང་ཤེས་པར་བྱའོ། །བཛྲ་ནི་རྡོ་རྗེ་དང་། ཡཀྵ་གནོད་སྦྱིན་ནོ། །ཧཱུྃ་ནི། རྩེ་མོར། ཧཱུྃ་ནི་ཅི་ཞིག་ཡིན་པར་བརྗོད། སྡུག་བསྔལ་འཆོམས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། གདུག་པ་སྔངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་གསུངས་པ་ལྟར་སྡུག་བསྔལ་འཇོམས་པར་བྱེད་པ་སོགས་ཀྱི་དོན་ནོ། །ཡང་ཧཱུྃ་ནི་སྔར་ལྟར་དང་། བཛྲ་རྡོ་རྗེ། ཨ་ན་ལ་མེ། ཧ་ན་བསྣུན། ད་ཧ་སྲེག །པ་ཙ་ཚོས། མ་ཐ་ཐུལ། བྷཉྫ་ཆོམས། ར་ཎ་སྒྲོལ་ཤིག་ཅེས་པ་དང་། ཧཱུྃ་ནི་དེ ར་བསྐུལ་བའི་དོན་ཏེ་སྔར་བཞིན་ནོ། །ཕཊ། རྩེ་མོར། ཕཊ་ཅེས་བྱ་བ་ལྟུང་བའི་དགྲ་ཞེས་སོགས་གསུངས་པ་ལྟར། གདུག་པ་འཇོམས་ཤིང་ངན་འགྲོར་ལྟུང་བ་འགོག་པར་བྱེད་པའོ། །སྭ་བྷཱ་ཝ་སོགས་ཀྱི་དོན་ལ། སྭ་བྷཱ་ཝ་ནི་རང་བཞིན། ཤུདྷཿདག་པ། སརྦ་ཐམས་ཅད། དྷརྨཱཿཆོས། ཡང་སྭ་བྷཱ་ཝ་རང་བཞིན། ཤུདྷ་དག་པ། ཨ་ཧཾཿནི་བདག་ཞེས་པ་སྟེ་མཚམས་སྦྱར་བས་ཤུ་དྷོ྅ཧཾ་ཞེས་པར་འགྱུར་རོ། །དོན་བསྡུ་ན་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངའོ་ཞེས་པ་སྟེ། ཤུད་དྷ་སྔ་མ་ནི་གཟུང་བའི་ཆོས་རང་བཞིན་གྱིས་མེད་པ་དང་། ཕྱི་མ་འཛིན་པའི་ཆོས་རང་བཞིན་གྱིས་མེད་པའི་དོན་ཏེ། འདི་འདྲ་བ་གཞན་ལ་ཡང་སྦྱར་བར་བྱའོ། །ཨ་ཀཱ་རོ་སོགས་ལ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་སྟེ། ཨ་ཀཱ་རོ་ནི་ཨ་ཞེས་བྱ་བ། མུ་ཁཾ་ནི་སྒོ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ལྷག་མ་ནི་མ་སྐྱེས་པའི་ཕྱིར་ཞེས་པའོ། །དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་ཅིང་ཐ་སྙད་དུ་ཡོད་ཙམ་གྱི་དོན་ནོ། །ཡི་གེ་གསུམ་དང་སྤེལ་བ་ནི་བྱིན་གྱིས་བརླབ་པར་བྱ་བའི་ཆེད་དང་། སྭཱ་ཧཱ་ནི་གཞི་ཚུགས་ཞེས་པ་སྟེ་གཞན་ལ་ཡང་དེ་ལྟར་རོ། །ཨེ་ཧྱེ་ཧི་ནི་ཚུར་བྱོན་ཤིག་གཉིས་དང་། ད་ཤ་དིཀ་ནི་ཕྱོགས་བཅུ། ལོ་ཀ་པཱ་ལ་ནི་འཇིག་རྟེན་སྐྱོང་བ། ས་པ་རི་ཝཱ་ར་ནི་འཁོར་དང་བཅས་པ། ས་མ་ཡ་ནི་དམ་ཚིག་ཅན་སྭཱ་ཧཱ་སྔར་བཞིན་ནོ། །མཆོད་འབུལ་གྱི་ད་ཤ་སོགས་ནི། གཞན་སྔར་བཞིན་ལ། པྲ་ཝ་ར་ནི་མཆོག་ཏུ། སད་ཀ་རཾ་ནི་བསྙེན་བཀུར་བ། ཨརྒྷཾ་ནི་མཆོད་ཡོན་དང་། དེ་བཞིན་དུ། པཱཏྱཾ་ཞབས་བསིལ། པུཥྤེ་མེ་ཏོག །དྷུ་པཾ་བདུག་སྤོས། ཨ་ལོ་ཀེ་འམ་དཱི་པེ་སྣང་གསལ་ལམ་མར་མེ། གནྡྷེ་དྲི། ནཻ་ཝེ་ཏྱེ་ཞལ་ཟས། ཤཔྟ་ནི་རོལ་མོའོ། །གཏོར་འབུལ་གྱི་ད་ཤ་སོགས་གོང་ལྟར་དང་། ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱེ་ནི་ཕྱག་འཚལ་ལོ་དེ་བཞིན་གཤེགས་པ་ཐམས་ཅད་ལ། བི་ཤྭ་མུ་ཁེ་བྷྱཿ་ནི་སྒོ་སྣ་ཚོགས་ནས་སོ། །སརྦྦ་ཏཏ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ནི། རྣམ་པ་ཐམས་ཅད་དུ་ནམ་མཁར་འཕགས་ཤིང་ཁྱབ་པ། ཨི་མཾ་ག་ག་ན་ཁཾ་ནི། འདི་ནམ་མཁའི་དབྱིངས་སུ། གྲྀཧྣ་དམྦ་ལིཾ་ཏ་ནི། གཏོར་མ་འདི་གཟུང་ཤིག་ཅེས་པའོ། །ༀ་སརྦྦ་སཾ་ཤོ དྷ་ནི། ཐམས་ཅད་ཡོངས་སུ་སྦྱོངས་ཤིག་ཅེས་པ་སྟེ། དེ་ཡང་མི་གཙང་བའི་དྲི་མ་ཐམས་ཅད་སྦྱོང་བའི་དོན་ནོ། །དེ་ནས་ཚོགས་ཞིང་མཆོད་པ་བྱིན་བརླབས་ཀྱི་ཚེ་བསངས་སྦྱངས་སྔར་བཞིན་ལ། ༀ་ཨརྒྷཾ་ཨཱཿཧཱུྃ་སོགས་ཡིག་འབྲུ་གསུམ་དང་སྤེལ་བའི་ཨརྒྷཾ་སོགས་ཀྱི་དོན་སྔར་བཤད་ཟིན་ལ། ཡིག་འབྲུ་གསུམ་དང་སྤེལ་བ་ནི་གཏོར་མ་བྱིན་བརླབས་ཀྱི་སྐབས་ལྟར་བྱིན་གྱིས་བརླབས་པའི་དོན་དང་། དེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་དང་བྱིན་གྱིས་རློབ་བྱེད་ཡིན་པས་གཞན་ལ་ཡང་དེ་ལྟར་རོ། །ༀ་སྭ་བྷཱ་ཝ་སོགས་སྔགས་ཀྱི་དོན་སྔར་བཤད་ཟིན་ལ། ༀ་བཛྲ་ཛི་ཧོ་ནི་རྡོ་རྗེའི་ལྕེའམ་ལྗགས་ཞེས་པའོ། །ༀ་སརྦ་བིད་ༀ་སོགས་གསུམ་གྱི། ༀ་ཨཱཿཧཱུྃ་གསུམ་སྔར་བཞིན་དང་། སརྦ་བི ད་ནི་ཀུན་རིག་གམ་ཐམས་ཅད་རིག་པ་ཞེས་སོ། །བུདྷ་ཨ་བྷི་ཥིཉྩ་སོགས་ལ། བུདྡྷ་ནི་སངས་རྒྱས། བཛྲ་རྡོ་རྗེ། རཏྣ་རིན་ཆེན། པདྨ་པད་མ་རང་། ཀརྨཱཿནི་ལས་སམ་འཕྲིན་ལས། ཨ་བྷི་ཥིཉྩ་ནི་མངོན་པར་དབང་བསྐུར་བ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿནི་རིགས་ལྔའི་ས་བོན་ནོ། །ༀ་ཊུཾ་ནི་གོ་ཆའི་ས་བོན་དང་། བཛྲ་ཏུ་ཥྱེ་ཧོཿནི་རྡོ་རྗེ་མཉེས་པར་བྱེད་པའི་དོན་ནོ། །ཁྲོ་བོ་སྤྱན་འདྲེན་གྱི། བཛྲ་མ་ཧཱ་སོགས་ལ། མ་ཧཱ་ནི་ཆེན་པོ། ཀྲོ་དྷ་རཱ་ཛཱ་ནི་ཁྲོ་བོའི་རྒྱལ་བོ། །ས་པཱ་རི་ཝ་ར་བཛྲ་ས་མ་ཛཿནི་འཁོར་དང་བཅས་པའི་རྡོ་རྗེ་འདུས་པའམ་བསྡུ་བ་སྟེ། མཆོད་པའི་སྔགས་དོན་སྔར་བཤད་པ་དེས་ཤེས་པར་བྱའོ། །ༀ་བཛྲ་ཛྭཱ་ལ་སོགས་ཀྱི། ༀ་ནི་སྔར་བཞིན་ལ། ཛྭཱ་ལ་ནི་འབར་བ། ཨ་ན་ལ་ནི་མེ། ལརྐཱ་ནི་ཉི་མ། ཧཱུྃ་ནི་གསལ་བར་བྱེད་པ་སྟེ་སྔར་ལྟར་རོ། །བཛྲ་ཨ་ན་སོགས་ནི་བཤད་ཟིན་ལ། བཛྲ་ནཻ་ཏྲི་ནི་རྡོ་རྗེ་སྤྱན་མ། བྷནྡྷ་ནི་འཆིང་། སརྦ་བི གྷཱ་ནན་ནི་བགེགས་ཐམས་ཅད་དོ། །བཛྲ་ཌི་ཌྷོ་ནི་རྡོ་རྗེ་བརྟན་པ། མེ་བྷ་བ་ནི་བདག་ལ་མཛོད་ཅིག །རཀྵ་སརྦཱཾ་ནི་ཐམས་ཅད་སྲུངས་ཤིག་གོ །ཧུ་ལུ་ཧུ་ལུ་ནི་ཤནྟི་པས་ཀྱེ་མའོ་ཞེས་བཤད། རྒྱུད་ཕྱི་མའི་འགྲེལ་བར་ཞུགས་ཤིག་ཞུགས་ཤིག་པར་བཤད་དོ། །ཡཀྵ་ནི་གནོད་སྦྱིན་དང་། ཏྲུཾ་ནི་ས་བོན། བྷནྡྷ་ཧཾ་ནི་འཆིང་དང་སྲུང་བའོ། །བཛྲ་པཱ་ཤ་ནི་རྡོ་རྗེ་ཞགས་པ། པ་ཏ་ཀེ་ནི་བ་དན། པ་ཏཾ་ཀི་ནི་བ་དན་ཅན། ནི་ར་ཊྚའི་ནི་ཞེས་པ་ངེས་པར། ར་ཊ་ནི་ཆོད་ཅིག་པའོ། །ཧྲཱིཿནི་ས་བོན་དང་། ཀཱ་ལི་ནི་དུས་ཅན། རུ་ཊ་ནི་འཇིག་པར་གྱིས། མ་ཊ་ནི་རློགས་ཤིག །ཤི་ཁར་ནི། རྩེ་མོ་ཞེས་ལྷ་ལ་བོད་པ་དང་། རུ་ཊ་མ་ཊ་ནི་སྔར་བཞིན་ནོ། །ཀརྨཱ་ནི་ལས་དང་། དེ་ཡང་རྡོ་རྗེ་ལས་ཞེ ས་བོད་པའོ། །བཛྲ་བནྡྷ་ནི་རྡོ་རྗེ་འཆིང་བ་སྟེ་རྡོ་རྗེ་བསྡམས་པ་ཞེས་བོས་ནས། བཾ་ནི་འཆིངས་ཤིག་པའོ། །ཚོགས་ཞིང་གི སརྦ་བིད་མཎྜ་ལ་བཛྲ་ཙཀྲ་ནི་ཐམས་ཅད་རིགས་པའི་རྡོ་རྗེ་དཀྱིལ་འཁོར་ཞེས་པའི་དོན་ནོ། །མཆོད་པའི། ༀ་སརྦ་ཏ་ཐཱ་ག་ཏ་ནས་སྭཱཧཱའི་བར་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་རབ་དང་མཆོག་ཏུ་བསྙེན་བཀུར་བའི་མཆོད་ཡོན་སོ་སོར་བཞེས་པའི་གཞི་ཚུགས་ཞེས་སྔགས་ཀྱི་དོན་ནི་ཕྲ་རབ། ཝ་ར་མཆོག་ཏུ། སད་ཀ་རཾ་བསྙེན་བཀུར་བ་སྟེ་གཞན་ནི་སླའོ། །ཡང་པཱུ་ཛ་ནི་མཆོད་པ་མེ་གྷ་ནི་སྤྲིན། ས་མུ་དྲ་ནི་རྒྱ་མཚོ་སྥ་ར་ཎ་ནི་འཕྲོ་བ། ས་མ་ཡེ་ནི་དམ་ཚིག་དང་ལྡན་པའོ། །དབྱངས་ཡིག་ནི་ཡི་གེ་རེ་རེ་བ་ཡིན་པས་སྐབས་འདིར་མཚོན་དོན་སྦྱོར་ལུགས་ཡོད་ཀྱང་སྒྲ་དོན་དངོས་བཤད་པ་མེད་ལ། དེ་ནས་ཨ་ནྱོ་ནྱ་ནི་ཕན་ཚུན། ཨ་ནུ་རྗེས་སུ། ག་ཏཱ་སོང་བ། སརྦ་དྷ་རྨཱཿནི་ཆོས་ཐམས་ཅད་དོ། །པ་ར་སྤ་ར་ནི་ཤིན་ཏུ་མཆོག་ཏུ། ཨ་ནུ་པྲ་བིཥྚཱཿནི་རྗེས་སུ་རབ་ཏུ་ཞུགས་པ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། བཛྲ་ཨཉྫ་ལི་ནི་རྡོ་རྗེ་ཐལ་མོ་བསྡུས་པའོ། །ཡང་ཨ་ཏྱནྟ་ནི་དང་པོར། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿནི། རྗེས་སུ་རབ་ཏུ་གནས་པའི་ཆོས་ཐམས་ཅད་དོ། །ཡང་ན་ཨ་ཏནྟ་ནི་མཐའ་བྲལ་དུ་བཤད་པ་བཞིན་ནོ། །བཛྲ་བནྡྷ་ཏྲཌ་ནི་རྡོ་རྗེ་འཆིང་བ་གྲོལ་ཅིག་ཅེས་སོ། །སྔགས་དེ་དག་གི་ངེས་དོན་ནི། །ཨ་ནྱོ་ནྱ་སོགས་དང་། ཨ་ཏྱ ནྟ་སོགས་ནི། ཆོས་ཐམས་ཅད་རང་བཞིན་གྱི་སྟོང་བ་ལ་ཁྱད་པར་མེད་པས། རང་བཞིན་གྱིས་སྟོང་བ་དེ་གཅིག་གིས་གཅིག་ལ་ཁྱབ་ཅིང་ངོ་བོ་དབྱེར་མེད་པའི་དོན་ཏེ། བདེན་གཉིས་གཞི་གཅིག་གི་སྟེང་དུ་འདུ་བའོ། །བཛྲ་བནྡྷ་ཏྲཊ་ཀྱིས། བཛྲ་ནི་རང་བཞིན་གྱིས་མེད་པའི་སྟོང་བ་ཉིད་དང་དེ་རྟོགས་པའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མེད་སྟེ་ཡེ་ཤེས་དེས། བནྡྷས་མཚོན་པའི་ཁམས་གསུམ་གྱི་ཉོན་མོངས་པའི་འཆིང་བ་ཐམས་ཅད། ཏྲཊ་ནི་དྲལ་བར་བྱེད་པ་སྟེ་རྡོ་རྗེ་བསྡམས་པ་བཅིངས་འགྲོལ་གྱི་དོན་མཚོན་པའོ། བཛྲ་ཨཱ་བེ་ཤ་ནི་རྡོ་རྗེ་འབེབས་པ། ཏིཥྛ་ནི་གནས་པ། བཛྲ་ཌི་ཌྷོ་ནི་རྡོ་རྗེ་བརྟན་པ་མེ་བྷ་ཝ་ནི་བདག་ལ་མཛོད་དེ། བསྡུ་ན། རྡོ་རྗེ་འབེབ་པ་ཞེས་བོས་ནས། བདག་ལ་རྡོ་རྗེ་བརྟན་པར་གནས་པར་མཛོད་ཅིག་ཅེས་པའོ། །ཤཱ་ཤྭ་ཏོ་མེ་བྷ་ཝ་ནི། རྟག་པར་བདག་ལ་མཛོད་ཅིག །ཧྲཱི་ད་ཡི་མེ་ནི་བདག་གི་སྙིང་དམ་སེམས་ལ། ཨདྷི་ཏིཥྛ་ནི་ལྷག་པར་གནས་པ། སརྦ་སིད་དྷི་ནི་དངོས་གྲུབ་ཐམས་ཅད། མེ་པྲ་ཡཙྪ་ནི་བདག་ལ་རབ་ཏུ་སྩོལ་ཅིག་ཅེས་པ་སྟེ་ཕྱི་མ་བསྡུ་ན་བདག་གི་སྙིང་ལ་ལྷག་པར་གནས་པ་དང་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་ཅིག་ཅེས་པའོ། །ཧཱུྃ་ནི་ས་བོན་དང་། ཧ་བཞི་ནི་ཡེ་ཤེས་བཞི། །ཧོཿནི་མཉེས་ཤིང་དབང་དུ་བྱེད་པའི་དོན་ནོ། །བཛྲ་མུ་ཥྚི་ནི། རྡོ་རྗེའི་ཁུ་ཚུར་ཞེས་པ་ཡིན་ལ། དེའི་ངེས་དོན་ནི། །ཡེ་ཤེས་ཕབ་པའི་སྟེང་དུ་ལྷའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གཅིག་ཏུ་སྒྲུབ་པའི་དོན་དུ་ཊིཀྐར་བཤད་དོ། །དེ་ནས་ༀ་ཤཱུནྱ་ཏ་སོགས་ལ། ༀ་ནི་སྔར་བཞིན། ཤཱུ་ནྱ་ཏ་ནི་སྟོང་བ་ཉིད་དོ། །ཛྙཱ་ན་ནི་ཤེས་པ་སྟེ་ཡེ་ཤེས་སོ། །བཛྲ་ནི་མི་ཕྱེད་པའི་དོན་ཏེ་རྡོ་རྗེའོ། །སྭ་བྷཱ་ཝ་ནི་རང་བཞིན་ཏེ་ཡུལ་སྟོང་བ་ཉིད་དོ། །ཨདྨ་ཀོ་ནི་བདག་དང་ཨ་ཧི་ནི་ང འོ་ཞེས་པ་སྟེ། བསྡུ་ན་རང་བཞིན་གྱིས་སྟོང་བ་ཉིད་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་པའོ། །དེ་ཡང་ཡུལ་སྟོང་བ་ཉིད་དང་། ཡུལ་ཅན་ཡེ་ཤེས་གཉིས་རང་བཞིན་གྱིས་མེད་པ་ལྟར་རྟོགས་པ་པོའི་གང་ཟག་ཀྱང་རང་བཞིན་གྱིས་མེད་པའི་དོན་ནོ། །ཨོཾ་སྭ་བྷཱ་ཝ་སོགས་ནི་བཤད་ཟིན་ཏོ། །ཡང་ཨཱཿསིཾ་ཨཱཿསོགས་ཀྱི། སིཾ་ནི། སིང་ཧ་སེང་གེ་ལ་འཇུག་པས་སེངྒེའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ། གཾ་ནཻ། ག་ཛ་གླང་བོའི་མིང་ཡིག་དང་པོ། ཝཱཾ་ནི། ཝཾ་ཛི་རྟའི་མིང་ཡིག་དང་པོ། མཾ་ནི། མ་ཡུ་ར་རྨ་བྱའི་མིང་ཡིག་དང་པོ། །ཡང་ག་ནི། ག་རུ་ཊ་ཞེས་པ་མཁའ་ལྡིང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་དང་། ཨཱཿ་གཉིས་ནི་རྣམ་སྣང་གི་ས་བོན། ཧཱུྃ་གཉིས་ནི་མི་བསྐྱོད་པ། ཏྲཱིཿགཉིས་རིན་འབྱུང་། ཧྲཱིཿགཉིས་འོད་དཔག་མེད། ཨཿགཉིས་དོན་གྲུབ་ཀྱི་ས་བོན་ནོ། །ༀ་སརྦ་བིད་ཧཱུྃ་ཞེས་སོགས་མཚན་སྔགས་ཀྱི་དོན་རྣམས་འོག་ཏུ་འཆད་དོ། །སྤྱན་འདྲེན་གྱི་བཛྲ་ས་མཱ་ཛཿནི་རྡོ་རྗེ་འདུས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཤིག་ཅེས་པའོ། །ཛཿཧཱུྃ་བཾ་ཧོཿབཞི་ནི། སྒོ་བ་བཞིའི་ས་བོན་དང་། མ་ཧཱ་ཀཱ་རུ་སོགས་ནི། ཐུགས་རྗེ་ཆེན་པོའི་བདག་ཉིད་ཚུར་བྱོན་ཚུར་བྱོན་ཅེས་པའོ། །སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་དང་། ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཞེས་པའི། ག་ག་ནས་མ་ཡེ་ནི་ནམ་མཁའི་དམ་ཚིག་ཅན་དང་། ཨབྷི་སོགས་ནི། མངོན་པར་དབང་བསྐུར་བའི་དམ་ཚིག་དཔལ་ལོ། །ཀ་མ་ལ་ཡ་སྟྭཾ། པདྨ་ཁྱོད་ཅེས་པ་དང་། པུཥྤེ་སོགས་སྔར་བཞིན་ནོ། །ཨཾ་ཀུ་ཤ་སོགས་འོག་ནས་ཐུན་མོང་དུ་བཤད་པར་བྱ་ལ། ས་མ་ཡ་སྟྭཾ་ནི་དམ་ཚིག་ཅན་ཁྱོད་ཅེས་པ་དང་། སུ་ར་ཏ་སྟྭཾ་ནི། ཤིན་ཏུ་བདེ་བ་ཁྱོད་ཅེས་པ་སྟེ། སྔ་མ་ནི་ཕྱག་རྒྱ་འཆིང་བ་པོ་ལྷར་དམིགས་ཏེ་ཕྱག་རྒྱ་གང་འཆིང་བ་འགྲུབ་པ་ལ་དམ་ཚིག་རྣམས་དང་ལྡན་དགོས་པའི་དོན་ཡིན་བར་སེམས་ལ། སུ་ར་ཏ་སྟྭཾ་ཞེས་པའི་དོན་ཊཱྀཀྐར་བཤད་པ་ལྟར་ན། ཟག་མེད་ཀྱི་བདེ་བ་དང་ཡིད་བདེ་བའི་རང་བཞིན་གྱི་ཡེ་ཤེས་ནི་ཁྱོད་ཡིན་ནོ། །ཞེས་གང་གི་ཕྱག་རྒྱ་འཆིང་བའི་གཞི་ལྷ་དངོས་ལ་བཤད་པ་ལྟར་སྣང་བས། དེ་ལྟ་ན་སྔ་མ་ཡང་ལྷར་བཤད་དུ་རུང་པས་བརྟག་པར་བྱའོ། །བཛྲ་ཌིཥྚི་མ་ཊ་ཞེས་པ་ནི། མི་ལ་བྱིན་གྱིས་རློབ་པའི་དོན་དུ་གསུངས་ཀྱང་། དེ་སྔགས་དོན་དངོས་མ་ཡིན་པར་སེམས་སོ། །ཌིཥྚི་ལྟ་བ་དང་མ་ཊ་ནི་མིག་བྱིན་ཀྱིས་རློབ་བྱེད་དམ་ས་བོན། སརྦ་བིད་ཏྲི་ཤྱ་ནི། ཐམས་ཅད་རིགས་པ་ལྟོས་ཞེས་པ་སྟེ། སརྦ་ནི་ཐམས་ཅད་བིད་ནི་རིག་པ། ཏྲི་ཤྱ་ནི་ལྟོས་ཤིག་པ་སྟེ་རང་ལྷར་བསྒོམས་པ་ལྟ་བའོ། །གཞན་སྔར་བཤད་ཟིན་ཅིང་འཆད་བར་ཡང་འགྱུར་རོ། །ལྷ་སོ་སོའི་མཚན་སྔགས་རྣམས་ནི། ཐོག་མར་གཙོ་བོའི་སྔགས་ལ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ན་བི་ཤོ་དྷ་ན་ཧ་ན་ཧཱུྃ་ཕཊ་ཅེས་པ་སྟེ་དོན་ནི། སརྦ་ནི་ཐམས་ཅད་བིད་ནི་རིག་པ། སརྦ་ཨཱ་ཝ་ར་ན་ནི་སྒྲིབ་པ་ཐམས་ཅད། བི་ཤ་དྷ་ན་ནི་རྣམ་པར་སྦྱོར། ཧ་ན་ནི་བསྣུན་ཅེས་པ་སྟེ། ཧཱུྃ་ཕཊ་ནི་སྔར་བཞིན་ནོ། །དེ་བཞིན་གཤེགས་པ་གཞན་བཞི་ལ་ཐུན་མོང་དུ་སརྦ་བིད་ལ་ཧཱུྃ་ཕཊ་ཨཱཿཏྲཊ་ཅེས་ས་བོན་སྦྱར་བའི་འགོར་ༀ་དང་བཅས་པའོ། །སོ་སོར་སྦྱར་ན། སྦྱོང་རྒྱལ་ལ། སརྦ་དུ་རྒ་ཏི་བ་རི་ཤོ་དྷ་ནི་རཱ་ཛཱ་ཞེས་པ་དང་། རྒྱལ་མཆོག་ལ། ཛི་ན་བ་ར་རཏྣ་མ་ལ་དང་། རིགས་དབང་ལ། ཤཱཀྱ་ཀུརླེ་ཤ་དང་། ཆེར་རྒྱས་ལ། པུཥྤེ་མ་ཧཱ་པུཥྚ་ར། ཞེས་སྦྱར་བར་གསུངས་སོ། །མཚན་སྔགས་གཞན་གྱི་དོན་ལ། བུདྷ་ནི་སངས་རྒྱས། ལོ་ཙ་ནེ་ནི་སྤྱན། བཛྲ་མཱ་མ་ཀཱི་ནི་བདག་གི་མའོ། །པཱཎྚ་རེ་ནི་གོས་དཀར་མོ་དང་། ཏཱ་རེ་ནི་སྒྲོལ་མའོ། །གོས་དཀར་དང་སྒྲོལ་མའི་སྔགས་གཞན་གཉིས་ཀྱི་དོན་རྫོགས་པར་ཊིཀྐར་བཀྲལ་བ་མི་འདུག་ཀྱང་། སྒྲོལ་མ་སྡུག་བསྔལ་ལས་སྒྲོལ་མ་ཞེས་པ་སྒྲོལ་མའི་སྔགས་དོན་ཡིན་པར་གཞན་ནས་བཤད་ལ། གོས་དཀར་གྱི་སྔགས་དོན་བཤད་པ་མ་མཐོང་ཡང་། རིགས་འགྲོས་ཀྱིས་དཔག་ན། གོས་དཀར་མོ་སྩོལ་སྩོལ་དངོས་གྲུབ་བྱང་ཆུབ་དང་འཇིག་རྟེན་གྱི་མཆོག་གོ །ཞེས་པ་ལྟ་བུར་སྣང་ཡང་། ད་དུང་སྔགས་ལེགས་པར་མཁྱེན་པས་དཔྱད་པར་བྱའོ། །བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ། དེ་བཞིན་དུ་གཞན་རྣམས་ལ་བཛྲ་ནི་རྡོ་རྗེ་དང་། རཱ་ཛཱ་རྒྱལ་བོ། རཱ་ག་ཆགས་པ། སཱ་དྷུ་ལེགས་པ། རཏྣ་རིན་ཆེན། ཏེ་ཛ་གཟི་བརྗིད། ཀེ་ཏུ་རྒྱལ་མཚན། ཧ་ས་བཞད་པ། དྷ རྨཱཿཆོས། ཏཱིཀྵྞ་རྣོན་པོ། ཧེ་རུ་རྒྱུ། བྷ་ཥ་སྨྲ་བ། ཀརྨཱཿལས། རཀྵ་སྲུང་བ། ཡཀྵ་གནོད་སྦྱིན། སནྡྷི་ཁུ་ཚུར། ལཱ་སྱ་སྒེལ་མོ། །གཱི་རྟི་གླུ། ནྲི་ཏྱ་གར། དྷུ་པེ་བདུག་པ། པུཥྤེ་མེ་ཏོག །ཨ་ལོ་ཀེ་མར་མེ། གནྡྷེ་དྲིའམ་བྱུགས་པ། ཨཾ་ཀུ་ཤ་ནི་ལྕགས་ཀྱུ། པཱ་ཤ་ཞགས་པ། སྥོ་ཊ་ལྕགས་སྒྲོགས། གྷནྜ་དྲིལ་བུའོ། །དེ་རྣམས་ཀྱི་མཐའི་ཡི་གེ་ཧཱུྃ་སོགས་ནི་རང་རང་གི་ས་བོན་ནོ། །དེ་ནས། སརྦ་སཾ་སྐཱ་རི་ནི་འདུ་བྱད་ཐམས་ཅད། པ་རི་ཤུདྡྷ་ནི་ཡོངས་སུ་དག་པའི། དྷརྨཱཿཏེ་ནི་ཆོས་ཉིད་མ། ག་ག་ན་ས་མུངྒ་ཏེ་ནི་ནམ་མཁའ་འཕགས་མ། མ་ཧཱ་ན་ཡ་ནི་ཚུལ་ཆེན་པོས། པ་རི་ཝ་རེ་ནི་ཡོངས་སུ་བསྐོར་མའོ། །ཤྲ་ཝ་ཀ་ནི་ཐོས་སྒྲོགས་ཏེ་ཉན་ཐོས་དང་། བྲ་ཏེ་ཀ་ནི་རང་གཅིག་པུར་གནས་པ་སྟེ་རང་རྒྱལ་ལོ། །ཀྲོདྷཱ་ནི་ཁྲོ་བོ་དང་། ལོ་ཀ་ནི་འཇིག་རྟེན་ཏེ། དེ་དག་གི་འགོར་བཛྲ་སྦྱར་པ་ནི་སྙིང་བོ་དང་། མ་སྦྱར་བ་མཚན་སྔགས་སོ། །རྩ་རིགས་ནི། ༀ་ན་མོ་བྷ་ག་ཝ་ཏེ་སོགས་ཡིན་ལ། སྔགས་དོན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་བོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཤོ་དྷ་ནི་ཤོ་དྷ་ནི་སྦྱོང་སྦྱོང་། སརྦ་པཱ་བཾ་བི་ཤོ་དྷ་ནི་སྡིག་པ་ཐམས་ཅད་རྣམས་པར་སྦྱོང་། ཤུངྔྷེ་ནི་དག་ཅིང་། པི་ཤུངྔྷེ་ནི་རྣམ་པར་དག་པ། སརྦ་ཀརྨཱཿཨ་ཝ་ར་ཎ་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད། བི་ཤོ་དྷ་ནི་རྣམ་པར་སྦྱོང་བའོ། །ཕྱི་མ་འདི་ལ། ཁ་ཅིག་ཏུ་བི་ཤུངྔྷེ་ཞེས་འབྱུང་བ་ལྟར་ན་རྣམ་པར་དག་མ་ཞེས་པ་སྟེ་དོན་འདྲའོ། །རིགས་ལྔས་དབང་བསྐུར་བའི་སྔགས་དོན་དང་། མཆོད་པའི་སྔགས་དོན་སོགས་སྔར་བཤད་པ་དེས་ཤེས་པར་བྱ་ལ། ༀ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ཞེས་པ་ནི་ༀ་བཛྲ་སཏྭ་སུ་སཾ་གྲ་ཧཱད་ཞེས་པ་ཡིན་ལ། ཁ་ཅིག་ཧཱང་ཟེར་ཡང་དོན་ལ་ཊཱིཀྐ་ལྟར་ན་ཧཱ་དའམ་ཧཱད་ཡིན་ནམ་སྙམ། དེ་ཡང་བཛྲ་ནི་སྔར་བཞིན་ལ། སཏྭ་ནི་སེམས་དཔའ། སུ་ནི་ཤིན་ཏུ། སཾ་གྲ་ཧཱང་ནི་བསྡུས་པ་ནའོ། །རཏྣ་ནི་རིན་ཆེན། མཱ་ནུཏྟ་རཾ་ནི་བླ་ན་མེད་པ། དྷ རྨཱཿནི་ཆོས། གཱ་ཡ་ནི་གླུ་བླངས་པ། ཀཱ རྨཱཿ་ལས་ཀུན། ཀ་རོད་བྷ་ཝེ་ནི་བྱེད་པར་འགྱུར་རོ། །མཱ་ལེ་སོགས་སྔར་བཞིན་ཏེ། ཕྱིའི་ལྷ་མོ་རྣམས་ལ་ཡང་འགྲེའོ། །བཟླས་བྱའི་སྔགས་རྣམས་ཀྱི་དོན་ནི་གོང་གི་དེས་ཤེས་ལ། འདིར་ཡིག་རྒྱ་གསུངས་པའི་དོན་མཇུག་ཏུ་འཆད་དོ། །དེ་ནས། བུམ་བསྐྱེད་ཀྱི་ཚེ། ༀ་བཛྲ་ཡཀྵ་ཧཱུྃ། ཞེས་སོགས་ཀྱི་དོན་སྔར་ལྟར་ལ། ཏ པྟེ་ཏ པྟེ་མ་ཧཱ་ཏཔྟེ་ནི། གཾ་གའི་ཆུ་འགུགས་པའི་སྔགས་སུ་གསུངས་ཏེ་ཚིག་དོན་ནི་ཞི་བྱེད་ཞི་བྱེད་ཞི་བྱེད་ཆེན་པོའོ། །བཛྲ་ཨུ་ད་ཀ་ནི་རྡོ་རྗེའི་ཆུའོ། །དེ་བཞིན་དུ་སྔགས་གཞན་རྣམས་ཀྱི་དོན་བདག་བསྐྱེད་དང་འདྲའོ། །མདུན་བསྐྱེད་ཀྱི་སྐབས་ནས་འབྱུང་བའི་སྔགས་དོན་སྔར་བཤད་པ་བཞིན་དང་། མཆོད་པ་ཉེར་ལྔའི་སྐབས་སུ་སྔགས་དོན་ཊིཀ་ཆེན་ལས་གསལ་བར་མ་བྱུང་ཡང་། ཆོ་གའི་རིགས་འགྲོས་ཀྱིས་ཤེས་པར་བྱ་སྟེ། ༀ་དང་སརྦ་ཏ་ཐཱ་ག་ཏཱ་ནི་སྔར་བཞིན། རཏྣ་ཞེས་པ་རྣམས་རིན་ཆེན་དང་། མུ་ཀུ་ཊི་ནི་ཅོད་པན། པཱུ་ཛ་ནི་མཆོད་པ། སྭཱ་ར་ཎ་ཁཾ་ནི་འཕྲོ་བའམ་རྒྱས་པའོ། །དེ་ལྟར། ཀུཎྜ་ལཾ་ནི་འཁྱིལ་བ་སྟེ་སྙན་རྒྱན། ཧརྒ་མགུལ་གདུབ་སྟེ་མགུལ་རྒྱན། ཨ་ཝ་ཧ་ར་ནི་དོ་ཤལ། ཀེ་ཡུ་ར་ནི་དཔུང་རྒྱན་སྲུང་སྐུད། པཱ་རི་ཀ་ཊཾ་ཀ་ནི་གདུ་བུ། པ་གཾ་ཝ་ལ་ནི་སོར་གདུབ། པཱ་ད་བྷ་ར་ནཾ་ནི་ཞབས་མཛེས་པའི་གདུ་བུ་སྟེ། འགའ་ཞིག་དོན་འགྱུར་རོ། །ཡང་། ཙྪ་ཏྲཾ་ག་སྟེ་གདུགས། དྷྭ་ཙྪ་གྲ་ནི་རྒྱལ་མཚན། པཱ་ཏཱ་ཀ་ནི་བ་དན། པཱ་ཊ་ད་མ་ནི་ལྡ་ལྡི། ཙ་མ་ར་ནི་རྔ་གཡབ། བི་ཏ་ནཾ་ནི་བླ་རེའོ། །ཡང་སིཾ་ཧ་ཨ་ས་ནཾ། སེངྒེའི་གདན་ཏེ་ཁྲི། ཤ་བ་ཨ་ས་ནཾ་གཟིམས་ཆ། པ་རི་མཎྜ་ལ་དྷྱ་ནྱ་ནི་ཕོ་བྲང་ཟླུམ་པོ། །ཨ་མ་ཡ་ཙ་ཏུར་བྲ་ནི་གཞལ་མེད་ཁང་གྲུ་བཞི། དྭི་ཀུ་ཊཾ་ག་རཾ་ནི་གྲུ་བཞི་གཉིས་བརྩེགས། ཙནྡྲ་ཨ་ས་ནཾ་ནི་ཟླ་བའི་གདན་ནོ། །པུཥྤེ་མེ་ཏོག །ཝི་ནི་པི་ཝཾ། གྷནྡྷེ་དྲི། ནཻ་ཝེ་ཏྱེ་ཞལ་ཟས། ཝ་སྟྲ་གོས། ༀ་སརྦ་བིད་པཱུ་ར་པཱུ་ར་སོགས་ནི། ༀ་དད་སརྦ་བིད་ནི་སྔར་བཞིན་ལ། པཱུ་ར་གཉིས་ནི་རྫོགས་པའམ་གང་བ་གཉིས། སཱུ་ར་གཉིས་ནི་ངེས་པར་འཇུག་པ་གཉིས། ཨ་ཝཱ་རྟ་མ་གཉིས་ནི་འཇིགས་པ་མེད་པ་གཉིས་སམ་ཀུན་དུ་འཕེལ་བ་གཉིས་སོ། །ༀ་སརྦ་ཏ་ཐཱ་ག་ཏཱ་ནི་སྔར་བཞིན་ལ། ཙཀྲ་ནི་འཁོར་ལོ། རཏྣ་རིན་པོ་ཆེ། པཱུ་ཛི་ཏི་མཆོད་པའོ། །དེ་བཞིན་དུ། མ་ཎི་ནོར་བུ། སྟྲི་ནི་བཙུན་མོ་འམ་བུད་མེད། བུ་རུ་ནི་སྐྱེས་བུ་སྟེ་བློན་པོ། །ཧ་སྟི་ནི་ལག་ལྡན་ཏེ་གླང་བོ། །ཏུ་རཾ་ག་ཨ་ཤྭ་ནི་མྱུར་མགྱོགས་ཏེ་རྟ། ཁཏྒ་རལ་གྲི་སྟེ་དམག་དཔོན་ནོ། །ཡང་རཱུ་པ་ནི་གཟུགས། ཀཱ་མ་གུ་ཎ་ནི་འདོད་པའི་ཡོན་ཏན། བཛྲ་པཱུ་ཛི་ཏེ་ནི་རྡོ་རྗེའི་མཆོད་པའོ། །དེ་བཞིན་དུ། ཤཔྟ་སྒྲ། གནྡྷེ་དྲི། རཱ་ས་རོ། །སྤར་ཤ་རེག་བྱའོ། །ཆ་གསུམ་གྱི་ཚེ་མཆོད་པ་བྱིན་བརླབས་སྔར་བཞིན་ལ། སྔགས་དྲུག་ནི། ༀ་སྭ་བྷཱ་ཝ་བི་ཤུངྔྷེ་དྷ་རྨཱཿསོགས་ཡིན་ལ། འདིའི་དོན་ཊཱིཀྐར་མ་བཤད་ཀྱང་། ཞ་ལུ་བའི་མན་ངག་ལྟར་ན། སྭ་བྷཱ་ཝ་བི་ཤུངྔྷེ་དྷ་རྨཱཿཏེ་བཛྲ་སི་དྷི་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་རྡོ་རྗེ་དངོས་གྲུབ་དང་། ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ་སོགས་སྔོན་འགྲོའི་སྐབས་སུ་བཤད་ཟིན་ལ། ཨ་མྲྀ་ཏེ་ནི་བདུད་རྩིའོ། །ཨ་ཀཱ་རོ་སོགས་ཀྱི་དོན་སྔར་བཞིན་དང་། ན་མཿསརྦ་ཏ་ཐཱ་ག་ཏཱ་ཨ་ཝ་ལོ་ཀི་ཏེ་ནི། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ལ་ཕྱག་འཚལ་ལོ། །སཾ་བྷ་ར་སཾ་བྷ་ར་ནི་ཡང་དག་པར་རྒྱས་པ་ཡང་དག་པར་རྒྱས་པའོ། །རུ་རུ་སྤུ་རུ་སོགས་ནི་ཊཱིཀ་ཆེན་དུ། རུ་ནི་སྔགས་ཀྱི་ལྷ་རྣམས་སྤུ་རུ་ནི་གསལ་བར་བྱེད་པ། ཛྭཱ་ལ་ནི་གཟི་བརྗིད་དམ་འབར་བ། ཏིཥྛ་ནི་གནས་པ། སིད་དྷ་ལོ་ཙྪ་ནི་ཐོགས་མེད་དུ་གྲུབ་པའི་སྤྱན། སརྦ་ཨརྠ་སཱ་དྷ་ནི། དོན་ཐམས་ཅད་གྲུབ་པར་ཟུར་དུ་བཤད་པ་ལྟར་རོ། །ཨེ་ཧྱེ་ཧྱ་སོགས་ནི་སྔར་བཞིན་ལ། ས་མ་ཡེ་ནི་དམ་ཚིག་ཅན་ནོ། །རུ་ཏྲ་ཡེ་ནི་དྲག་པོ་སྟེ་དབང་ཕྱུག ཤ་ཏ་ས་ཧ་སྲ་ཨཀྵི་ཡེ་ནི་མིག་སྟོང་ཅན་ཏེ་བརྒྱ་བྱིན། ཨཀྞེ་ཡེ་ནི་མེ་སྟེ་མེ་ལྷ། ཡ་མ་ཡེ་ནི་གཤིན་རྗེ། བ་རུ་ཎ་ཡེ་ནི་ཆུ་ལྷ། བ་ཡ་རླུང་ལྷ། ཀུ་བེ་ར་ཡེ་ནི་ལུས་ངན་པོ། །ཨུ རྡྷཾ་བུཧྨ་ནི་སྟེང་གི་ཚངས་པ། སུ ཪྱ་ཉི་མ། གྲ་ཧ་གཟའ། ཨ་དྷི་པ་ཏ་ཡེ་ནི་ལྷག་པར་བདག་པོ། །ཙནྡྲ་ནི་ཟླ་བ། ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ་ནི་རྒྱུ་སྐར་གྱི་བདག་པོ་ལ། ཨ་རྡྷཱཾ་བྲི་ཐི་ཝཱི་བྷྱཿནི་འོག་གི་སའི་ལྷ་མོའི་ཆེད། ཨ་སུ་ར་བྷྱཿནི་ཆང་མེད་དེ། ལྷ་མ་ཡིན་གྱི་ཆེད། ནཱ་གེ་བྷྱཿནི་ཀླུའི་ཆེད་དུ། ས་པཱ་རི་སོགས་སྔར་བཞིན་ནོ། །ཨེ་ཧྱེ་ཧི་ལོ་ཀ་ཀཱ་ར་ཡ་སོགས་ཀྱི་དོན་ནི། ཊཱིཀྐར་བཤད་ཅིང་། ཞ་ལུ་ཆེན་པོའི་མན་ངག་ལས་ཀྱང་འབྱུར་བ་ལྟར། ཨེ་ཧྱེ་ཧི་ནི་སོ་སོར་ཕྱེ་ན་ཚུར་བྱོན་གཉིས། ལོ་ཀ་ཀཱ་ར་ནི་འཇིག་རྟེན་བྱེད་པ། དེ་བ་ལྷ། ནཱ་ག་ཀླུ། ཡཀྵ་གནོད་སྦྱིན། གནྡྷ་རྦ་ནི་དྲི་ཟ། ཨ་སུ་ར་ནི་ལྷ་མ་ཡིན། ག་རུ་ཊ་ནམ་མཁའ་ལྡིང་། ཀིནྣ་ར་མི འམ་ཅི། མ་ཧོ་ར་ག་ལྟོ་འཕྱེ་ཆེན་པོ། །མ་ནུ་མི། ཨ་མ་ནུ་ཥ་མི་མ་ཡིན་དང་། གཞན་སྔར་ལྟར་རོ། །གུང་ཀ་རི་སོགས་ཀྱི་ཀ་རི་བྱེད་པ་སྟེ་གུང་ཞེས་པའི་དོན་ཊཱིཀྐ་སོགས་ལས་མི་འབྱུང་ཞིང་། པི་ཙི་པི་ཙི་ནི་འཇམ་པོ་འཇམ་པའོ། །ན་མཿསརྦ་ཏ་ཐཱ་ཏཱ་བྷྱོ་བི་ཤ་སོགས་ཀྱི་དོན་སྔར་བཤད་པ་ལྟར་རོ། །སརྦ་བིགྣ ན་གཙྪ་བགེགས་ཐམས་ཅད་སོང་ཤིག་དང་། ན་མཿསརྦ་ཏ་ཐཱ་ག་ཏཱ་སོགས་ཀྱིས་ཡི་དྭགས་ལ་གཏོར་མ་སྦྱིན་ཞིང་དོན་ནི་བཤད་ཟིན་ཏོ། །བཛྲ་ཨུད་གྷཱ་ཊ་ཡ་ནི། རྡོ་རྗེ་ཕྱེ་ཤིག་དང་། ས་མ་ཡ་པྲ་བེ་ཤ་ཡ་ནི། དམ་ཚིག་རབ་ཏུ་ཆུ་གཅིག་ས་མ་ཡ་པྲ་པེ་ཤ་ཡ་མི་ནི། དམ་ཚིག་ཅན་རབ་ཏུ་འཇུག་པར་བགྱིའོ། །པྲ་ནཱ་མཱ་མི་སརྦ་ཏ་ཐཱ་ག་ཏཱཾ་ནི། གཞུང་དུ་མི་གསལ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་རབ་ཏུ་ཕྱག་བྱ་བའོ། །འོན་ཀྱང་ནཱ་མ་མིང་ལ་བཤད་པ་ཡང་ཡོད། མཎྜལ་གྱི་ཨི་དཾ་སོགས་ནི་གཞན་དུ། ཨི་དཾ་ནི་འདི། གུ་རུ་བླ་མ། རཏྣ་རིན་པོ་ཆེ། མཎྜལ་ཀཾ་ནིཪྱ་ཏ་ཡཱ་མི་ནི། དཀྱིལ་འཁོར་བ་ལ་འབུལ་བར་བགྱིའོ་ཞེས་སོ། །དབང་གི་སྐབས་ཙཀྵུར་བྷ ནྡྷ་ནི་མིག་འཆིང་བ། བ་ར་མ་ན་ནི། བ་ར་མཆོག །མ་ན་ཡིད་དེ། ཡིད་ཀྱི་ཆེད་དུ་མིག་དར་འཆིང་བར་བཤད་དོ། །ཨཱཿསོགས་རིགས་ལྔའི་ས་བོན་ཡོན་ལ། སརྦ་ཡོ་ག་ནི་ཐམས་ཅད་རྣལ་འབྱོར། ཙིཏྟ་ནི་སེམས། ཨུ་ཏྭཱ་ཏ་ཡ་ནི་བསྐྱེད་པར་བགྱིའོ་ཞེས་པའོ། །སུ་ར་ཏེ་ནི་ཤིན་ཏུ་དགའ་བ། ས་མ་ཡ་སྟྭཾ་ནི་དམ་ཚིག་ཅན་ཁྱོད་ཅེས་པའོ། །སི དྷྱ་བཛྲ་ནི་བསྒྲུབ་པར་བྱའོ་རྡོ་རྗེ། ཡ་ཐ་སུ་ཁཾ་ནི་ཇི་ལྟར་བདེབས་སོ་ཞེས་པ་སྟེ། དོན་འགྱུར་ནི་ཐབས་བདེ་བས་སངས་རྒྱས་བསྒྲུབ་པར་བྱའོ་ཞེས་པའོ། །ཨ་དྷི་ཏིཏིཥྛ་ནི་བྱིན་གྱིས་རློབས་ཤིག་པ་དང་། ས་མ་ནི་དམ་ཚིག་ཨ་ས་མེ་ནི་མི་མཉམ་པ། ཏྲི་ས་མ་ནི་རིགས་གསུམ་དང་མཉམ་པ། མ་ཧཱ་ས་མ་ཡེ་ནི་དམ་ཚིག་ཆེན་པོའོ། །བཛྲ་ཨུ་ད་ཀ་ཋཿའི་དོན་འདིར་དངོས་སུ་མ་བཤད་ཀྱང་རྡོ་རྗེ་ཆུ་འཐུང་ཅིག་ཅེས་པར་གསལ་ཏེ། ཀླུ་བྱང་སོགས་བས་མནའ་ཆུར་བཤད་ཅེས་གསུངས་པ་ནི་དུང་ཆོས་ཀྱི་ཆུ་སློབ་མར་སྦྱིན་པ་དེ་མནའ་ཆུ་བླུད་པའི་དོན་དུ་དགོངས་པ་ཡིན་ཀྱང་། བཛྲ་ཨུ་དཱ་ཀ་ཋའི་དོན་ནི་རྡོ་རྗེའི་ཆུ་སྟེ་གཞུང་གཞན་ནས་བཤད་པའི་རིགས་པས་མནའ་ཆུ་འཐུང་བའི་དོན་ནོ། །བཛྲོད་གྷ་ཊ་སོགས་ནི་སྔར་བཞིན་ལ། བཛྲ་པྲ་བེ་ཤ་ནི་རྡོ་རྗེ་རབ་ཏུ་འབེབས་པ། ཨ་བེ་ཤ་ནི་འབེབས་པ། ཨཱཿནི་ས་བོན་ནོ། །ཧྲི་ད་ཡ་མི་ནི་བདག་གི་སྙིང་ལ། པྲ་བེ་ཤ་ནི་རབ་ཏུ་ཆུག་ཅིག །ཌི་ཌྷ་ཏིཥྛ་ནི་བརྟན་པར་བཞུགས་པའོ། །པྲ་ཏི་གྷྲི་ཧྣའི་པྲ་ཏི་སོ་སོར། གྲི་ཧྣ་ནི་ཟུངས་ཤིག །པྲ་ཏཱི་ཙྪ་ནི་སོ་སོར་བཞེས། ས་མ་ཡ་སྟྭཾ་ནི་དམ་ཚིག་ལྡན་པ་ཁྱོད་ཅེས་པའོ། །ཨི་མཾ་ནི་འདི། སཏྭ་མ་ཧཱ་བ་ལ་ནི་སེམས་དཔའ་སྟོབས་པོ་ཆེ་ཞེས་པའི་དོན་ནོ། །ༀ་བཛྲ་ཧཱ་སྱ་ནི་རྡོ་རྗེ་བཞད་པ། ཨུང་གྷ་ཊ་ཡི་ནི་ཕྱེ་བ་དང་། བཛྲ་པཱ་ཤྱེ་ནི་རྡོ་རྗེ་ལྟོས་ཤིག་ཀྱཻ་ཞེས་པའོ། །དབང་གི་སྐབས། ༀ་ནི་སྔར་བཞིན་དང་། ཀ་ལ་ཤ་ནི་བུམ་པ། ཨ་བྷི་ཥིཉྪ་ནི་མངོན་པར་དབང་བསྐུར་བ། ཧཱུྃ་ནི་མི་བསྐྱོད་པའི་ས་བོན་ནོ། །དེ་བཞིན་དུ་གཞན་ལའང་ཤེས་པར་བྱ་ཞིང་། བུདྷ་སངས་རྒྱས། རཏྣ་རིན་ཆེན། པདྨ་དེ་ཉིད། ཀ རྨཱཿལས་སོ། །དེས་རིགས་ལྔའི་ཕྱག་རྒྱ་ལ་ཡང་མཚུངས་ལ། མེ་ཏོག་གི་ཕྲེང་བའི་དབང་ནི། རཏྣ་རིན་ཆེན། མཱ་ལ་ནི་ཕྲེང་བ། ཨ་བྷི་སོགས་སྔར་བཞིན། ཏྲཾ་ནི་ས་བོན་ནོ། །དར་གྱི་པ་ཊ་ཨ་ཝ་ལཾ་བ་ན་ནི། དར་དཔྱངས་ཀྱི་བ་དན་འཆང་བ། གཞན་ནི་སྔར་ལྟར་རོ། །རིགས་ལྔའི་ཕྱག་རྒྱའི་བཛྲ་མུ་དྲ་ནི་རྡོ་རྗེའི་ཕྱག་རྒྱ་དང་། ཡུམ་ལྔའི་དྷཱ་ར་ཎ་ནི་གཟུངས་མ་དང་། མིང་ནི། ནཱ་མ་ཞེས་པ་ནི་མིང་སྟེ་མིང་དབང་ཡིན་ལ། དེ་བཞིན་དུ་བཛྲ་རྣམས་རྡོ་རྗེ་དང་། བུདྷ་སངས་རྒྱས། རཏྣ་རིན་ཆེན། པདྨ་དེ་ཉིད། ཀརྨཱཿལས། ཨ་བྷི་ཥིཉྩ་ནི་མངོན་པར་དབང་བསྐུར་བའོ། །ༀ་པྲཛྙཱ་ཨུ་པ་སོགས་ལ། ༀ་ནི་སྔར་བཞིན། པྲཛྙཱ་ནི་ཤེས་རབ། ཨུ་པ་ནི་ཐབས། ས་མ་ཡོ་ག་ནི་མཉམ་པར་སྦྱོར་བ་སྟེ། ཐབས་ཤེས་དབྱེར་མེད་དུ་སྦྱོར་བའི་དོན་ནོ། །ཀརྨཱཿནི་ལས། ཙཀྲ་ནི་འཁོར་ལོ། །བྷ་ཥ་ནི་སྨྲ་བ། ཨ་བྷྲུཾ་རཾ་ཨཿརྣམས་ནི་ས་བོན་ནོ། །ཙཀྲ་འཁོར་ལོ། །ཨ་དྷི་པ་ཏི་སྟྭཾ་ནི་བདག་པོ་ཁྱོད་ཅེས་པ་སྟེ། བསྡུ་ན། རྡོ་རྗེའི་འཁོར་ལོའི་བདག་པོ་ཁྱོད་ཀྱིས་མངོན་པར་དབང་བསྐུར་ཞེས་པའོ། །དེ་བཞིན་དུ་བུདྷ་རཏྣ་སོགས་ལ་སྦྱར་བར་བྱ་ཞིང་། ཧཱུྃ་ལ་སོགས་པ་གསུམ་གསུམ་འབྱུང་བ་ནི་རིགས་ལྔ་བོ་རེ་རེ་ལ་ཡང་རིགས་གསུམ་གསུམ་ཡོད་པའི་དོན་ནོ། །དེ་ནས་གུ་ཧྱ་ནི་གསང་བ། ཨ་བྷི་སོགས་ནི་སྔར་བཞིན། མཇུག་གི་ༀ་སོགས་ནི་རིགས་ལྔའི་ས་བོན་དང་། བཛྲ་སོགས་ནི་བཤད་ཟིན་ཏོ། །ཙཀྲ་རཏྣ་ནི་འཁོར་ལོ་རིན་པོ་ཆེ། ཨ་བྷི་སོགས་སྔར་བཞིན། ཨཱཾ་ནི་བདག་ལ་སྟེ། བསྡུ་ན། འཁོར་ལོ་རིན་པོ་ཆེས་བདག་ལ་མངོན་པར་དབང་བསྐུར་ཞེས་པ་ཡིན་ལ། གཞན་རྣམས་སྔར་བཤད་ཟིན་པ་ལས་ཤེས་པར་བྱའོ། །བཀའི་དབང་ནི། ཨཱ་ཛྙཱ་ཏེ་དཱ་ནི་བཀའ་སྦྱིན་པ། སྱ་མི་གྲིཧྣ་ནི་འདི་རང་ཉིད་ཀྱིས་ཟུང་། བཛྲ་སུ་སིདྷྱེ་ནི་རྡོ་རྗེ་བཟང་བོའི་དངོས་གྲུབ། བཛྲ་ཏིཥྛ་ནི་རྡོ་རྗེ་མནོས་ཤིག་པའོ། །བཛྲ་དྷཱ་ར་སོགས་ནི་གཞུང་དུ་མ་ིགསལ་ཡང་། བཛྲ་རཏྣ་པདྨ་བི་ཤྭ་ནི་རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་དང་། དྷཱ་ར་ནི་འཆང་བ། ཏ་ཐཱ་ག་ཏཱ་ས་མ་ཡ་ནི་དེ་བཞིན་གཤེགས་པའི་དམ་ཚིག མ་ཏི་ཀྲ་མ་ཏི་ནི་ཤིན་ཏུ་གནོན་པ། ཏ་ཐཱ་ག་ཏཱ་དྷ་ར་ས་མ་ཀོ྅་ཧཾ་ནི་དེ་བཞིན་གཤེགས་པའི་དམ་ཚིག་འཆང་བའམ་འཛིན་པའི་བདག་ཉིད་ངའོ་ཞེས་པར་འགྱུར་རོ། །ལྷོ་སྒོའི་སྐབས་རྟེན་བསྐྱེད་པའི་ཚེ་བཛྲ་ཡཀྵ་སོགས་སྔར་བཞིན་ལ། བཛྲ་སཏྭ་ཧཱུྃ་ཛཿཞེས་པའི་དོན། བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ཧཱུྃ་ཛཿནི་ཁུག་ཅིག་པར་བཤད་དོ། །ཤོ་དྷ་ནེ་ཤོ་དྷ་ནེ་ནི་སྦྱོངས་སྦྱོངས། སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། ཨཱ་ན་ཡ་ནི་ཁུག་ཅིག་པ་སྟེ། བསྡུ་ན་སྡིག་པ་ཐམས་ཅད་ཁུག་ལ་སྦྱོངས་ཤིག་ཅེས་སོ། །སརྦ་ཨཱ་པཱ་ཡ་ནི་ངན་སོང་ཐམས་ཅད། ཨཱ་ཀཪྵ་ཎ་ནི་ཁུགས་ཤིག །བི་ཤོ་དྷ་ནི་རྣམ་པར་སྦྱོང་བ། བཛྲ་ས་མ་ཡ་ནི་རྡོ་རྗེའི་དམ་ཚིག་གོ །ཡང་བཛྲ་པཱ་ཎི་ནི་ཕྱག་ན་རྡོ་རྗེ་ཞེས་བོད་པའོ། །བི་སྥོ་ཊ་ཡ་ནི་རྣམ་པར་གྲོལ་ཅིག །གང་ན། སརྦ་ནི་ཐམས་ཅད། ཨ་པཱ་ཡ་ནི་ངན་སོང་། བནྡྷ་ནཱ་ནི་ཞེས་པ་འཆིང་བ་རྣམས། པྲ་མོཀྵ་ཡ་ནི་རབ་ཏུ་གྲོལ་བར་གྱིས་ཤིག །སརྦ་ཨཱ་པཱ་ཡ་ག་ཏེ་བྷྱཿནི་ངན་སོང་གི་འགྲོ་བ་རྣམས་ལས། སརྦ་ས་ཏྭ་ནི་སེམས་ཅན་ཐམས་ཅད། ཏ་ཐཱ་ག་ཏཱ་བཛྲ་ས་མ་ཡ་ཏྲཊ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གིས་གྲོལ་ཅིག་ཅེས་པའོ། །སརྦ་བིད་ནི་ཐམས་ཅད་རིག་པ་སྟེ་ཀུན་རིག་ཞེས་བོས་ནས་སརྦ་ཨ་པཱ་ཡ་ཞེས་པ་ལྟར་ན་ངན་འགྲོ་ཐམས་ཅད། སརྦ་པཱ་པཾ་ཞེས་པ་ལྟར་ན། སྡིག་པ་ཐམས་ཅད། བི་ཤོདྷ་ན་ནི་རྣམ་པར་སྦྱོངས་ཤིག་པའོ། །སརྦ་བིད་ནི་གོང་བཞིན་ལ། ཏྲཊ་ནི་གྲོལ་ཅིག་པ་སྟེ། གང་གྲོལ་ན་སྡིག་སྒྲིབ་བ། །བཛྲ་ཨ་དྷི་ཏིཥྠ་ནི་རྡོ་རྗེས་བྱིན་གྱིས་བརླབས་པ། ས་མ་ཡ་ནི་དམ་ཚིག་ཅན་ནོ། །ༀ་སརྦ་བིགྷྣན་ནི་བགེགས་ཐམས་ཅད། ན་མཿསརྦ་ཐཱ་ག་ཏཱ་སོགས་སྔར་བཞིན། སུཾ་བྷ་ནི་སུཾ་བྷ་ནི་ངེས་པར་འདུལ་བ་ངེས་པར་མ་ལུས་པར་འདུལ་བ། གྲིཧྣ་གྲིཧྣ་ནི་ཟུངས་ཤིག་གཉིས། གྲིཧྣ་པ་ཡ་གཉིས་ནི་འཛིན་པར་གྱིས་སམ་འཛིན་དུ་ཆུག་གཉིས། ཨཱ་ན་ཡ་ཧོ་ནི་ཁུགས་ཤིག་ཀྱེ། བྷ་ག་ཝཱཾ་བཛྲ་ནི་བཅོམ་ལྡན་འདས་རྡོ་རྗེ་ཞེས་པ་སྟེ། ཅུང་ཟད་མི་འདྲ་བ་ཡང་སྣང་ལ་ཊཱིཀྐར་བཤད་པ་མ་མཐོང་ངོ་། །བཛྲ་ཌཱ་ཀ་ནི་རྡོ་རྗེ་མཁའ་འགྲོ། ཁ་ཁ་ནི་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ནི་ཟོ་ཞིག་ཟོ་ཞིག །སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། ད་ཧ་ན་ནི་སྲེགས། བྷ སྨིན་ཀུ་རུ་ནི་ཐལ་བར་མཛོད་ཅིག་པའོ། །བྲ་བ་སྔགས་ཀྱི་དོན། ༀ་སྔར་བཞིན། སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། ད་ཧ་ན་བཛྲ་ནི་བསྲེགས་པའི་རྡོ་རྗེ། སརྦ་པཱ་པཾ་པི་ཤོ་དྷ་ནི་བཛྲ་ནི་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བའི་རྡོ་རྗེ། སརྦ་ཀརྨཱཿཨ་ཝ་ར་ཎཱ་ནི་ནི་ལས་དང་སྒྲིབ་པ་ཐམས་ཅད། བྷསྨིན་ཀུ་རུ་ནི་ཐལ་བར་མཛོད་ཅིག བྷྲུཾ་ནི་ས་བོན་དང་། བི་ནཱ་ཤ་ཡ་ནི་རྣམ་པར་འཇོམས་པ། ཨ་ཝ་ར་ཎ་སྔར་བཞིན། དྲུཾ་ནི་ས་བོན། བི་ཤོ་དྷ་ཡ་ནི་རྣམ་པར་སྦྱོངས། ཨ་ཝ་ར་ཎ་ནི་སྒྲིབ་པ་ཐམས་ཅད། ཛྭ་ལ་ཛྭ་ལ་ནི་འབར་འབར་བ། དྷ་ཀ་དྷ་ཀ་ནི་ཆོད་ཆོད། ཧ་ན་ཧ་ན་ནི་བསྣུན་བསྣུན། ཨ་ཝ་སོགས་སྔར་བཞིན། སྲུཾ་ནི་ས་བོན། ས་ར་ས་ར་ནི་འཇོམས་པ་གཉིས། པྲ་ས་ར་བྲ་ས་ར་ནི་རབ་ཏུ་འཇོམས་པ་གཉིས། ཧཱུྃ་ནི་ས་བོན། ཧ་ར་ཧ་ར་ཕྲོག་པ་གཉིས། ཧཱུྃ་ས་བོན། ཕཊ་སྥོ་ཊ་ཡ་ན། བོས་ཤིག །བྲི་ཏ་བྲི་ཏ་ནི་དྲལ་བར་གྱིས་གཉིས། ཏྲ་ཊ་ཏྲ་ཊ་ནི་ཆོད་ཆོད། ཚིནྡྷ་ཚིནྡྷ་ནི་གཏུབས་གཉིས། ད་ཧ་ད་ཧ་ནི་སྲེག་གཉིས། སརྦ་ནི་ཐམས་ཅད། ན་ར་ཀ་ནི་དམྱལ་བ། ག་ཏི་ནི་འགྲོ་བ། ཧེ་ཏུཾ་ནི་རྒྱུ་སྟེ། དམྱལ་བར་འགྲོ་བའི་རྒྱུ་ཐམས་ཅད་སྲེགས་ཅེས་པའོ། །པ་ཙ་པ་ཙ་ཚོས་ཚོས། སརྦ་བྲེ་ཏ་ག་ཏི་ཧེ་ཏུཾ་ནི་ཡི་དྭགས་སུ་འགྲོ་བའི་རྒྱུ་ཐམས་ཅད་དོ། །མ་ཐ་མ་ཐ་ནི་ཆོམས་ཆོམས། སརྦ་ཏི ཪྱ་ཀ་ག་ཏི་ཧེ་ཏུཾ་ནི་དུད་འགྲོར་འགྲོ་བའི་རྒྱུ་ཐམས་ཅད་དེ་བསྡུས་དེ་ཐམས་ཅད་ཆོམས་ཤིག་པའོ། །སྔར་སརྦ་ཨཱ་ཝ་ར་ཎའི་དོན་མ་བཤད་པ་རྣམས་ཀྱང་སྒྲིབ་པ་ཐམས་ཅད་ཅེས་བར་གོ་བར་བྱ་ཞིང་། ཧཱུྃ་དང་ཕཊ་ཀྱི་དོན་ཡང་སྔར་བཞིན་ནོ། །ལམ་བསྟན་གྱི་སྔགས་རཏྣེ་རཏྣེ་ནི་དཀོན་མཆོག་གཉིས་སམ་རིན་ཆེན་གཉིས། མ་ཧཱ་རཏྣེ་ནི་རིན་པོ་ཆེ། རཏྣ་སམྦྷ་ཝ་ནི་རིན་ཆེན་ཡང་དག་པར་འབྱུང་བ། རཏྣ་ཀི་རནྟ་ནི་རིན་ཆེན་འོད་འཕྲོ་བ། རཏྣ་མཱ་ལ་བི་ཤུངྔྷེ་ནི་རིན་ཆེན་ཕྲེང་བ་རྣམ་པར་དག་པ། ཤོ་དྷ་ཡ་སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད་སྦྱོངས་ཤིག་པའོ། །ལམ་སྦྱང་ནི། པདྨེ་པདྨེ་ནི་པད་མ་ཅན་གཉིས། པདྨ་སཾ་བྷ་ཝ་ནི་པདྨ་ཡང་དག་པར་འབྱུང་བ། མ་ཧཱ་སུ་ཁ་ནི་བདེ་བ་ཆེན་པོ། །བ་ཏི་ག་ཙྪནྟུ་ནི་གནས་སུ་སོང་ཤིག་ཅེས་པ་སྟེ། བསྡུ་ན་པདྨ་འབྱུང་བའི་ཞིང་བདེ་བ་ཅན་དུ་སོང་ཅེས་པའི་དོན་དུ་གསལ་ལོ། །ༀ་ནི་སྔར་བཞིན། སརྦ་བུདྷ་ནི་སངས་རྒྱས་ཐམས་ཅད་ཀྱི། ཀྵེ་ཏྲ་ནི་ཞིང་། གཙྪ ནྟུ་ནི་སོང་ཤིག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་སོང་ཤིག་པའོ། །སྭཱ་ཧཱ་ནི། རྩེ་མོར། སྭཱ་ཧཱ་ཅེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །ཞེས་སོགས་གསུངས་པ་ལྟར་རོ། །བཛྲ་མུཿའི་མུཿནི་རྩ་བའི་དོན་ཡིན་བས། རྩ་བའི་གནས་སམ་རང་བཞིན་གྱི་གནས་སུ་གཤེགས་པའི་དོན་ནོ། །ཡིག་བརྒྱའི་སྔགས་དོན་ལ། བཛྲ་ས་ཏྭ་ས་མ་ཡ་ནི་རྡོ་རྗེ་སེམས་དཔའི་དམ་ཚིག །མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས་ཤིག །བཛྲ་ས་ཏྭ་ཏེ་ནོ་བ་ཏིཥྛ་ནི་རྡོ་རྗེ་སེམས་དཔའ་ཉིད་ཉེ་བར་ཞུགས་ཤིག་ཅེས་ཊཱིཀྐར་བཤད་ལ། ཞ་ལུ་ཆེན་པོའི་མན་ངག་ལས། ཉེ་བར་གནས་པར་མཛོད་ཅེས་འབྱུང་ཡང་དོན་འདྲའོ། །ཌི་ཌྷོ་མེ་བྷ་ཝ་ནི་བདག་ལ་བརྟན་པར་གྱུར་ཅིག་ཅེས་ཏཱིཀྐ་དང་། གཞན་དུ་བརྟན་པར་མཛད་དུ་གསོལ་ཞེས་འབྱུང་ངོ་། །དེ་བཞིན་དུ་བྷ་ཝའི་དོན་གཞན་ལས་གྱུར་ཅིག་དང་མཛད་དུ་གསོལ་ཞེས་མི་འདྲ་བ་ཡོད་དོ། །སུ་ཏོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པར་གྱུར་ཅིག སུ་བོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་རྒྱས་པར་གྱུར་ཅིག ཨ་ནུ་ར ཀྟོ་མེ་བྷ་ཝ་ནི་བདག་ལ་རྗེས་སུ་ཆགས་པར་གྱུར་ཅིག སརྦ་སིདྷི་མྨེ་པྲ་ལཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ་ཅིག སརྦ་ཀ རྨཱ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་མཛོད་ཅིག ཙིཏྟཾ་ཤྲི་ཡཾ་ཀུ་རུ་ནི་སེམས་ཀྱི་དཔལ་དུ་མཛོད་ཅིག །འགའ་ཞིག་ཏུ་ཤྲེ་ཡཿཞེས་པ་ལ་དགེ་ལེགས་སུ་མཛོད་ཅེས་གསུང་། ཧཱུྃ་ནི་ས་བོན། ཧ་བཞི་ནི་ཡེ་ཤེས་བཞི། ཏོ་ནི་མཉེས་ཤིང་དབང་དུ་བྱེད་པའོ། །བྷ་ག་ཝ་ན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏཱ་ནི་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་མ་མེ་མུཉུ་ནི་ཊིཀ་ཆེན་དུ་རྡོ་རྗེ་བདག་རབ་ཏུ་གྲོལ་བར་མཛོད་ཅིག་དང་། གཞན་དུ་རྡོ་རྗེས་བདག་མ་འདོར་ཅེས་འབྱུང་ངོ་། །བཛྲི་བྷ་ཝ་ནི་རྡོ་རྗེ་ཅན་དུ་གྱུར་ཅིང་། མ་ཧཱ་ས་མ་ཡཱ་ས་ཏྭ་ཨཱཿནི་དམ་ཚིག་ཆེན་པོའི་སེམས་དཔའ་ཞེས་དང་། གཞན་དུ་ཆེན་པོ་ནི་སེམས་དཔའི་མཇུག་ཏུ་སྦྱར་རོ། །བཛྲ་སཏྭ་ཨུཥྞཱི་ཥ་ནི་རྡོ་རྗེ་སེམས་དཔའི་གཙུག་ཏོར་ཞེས་པ་ཡིན་ལ། སྔགས་རྣམས་གཙོ་བོར་ཊཱིཀ་ཆེན་དུ་འཐོར་འཁྲུགས་སུ་ཡོད་པ་ཕྱོགས་གཅིག་ཏུ་བསྡེབས་པ་ཡིན་ཀྱང་། ཕལ་ཆེར་གཞན་ནས་འབྱུང་བ་ལྟར་དང་། གཞན་དུ་མ་རྙེད་པ་འགའ་ཞིག་ཀྱང་བཤད་སྒྲུབ་མིང་ཅན་རང་ཉིད་ཀྱིས་ཇི་ལྟར་རིགས་པར་ཆོ་གའི་སྔགས་དོན་དང་མི་འགལ་བའི་ཁུལ་དུ་བཀོད་པ་སྟེ། པར་གྱི་ཡི་གེ་པ་ནི་སྔགས་རམ་པ་ཨཱ་ནནྟ་དྷརྨཱ་བྷཱུ་ཏིའོ།། །།


previousབཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་པ་དང་བཅས་པ་ནས་འབྱུང་བའི་སྔགས་ཀྱི་དོན་རྣམ་པར་བཤད་པའི་ཟུར་བཀོལ།next