Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
ཀུན་རིག་ཆོ་ག་རྒྱུད་དོན་གསལ་བ་རང་འགྲེལ་དང་བཅས་པའི་ཚིག་དང་དོན་གྱི་ལྷན་ཐབས་མདོར་བསྡུས་ཡང་གསལ་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་རིག་ཆོ་ག་རྒྱུད་དོན་གསལ་བ་རང་འགྲེལ་དང་བཅས་པའི་ཚིག་དང་དོན་གྱི་ལྷན་ཐབས་མདོར་བསྡུས་ཡང་གསལ་སྒྲོན་མེ།next

ཀུན་རིག་ཆོ་ག་རྒྱུད་དོན་གསལ་བ་རང་འགྲེལ་དང་བཅས་པའི་ཚིག་དང་དོན་གྱི་ལྷན་ཐབས་མདོར་བསྡུས་ཡང་གསལ་སྒྲོན་མེ།

ཀུན་རིག་ཆོ་ག་རྒྱུད་དོན་གསལ་བ་རང་འགྲེལ་དང་བཅས་པའི་ཚིག་དང་དོན་གྱི་ལྷན་ཐབས་མདོར་བསྡུས་ཡང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས།

གང་གིས་མཚན་བརྗོད་གཟུངས་སྔགས་བགྲང་བ་ཡིས། །ངན་སོང་སྡུག་བསྔལ་དྲུང་ནས་འབྱིན་བྱེད་ཅིང་། །མངོན་མཐོ་ངེས་ལེགས་མཆོག་ལ་རབ་སྦྱོར་བའི། །བཅོམ་ལྡན་ཐམས་ཅད་རིག་པར་གུས་ཕྱག་འཚལ། །མགོན་དེའི་གསུང་མཆོག་རྣལ་འབྱོར་ཡོ་གའི་རྒྱུད། །རྒྱུད་སྡེ་རྣམས་ཀྱི་ཡང་སྙིང་ངན་སོང་ཀུན། །ཀུན་ནས་སྤྱོད་བར་བྱེད་པའི་ཐབས་ཀྱི་དཔལ། །དཔལ་ལྡན་ངན་སོང་སྦྱོང་བའི་རྒྱུད་རྒྱལ་ཡིན། །རྒྱུད་དོན་གཅིག་ཏུ་གསལ་བྱེད་ཆོ་གའི་རིམ། །བློ་བཟང་རྒྱལ་བའི་སྲས་ཀྱི་ཐུ་བོ་གང་། །གྲགས་པའི་རྒྱལ་མཚན་མངོན་པར་འཛིན་པ་ཡིས། །བསྟན་འགྲོའི་ས་ཆེན་མཛེས་པའི་རྒྱན་དུ་བྱས། །དེ་ཡི་ལག་ལེན་ཕྱོགས་མཐར་ཁྱབ་གྱུར་ཅིང་། །དར་ཞིང་རྒྱས་ལ་མ་གཏོགས་སུ་ཞིག་གིས། །ཁྱད་ཆོས་གཞན་ཞིག་འདོན་པར་མི་ནུས་མོད། །རང་ཉིད་ལམ་མཆོག་འདི་ལ་འདྲིས་ཕྱིར་དང་། །དོན་གཉེར་འགའ་ལའང་ཕན་པ་སྲིད་སྙམ་པས། །གཞན་གྱིས་ཟེར་ཟློས་རྗེས་འབྲང་ཙམ་མིན་པར། །མཁས་པའི་གཞུང་དང་མཐུན་པར་བཤད་པར་བྱ། །འདིར་རྗེ་བླ་མའི་ཐུགས་སྲས་འདུལ་འཛིན་གྲགས་རྒྱལ་མཚན་གྱིས་མཛད་པའི་ཀུན་རིག་གི་ཆོ་གའི་ངག་འདོན་དང་། དེའི་ཊཱིཀྐ་ཆེན་མོ་སོགས་མཁས་གྲུབ་ཚད་ལྡན་གྱི་ལྕགས་གཞིར་བཞག་པའི་སྟེང་ནས་དགག་སྒྲུབ་ཅུང་ཟད་དང་བཅས་ཏེ་དགོས་དོན་གྱི་ལྷན་ཐབས་མདོར་བསྡུས་ཞིག་འཆད་པར་འདོད་ལ། དེ་ཡང་གྲགས་ཆེ་བ་འགའ་ཞིག་བཏང་སྙོམས་སུ་བྱས་ཏེ། ལག་ལེན་དུ་ཉེ་བར་མཁོ་བའི་དམིགས་རིམ་གྱིས་བརྒྱན་ནས་བཤད་པར་བྱའོ། །དེ་ལ་བདག་ཅག་གི་སྟོན་པ་དེ་ཉིད་ཀྱིས་ཆོས་ཀྱི་ཕུང་བོ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་བསྡུ་ན། ཐེག་པ་ཆེ་ཆུང་གི་གསུང་རབ་གཉིས་སུ་འདུ་ལ། ཐེག་ཆེན་ལ་ཡང་སྔགས་དང་ཕར་ཕྱིན་གཉིས་སུ་ངེས་སོ། །སྔགས་ལ་ཡང་རྒྱུད་སྡེ་བཞིར་ངེས་པ་ཡིན་ཏེ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་བཞིའོ། །འདིར་འཆད་པ་ནི། རྣལ་འབྱོར་རྒྱུད་ཀྱི་ནང་ཚན་ངན་སོང་སྦྱོང་བའི་རྒྱུད་འདི་ཉིད་ཡིན་ལ། འདི་གང་ལས་འཕྲོས་པ་ནི། རྩ་རྒྱུད་དེ་ཉིད་བསྡུས་པར་ངན་སོང་དགུག་བྲལ་མཛོད་པའི་སྐབས་ལས་འཕྲོས་སོ། །འདིར་རྩ་རྒྱུད་དང་རྒྱུད་ཕྱི་མ་དང་ཕྱི་མའི་ཕྱི་མ་དང་གསུམ་ཡོད་པའི་རྩ་རྒྱུད་ལམ་རྩ་བའི་དཀྱིལ་འཁོར་འདི་དང་རྒྱུན་ཕྱི་མ་ལས་ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར། འོད་དཔག་མེད་གསུང་གི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་རྣམས་གསུངས་ཏེ། ཕྱི་མ་འདི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས། དང་པོ་ནི། ཕྱག་རྡོར་ལ་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། འཇིགས་བྱེད་དགུ། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞིས་བསྐོར་བའི་དཀྱིལ་འཁོར་དང་དྲུག་གོ རྒྱུད་ཕྱི་མའི་ཕྱི་མ་ལས། འཁོར་ལོས་བསྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་དང་། མེ་ལྟར་འབར་བ་འཕྲིན་ལས་ཀྱི་དཀྱིལ་འཁོར་གཉིས་གསུངས་ཏེ། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་སྟེ་བཅུ་གཉིས་སོ། །འདིར་ཀུན་རིགས་རྩ་བའི་དཀྱིལ་འཁོར་གྱི་ལག་ལེན་བྱེད་ཚུལ་ལྷན་ཐབས་ཀྱི་རིམ་པ་འཆད་པ་ལ་གཉིས། བསྙེན་པའི་ཆོ་ག་དང་། དཀྱིལ་འཁོར་གྱི་ཆོ་གའོ། །དང་པོ་ལ་གཉིས། བསྟེན་པ་ལས་རང་དུ་བྱ་བ་དང་། ལས་རུང་དུ་བྱས་ནས་དངོས་གྲུབ་སྒྲུབ་པའོ། །དང་པོ་ལ་གཉིས། མཚན་བཅས་དང་། མཚན་མེད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། སྒྲུབ་ཐབས་ཀྱི་སྔོན་འགྲོ། དངོས་གཞི། ཐུན་མཚམས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐོག་མར་བྱ་བའི་རིམ་དང་། སྔོན་འགྲོ་དངོས་བཤད་པའོ། །དང་པོ་ནི། དབང་ཐོབ་ནས་དམ་ཚིག་དང་སྔོན་པ་ཚུལ་བཞིན་དུ་སྲུང་བའི་སྒྲུབ་པ་པོས། སྤྱིར་སྒྲུབ་ཐབས་གཞན་ནས་སྔོན་འགྲོ་སོགས་ཀྱི་ཐོག་རང་ཉིད་ལྷར་བསྐྱེད་ནས་མཆོད་པ་སོགས་བྱིན་རླབས་བྱེད་དགོས་པར་བཤད་པ་ལྟར། འདིར་ཡང་ཐོག་མར་རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་ནས་རྡོར་དྲིལ་མཆོད་པ་སོགས་བྱིན་བརླབ་བྱ་དགོས་ཏེ། དེ་ལྟར་བྱེད་པ་རྒྱུད་དོན་གསལ་བ་འགྲེལ་པ་དང་བཅས་པ་ལས་གསུངས་ཤིང་། པཎ་ཆེན་ཐམས་ཅད་མཁྱེན་པའི་ཀུན་རིག་གི་ཆོ་ག་དང་། སློབ་དཔོན་ཡོན་ཏན་བཤེས་བཉེན་གྱིས་མཛད་པའི་ཊཱི ཀ་ཆུང་ལས་ཀྱང་གསལ་བར་བཤད་པའི་ཕྱིར། དེ་ལྟར་བྱེད་དགོས་པ་ཡིན་ཏེ། སྤྱིར་མཆོད་གཏོར་སོགས་བྱིན་རླབས་བྱེད་པ་ལ་ལྷའི་ང་རྒྱལ་དགོས་ཤིང་། འདིར་ཡང་དེ་ལྟར་ཡིན་ལ་དེའང་རྡོར་སེམས་སུ་བསྐྱེད་པ་སྐབས་སུ་བབ་པའི་ཕྱིར་རོ། །མཆོད་གཏོར་སོགས་བྱིན་རླབས་ཚད་ལྡན་འབྱུང་བ་ལ་ལྷའི་ང་རྒྱལ་དགོས་ཏེ། ལྷའི་ང་རྒྱལ་མེད་པའི་ཐ་མལ་བས་བྱིན་རླབས་དང་བགེགས་བསྐྲད་པ་སོགས་ཇི་བཞིན་མི་འབྱུང་བའི་ཕྱིར་རོ། །དེས་ན་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་བསྐྱེད་ནས་གཡས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་བུ་དཀུར་བཟུང་ལ། ངག་ཏུ་ཊཀྐི་ཧཱུྃ་ཛཿཞེས་བརྗོད་དོ། །དམིགས་པ་ནི་བསྒོམས་པ་དང་འདྲ་བའི་རྡོར་སེམས་ཀྱི་ཡེ་ཤེས་པ་བཀུག་ནས་མདུན་དུ་བཞུགས་པར་བསམ། ཊཀྐི་ཛཿ ཧོཿ ཞེས་བརྗོད་དེ་བཀུག་པའི་རྡོ་རྗེ་སེམས་དཔའ་དེ་རང་ལ་བསྟིམས་པས། དེའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བྱས་པའི་ང་རྒྱལ་བྱ། དེའི་ཊཀྐི་ནི་འདོད་པ་དང་ཧཱུྃ་ནི་འདོད་རྒྱལ་གྱི་ས་བོན་ཡིད་གསུང་ཡང་། འདིར་འདོད་པའི་ལྷ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ས་བོན་ནོ། །ཛཿསྔ་མ་ནི་འགུགས་པ་དང་། ཕྱི་མ་དང་ཧོཿནི་བསྟིམས་པའི་རྡོ་རྗེ་སེམས་དཔའ་དེ་རང་ལ་དགྱེས་བཞིན་དུ་བཞུགས་པའི་དོན་ཏེ། དེ་ལྟར་ཊཱི ཀ་ཆུང་དང་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་ཀྱང་བཤད་པའི་ཕྱིར་རོ། །དེ་ལྟར་གོ་ན་ནི་སྔགས་ཀྱི་དོན་ལ་ལྷའི་ང་རྒྱལ་འཛིན་པའི་གོ་བ་རྙེད་པས་ལྷར་ཟུར་དུ་མ་བསྐྱེད་ཀྱང་མི་འགལ་ཙམ་འབྱུང་ངོ་། །དེ་ནས་རྡོར་དྲིལ་བྱིན་གྱིས་རློབ་པའི་ཚེ། དམ་ཚིག་གསུམ་ལ་གནས་དགོས་ཏེ། རྡོ་རྗེ་སེམས་དཔའི་སྐུར་བསྒོམ་པ་སྐུ་ཕྱག་རྒྱའི་དམ་ཚིག དྲིལ་བུའི་མཚོན་དོན་དྲན་པའི་སྒོ་ནས་དཀྲོལ་བ་གསུང་དྲིལ་བུའི་དམ་ཚིག རྡོ་རྗེའི་དོན་དྲན་པའི་སྒོ་ནས་འཛིན་པ་ཐུགས་རྡོ་རྗེའི་དམ་ཚིག་དང་གསུམ་གནས་དགོས་པས་སོ། །མཆོད་གཏོར་བྱིན་རློབ་བྱེད་པའི་ཚེ་རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་ལ་གནས་པ་ཙམ་མམ་ཐུགས་ཀ་ནས་རྡོ་རྗེ་གནོད་སྦྱིན་སྤྲོས་ཏེ། མཆོད་གཏོར་གྱི་བགེགས་སྦྱངས་ནས་བྱིན་གྱིས་བརླབས། དེ་ནས་མགོན་པོ་ཀུན་གཤེགས་ཞེས་སོགས་ཀྱིས་ཕྱོགས་སྐྱོང་སྤྱན་དྲངས་ནས་མཆོད་གཏོར་ཕུལ་འཕྲིན་ལས་བཅོལ་ཏེ་གཤེགས། རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་གྱིས་དེའི་ཕྱག་ཆེན་བཅིངས་ནས་སྔགས་བརྗོད། ཡང་དེ་ཉིད་ཀྱི་དམ་རྒྱ་བཅིངས་ནས་ཁྲུས་ཆུ་ལ་གཏད་དེ་སྔགས་བརྒྱ་རྩ་སོགས་བརྗོད་དེ་བསང་ཆུ་བསྒྲུབས། ཆུ་དེས་ལག་པ་སོགས་དངོས་སུ་བཀྲུ་བའམ། ཙན་དན་ཆུ་བརྡར་མ་བརྗོད་དེ། དབང་ལྡན་ནས་བརྩམས་ཏེ་བསང་གཏོར་བྱ་བར་ཊཱིཀ་ཆེན་སོགས་ནས་བཤད་དོ། །དེ་ལྟར་བྱེད་པ་ནི་ཁྲུས་བཞིའི་ནང་ནས་ཕྱིའི་ཁྲུས་སོ། །ཁྲུས་བཞི་ནི། ཕྱི་ནང་གསང་བ་རྣལ་འབྱོར་གྱི་ཁྲུས་བཞི་སྟེ། ཕྱིའི་ཁྲུས་བསྡུས་པ་ནི་སྔར་ལྷར་དང་། རྒྱས་པ་ནི་སྔགས་རིས་ནས་འབྱུང་བ་ལྟར་རོ། །ནང་ཁྲུས་ནི། དམ་ཚིག་དང་སྡོམ་པ་སྲུང་བ་སྟོང་ཉིད་སྒོམ་པའོ། །གསང་ཁྲུས་ནི། བཤགས་པ་དང་རྗེས་སུ་ཡི་རང་བ་སོགས་སོ། །རྣལ་འབྱོར་གྱི་ཁྲུས་ནི་ཕྱག་རྒྱ་འཆིང་གྲོལ་བྱེད་པ་ལྟ་བུའོ། །དེ་ནས་ཚོགས་ཞིང་གི་མཆོད་པ་ཡོད་ན་བྱིན་གྱིས་བརླབས། མེད་ན་མི་དགོས། ཁ་ཅིག་འདིར་མཆོད་པ་བྱིན་རློབ་བྱེད་པ་ནི། བདག་བསྐྱེད་ཀྱི་མཆོད་པ་ཁོ་ན་བྱེད་པ་མི་འཐད་དེ། དེ་ནི་ཚོགས་ཞིང་མཆོད་པ་ཡིན་པར་ཊཱིཀ་ཆེན་ལས་བཤད་ལ། བདག་བསྐྱེད་ཀྱི་མཆོད་པ་བྱིན་རླབས་འཕྲིན་ལས་ཀྱི་མཇུག་དེར་བྱེད་པ་ཡང་དེ་ལས་གསུངས་ཤིང་། ཕྱག་ལེན་དུ་ཡང་སྣང་ངོ་། །དེ་ལྟར་མིན་ན། འོག་ཏུ་བྱིན་རློབ་བྱེད་པ་དེ་མ་འབྲེལ་བའི་ཕྱིར། འོན་ཀྱང་སྐབས་འདིར་བདག་བསྐྱེད་ཀྱི་མཆོད་པ་བྱིན་གྱིས་བརླབས་ཀྱང་ཆོག་གོ །སྐབས་འདིར་མཎྜལ་འབུལ་བ་ནི། དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཚེ་ལས་ཀྱི་རྡོ་རྗེས་སློབ་དཔོན་སོགས་ལ་དཀྱིལ་འཁོར་སྒྲུབ་པའི་དོན་དུ་ལྷའི་རྣལ་འབྱོར་ལ་གནས་པར་ཞུ་བ་སོགས་སྤྲོས་པ་ལ་འཇུག་པའི་ཚེ་ཡིན་ལ། གཞན་དུ་དགོས་པའི་ངེས་པ་ནི་མེད་ཅིང་། དགོས་ན་བསྡུས་པས་ཀྱང་ཆོག་ལ། ཕུལ་ན་ཕན་ཡོན་ཙམ་ཡོད་ཀྱང་ཆོ་གའི་བརྡ་མ་ཆགས་པའི་སྐྱོན་ཡོད་དོ། །གཉིས་པ་ལ་བཞི། སྲུང་འཁོར་སྒོམ་པ། ཚོགས་གསོག་པ། ཕྱག་རྒྱ་འཆིང་བཀྲོལ་སྤྱིའི་ཆོ་ག །དེ་ཐམས་ཅད་ཆོས་མཐུན་སྦྱར་བའོ། །དང་པོ་ལ་གསུམ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། སྟོང་ཉིད་བསྒོམས་ནས་ཕྱག་རྡོར་ཞི་བར་བསྐྱེད་དེ་ལྕེ་ལག་བྱིན་གྱིས་བརླབས་པ་དང་། དྲག་པོར་བསྒྱུར་ཏེ་བགེགས་སྔར་ཡོད་ཚར་བཅད་ནས་ཕྱིས་མི་འཇུག་པའི་སྲུང་འཁོར་བསྒོམ་པའོ། །དང་པོ་ནི། ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། ཞེས་པ་ནས། མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པའི་བར་གྱི་བདག་ཕྱག་འཚལ་ཞེས་པ་ཡན་ཆད་ཀྱིས་སྐྱབས་འགྲོ་དང་དེ་མན་ཆད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གཉིས་པ་ནི། ༀ་སྭ་བྷཱ་ཝ་ཞེས་སོགས་ཀྱིས་ཆོས་ཐམས་ཅད་བཏགས་ཡོད་མིང་རྐྱང་ཙམ་ལས་གཞན་དུ་ངོ་བོས་གྲུབ་པ་མེད་པའི་རང་བཞིན་རྣམ་པར་དག་པའི་སྟོང་ཉིད་བསྒོམ་པར་བྱ་སྟེ། དེ་ཡང་ཀུན་རྫོབ་ཀྱི་སྣང་བ་ཚུར་བསྡུས་ནས་མི་དམིགས་པར་བྱས་པ་ཙམ་གྱིས་མི་ཆོག་གི་རང་བཞིན་གྱིས་མེད་པའི་ཚུལ་ལ་རིགས་པས་ངེས་པ་རྙེད་པའི་སྒོ་ནས་དེའི་དོན་བསྒོམ་དགོས་སོ། །དེ་ལ་གང་ཟག་རང་བཞིན་མེད་པ་གང་ཟག་གི་བདག་མེད་དང་། ཕུང་སོགས་ཀྱི་ཆོས་གཞན་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་དོ། །འདི་བསྒོམ་པའི་དགོས་པ་ནི་ཡེ་ཤེས་ཀྱི་ཚོགས་གསོག་པ་དང་། ཐ་མལ་གྱི་སྣང་ཞེན་སྦྱང་བ་དང་། སྲུང་བའི་མཆོག་ཏུ་འགྱུར་བ་དང་། ཆོས་སྐུ་འགྲུབ་པའི་ཆེད་དོ། །སྟོང་ཉིད་བསྒོམ་པའི་ངང་ལས་རང་ཉིད་ཕྱག་རྡོར་ཞི་བར་བསྐྱེད་དེ་དེའི་ལྐོག་མར་ཞེས་སོགས་ཀྱིས་ལྕེ་དང་། ལག་པ་གཉིས་སུ་ཨ་ཨ་ལས་ཞེས་སོགས་ཀྱི་ལག་སོར་བྱིན་གྱིས་བརླབས་གསུམ་པ་ནི། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཞེས་སོགས་ཀྱིས་རང་ཉིད་ཕྱག་རྡོར་ཞི་བར་གནས་པ་དེ་ཉིད་དྲག་པོར་བསྒྱུར་ནས། གནས་གསུམ་བྱིན་གྱིས་བརླབས། ༀ་བུ དྷཱ་ཨ་བྷི་ཞེས་སོགས་ཀྱིས་རིགས་ལྔས་དབང་བསྐུར། དེ་དག་གི་སྐབས་སུ་ཕྱག་རྒྱ་ཇི་ལྟར་འཆིང་བའི་ཚུལ་ཆོ་གའི་གཞུང་དུ་གསལ་བ་ལྟར་བྱ་ཞིང་། འདིར་ཚིག་མང་དུ་དོགས་ནས་མ་བྲིས་སོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །ཕྱག་རྒྱ་འཆིང་བའི་ཚེ་ཕྱག་རྒྱ་འཆིང་བའི་དོན་དྲན་དགོས་ཀྱི། ལག་པའི་འདུ་བྱེད་ཙམ་དོན་དུ་གཉེར་བ་མི་རུང་ངོ་། །ༀ་ཊུཾ་གིས། སྙིང་མགྲིན་ལྟག་པ་སྙིང་ཁ་དང་། ནུ་བར་སྙིང་ཁ་མགྲིན་རྒྱབ་དཔྲལ། ཞེས་གསུངས་པ་ལྟར། གནས་དགུར་མདུད་པའི་ཚུལ་གྱིས་གོ་ཆ་བགོས། དེ་ཡང་ཕྱག་རྡོར་ཞི་བ་དྲག་པོར་བསྒྱུར་བ་ནི། སྔོན་དབང་ཕྱུག་ཆེན་པོ་འདུལ་བའི་ཚེ་ཕྱག་རྡོར་ཞི་བ་དེ་ཉིད་དྲག་པོར་གྱུར་ནས་བཏུལ་བའི་རིམ་པ་དེ་དང་བསྟུན་པའོ། །ལྕེ་ལག་བྱིན་རློབ་བྱེད་པ་ནི། དེ་དག་ནུས་ལྡན་དུ་སྒྲུབ་པའི་དོན་དུའོ། །གོ་ཆ་གྱོན་པ་ནི། དཔེར་ན་གཡུལ་དུ་འཇུག་པའི་ཚེ་གོ་ཆ་གྱོན་པ་ལྟར། འདིར་ཡང་སྒྲུབ་ཐབས་དངོས་གཞི་སྒོམ་པའི་བགེགས་འཇོམས་པའི་ཆེད་དོ། །སྔར་ཡོད་ཀྱི་བགེགས་བསལ་བའི་ཆེད་དུ་ཁྲོ་བོ་སྤྱན་འདྲེན་པ་ནི། ༀ་བཛྲ་མཧཱ་ཀྲོདྷ་ཞེས་སོགས་བརྗོད་པ་དང་མཉམ་དུ་རང་གི་ཐུགས་ཀ་ནས་འོད་འཕྲོས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ། མཆོད་པ་དངོས་སུ་བཤམས་ན། བྱིན་གྱིས་བརླབས་ནས་ཕུལ་ཏེ། ཆོས་ཉིད་སྟོང་། ཞེས་པ་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཞེས་པའི་བར་གྱིས་བསྟོད། བསྟོད་པ་མདོར་བསྡུ་ན། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཞེས་པའི་ཚིགས་བཅད་ཀྱིས་ཆོག་གོ །དཀྱིལ་འཁོར་ཆེན་པོའི་ས་གཞི་ཞེས་སོགས་ཀྱིས་བགེགས་ལ་བཀའ་བསྒོས་ནས་བསྐྲད། ཤིན་ཏུ་བསྡུ་ན་ཁྲོ་བོའི་སྐོར་རྣམས་བཞག་པས་ཀྱང་ཆོག་བར་པཎ་ཆེན་རིན་པོ་ཆེས་བཤད་དོ། ཁ་ཅིག་འདིར་དཀྱིལ་འཁོར་ཆེན་པོའི་ཞེས་པའི་དཀྱིལ་འཁོར་ནི་ལྷའི་དཀྱིལ་འཁོར་ཁོ་ནར་བྱེད་པ་ནི། དོན་མིན་པ་འདྲ་སྟེ། དེ་ནི་ས་སོགས་འབྱུང་བཞིའི་དཀྱིལ་འཁོར་ཞེས་བའི་ཐ་སྙད་ཡོད་པ་ལྟར་སའི་དཀྱིལ་འཁོར་ཆེན་པོ་འདིར་གནས་ཞེས་པའི་དོན་དུ་འཆད་རུང་བར་སྣང་བའི་ཕྱིར་རོ། །བགེགས་བསྐྲད་པས་མི་འགྲོ་བ་རྣམས། ༀ་བཛྲ་ཛྭཱ་ལ་ཞེས་པའི་སྔགས་བརྗོད་དེ། །རྡོ་རྗེས་བསྣུན། བསྣུན་ཏེ་མ་ཤི་བ་ལ། ༀ་བཛྲ་ཨ་ནི་ལའི་སྔགས་དང་ཕྱག་རྒྱས་བསྲེག་པར་བྱ། དེས་མ་ཤི་བ་ལ། ༀ་བཛྲ་ནཻ་ཏྲིའི་སྔགས་དང་ཕྱག་རྒྱས་ཡན་ལག་ལྔ་བཅིངས་ཏེ་བཞག་པར་མོས། སྔར་ཡོད་ཀྱི་བགེགས་བསལ་ནས་ཕྱིས་མི་འཇུག་པའི་སྲུང་འཁོར་ནི། བཛྲ་ཌི་ཌྷོ་ཞེས་སོགས་ཀྱིས་བསྒོམ་དགོས་ལ། དེའི་ཚེ་དམིགས་པ་ནི། རང་གི་ཐུགས་ཁ་ནས་ཁྲོ་བོ་སྤྲོ་བར་མཛད་ཀྱང་། རང་ལུགས་ནི་ཧཱུྃ་མཛད་ཀྱི་ང་རྒྱལ་ལ་གནས་བཞིན་པར་རྡོ་རྗེ་མང་བོ་སྤྲོས་ཏེ། བཛྲ་ཌི་ཌྷོ་བརྗོད་པ་དང་དེའི་ཕྱག་བྱས་ནས། འོག་ཐམས་ཅད་རྡོ་རྗེའི་ས་གཞིར་བསྒོམ། སྟེང་དུ་ཧུ་ལུས་གུར་ཟླུམ་པོ་བསྒྲུབ། དེའི་འོག་ཏུ་ཡཀྵས་བླ་བྲེ་གྲུ་བཞི། ཤར་དུ་ༀ་ཊུཾ་གྱིས་རྡོ་རྗེའི་ར་བ། དེའི་ནང་དུ་པཱ་ཤ་ས་ར་བ་གཉིས་པ་ཞིག་དང་། ནུབ་ཏུ་པཱ་ཏ་ཀེས་རྡོར་ར། བྱང་དུ་ཀཱ་ལིས་རྡོར་ར། ལྷོར་ཤི་ཁ་རས་རྡོར་ར་རྣམས་གྲུ་བཞི་བ་བསྒྲུབས་ཏེ། དེ་ནི་ནང་གི་ར་བའོ། །དེའི་སྟེང་དུ་ཡཀྵས་བླ་བྲེ་གྲུ་བཞི་བ། དེའི་ཕྱི་རོལ་གྱི་ཕྱོགས་མཚམས་ཐམས་ཅད་དུ་ཀརྨས་རྡོ་རྗེའི་ར་བ་ཟླུམ་པོ། འདིའི་སྟེང་དུ་བན་དྷས་གུར་ཕུབ། རབ་འདིའི་ནང་དང་གྲུ་བཞིའི་ཕྱི་རོལ་གྱི་བར་དུ། ཧཱུྃ་མཛད་དམ་ཧཱུྃ་ཧཱུྃ་གྱིས་ར་བ་ཟླུམ་པོ། འདི་ལ་ཧུ་ལུས་བསྒྲུབས་པའི་གུར་ཕུབ་སྟེ་སྟེང་གཡོགས། དེ་ལྟར་ན་ཤར་དུ་བཞི་སྦྲགས། གཞན་ལ་སུམ་སྦྲགས། འོག་ཏུ་གཅིག་ཡིན་ལ། སྟེང་དུ་སུམ་སྦྲགས་ཡང་གཉིས་སུ་སྣང་ངོ་། །འདི་དག་ནི་ཊཱིཀྐ་ཆེ་ཆུང་གཉིས་ཀར་ཞིབ་ཏུ་བརྟགས་ནས་བཀོད་པའོ། །དེ་ལྟར་བསྒོམ་པའི་དགོས་པ་ནི། སྒྲུབ་ཐབས་བསྒོམ་པ་ལ་བགེགས་ཀྱི་བར་ཆད་མི་འབྱུང་བའི་ཆེད་དུའོ། །འོན་ཀྱང་གང་ཟག་ཁྱད་པར་ཅན་འགའ་ཞིག་ལ། བཛྲ་ས་ཏྭ་བརྗོད་པས་སྲུང་བའི་གོ་ཆོད་པར་ཡང་བཤད་དོ། །གཉིས་པ་ཚོགས་གསོག་པ་ལ་གཉིས། ཚོགས་ཞིང་སྒྲུབ་པ་དང་། དེ་ལ་ཚོགས་གསོག་པའོ། །དང་པོ་ནི། ༀ་སརྦ་བིད་ཞེས་པའི་སྔགས་དང་ཕྱག་རྒྱས་ཚོགས་ཞིང་སྤྲུལ། དེའི་ཚེ་དམིགས་པ་ནི། མདུན་གྱི་ནམ་མཁའི་དབྱིངས་སུ་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་གྲུབ་པར་མོས། གཉིས་པ་ནི། པཱ་ད་བནྡས་ཕྱག་བྱས་ནས། ཆུ་གཉིས་སྔོན་དུ་འགྲོ་བས་མཆོད། དབང་མེད་བདག་གིས་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་སྡིག་པ་བཤགས། དེ་ནས་གཅིག་གིས་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཕྱོགས་བཅུའི་ཞེས་སོགས་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་མི་འདའ་བར་བཞུགས་པར་གསོལ་བ་དང་། ཚིགས་བཅད་ལྷག་མས་དགེ་བ་རྫོགས་བྱང་དུ་བསྔོ་བའི་ཡན་ལག་སྟེ། མདོར་ན་ཡན་ལག་བདུན་གྱི་ཚོགས་བསགས། སྤྲོ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་སོགས་ཀྱིས་རིགས་ལྔའི་སྡོམ་བཟུང་བྱ། བསྡུ་ན་མ་བྱས་ཀྱང་རུང་བར་པཎ་ཆེན་རིན་པོ་ཆེས་གསུང་། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱིས་ཚད་མེད་བཞི་རང་རྒྱུད་དང་འདྲེས་པར་བསྒོམ་མོ། །གསུམ་པ་ཕྱག་རྒྱ་འཆིང་གྲོལ་སྤྱིའི་ཆོ་ག་ནི། རང་གི་ལག་མཐིལ་གཉིས་གྱེན་ཏུ་བཀན་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། ཞེས་སོགས་ལྟར། ལག་མཐིལ་གཉིས་སུ་ཨ་དཀར་བོ་རེ་རེ་དང་། དེ་ཡོངས་སུ་གྱུར་པ་ལས་ཟླ་དཀྱིལ་རེ་རེར་གྱུར་པར་བསམ། གཡས་པའི་ཟླ་བའི་དབུས་སུ་ཡི་གེ་ཧཱུྃ་སྔོན་པོ་དང་། གཡོན་པའི་དབུས་སུ་ཨཱཿདཀར་བོ་རེ་རེ་ཐོལ་གྱིས་བྱུང་བར་བསམ། དེ་གཉིས་སོ་སོའི་མཐའ་སྐོར་དུ་ཨ་ཨཱ་སོགས་དབྱངས་ཡིག་བཅུ་དྲུག་པ་གྱེན་སྒྲེང་ཚར་གཉིས་འོད་ཟེར་འབར་བ་དང་བཅས་པར་བསྒོམ། རང་གི་སོར་མོ་རྣམས་མེ་ལོང་ཕྱིས་པ་ཤིན་ཏུ་གསལ་བ་ལྟར་གསལ་བཏབ་ལ། མཐེ་བོང་གཉིས་ལ་ༀ་དཀར་བོ་སོགས་རིགས་ལྔའི་ས་བོན་བསམ། དེ་རྣམས་ཡོངས་སུ་གྱུར་པ་ལས། གཡས་པའི་སོར་མོའི་ངོས་སུ་གསལ་བའི་ཡི་གེ་ལྔ་རྣམ་སྣང་སོགས་རིགས་ལྔ་དང་། གཡོན་པའི་ཡི་གེ་རྣམས་རིམ་པ་བཞིན་དུ། སྤྱན་སོགས་ཀྱི་ངོ་བོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སོགས་ཡུམ་ལྔར་གསལ་བཏབ། དེ་ཡང་ལྷ་རྣམས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་དམིགས་དགོས་སོ། །ལག་མཐིལ་གཉིས་སུ་ཨ་རེ་རེ་བསམ་པ་ནི། ཀུན་རྫོབ་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་བ་དེ་མཚོན། དེའི་དབུས་ཀྱི་ཧཱུྃ་གིས་ཐབས་དང་། ཨཱཿས་ཤེས་རབ་ཀྱི་ཆ་མཚོན། གཡས་པའི་དབྱངས་ཡིག་གིས་སྟོང་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཀྱི་དབྱེ་བ་བཅུ་དྲུག་དང་། གཡོན་པའི་དབྱངས་ཡིག་གིས་ཡུལ་སྟོང་ཉིད་དེ་ལ་སྟོང་གཞིའི་སྒོ་ནས་དབྱེ་བ་བཅུ་དྲུག་ཏུ་ཡོད་པ་དེ་མཚོན། སོར་མོ་རྣམས་སུ་རིགས་ལྔ་ཡབ་ཡུམ་བསྐྱེད་པས་ནི། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱི་ཆ་སོ་སོའི་གཟུང་རྣམ་ལྷའི་རྣམ་པར་ཤར་བ་མཚོན་ནོ། །ཐལ་མོ་གཉིས་མ་རེག་ཙམ་དུ་ཕྱོགས་པར་བྱས་ནས་ལྷ་རྣམས་ཕན་ཚུན་ཞལ་མངོན་དུ་ཕྱོགས་པར་བསམས་ཏེ། ༀ་ཨཱ་ནྱོ་ནྱ་ཞེས་སོགས་བརྗོད། །པ་ར་སྥ་ར་ཞེས་སོགས་ཀྱིས་རྡོ་རྗེ་ཐལ་མོ་བྱས་ལ་ལྷ་ཡབ་ཡུམ་མར་མེ་གཅིག་ལས། གཉིས་ཆད་ཀྱི་ཚུལ་དུ་རྣམ་པ་ཐ་དད་ཀྱང་གོ་ས་འདྲེས་པར་བསམ། ཨ་ཏནྟ་ཞེས་སོགས་ཀྱིས་ལྷ་རྣམས་ཕན་ཚུན་ཤིན་ཏུ་འདྲེས་ནས་གོས་དང་རྣམ་པ་ཐ་དད་མེད་པར་སོང་བར་བསམ། དེ་དག་གི་མཚོན་དོན་ནི། རིགས་ལྔ་ཡབ་ཡུམ་ཞལ་ཕྱོགས་པ་ནི། སློབ་ལམ་གྱི་གནས་སྐབས་སུ་ཡུལ་ཡུལ་ཅན་གཉིས་བློ་དོར་ཕན་ཚུན་སོ་སོར་སྣང་བའི་མངོན་དུ་ཕྱོགས་པ་དེ་མཚོན། གོ་ས་འདྲེས་པ་ཙམ་བྱས་པས་ནི། དེའི་གནས་སྐབས་སུ་སྟོང་ཉིད་ལ་གཉིས་སྣང་མ་ནུབ་ཀྱང་ནུབ་པ་ལ་མངོན་དུ་ཕྱོགས་པ་དེ་མཚོན། ཤིན་ཏུ་འདྲེས་ནས་དབྱེར་མེད་དུ་གྱུར་པས་ནི། དེའི་གནས་སྐབས་སུ་སྟོང་ཉིད་ལ་ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པ་དེ་མཚོན་ནོ། །བཛྲ་བནྡྷ་ཏྲཊ་ཞེས་བརྗོད་པའི་ཚེ་དམིགས་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་བཅད་དེ་དྲལ་བར་བསམས་ལ། རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པས་དྲལ། དེས་སྟོང་ཉིད་མངོན་སུམ་ཏུ་རྟོགས་པའི་སློབ་པའི་ཡེ་ཤེས་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་མངོན་གྱུར་པ་བཅོམ་སྟེ་དྲལ་བར་བྱས་པ་དེ་མཚོན། རྡོ་རྗེ་འབེབས་པར་བསམས་ལ་དེའི་དམ་རྒྱ་བཅིངས་ཏེ། བཛྲ་ཨ་བེ་ཤ་ཨཿཨཿཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་དེ་ཉིད་རྡོ་རྗེ་རྩེ་ལྔ་བ་ཁ་དོག་དམར་བོ་འོད་དམར་བོ་འབར་བའི་རྣམ་པར་དཔག་ཏུ་མེད་པ་བྱུང་ནས། རང་གི་སྙིང་ཀར་ཚུར་ཞུགས་པས་རང་གི་ལུས་ཐམས་ཅད་གང་བར་བསམ་མོ། །ཏིཥྛ་བཛྲ་ཌི་ཌྷོ་ཞེས་སོགས་ཀྱིས་སྔར་ཕབ་པའི་ཡེ་ཤེས་པ་དེ་བརྟན་པར་བྱས་པར་བསམ། བཛྲ་མུ ཥྚི་ཞེས་པས་བརྟན་པ་དེ་ཡང་དབྱེར་མེད་དུ་བཅིངས། མུཥྚི་བ མ་གྱིས་བཅིངས་པ་དེ་ཉིད་བཀྲོལ་བར་བྱའོ། །དེའི་མཚོན་དོན་ནི། ཐིམ་པས་སྒྲིབ་པ་དངོས་སུ་འཇོམས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེས་པ་དེ་མཚོན། བརྟན་པས་ནི། ཡེ་ཤེས་དེ་ཉིད་རྒྱུད་ལ་གོམས་པ་དང་། བཅིངས་པས་ནི། ཕྱག་རྒྱ་གང་བཅིང་བ་འགྲུབ་པ་དང་། མངོན་བྱང་ལྔའི་ལམ་སྒོམ་པ་དེ་མཚོན་ནོ། །ཕྱག་རྒྱ་ཤེས་པ་ནི། དཔེར་ན། འབངས་ཀྱིས་རྒྱལ་བོའི་བཀར་ལས་འདའ་བར་མི་ནུས་པ་ལྟར། ལྷ་རྣམས་ཀྱིས་ཀྱང་། ཇི་ལྟར་རྒྱས་བཏབ་པ་ལས་མི་འདའ་བའི་དོན་ནོ། །བཞི་བ་ཆོས་མཐུན་སྦྱར་ནི། སྔར་ཡོད་ཀྱི་བགེགས་ཚར་བཅད་པ་དང་ཕྱིས་མི་འཇུག་པ་དང་། ཚོགས་ཞིང་རྣམས་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་དང་ཆོས་མཐུན། རྡོ་རྗེའི་ཐལ་མོ་ནས་དྲལ་བའི་བར་སྤྱོད་ལམ་དྲོད་སོགས་བཞི་དང་ཆོས་མཐུན། ཡེ་ཤེས་དབབ་པ་མཐོང་ལམ་དེ་བརྟན་པར་བྱས་པ་སྒོམ་ལམ་ས་དགུ ཁུ་ཚུར་བཅིངས་པ་རྒྱུན་མཐའི་ཡེ་ཤེས་དང་ཆོས་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་། ལས་རྒྱལ་མཆོད་གི་ཏིང་ངེ་འཛིན་ཏོ། །དང་པོ་ལ་རྣམ་པ་གསུམ། ཆོས་སྐུ་དང་རྣམ་པ་མཐུན་པའི་སྟོང་ཉིད་སྒོམ་པ། གཟུགས་སྐུ་དང་རྣམ་པ་མཐུན་པའི་རྣམ་སྣང་སྒོམ་པ། དེ་རྣམས་འབྲས་བུ་དང་ཆོས་མཐུན་སྦྱར་བའོ། །དང་པོ་ལ་སྔ་མ་འགའ་ཞིག་གིས་རྡོ་རྗེ་སེམས་དཔའི་གནས་འདུག་ནས་ཞེས་གསུངས་པ་ལ་བརྟེན་ནས་བདག་བསྐྱེད་ལ་རྡོ་རྗེ་སེམས་དཔའ་ཁོ་ན་སྒོམ་པར་བཞེད་ཀྱང་འདིར་བདག་བསྐྱེད་རྡོར་སེམས་སྒོམ་མི་རུང་བ་མིན་ཡང་། ལྷ་ཐམས་ཅད་རྫོགས་པར་སྒོམ་པ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་བར་མ་ཟད། སྤྱོད་རྒྱུད་ལས། དཀྱིལ་འཁོར་སྔ་མ་བཞིན་དུ་བསམ། ཞེས་སྔར་བཤད་པའི་དཀྱིལ་འཁོར་ཡོངས་རྫོགས་བཞིན་བདག་བསྐྱེད་ལ། སྒོམ་པར་གསུངས་པ་ལྟར་ཆོ་གར་ཡང་དེ་ལྟར་བཤད་པས་འདིར་དེ་བཞིན་དུ་བྱའོ། །སྤྱིར་བདག་བསྐྱེད་ལ་རྡོར་སེམས་སོགས་རྩ་བའི་ལྷ་གང་རུང་གཅིག་བསྒོམས་ནས། ཡེ་ཤེས་པ་གཞུག་པ་དང་གནས་གསུམ་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་བཞིའི་རྒྱས་འདེབས་དབང་བསྐུར་མཆོད་བསྟོད་སོགས་ཀྱིས་བདག་བསྐྱེད་གྲུབ་པར་བྱས་ནས་བུམ་པ་དང་དཀྱིལ་འཁོར་སྒྲུབ་པ་དང་། རབ་གནས་སོགས་བྱེད་རུང་བའི་སྐབས་ཡོད་པར་སྔགས་རིམ་ཊཱིཀ་ཆེན་ཡོན་ཏན་བཤེས་གཉེན་གྱི་ཚིག་དོན་གསལ་བ་སོགས་ན་བཤད་ལ། འོན་ཀྱང་སྔོན་དུ་ལྷའི་བསྙེན་པ་སོགས་འགྲོ་དགོས་ཤིང་། བསྙེན་པ་སོགས་ཇི་ལྟར་དགོས་ཚུལ་ནི་འོག་ཏུ་འཆད་དོ། །བདག་བསྐྱེད་ལ་ལྷ་གཅིག་སྒོམ་པའི་ཚེ་གཞལ་ཡས་ཁང་སྒོམ་དགོས་མི་དགོས་ལ་མི་མཐུན་པ་ཡོད་དེ། ཁ་ཅིག་འདིར་རྣམ་སྣང་རྐྱང་བ་བདག་བསྐྱེད་དུ་སྒོམ་པའི་ཚེ། གཞལ་ཡས་ཁང་ཕྱི་ནང་གཉིས་ཀ་དང་དེའི་དབུས་སུ་འཁོར་ལོ་རྩིབས་བཅུ་དྲུག་པ་བསྐྱེད་པའི་ལྟེ་བར་སེང་ཁྲི་པད་ཟླའི་སྟེང་དུ་རྣམ་སྣང་བསྐྱེད་ཟེར། འགའ་ཞིག་གཞལ་ཡས་ཁང་མེད་པར་སེང་ཁྲི་གདན་བཅས་ཀྱི་སྟེང་དུ་རྣམ་སྣང་བསྐྱེད། ལ་ལ་ནི་སྟོང་བའི་ངང་ལས་པད་ཟླའི་གདན་ལ་ཆོ་ག་གསུམ་བསྐྱེད་ཀྱིས་རྣམ་སྣང་བསྐྱེད་པ་སོགས་མི་འདྲ་བ་ཡོད་དོ། །དེ་ལྟར་ཡོད་ཀྱང་སྔགས་རིམ་ནས་སྟོད་འགྲེལ་དང་སེམས་དཔའ་འབྱུང་བ་ཆེ་ཆུང་གཉིས་ཀྱི་རྗེས་སུ་འབྲང་ནས་རྣལ་འབྱོར་རྒྱུད་ཀྱི་ལྷ་རེ་རེ་བདག་བསྐྱེད་དུ་སྒོམ་མི་སྒོམ་གཉིས་ལས་སྒོམ་པ་ལ་ཕྱག་རྒྱ་དགྲེལ་བའི་བར་སྔར་བཞིན་བྱས་ནས་རྡོ་རྗེ་སེམས་དཔའ་ལྟ་བུར་བསྒོམས། བདུན་བསྐྱེད་ཀྱི་ཚེ་དེ་ཉིད་ནམ་མཁར་བཞག་ནས། འབྱུང་བ་རིམ་བརྩེགས་ཀྱི་གཞལ་ཡས་ཁང་བསྐྱེད་པའི་དབུས་སུ་བབས་ཏེ་འདུག་པ་དང་། རང་ཉིད་རྣམ་སྣང་དུ་བསྐྱེད་དེ་རྡོར་སེམས་སོགས་སྤྲུལ་ཏེ་འགོད་པར་གསུངས་པ་སོགས་ཡོད་པས། གཞལ་ཡས་ཁང་བསྒོམ་པར་བྱས་ཆོ ག་ལ། འདིར་ཆོ་ག་དང་ཊིཀ་ཆེན་ནས་ལྷ་གཅིག་གི་ཚེ་གཞལ་ཡས་ཁང་སྒོམ་དགོས་མི་དགོས་གསལ་བར་མི་སྣང་ཡང་། གཞུང་གཞན་དང་བསྟུན་ནས་དགོངས་པ་བརྟགས་ན་མི་སྒོམ་པའི་ཕྱོགས་ཡིན་པ་འདྲའོ། །སྒོམ་ནའང་གཞལ་ཡས་ཁང་ཕྱི་ནང་གཉིས་ཀ་བསྐྱེད་མི་དགོས་པར་སེམས་ཏེ། ལྷ་གཅིག་ལ་གཞལ་ཡས་ཁང་ཕྱི་ནང་གཉིས་བསྐྱེད་པའི་དགོས་པ་ཁྱད་པར་ཅན་མི་སྣང་བའི་ཕྱིར་དང་། འཁོར་ལོ་རྩིབས་བཅུ་དྲུག་པ་བསྐྱེད་པ་ནི། ནང་གི་སེམས་དཔའ་རྣམས་འགོད་པའི་དབང་དུ་བྱས་པ་ཡིན་པས་གཙོ་བོ་གཅིག་པོ་ལ་དེ་མི་དགོས་པར་སེམས་སོ། །དེས་ན་འདིར་དང་པོ་སྤྱོད་པའི་ཐོག་མར་འཁོར་ལོ་རྩིབས་བཅུ་དྲུག་པ་བཤད་པས་མི་གནོད་ཅིང་། གཞལ་ཡས་ཁང་ཕྱི་མ་ནི་མགྲོན་ཐབས་ཀྱི་ལྷ་རྣམས་འགོད་པའི་ཆེད་ཡིན་པའི་ཕྱིར་ཡང་མི་གནོད་དོ། །དེའི་ཕྱིར་འཇུག་པ་བདེ་བ་ནི། ཕྱག་རྒྱ་བསྲོལ་བ་ལན་ཆང་རྒྱས་བསྡུས་ཅི་རིགས་པར་བྱས་ནས། སྔགས་གཉིས་ཀྱི་དོན་བསྒོམས་ཏེ། བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ལས་འཁོར་ལོ་ཞེས་སོགས་གཙོ་བོ་གཅིག་པོ་ལ་སྤྱི་འགྲོ་ལྟར་བསྒོམས་ན་རྗེ་ཡབ་སྲས་གྱི་དགོངས་པ་དང་ཤིན་ཏུ་མི་འགལ་བར་ངེས་སོ། །སློབ་དཔོན་སངས་རྒྱས་གསང་བས་ཀྱང་མངོན་བྱང་ལྔས་ལྷ་རྫོགས་པར་སྒོམ་མི་ནུས་པའི་གང་ཟག་གིས། ལྷ་གང་འདོད་པ་དེའི་སྙིང་བོ་ཙམ་བརྗོད་ནས་ལྷ་དེར་བསྒོམ་ཞིང་། མདུན་དུ་ཡང་ལྷའི་དཀྱིལ་འཁོར་བསྒོམས་ཏེ་མཆོད་བསྟོད་བཟླས་པ་བྱ་བར་བཤད་པས། བདག་བསྐྱེད་ལ་གཞལ་ཡས་ཁང་སྒོམ་དགོས་པའི་ངེས་པ་མེད་དོ། །དེ་ལྟ་ནའང་རང་ཅག་བསྒོམ་རྒྱུ་མེད་པ་རྣམས་ཀྱིས་ནི། བདག་བསྐྱེད་རྒྱས་པ་བྱས་ན་ལེགས་ཏེ། ཚིག་དང་དོན་གཉིས་ཀ་མེད་པའི་སླ་ཆོས་དང་། ཆོ་གའི་ངག་བཟང་བོ་དང་ངག་འཆལ་འདྲེས་པའི་སྒོ་ནས་ངན་སོང་གི་རྒྱུ་སྒྲུབ་མི་རུང་བའི་ཕྱིར་རོ། །དེས་ན་འདིར་དཀྱིལ་འཁོར་རྫོགས་པར་བསྒོམ་པ་ལ་རྟེན་གཞལ་ཡས་ཁང་བསྒོམས་ནས་དེར་དང་པོ་སྦྱོར་བ་བསྒོམ་པར་བྱ་དགོས་ལ། དེ་ཡང་ཐོག་མར་སྔགས་གཉིས་ཀྱི་དོན་དྲན་པའི་སྒོ་ནས་སྟོང་ཉིད་ལ་ང་རྒྱལ་འཇོག་དགོས་ཤིང་། སྔགས་དོན་ནི་གཞན་ནས་ཤེས་པར་བྱའོ། །གཉིས་པ་ལ་གཉིས། གཞལ་ཡས་ཁང་བསྒོམ་པ་དང་། དེར་རྣམ་སྣང་བསྒོམ་པའོ། །དང་པོ་ནི། ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས་འབྱུང་བཞི་རི་རབ་དང་བཅས་པ་བསྐྱེད་པ་ཡིན་ལ། ཡི་གེ་དེ་རྣམས་བྱང་ཧཱུྃ་གཉིས་ཀྱི་བར་དུ་ཆུད་པར་བསྒོམ། དེ་ལྟར་བསྐྱེད་པའི་རི་རབ་ཀྱི་སྟེང་དུ་བཾ་ལས་སྣ་ཚོགས་པདྨ་དང་དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷཱུཾ་ལས་གཞལ་ཡས་ཁང་བསྐྱེད་པ་དང་། བསྐྱེད་ཚུལ་ལ་རྒྱས་བསྡུས་མང་དུ་སྣང་ཡང་འདི་ནི་འབྲིང་བོའི་དབང་དུ་མཛད་པའོ། །པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཤར་ནས་ནུབ་དང་ལྷོ་ནས་བྱང་གི་བར་གྱི་སྒོ་ཚད་ནི་ཆ་ཆེན་བཅུ་གཉིས་ཡིན་ལ་དབྱིབས་གྲུ་བཞི་ཡིན་ནོ། །དེ་ལས་འཐོན་པའི་རཱ་རྣམས་ཀྱི་སྲིད་དུ་ཆ་ཆེད་བཞི་བཞི་དང་། རྒྱུད་གཞན་དུ་རྩེ་ལྔ་བར་བཤད་ཀྱང་འདིར་རྩེ་གསུམ་པར་བཞེད་དོ། །རྡོ་རྗེའི་ལྟེ་བའི་སྟེང་དུ་ཕྱོགས་བཞི་ནས་ཆ་ཆེན་གཉིས་གཉིས་ཕྱིར་ལུས་པའི་ཕྱོགས་གྱི་ནང་མཐའ་ནས་ནང་མཐའི་བར་སྒོ་ཚད་དམ་ཆ་ཆེན་བརྒྱད་རེ་ཡོད་པ་ནི། དཀྱིལ་འཁོར་ཕྱི་མའི་སྒོ་ཚད་དང་། དེའི་ཕྱི་རོལ་ཏུ་ཞེང་ཆ་ཆུང་གཅིག་དཔངས་སུ་ཆ་ཕྲན་བཅུ་གསུམ་ཡོད་པའི་རྩིག་པ་རིམ་པ་ལྔ། དེའི་སྟེང་དུ་ར ིན་པོ་ཆེ་སྣ་ཚོགས་ཅན་གྱི་ཕ་གུ་དཔང ས་ཆ་ཕྲན་གཅིག་དང་ཞེང་དུ་ཆ་ཕྲན་ཕྱེད་གཉིས་ལས་ཕྱེད་ཕྱིར་འཕགས་པ། དེའི་སྟེང་དུ་གསེར་གྱི་སྐ་རགས་བཞི་ཞིང་ཆ་ཕྲན་གཅིག་པ་བཞི་ཀའི་དཔངས་སུ་ཆ་ཕྲན་གཉིས། དེའི་སྟེང་དུ་མདའ་ཡབ་ཆ་ཕྲན་གཅིག་པས་བསྐོར་བའི་ཟུར་ལ་གདུགས་དང་ངོས་སུ་རྒྱལ་མཚན་སོགས་གྱིས་མཛེས་པའོ། །སྒོའི་ཐད་མ་གཏོགས་རྩིག་པའི་མཐའ་སྐོར་དུ་འདོད་སྣམ་དཔངས་སུ་ཆ་ཕྲན་གཅིག་པ་ཞིང་ཆ་ཕྲན་གཉིས་གྱིས་བསྐོར་བ་དང་། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་བའི་སྟེང་དུ་དཔངས་སུ་ཆ་ཕྲན་ལྔའི་ཀ་བ་བཞི་བཞིས་བཏེགས་པའི་སྣམ་བུ་བཅུ་གཅིག །དེ་དག་གི་ཚད་དང་རྒྱན་སོགས་གཞན་ནས་འབྱུང་བ་ལྟར་རོ། །གཞལ་ཡས་ཁང་ནང་མ་ནི། ཁ་ཅིག་གཞལ་ཡས་ཁང་ཕྱི་མའི་ནང་དུ་བྲེ་ནང་དུ་བྲེ་བཅུག་པ་ལྟ་བུ་དང་། ཊཱིཀ་ཆུང་དོན་གསལ་སོགས་ལས་གཞལ་ཡས་ཁང་ཕྱི་མའི་དབུས་སུ་གར་བུ་གྲུ་བཞི་བ་དབྱིབས་བྲེ་ཁ་སྦུབས་པ་ལྟ་བུ་དཔངས་སུ་དཀྱིལ་འཁོར་ཕྱི་མའི་སྒོ་ཚད་བཞི། །ཞེང་དུ་དེའི་སྒོ་ཚད་དྲུག་ཡོད་པའི་སྟེང་དུ་དཀྱིལ་འཁོར་ནང་མ་ཡོད་པར་བཞེད་པ་སོགས་མི་འདྲ་བ་སྣང་ཡང་། ཊཱིཀ་ཆེན་གྱི་དགོངས་པར་བརྟགས་ན། གཞལ་ཡས་ཁང་ཕྱི་མའི་ནང་དུ་ལྷ་སྣམ་རིམ་པ་གསུམ་སོ་སོའི་ཞེང་ཆ་ཕྲན་རེ་ལྷག་ཙམ་ཡོད་པ་ཕྱིར་ལུས་པའི་ནང་དུ་མཆོད་རྟེན་གྱི་བང་རིམ་ལྟ་བུ་འདབ་མ་རིམ་པ་བཞི་བཞི་དང་། བཞི་བོ་སོ་སོའི་དབང་ལ་སྒོ་ཚད་རེ་རེ་བྱེད་པའི་ལུགས་དང་། རེ་རེ་ལ་ཆ་ཆུང་གསུམ་གསུམ་བྱེད་པའི་ལུགས་གཉིས་གང་བདེ་བྱ་བར་བཞེད། གང་བྱེད་ཀྱང་གོང་མ་ལས་འོག་མ་ཕྱི་འཕགས་པའི་ཞེང་ལ་དཀྱིལ་འཁོར་ཕྱི་མའི་ཆ་ཕྲན་རེ་ཡོད་ལ། དེ་ཡང་འདབ་མ་བཞི་རེ་རེའི་དཔངས་སུ་སྒོ་ཚད་རེ་ཡོད་པའི་དབང་དུ་བྱེད་ན། དཀྱིལ་འཁོར་ནང་མའི་འོག་གཞི་ཕྱི་མའི་ཐོག་དང་མཉམ། ཆ་ཆུང་གསུམ་རེ་བྱེད་པའི་ལུགས་ལྟར་ན། ནང་མའི་འོག་གཞི་ཕྱི་མའི་རྩིག་པའི་སྟེང་དང་མཉམ་ཙམ་སྟེ་ཕྱི་མ་ཅུང་ལེགས། དེ་ལྟ་བུའི་བང་རིམ་བཞི་བའི་སྟེང་དུ་དཀྱིལ་འཁོར་ནང་མ་ཡོད་ལ། དེའི་ནང་མཐའ་ནས་ནང་མཐའི་བར་ལ་དཀྱིལ་འཁོར་ཕྱི་མའི་རྒྱའི་ཕྱེད་སྒོ་ཚད་བཞི་དང་། དཔངས་སུ་དེའི་སྒོ་ཚད་གཉིས་ཡོད། འདབ་མ་བཞིའི་དཔངས་སུ་སྒོ་ཚད་རེ་རེ་ཡོད་པ་ལྟར་ན། དབུས་ཕྱུར་བོ་ལ་ཆ་ཆེན་གཅིག རྩེ་མོའི་ཏོག་ལ་གཅིག གཞལ་ཡས་ཁང་ནང་མའི་དཔངས་ལ་གཉིས་དང་། འདབ་མར་ཆ་ཆུང་གསུམ་རེ་ཡོད་པར་བྱེད་ན། དབུས་ཕྱུར་པོ་ནས་རྩེ་མོའི་ཏོག་གི་བར་ལ་ཆ་ཆེན་གསུམ་བྱ་སྟེ། དེ་ལྟར་བྱས་ན་འོག་གཞི་ནས་ཏོག་གི་བར་ཐམས་ཅད་ཐུན་མོང་དུ་དཔངས་དཀྱིལ་འཁོར་ཕྱི་མའི་ཆ་ཆེན་བརྒྱད་ཡོད་པས། གཞལ་ཡས་ཁང་ནང་མ་ཏོག་དང་བཅས་པ་ནི། ཕྱི་མ་ཡས་ཆ་ཆེན་བཞིས་མཐོ་ཞིང་། འདོད་སྣམ་དང་འདབ་མ་རེ་སྒོ་བཞིའི་ཐད་དུ་མེད་པས། ནང་གི་སྒོ་མདུན་དུ་ཐེམ་སྐས་ཀྱི་རིམ་པ་བཞི་བྱ་དགོས་པར་མངོན་ནོ། །འདབ་མ་རྣམས་ལ་བུམ་པ་ནས་ཐོན་པའི་རྒྱལ་མཚན་དང་འཕན་རྩེ་གསུམ་པ་སོགས་ཀྱིས་བརྒྱན་དུ་རུང་བར་སེམས། ནང་གི་རྩིག་པ་སོགས་ནང་མ་རང་གི་ཚད་དུ་བྱས་པ་མ་གཏོགས་ཕྱི་མ་དང་འདྲ་ལ། འདབ་མ་བཞི་པའི་སྟེང་དུ་འདོད་སྣམ་ཡང་འབྱུང་དགོས་པས་ཞིབ་ཆ་གྱིས། ཐོག་འབུབས་ཚུལ་ནི། དཀྱིལ་འཁོར་ཕྱི་མའི་ཚངས་ཐིག་དང་རྩ་ཐིག་ཕྲད་མཚམས་ནས་ནང་དུ་སྒོ་ཚད་གཅིག་སོང་བའི་གཡས་གཡོན་དུ་ཆ་ཕྲན་ལྔ་ལྔ་དོར་བའི་མཐར་ཀ་བ་ཞེང་ཆ་ཕྲན་གཅིག་པ་དཔངས་སུ་ཆ་ཕྲན་བཅུ་གསུམ་པ་རེ་བཙུགས་པའི་སྟེང་དུ་ཀ་གདན་ཀ་གཞུ་དང་བཅས་པས་བཏགས་པའི་སྟེང་དུ་གདུང་བཞི་བསྣོལ་མར་བཏང་བའི་རྩེ་མོ་ཕྱིའི་གསེར་གྱི་སྐ་རག་གི་སྟེང་དུ་སླེབ་པ། དེའི་ཕྱོགས་རེར་ཡང་ཀ་ཁོངས་ཀྱི་བར་སྟོང་དུ་ལྕམ་བཏང་སྟེ་ཕྱི་སྣེ་གསེར་གྱི་སྐེ་རག་གི་སྟེང་དུ་ཡོང་བར་བྱས་པའི་སྣེ་མོ་ལ་ཆུ་སྲིན་གྱི་ཁ་ནས་དྲ་བ་དང་དྲ་བྱེད་འཕྱང་བ་སོགས་ཀྱིས་མཛེས་པར་བྱ། ཐོག་འབུབས་ཚུལ་རྒྱས་པར་ནི། དཀྱིལ་འཁོར་གཞན་གྱི་དཔེ་བླང་དུ་རུང་ལ། འོན་ཀྱང་འདིར་དཀྱིལ་འཁོར་ནང་མ་ཡོད་པས་ཕྱེད་འགེབས་ཀྱི་ཚུལ་དུ་བྱ་བ་སོགས་མི་འདྲ་བའི་ཁྱད་པར་ཤེས་པར་གྱིས། དཀྱིལ་འཁོར་ནང་མའི་རྩིག་པའི་རྩ་བ་ན་ནང་དུ་ཆ་ཕྲན་བདུན་སོང་བའི་མཚམས་ནས་གཡས་གཡོན་དུ་ནང་མ་ཆ་ཕྲན་གཉིས་ལྷག་ཙམ་རེ་དོར་བའི་སྟེང་གི་གདུང་འཁོར་གྱི་ཐད་དུ་ག་བ་དཔངས་སུ་དཀྱིལ་འཁོར་ནང་མའི་ཆ་ཆེན་བཞི་དང་ཞེང་དུ་ཆ་ཆུང་གཅིག་པ། ཕྱོགས་རེར་གཉིས་གཉིས་ཀྱིས་གདུང་ཟླུམ་བཏེགས་པའི་སྟེང་དུའང་གདུང་བཞི་མིག་མངས་རིས་སུ་བྲིས་པ་བྱ་བར་གསུངས་ལ། གདུང་འཁོར་གྱི་སྟེང་ནས་ཕྱིར་ལ་ནང་མའི་རྩིག་པའི་སྟེང་གི་བྲེ་ཕུལ་ལ་ལྕམ་བཏང་སྟེ་ཐོག་ཕུབ། དབུས་ཀྱི་སྟེང་ཕྱུར་བ་དང་། དེའི་སྟེང་དུ་ཏོག་བྱ་སྟེེ། དཔངས་སྔར་ལྟར་རོ། །གོང་དུ་དཀྱིལ་འཁོར་ནང་མའི་རྩིག་པའི་རྩ་བ་ནས་ནང་དུ་ཆ་ཕྲན་བདུན་རེ་སོང་བའི་གཡས་གཡོན་དུ་ཀ་བ་འཛུགས་པར་ཊཱིཀ་ཆེན་དང་ཡོན་ཏན་བཤེས་གཉེན་གྱི་ཊཱིཀ་ཆུང་གཉིས་ཀར་བཤད་ཀྱང་། དཀྱིལ་འཁོར་ཕྱི་ནང་གང་གི་དབང་དུ་བྱས་པའི་ཆ་ཆུང་ཡིན་པར་མི་གསལ་ལ། དོན་དུ་ནང་མའི་དབང་དུ་བྱས་པར་མངོན། དེ་ལྟར་ན། ཀ་བ་ནི་འཁོར་ལོའི་ལྟེ་བ་དང་། རྩིགས་ཀྱི་མཚམས་སུ་འཛུགས་དགོས་པར་སྣང་ལ། འོན་ཀྱང་འཁོར་ལོ་ཀ་བའི་ནང་དུ་མ་ཆུད་ན་མི་བདེ་བ་ལྟར་དོགས་པ་ཡོད། ནང་དུ་ཆུད་པའི་དབང་དུ་བྱས་ནས། གཞལ་ཡས་ཁང་ནང་མའི་རྩ་ཐིག་ནས་ནང་དུ་ཆ་ཆུང་གཅིག་སོང་བ་ནས་གཡས་གཡོན་དུ་ཀ་བ་བཙུགས་ཏེ་འབུབས་ཚུལ་ཞིག་ཡོད་པ་ལྟ་བུར་སེམས་སོ། །ཊཱི ཀ་ཆེན་ནས་གཞལ་ཡས་ཁང་གི་སྐོར་རྒྱས་ཙམ་སྣང་ཡང་འཐོར་བ་ལྟ་བུར་ཤིན་ཏུ་གོ་མི་བདེ་བས་ལེགས་པར་བརྟགས་ཏེ་སྨྲས་པའི་ཁུལ་ཡིན་ནོ། །དེ་ལྟ་བུའི་གཞལ་ཡས་ཁང་ནང་མའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པའི་ལྟེ་བར་སེང་གེ་སོགས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་སཾ་དབུས་དང་། གཾ། ཝཾ། བཾ། གཾ་རྣམས་གྱེན་སྒྲེང་རིམ་བཞིན་དུ་ཤར་ནས་བྱང་གི་བར་གྱི་འཁོར་ལོའི་ལྟེ་བར་རིམ་པ་བཞིན་དུ་རྣམ་སྣང་སོགས་རིགས་ལྔའི་ས་བོན་ཨཱཿགཉིས་དང་། ཧཱུྃ་གཉིས་དང་། ཏྲཾཿགཉིས་དང་། ཧྲཱིཿགཉིས་དང་། ཨཱཿགཉིས་གཡས་གཡོན་དུ་གྱེན་སྒྲེང་ངམ་སྟེང་འོག་ཏུ་ཉལ་སྟབས་སུ་ཡོད་པའི་བར་དུ་ཆུང་བ་ཐོལ་གྱིས་བྱུང་བ་ལས་དབུས་སུ་སེང་ཁྲི་སྟེ་ཁྲི་གཞན་ལས་ཅུང་ཟད་མཐོ་བ། ཕྱོགས་བཞིར་ཤར་དུ་གླར་བོ་ལྷོར་རྟ་ནུབ་ཏུ་རྨ་བྱ་བྱང་དུ་མཁའ་ལྡིང་གིས་བཏེགས་པའི་ཁྲི་དཔངས་ཆེ་ཆུང་རེ་རེ་ཡོད་པ་རྣམས་བྱུང་བར་བསམ། དེའི་ཚེ་ཁྲི་ལྔ་བོ་དེ་རྣམ་སྣང་སོགས་རིགས་ལྔའི་ཡེ་ཤེས་ཀྱི་ཆ་ཡིན་པར་བསམ་མོ། །གཉིས་པ་ནི། གཙོ་བོ་བསྐྱེད་པ་དང་མཉམ་དུ་འཁོར་རྣམས་འབྱུང་བའི་གནས་ཐམས་ཅད་དུ་ཡི་གེ་ཧྲཱིཿརེ་རེ་ཐོལ་གྱིས་བྱུང་བ་ལས་སྣ་ཚོགས་པདྨའི་གདན་རེ་རེར་བསམ། དེ་རྣམས་ཀྱི་སྟེང་དུ་ཨ་རེ་རེ་བྱུང་བ་ཡོངས་སུ་གྱུར་པ་ལས་ཟླ་བའི་གདན་རེ་རེ་བསམ། དེ་ནི་མངོན་བྱང་ལྔའི་ནང་ནས་ཟླ་བ་ལས་བྱང་ཆུབ་པ་དང་། དེ་ཡང་གཙོ་བོ་ལྟ་བུ་ལ་མཚོན་ན། ཟླ་བའི་སྟེང་དུ་ༀ་བསམ་པ་ནི། ས་བོན་ལས་བྱང་ཆུབ་པ་དང་། དེ་ལས་འཁོར་ལོ་ༀ་གྱིས་མཚན་པ་ནི། །ཕྱག་མཚན་ལས་བྱང་ཆུབ་པ་དང་། དེ་ལྷར་བསྒྱུར་བ་ནི། སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་དང་། དེའི་གོང་དུ་སྟོང་ཉིད་བསྒོམ་པ་ནི་དེ་བཞིན་ཉིད་ལ་བྱང་ཆུབ་པའི་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་དེ་བཞིན་དུ་ལྷ་གཞན་ལའང་འགྲེའོ། །དེ་ཡང་ཆོ་ག་གསུམ་བསྐྱེད་ཀྱི་དབང་དུ་བྱས་ན། གདན་གྱི་སྟེང་དུ་ས་བོན་དང་། དེ་ལས་ཕྱག་མཚན་དང་། དེ་ལས་སྐུར་བསྒོམ་པ་གསུམ་མོ། །དེ་ལ་སྒོ་དྲུག་བསྐྱེད་ཀྱང་ཚང་སྟེ། ཟླ་བའི་སྟེང་དུ་ཕྱག་མཚན་ས་བོན་གྱིས་མཚན་པ་སྙིང་བོ་བསྐྱེད་པའི་སྒོ། དེ་ལས་དཔག་ཏུ་མེད་པའི་འོད་ཟེར་སྤྲོ་བ་སྦྲོ་བའི་སྒོ། མཛད་པ་བཅུ་གཉིས་མཛད་པ་མཛད་པའི་སྒོ། སླར་བསྡུ་བ་བསྡུ་བའི་སྒོ། དེས་ལས་ལྷར་བསྐྱེད་པ་ལྷ་བསྐྱེད་པའི་སྒོ། ཕྱིར་ཕྱུང་ནས་རང་གནས་སུ་འཁོར་བའི་འཁོད་པའི་སྒོ་སྟེ་དྲུག་ཚང་བའི་ཕྱིར། སྤྱིར་རྣམ་སྣང་གི་ཞལ་ཕྱག་ཕྱག་མཚན་སོགས་མི་འདྲ་བ་ཡོད་པར་མ་ཟད་སྐབས་འདིར་ཡང་རྣམ་སྣང་མི་བཞི་རྒྱབ་སྤྲོད་ལྟ་བུ་དང་། ཕྱག་མཚན་ཡང་རྡོ་རྗེ་རྩེ་ལྔ་བར་བཤད་པ་ཡོན་ཀྱང་། སྐུ་དང་མགྲིན་པ་སོགས་གཅིག་པའི་ཞལ་བཞི་དཀར་བ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱན་པ་བསྣམས་པ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། དར་གྱི་སྟོད་གཡོགས་སོགས་ཀྱིས་སྤྲས་ཤིང་བཞུགས་པའོ། །ཚངས་པ་ཆེན་པོ་པདྨའི་གདན་ལ་ཞེས་པའི་ཚངས་པ་ཆེན་པོ་ནི་རྣམ་སྣང་ཡིན་ལ། རྣམ་སྣང་དེས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་དཀྱིལ་འཁོར་འདི་སྤྲུལ་ནས་ངན་འགྲོ་སྦྱོང་བར་མཛད་དེ་བདེ་འགྲོ་ལ་བཀོད་བའི་ཚེ། དེ་རྣམས་ཀྱིས་ཨེ་མའོ་སངས་རྒྱས་ཞེས་སོགས་ཀྱིས་མཆོད་བརྗོད་མཛད་པ་ལྟར། འདིར་ཡང་། རྣམ་སྣང་དུ་བསྒོམ་པའི་ཚེ་སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པའི་ཉམས་ལེན་གྱི་མོས་པ་བྱེད་པ་ཡིན་ནོ། །གསུམ་པ་འབྲས་བུ་དང་ཆོས་མཐུན་སྦྱར་བ་ནི། སྔགས་གཉིས་ཀྱི་དོན་སྒོམ་པ་ཡེ་ཤེས་ཆོས་སྐུ་དང་མཐུན། འབྱུང་བཞི་རི་རབ་གཞལ་ཡས་ཁང་གི་དབུས་སུ་རྣམ་སྣང་བསྐྱེད་པ་ནས་ཆེད་བརྗོད་ཀྱི་བར་ནི། སྤྲུལ་སྐུས་རི་རབ་གྱི་རྩེ་མོར་དཀྱིལ་འཁོར་སྤྲུལ་ནས་མཆོད་བརྗོད་བྱས་པ་དང་ཆོས་མཐུན། དེ་ཡང་སྤྲུལ་སྐུར་ཤཱཀ་ཐུབ་ཀྱིས་ལོངས་སྐུ་རྣམ་སྣང་དུ་སྤྲུལ་ནས་རྒྱུད་གསུང་བ་སོགས་དང་ཆོས་མཐུན་པའི་དོན་ནོ། །སྤྱིར་ལོངས་སྐུས་སྤྲུལ་སྐུ་སྤྲུལ་བ་སོགས་ཡིན་ཀྱང་། འདིར་སྟོན་པ་ལོངས་སྐུའི་རྣམ་པར་བསྟན་པའི་དགོས་པ་དང་། ཐོག་མར་ལོངས་སྐུར་སངས་རྒྱས་པའི་ཚུལ་སོགས་གཞན་དུ་ཤེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་གཉིས། ལྷའི་འཁོར་ལོ་བསྐྱེད་ནས་ཡེ་ཤེས་པ་བཞུག་པ་སོགས་དང་། དེ་ཉིད་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་དབང་བསྐུར་བའོ། །དང་པོ་ལ་གཉིས། འཁོར་ལོ་བསྐྱེད་པ། ཡེ་ཤེས་པ་གཞུག་པ་སོགས་བྱ་བའོ། །དང་པོ་ནི། སྔར་གཙོ་བོ་ཇི་ལྟར་བསྐྱེད་པ་བཞིན་མངོན་བྱང་སྔ་དང་། སྒོ་དྲུག་དང་ཆོ་ག་གསུམ་བསྐྱེད་ཀྱིས་འཁོར་རྣམས་བསྐྱེད་པར་བྱ་ཞིང་། དེ་ལ་ཡང་བསྐྱེད་ཚུལ་རྒྱས་བསྡུས་མང་སྟེ། སརྦ་བིད་སོགས་ལྷར་རང་རང་གི་སྙིང་པོ་ལས་བསྐྱེད་པ་དང་། ས་བོན་ཐམས་ཅད་མཉམ་དུ་བསྐྱེད་ནས་དེ་ལས་ཕྱག་མཚན་དང་། དེ་ལས་སྐུ་རྣམས་ཀྱང་གཅིག་ཅར་བསྐྱེད་པ་དང་། ཡང་ལྷར་རང་རང་གི་ས་བོན་ལས་ཕྱག་མཚན་དེ་ལས་ལྷར་བསྐྱེད་པའི་རིམ་ཅན་སོགས་མི་འདྲ་བ་ཡོད་ཀྱང་འདུར་ཕྱི་མ་ལྟར་རང་ཉིད་རྣམ་སྣང་དུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་བ་ཧཱུྃ་གྱིས་མཚན་པ་སོགས་ལས་མི་བསྐྱོད་པའི་ངོ་བོར་གྱུར་བ། ངན་སོང་སྦྱོང་རྒྱལ་བསྐྱེད་པ་སོགས་འཁོར་གྱི་ལྷ་རྣམས་བསྐྱེད་དེ་གདན་ལ་འགོད་དོ། །བདག་བསྐྱེད་ལ་འཁོར་ཡུག་པའི་བསྐྱེད་ཆོག་མི་རུང་བ་མིན་ཡང་བསྡུ་ན་མི་དགོས་ལ། དཀྱིལ་འཁོར་སྒྲུབ་པ་སོགས་འགའ་ཞིག་ལ་འཁོར་ཡུག་གི་ལྷ་རྣམས་བསྐྱེད་དགོས་སོ། །དེ་དག་གི་ཚེ་ངག་ནས་ཚིག་བརྗོད་པ་དང་ཡིད་ནང་དུ་བསྡུས་ཏེ་ལྷ་དེ་དང་དེའི་ང་རྒྱལ་བརྟན་པོས་མཛད་པ་སོགས་བྱས་པའི་མོས་པ་བྱ་བ་གལ་ཆེ་ལ། བྱུང་ན་དམིགས་པ་གསལ་བ་སོགས་ཀྱང་དགོས་པ་ཡིན་ཏེ། དེ་ཡང་དབག་ཏུ་མེད་པའི་འོད་ཟེར་འཕྲོས་ཞེས་བརྗོད་པའི་ཚེ། ཐུགས་ཀར་བསྐྱེད་པའི་རང་རང་གི་ཕྱག་མཚན་ས་བོན་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ལྔ་བ་ཕྱོགས་ཐམས་ཅད་དུ་སྒོར་མོར་འཕྲོས་པར་བསམ། འོད་དེའི་ཟེར་གྱི་སྣེ་སོགས་ནས་ལྷའི་ཚོགས་ཀྱང་དཔག་ཏུ་མེད་པ་བྱུང་ནས་སེམས་ཅན་གཞལ་དུ་མེད་པ་སྟེ་གྲངས་ཀྱིས་མི་ནུས་པའི་དོན་མཛད་པ་དང་མཛད་པ་དེ་ཡང་འཕོ་བ་དང་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། བཟོ་རིགས་ལ་མཁས་པ་དང་། བཙུན་མོའི་འཁོར་དུ་རོལ་བ་དང་། ངེས་པ་འབྱུང་བ་དང་། དཀའ་བ་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་བོར་གཤེགས་པ་དང་། བཅུད་འཇོམས་པ་དང་། སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་མཛད་པ་བཅུ་གཉིས་ཅི་རིགས་པ་སྟོན་པར་མོས་དགོས་ཏེ། དེ་དག་ནི་ཐམས་ཅད་ལ་འདྲའོ། །འདི་རྣམས་ཀྱི་སྐབས་སུ་ཕྱག་ཆེན་བྱེད་པར་གཞུང་རྣམས་སུ་མི་གས ལ་བས་མ་བྱས་ཀྱང་ཆོག་ལ། ཐམས་ཅད་ཀྱི་ཕྱག་ལེན་དུ་སྣང་བས་མན་ངག་གམ་རྒྱུ་མཚན་ནི་ལོས་ཡོད། མངོན་རྟོགས་གཞུང་དུ་གསལ་པ་ལྟར་ཡིན་ལ། ལྷ་ཐམས་ཅད་གདན་ལ་བགོད་ཟིན་ནས་སྤྱི་བོར་ༀ་སོགས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པོ། །གཉིས་པ་ནི། ཊཱི ཀ་ཆེན་ལྟར་ན། ཡེ་ཤེས་པ་སྤྱན་དྲངས་པའི་ཕྱིར་དུ་སྒོ་དབྱེ་མདུན་བསྐྱེད་བཞིན་བྱེད་དགོས་པ་ལྟར་སྣང་ཡང་ཆོ་གར་མི་གསལ་ལོ། །གཙོ་བོ་ལས་བྱེ་སྟེ་རྡོར་སེམས་ཀྱི་ང་རྒྱལ་ལ་གནས་ཏེ་ཤར་སྒོར་འདུག་ནས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཡེ་ཤེས་པ་རྣམས་སྤྱན་དྲང་བར་བྱ་སྟེ། དེ་ལྟར་སངས་རྒྱས་མཉམ་སྦྱོར་སོགས་ལས་གསུངས་སོ། །བཛྲ་མཱ་ཛཿས་སྤྱན་དྲངས་པའི་མཇུག་ཏུ། རྒྱས་པར་ན་ཆོ་གའི་གཞུང་ལྟར་ཚིགས་བཅད་རྣམས་དང་། འབྲིང་བོ་ནི། མ་ལུས་སེམས་ཅན་མ་ཚིགས་བཅད་གསུམ་གྱི་འཕྲོ་ནས། ཛཿཧཱུྃ་བཾ་ཧོཿམ་ཧཱ་ཀ་རུ་ཎི་ཞེས་པ་མན་ཆད་དང་། བསྡུ་ན་མ་ལུས་མ་ཚིགས་བཅད་གཅིག་གི་འཕྲོ་ནས། ཛཿཧཱུྃ་ཞེས་པ་མན་སྔར་བཞིན་བྱའོ། །དེ་ཡང་བཅོམ་ལྡན་འདིར་ནི་ཞེས་སོགས་ཀྱིས་མཆོད་ཡོན་དང་། ཁྲུས་དང་། གདན་དབུལ། པུཥྤེ་སོགས་ཉེར་སྤྱོད་ཀྱིས་མཆོད། དེ་ནས་ནམ་མཁར་བཞུགས་པའི་ལྷའི་འཁོར་ལོ་རྣམས། སྒོ་བ་བཞིའི་ཕྱག་རྒྱ་དང་སྔགས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབ ང་དུ་བྱ་ལ། དེའི་ཚེ་སྒོ་ཕྱེ་ན་སྒོ་ནས་འཇུག་པ་དང་། མ་ཕྱེ་ན་སྟེང་ནས་འཇུག་པར་གསལ་ལ། དེ་ནས་བགེགས་བསྐྲད་སྲུང་བ། མཆོད་ཡོན། གནས་བྱིན་རླབས་སོགས་གཞུང་ལྟར་རོ། །གཉིས་པ་ཕྱག་རྒྱ་བཞིས་རྒྱས་བཏབས་ཏེ་དབང་བསྐུར་བ་ལ་གཉིས། ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། རིགས་ལྔས་དབང་བསྐུར་བའོ། །དང་པོ་ལ་བཞི། རྒྱས་འདེབས་པའི་དུས་དང་། ཕྱག་རྒྱའི་དབྱེ་བ། ཇི་ལྟར་རྒྱས་བདེབས་པ། རྒྱས་བཏབ་པའི་དགོས་པའོ། །དང་པོ་ནི། སློབ་དཔོན་ཀུན་དགའ་སྙིང་བོས་བཤད་པ་ལྟར། དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པའི་རྗེས་ཀྱི་སྐབས་འདིར་འདེབས་སོ། །གཉིས་པ་དབྱེ་བ་ནི་བཞི་སྟེ། ཕྱག་ཆེན། དམ་རྒྱ། ཆོས་རྒྱ། ལས་རྒྱའོ། །དེ་རེ་རེའང་། སྦྱང་གཞི་གཞིའི་ཕྱག་རྒྱ། སྦྱོང་བྱེད་ལམ་གྱི་ཕྱག་རྒྱ། སྦྱངས་པ་འབྲས་བུའི་ཕྱག་རྒྱ་དང་གསུམ་གསུམ་ཡོད་ལ། དང་པོ་སྦྱང་གཞི་ནི། སྒྲུབ་པ་པོ་རང་ཉིད་ཐ་མལ་དུ་གནས་པའི་ལུས་ངག་ཡིད་གསུམ་བྱ་བ་དང་བཞིའོ། །གཉིས་པ་སྦྱོང་བྱེད་ལམ་གྱི་ཕྱག་རྒྱ་ལ་གཉིས་ལས། ལྷ་སོ་སོའི་ཕྱག་མཚན་འཛིན་ཚུལ་དང་མཐུན་པར་ཕྱག་རྒྱ་བྱས་པའི་ལུས་དང་ལག་པའི་འདུ་བྱེད་ནི་ཕྱིའི་དམ་རྒྱ་དང་། དེའི་ཚེ་རང་ལྷའི་བསྒོམ་པའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་བ་བསམ་པ་ནང་གི་དམ་རྒྱའོ། །ཡང་གདུལ་བྱ་ལ་ཆོས་སྟོན་པ་མཚོན་ཕྱིར་དུ་ཕྱག་རྒྱ་བཅས་པའི་ལུས་ངག་གི་འདུ་བྱེད་ནི་ཕྱིའི་ཆོས་རྒྱ་དང་། དེའི་ཚེ་རང་ལྷར་གནས་པའི་ལྕེ་ལ་རྡོ་རྗེ་སྒོམ་པ་ནི་ནང་གི་ཆོས་རྒྱའོ། །ཡང་ལྷ་སོ་སོའི་སེམས་ཅན་གྱི་དོན་བྱེད་པའི་རྣམ་པ་དང་མཐུན་པའི་ཕྱག་རྒྱ་བཅས་པའི་ལུས་ཀྱི་འདུ་བྱེད་ནི་ཕྱིའི་ལས་རྒྱ་དང་། དེའི་ཚེ་རང་ལྷར་བསལ་པའི་སྙིང་གར་སྣ་ཚོགས་རྡོ་རྗེ་སྒོམ་པ་ནི་ནང་གི་ལས་རྒྱའོ། །ཡང་ལྷ་སོ་སོའི་སྐུའི་རྣམ་པ་ཇི་ལྟ་བ་དང་མཐུན་པར་བཅས་པའི་ལུས་ཀྱི་བཀོད་པའི་འདུ་བྱེད་ནི་ཕྱིའི་ཕྱག་ཆེན་དང་། དེའི་ཚེ་རང་ལྷར་གསལ་བའི་སྙིང་གར་དང་པོའི་རྡོ་རྗེ་རྩེ་ལྔ་བ་བསམ་པ་ནི། ནང་གི་ཕྱག་ཆེན་ནོ། །གཞན་ཡང་རྡོ་རྗེ་དང་ལག་པའི་གཟུགས་བརྙན་བྲིས་པ་རྣམས་ཕྱིའི་དམ་རྒྱ། ཏིང་ངེ་འཛིན་སྒོམ་པ་ནང་གི་དམ་རྒྱ། ཡི་གེ་བྲིས་པ་དང་ངག་བརྗོད་པ་རྣམས་ཕྱིའི་ཆོས་རྒྱ། ལྕེ་སྟེང་གི་རྡོ་རྗེ་ཡི་གེ་བཀོད་པ་ནང་གི་ཆོས་རྒྱ། འཕྲིན་ལས་མཚོན་བྱེད་ཀྱི་སྣ་ཚོགས་རྡོ་རྗེ་དང་འཕྲིན་ལས་བྱེད་པའི་གཟུགས་བརྙན་བྲིས་པ་ཕྱིའི་ལས་རྒྱ། སྣ་ཚོགས་རྡོ་རྗེ་སྒོམ་པ་དང་། ཏིང་ངེ་འཛིན་གྱིས་འཕྲིན་ལས་བྱེད་པ་ནང་གི་ལས་རྒྱ། ཕྱི་རོལ་དུ་ལྷའི་སྐུ་བྲིས་པ་དང་ལུས་ལྷའི་རྣམ་འགྱུར་བྱས་པ་ནི་ཕྱིའི་ཕྱག་མཚན། ལྷའི་སྐུ་ཡིད་ཀྱིས་བསྒོམ་པ་ནི་ནང་གི་ཕྱག་ཆེན་དུ་འཇོག་པའི་ཚུལ་ཡང་ཡོད། གསུམ་པ་འབྲས་བུའི་ཕྱག་རྒྱ་ནི། མདོར་བསྡུ་ན། སངས་རྒྱས་གྱི་སའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་དང་འཕྲིན་ལས་དང་བཞིའོ། །དེ་ཡང་སྐུ་ཕྱག་ཆེན། གསུང་ཆོས་རྒྱ། ཐུགས་དམ་རྒྱ་མཛད་པ་འཕྲིན་ལས་ཀྱི་ཕྱག་རྒྱ་ཡིན་ལ། ཡང་མི་བསྐྱོད་པ་ནི་ཕྱག་ཆེན། རིན་འབྱུང་ནི་དམ་རྒྱ། འོད་དཔག་མེད་ནི་ཆོས་རྒྱ། དོན་གྲུབ་ནི་ལས་རྒྱར་བཤད་དོ། །གཏགས་པའི་ཕྱག་རྒྱ་ནི། བྲིས་འབུར་གྱི་སྐུ་ཕྱག་ཆེན། རྡོ་རྗེ་རྩེ་ལྔ་སོགས་བྲིས་པ་དམ་རྒྱ། ཡི་གེ་བྲིས་པ་སོགས་ཆོས་རྒྱ། སྣ་ཚོགས་རྡོ་རྗེ་བྲིས་པ་སོགས་ལས་རྒྱ་སྟེ། །དེ་དག་ནི་བརྡར་བཏགས་པའམ་ཚིག་ཏུ་བཏགས་པའམ་ཕྱག་རྒྱར་གསུང་། ཕྱག་རྒྱ་བཞིའི་གོ་རིམ་ཡང་། སློབ་དཔོན་སངས་རྒྱས་གསང་བ་དང་། ཤཱཀྱ་བཤེས་གཉེན་གྱིས་དང་པོར་ཕྱག་ཆེན། དེ་ནས་དམ་རྒྱ་ལས་རྒྱ། ཆོས་རྒྱའི་རིམ་པ ས་རྒྱས་འདེབས་མཛད་ལ། སློབ་དཔོན་ཀུན་དགའ་སྙིད་པོས། དང་པོ་དམ་རྒྱ། དེ་ནས་ཆོས་རྒྱ། ལས་རྒྱ་ཕྱག་ཆེན་རྣམས་རིམ་བཞིན་རྒྱས་འདེབས་པར་བཞེད་པས། དེ་གཉིས་གང་བྱས་ཀྱང་རུང་ཞིང་། འདིར་ནི་ཀུན་སྙིང་གི་ལུགས་ལྟར་དང་པོ་དམ་རྒྱ་ནས་རྒྱས་འདེབས་པ་ཡིན་ནོ། །ཕྱག་རྒྱ་ཞེས་པ་ནི། རྒྱུད་ཕྱི་མར། རྒྱལ་བོ་ཕྱག་རྒྱ་མཆོག་གི་ཁྲིམས། །འདའ་དཀའ་མི་ཕྱེད་དེ་བཞིན་དུ། །ཉིད་ཀྱི་གཟུགས་བརྙན་མཚན་མ་ལ། །ཕྱག་རྒྱ་ཆེན་པོ་ཞེས་གྲགས་སོ། །ཞེས་པ་དང་། དེ་བཞིན་དུ་རྩེ་མོ་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོགས་པ་ལས་ཀྱང་གསུམ་པས། སྔར་བཤད་མོད། འོན་ཀྱང་རྒྱལ་བོའི་བཀས་བཅས་པའི་ཁྲིམས་སམ་ཕྱག་རྒྱ་ལས། གཞན་གྱིས་འདའ་བར་མི་ནུས་པ་ལྟར། འདིར་གདུལ་བྱའི་རྒྱུད་ལ་རྒྱས་བཏབ་པ་ལས་མི་འདའ་བའི་དོན་གྱིས་ན་ཕྱག་རྒྱ་དང་། དེ་ཡང་སྐུ་ཕྱག་ཆེན་བསྒོམས་པས་ལྷའི་སྐུ་འགྲུབ་པའི་རྒྱ ས་བཏབ་པས་ན་ཕྱག་ཆེན་དང་། སྙིང་གར་རྡོ་རྗེ་བསྒོམས་པས་ཐུགས་འགྲུབ་པའི་རྒྱས་བཏབ་པས་ན་དམ་རྒྱ་དང་། ལྕེ་ལ་ཆོས་ཀྱི་ཡི་གེ་བསྒོམས་པས་གསུང་འགྲུབ་པའི་རྒྱས་བཏབ་པས་ན་ཆོས་རྒྱ། སྙིང་ཀར་སྣ་ཚོགས་རྡོ་རྗེ་བསྒོམས་པས་འཕྲིན་ལས་འགྲུབ་པའི་རྒྱས་བཏབ་པས་ན་ལས་རྒྱ་ཞེས་བྱའོ། །གསུམ་པ་ཇི་ལྟར་རྒྱས་འདེབས་པ་ལ་བཞི། གང་ལ་རྒྱས་འདེབས་པའི་གཞི། ཕྱག་རྒྱ་འབྱུང་བའི་རྒྱུ། རྒྱས་འདེབས་པའི་ཆོ་ག །རྒྱས་བཏབ་པའི་དོན་ནོ། །དང་པོ་ནི། སྔར་བཤད་པ་ལྟར་ཐ་མལ་པའི་ལུས་ངག་ཡིད་གསུམ་བྱ་བ་དང་བཞིའོ། །གཉིས་པ་རྡོ་རྗེ་བསྡམས་པ་ནི། དམ་རྒྱ་འབྱུང་བའི་རྒྱུར་དེ་ཉིད་བསྟུས་པ་སོགས་ནས་བཤད་ལ། བརྗོད་པ་སྨྲ་བའི་འདུ་བྱེད་ནི་ཆོས་རྒྱ་འབྱུང་བའི་རྒྱུ། རྡོ་རྗེ་གར་ཅུང་ཟད་སྔོན་དུ་འགྲོ་བའི་ཁུ་ཚུར་ནི་ལས་རྒྱ་འབྱུང་བའི་རྒྱུ། དེ་བཞིན་གཤེགས་པའི་ཁུ་ཚུར་ནི་ཕྱག་མཚན་འབྱུང་བའི་རྒྱུར་གཞུང་རྣམས་སུ་བཤད་པས་ཁ་ཅིག་ལས་རྒྱར་མ་ཟད་ཕྱག་རྒྱ་བཞི་ཀའི་རྒྱས་འདེབས་ཀྱི་ཚེ་པད་སྐོར་མང་དུ་བྱེད་པ་ནི་གཞུང་ཁུངས་ཐུབ་རྣམས་སུ་གསུངས་པ་མ་མཐོང་བས་མི་འཐད་དོ། །གསུམ་པ་རྒྱས་འདེབས་པའི་ཚུལ་ལ་བཞི། དམ་རྒྱ། ཆོས་རྒྱ། ལས་རྒྱ། ཕྱག་ཆེན་ནོ། །དམ་རྒྱ་ལ་དངོས་དང་། མཐའ་དཔྱད་པ་གཉིས་ལ། དང་པོ་ནི། དེ་བཞིན་གཤེགས་པ་ལྔ་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ་ཕྱག་རྒྱ་གང་བཅིང་བའི་ལྷ་དེ་དང་དེའི་ཐུགས་དྲན་པར་བྱས་ནས་རྡོ་རྗེ་བསྡམས་པ་བཅིངས་ཏེ་ལག་པ་བྱིན་གྱིས་རློབ། འདི་ནི་ཊཱིཀ་ཆེན་ནས་བཤད་ལ། ཆོ་ག་ལྟར་ན་ས་མ་ཡ་སྟྭཾ་ཞེས་པས་ལག་པ་བྱིན་གྱིས་བརླབས་ཏེ་རྡོ་རྗེ་བསྡམས་པ་བཅིང་ངོ་། །དེ་ལྟར་ནའང་རྡོ་རྗེ་བསྡམས་པ་བཅིང་བ་དང་ས་མ་ཡ་སྟྭཾ་བརྗོད་པ་གཉིས་ཀ་ལག་པ་བྱིན་རླབས་དང་ཕྱག་རྒྱ་བཅིང་བ་འགྲུབ་པའི་ཐབས་ཡིན་པར་ཊཱིཀ་ཆེན་དང་ཆོ་ག་གཉིས་ཀའི་དགོངས་པའོ། །སྔགས་དོན་ནི་དམ་ཚིག་དང་ལྡན་པ་ཁྱོད་ཅེས་པ་སྟེ། ཕྱག་རྒྱ་འཆིང་བ་པོ་ནི་དམ་ཚིག་དང་ལྡན་དགོས་པའི་དོན་ནོ། །སྤྱན་མ་སོགས་ལ་ས་མ་ཡ་སྟྭཾ་འདིའི་གནས་སུ་སུ་ར་ཏ་སྟྭཾ་ཞེས་འདོན་པར་བསྒྱུར་རོ། །བཛྲ་ཌི ཥྚི་མ་ཊ་ཞེས་པས་མིག་བྱིན་གྱིས་བརླབས་ཏེ། དང་པོར་གཙོ་བོའི་དམ་རྒྱ་བཅིངས་ལ། སརྦ་བིད་ཏྲི་ཤྱེ་ཞེས་པ་ནི། ཐམས་ཅད་རིག་པ་ལྟོས་ཞེས་པ་སྟེ། དེ་ཡང་མིག་གིས་བལྟས་པ་ལ་མི་བྱེད་ཀྱི། ཡིད་ཀྱིས་རང་ལྷ་གང་གི་ཕྱག་རྒྱ་བཅང་བའི་ལྷ་དེ་དྲན་དགོས་པའི་དོན་ནོ། །ཛཿཧཱུཾ་བཾ་ཧོཿཞེས་པའི་ཛཿས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་དགུག་པ་དང་ཧཱུཾ་གྱིས་སྦྱིན་པའི་ངོ་བོར་གཞུག་པ་དང་། བཾ་གྱིས་ཤེས་རབ་ཀྱི་ངོ་བོར་བཅིང་བ་དང་། ཧོཿས་བརྩོན་འགྲུས་ཀྱི་ངོ་བོར་དབང་དུ་བྱའོ། །སླར་ཡངས་མ་ཡ་སྟྭཾ་ཞེས་པས། དེ་བཞིན་གཤེགས་པ་ལྔའི་རྒྱབ་ཏུ་ཉི་མའི་རྒྱབ་ཡོལ་དང་། ལྷ་གཞན་རྣམས་ལ་ཟླ་བའི་རྒྱབ་ཡོལ་བསྐྱེད། །ས་མ་ཡ་སྟཾ་ཨ་ཧཾ་གིས་གང་བསྒོམ་པའི་ལྷ་དེ་ངའོ་སྙམ་དུ་ང་རྒྱལ་བྱ། དེ་ཡང་ས་མ་ཡ་སྟྭཾ་གྱིས་ལྷ་དེ་དང་དེའི་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་མོས་ནས། ཨ་ཧཾ་གྱིས་ང་རྒྱལ་འཛིན་ནོ། །དེ་ལ་སྙིང་བོ་དང་སྔགས་ལན་གསུམ་གསུམ་བརྗོད་ནས་བརྟན་པར་བྱ་སྟེ། དེ་རྣམས་ནི་ཕྱིའི་དམ་རྒྱ་དང་། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་ཐོག་ཐ་མེད་པའི་ཆོས་ཉིད་ཀྱི་ངོ་བོས་མཚན་པར་བསམ་པ་ནི་ནང་གི་དམ་རྒྱ་སྟེ། མཁས་གྲུབ་རིན་པོ་ཆེས་རྒྱུད་སྡེ་སྤྱི་རྣམ་དུ་བཤད་པ་ལྟར་ན། ལྷ་རང་རང་གི་དམ་རྒྱ་བཅིང་བའི་སྐབས་དེར་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་བསྐྱེད་དོ། །ཐོག་ཐ་མེད་པའི་ཆོས་ཉིད་ཀྱི་ངོ་བོས་མཚན་པའི་དོན་ནི། ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་དེའི་ཐོག་མའི་མཐའ་དང་ཐ་མའི་མཐའ་མེད་པས། དེ་དང་དེ་རྟོགས་པའི་ཡེ་ཤེས་དེ་ཉིད་རྡོ་རྗེ་རྩེ་ལྔ་བའི་ངོ་བོར་མོས་དགོས་པ་དང་། ཡེ་ཤེས་དེ་ལ་ཡང་ལྡོག་པས་ཕྱེ་ན་ལྔ་ཡོད་པའི་དོན་དུ་རྩེ་ལྔ་བར་བསམ་པའོ། །གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཁྱོད་ཀྱིས་དམ་བཅིང་པའི་གོ་རིམ་དེ་ལྟར་བཤད་པ་ནི་མི་འཐད་དེ། དམ་རྒྱའི་སྐབས་སུ་ས་མ་ཡ་སྟྭ་ཞེས་སོགས་བརྗོད་པའི་ཚེ། པད་སྐོར་ལྟ་བུ་གར་གྱི་ཁྱམས་མང་དུ་བྱས་ནས། ཨ་ཧཾ་གི་བར་སྐབས་སྔ་ཕྱི་གང་རུང་དུ་ལྟར་དེའི་དམ་རྒྱ་བཅིང་བ་ཡང་དེའི་སྔོན་དུ་རྡོ་རྗེ་ཁུ་ཚུར་ལྟ་བུའི་ཕྱག་རྒྱ་ཞིག་ཀྱང་བྱས་ནས་ལྷ་དེའི་དམ་རྒྱ་བཅིང་བ་དང་། ཡང་སྙིང་བོ་དང་སྔགས་ལན་གསུམ་བརྗོད་པའི་གོང་དེར་རྡོ་རྗེ་བསྡམས་པ་བཅིངས་ནས་དེ་གཉིས་ལན་གསུམ་གསུམ་བརྗོད་པའི་ཚེ་ལྷ་དེ་དང་དེའི་དམ་རྒྱ་བཅིང་བའི་ཕྱག་ལེན་སྣང་བའི་ཕྱིར། ཟེར་ན། དེའི་བདེན་མོད། འོན་ཀྱང་དམ་རྒྱའི་གོ་རིམ་དང་དམིགས་པ་སྔར་བཤད་པ་དེ་ལྟར་དུ་རྒྱུད་དོན་གསལ་བ། རྒྱུད་སྡེ་སྤྱི་རྣམ་ཊཱིཀྐ་ཆེ་ཆུང་གཉིས་དང་པཎ་ཆེན་ཐམས་ཅད་མཁྱེན་པའི་ཀུན་རིག་གི་ཆོ་གར་ཡང་བཤད་པས། དེ་ལྟར་བྱེད་རིགས་ཀྱི་དེ་དག་ལས་ལྷག་པའི་མན་ངག་མེད་ཅིང་། ཡོད་ན་ཡང་ཆོ་ག་འདི་གཞིར་འཇོག་པའི་ཚེ་འདི་དང་མི་མཐུན་པའི་ཕྱག་རྒྱ་གང་བྱུང་དུ་རང་དགར་བྱེད་པ་ལ་སྙིང་བོ་ཅི་ཞིག་ཡོད། ཁོ་ན་རེ། འདིར་མང་བོས་ཁྱོད་ཀྱི་དེ་མི་མཐུན་པས་མི་བྱའོ་ཞེ་ན། ཁོ་བོ་དང་མི་མཐུན་ན་སྐྱོན་མེད་མོད་མཁས་གྲུབ་ཚད་ལྡན་གང་གི་ཡང་གཞུང་དང་མི་མཐུན་པས་སྐྱོན་ཡོད་དམ་སྙམ་པ་དང་། ཇི་སྐད་དུ། མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། ཞེས་པའི་དོན་ལྟར་མ་སོང་ན་ལེགས་སོ། །གཞན་ཡང་། དམ་རྒྱའི་སྐབས་འདིར་མ་ཟད་ལས་རྒྱའི་ཀརྨ འི་སྐབས་སུ་ལག་པ་ཐལ་མོ་བརྡབ་པས་ཞེས་ཆོ་ག་དང་མི་མཐུན་པ་དུ་མ་སྣང་ཡང་མ་བརྗོད་དེ། །བློ་ཡོད་ན་ཆོ་གར་བལྟས་པས་ཀྱང་ཤེས་པར་འགྱུར་རོ། །གཉིས་པ་ཆོས་རྒྱ་ནི། ལྷ་ཐམས་ཅད་ཀྱི་ལྒོག་མའི་གནས་སུ་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཞིག་ཐོལ་གྱིས་བྱུང་བར་བསམ། ལྕེེའི་ཐད་ཀྱི་འདབ་མར་གཏུ་ལམ་ཟླ་བའི་སྟེང་དུ་ཧཱུཾ་དང་། དེ་ཡོངས་སུ་གྱུར་པ་རྡོ་རྗེ་དཀར་བོ་རྩེ་ལྔ་བར་བསམ། རྡོ་རྗེ་དེ་ཡང་གྱེན་འགྲེང་མིན་པར་མཆུར་ཉལ་བས་མཚན་པར་བསམས་ཏེ། ༀ་བཛྲ་ཛྭི་ཧོཿཞེས་བརྗོད་པ་ལྕེ་བྱིན་གྱིས་བརླབ་པོ། །དེ་ནས་ལུས་ཀྱི་ལྷ་སོ་སོའི་ཕྱག་ཆེན་བཅིང་བ་དང་། ངག་ཏུ་ལྷ་སོ་སོའི་སྔགས་བརྗོད་པ་ནི། ཕྱིའི་ཆོས་རྒྱ་དང་། ཡིད་ཀྱིས་ལྕེའི་སྟེང་གི་རྡོ་རྗེའི་ལྟེ་བ་ལ་ལྷ་རང་རང་གི་སྔགས་ཀྱིས་མཚན་པར་བསམ་པ་ནི་ནང་གི་ཆོས་རྒྱའོ། ཁ་ཅིག་ཆོས་རྒྱའི་སྐབས་སུ་ཕྱག་ཆེན་མ་གཏོགས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བྱས་པའི་ཆོག་ཅེས་གསུང་བ་ནི་མི་འཐད་དེ། དེ་ལ་ཕྱག་ཆེན་དང་མཉམ་གཞག་གི་ཕྱག་རྒྱ་གཉིས་གདམ་ང་ཅན་དུ་ཊཱིཀ་ཆེན་དང་ཆོ་ག་གཉིས་ཀར་བཤད་པའི་ཕྱིར། རྡོ་རྗེའི་ལྟེ་བར་སྔགས་ཀྱིས་མཚན་པ་ནི་རྡོ་རྗེ་ལྟེ་བ་ལ་དཀྲིས་པ་ལྟ་བུར་མཁས་གྲུབ་ཀྱིས་བཤད་ཅིང་། སྔགས་ནི་མགོར་ༀ་དང་མཐར་ས་བོན་ཡོད་པའི་ༀ་སརྦ་བིད་ཧཱུྃ་ཞེས་པ་ལྟ་བུའོ། །རྡོ་རྗེ་ནི་སྔར་བཤད་པ་ལྟར་ལྕེའི་སྟེང་གི་རྡོ་རྗེ་ཡིན་གྱི། ཁ་ཅིག་སྙིང་བོའི་རྡོ་རྗེ་ཡིན་ནམ་སྙམ་པ་ནི་མི་འ ཐད་དེ། རྡོ་རྗེ་བྱུང་བ་དང་དེ་ཉིད་སྣང་བ་གཉིས་ལས་ལྕེའི་སྟེང་གི་རྡོ་རྗེ་ལ་བཤད་པ་ལྟར་ཊཱི ཀ་ཆེན་ལས་ཀྱང་ལྕེའི་རྡོ་རྗེ་ལ་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་ལས་རྒྱན། ༀ་བཛྲ་ས་ཏྭ་སུ་ཞེས་སོགས་བརྗོད་པས་ཀྱང་རུང་ལ། ཆོ་གར་གསལ་བ་ལྟར་གར་དང་གླུ་དང་ཞེས་སོགས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་གར་གྱི་ཁྱམས་བྱས་ལ་ལུས་ཀྱིས་ལྷ་སོ་སོའི་ལས་རྒྱ་བཅིང་བ་དང་། ངག་ཏུ་སོ་སོའི་སྙིང་པོ་བརྗོད་པ་ནི་ཕྱིའི་ལས་རྒྱ་དང་། ཡིད་ཀྱིས་ལྷ་རྣམས་ཅད་ཀྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསམ་པ་ནི་ནང་གི་ལས་རྒྱའོ། །སྣ་ཚོགས་རྡོ་རྗེའི་མཚན་དོན་ནི་འཕྲིན་ལས་ལ་བཞིར་དབྱེ་བའི་དོན་ནོ། །བཞི་བ་ཕྱག་ཆེན་ནི། ལུས་ཀྱི་ལྷ་སོ་སོའི་ཕྱག་ཆེན་བཅིང་བ་དང་། ངག་ཏུ་ལྷ་སོ་སོའི་སྙིང་པོ་བརྗོད་པ་ནི་ཕྱིའི་ཕྱག་ཆེན་དང་། ཡིད་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་དང་པོའི་རྡོ་རྗེ་རྩེ་ལྔ་པས་མཚན་པར་བསམ་པ་ནི་ནང་གི་ཕྱག་ཆེན་ནོ། །སྙིང་པོ་ནའི་འགོར་ༀ་དང་མཐར་ས་བོན་མེད་པའི་སརྦ་འདི་ལྟ་བུའོ། །དང་པོའི་དོན་མང་ཡང་འདིར་རྡོར་སེམས་ནི་རྡོ་རྗེ་རྒྱལ་པོ་སོགས་ལྷ་གཞན་ཐམས་ཅད་ཀྱི་དང་པོར་བྱུང་བ་དང་རིགས་ཀྱི་བདག་པོའི་ངོ་བོར་འཇོག་པས་དེའི་ཐུགས་ཀྱི་མཚོན་བྱེད་རང་གི་ཕྱག་མཚན་རྡོ་རྗེ་ལ་དང་པོའི་རྡོ་རྗེ་ཤེས་བྱའོ། །རྡོ་རྗེ་དེ་ནི་ཊཱིཀ་ཆེན་ལྟར་ན། ཆེ་ཆུང་ངེས་པ་མེད་པ་དང་། རྩེ་མོ་ལྔ་པ་ཁ་ཅུང་ཟད་གྱེས་བ་ཞིག་ལ་བྱེད་དོ། །སྤྱིར་ཕྱག་རྒྱ་བཞི་ཀ་བཅིང་བའི་ཚུལ་ལ་མི་འདྲ་བ་ཡོད་པས་ཁྱད་པར་ཤེས་དགོས་ཏེ། དམ་རྒྱ་ལྟ་བུ་ལའང་ནང་གསེས། རྒྱུད་ལས་བཤད་ལུགས་མི་འདྲ་བའི་ཁྱད་པར་དང་། སློབ་དཔོན་འགའ་ཞིག་ཀྱང་བཞེད་པ་མི་འདྲ་བའི་ཁྱད་པར་ཤེས་དགོས་ལ། རང་རེས་ནི་ཆོ་ག་སོགས་ནས་མི་གསལ་ན་མ་གཏོགས། གསལ་བཞིན་དུ་དེ་བོར་ནས་གང་ཡིན་གྱི་རྗེས་སུ་འབྲང་བའི་ཕྱག་རྒྱ་གང་བྱུང་བྱེད་མི་རིགས་སོ། །ཕྱག་རྒྱ་དེ་དག་གང་ལས་བཏུས་པ་སོགས་ཊཱི་ཀ་ཆེན་ནས་ཤེས་པར་བྱའོ། །འོ་ན། དཀྱིལ་འཁོར་གྱི་གཞུང་གཞན་ནས་ལྷ་སྒོམ་པ་ལ་ནང་གི་དམིགས་པ་མ་གཏོགས། ལྷ་དེ་དང་དེའི་ཕྱག་ཆེན་བྱེད་པ་ལ་མ་ལྟོས་པར་བཤད་པས། འདིར་ལྷ་དེ་དང་དེའི་ཕྱག་ཆེན་བྱེད་དགོས་པ་དེ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། །འདིར་ལུས་སེམས་རེ་རེ་རྐྱང་པས་འགྲོ་འོང་སོགས་ཀྱིས་བྱ་བ་མི་འགྲུབ་པ་ལྟར། ལུས་ཀྱི་ཕྱག་རྒྱ་དང་ནང་གི་ཏིང་ངེ་འཛིན་གཉིས་ཀ་ཚོགས་ནས་ཐོབ་བྱའི་འབྲས་བུ་སྒྲུབ་དགོས་པའི་ཕྱིར་ཏེ། དེ་ལྟར་ཡང་དཔའ་མཆོག་ལས། ཇི་ལྟར་ལུས་ནི་སེམས་ཀྱི་དང་། སེམས་ཀྱང་ལུས་ཀྱིས་འགྲུབ་འགྱུར་བ། །དེ་བཞིན་ཕྱག་རྒྱ་རྣལ་འབྱོར་གྱིས། །རྣལ་འབྱོར་དམ་ཚིག་སྒྲུབ་པས་སོ། །ཞེས་སོགས་གསུངས་པའི་ཕྱིར། བཞི་པ་རྒྱས་བཏབ་པའི་དོན་ནི། སྔར་བཤད་པ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་པས། རང་གི་ཐོབ་བྱའི་ལྷ་དེ་དང་དེའི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་དང་། རང་གི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་རྣམས་དབྱེར་མེད་དུ་མོས་ནམ། མཐར་ཐོབ་བྱ་འབྲས་བུའི་སྐུ་གསུང་ཐུགས་མཛད་པ་དང་བཅས་བཞི་འགྲུབ་པའི་ནུས་པ་བཞག་པ་ནི། ཕྱག་རྒྱ་བཞིས་རྒྱས་བཏབ་པའི་དོན་ནོ། །བཞི་བརྒྱས་བཏབ་པའི་དགོས་པ་ནི། སྔར་གྱི་དོན་དེར་བསྡུས་ཀྱང་རུང་མོད། ཟུར་དུ་བཤད་ན། དེ་ལྟར་རྒྱས་བཏབ་པ་ལ་བརྟེན་ནས་གནས་སྐབས་སུ་བགེགས་ཀྱི་མི་འཚེ་བ་དང་། ལྷས་རྗེས་སུ་འཛིན་པ་དང་། སངས་རྒྱས་འགྲུབ་པའི་དགོས་པ་སྤྱི་དང་ཁྱད་པར་དམ་རྒྱས་རྒྱལ་བའི་ཐུགས་དང་། ཆོས་རྒྱས་གསུང་དང་། ལས་རྒྱས་འཕྲིན་ལས་དང་། ཕྱག་ཆེན་གྱི་སྐུ་འགྲུབ་པར་འགྱུར་བའི་དགོས་པ་ཡོད་དོ། །གཉིས་པ་རིགས་ལྔས་དབང་བསྐུར་བ་ནི། ༀ་བུད་དྷཱ་ཨབྷིཥི་ཉྩ་ཨོ། །ཞེས་སོགས་ཀྱིས་རིགས་ལྔས་དབང་བསྐུར་རོ། །དེ་ཡང་སྤྱི་བོར་རིགས་ལྔ་བསྒོམ་དགོས་པའི་དོན་ཡིན་ལ། ཁ་ཅིག་སྤྱིར་རིགས་ལྔ་སྦྱན་འདྲེན་པ་དང་། སྤྲུལ་བ་དང་། ས་བོན་ལས་བསྐྱེད་པ་སོགས་ཀྱང་བཞེད་དོ། །གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་གསུམ། འཕྲིན་ལས་བཅོལ་བ། མཆོད་བསྟོད། བཟླས་པ་བྱ་བའི་ཚུལ། དང་པོ་ནི། རྩ་རིག་བཟླ་ཞིང་ལྷ་དེ་དང་དེར་མོས་ནས། སློབ་དཔོན་ཀུན་སྙིང་ལྟར་ན་ཕྱག་ཆེན་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་ལྟར་ན་ལས་རྒྱ་བྱེད་དགོས་ལ། གང་བྱེད་ཀྱང་མི་འགལ་ཞིང་། ཆོ་ག་དང་ཊཱི་ཀ་ཆེན་དུ་ཤཱཀྱ་བཤེས་གཉེན་གྱི་ལུགས་ལྟར། ལུས་ཀྱི་དཀུ་གཡོན་དུ་བཅས་པའི་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་གར་སྔོན་དུ་འགྲོ་བས་ལྷ་སོ་སོའི་སྔགས་བརྗོད་པ་དང་ལྷ་སོ་སོའི་ལས་རྒྱ་བཅིང་སྟེ། བཅོམ་ལྡན་འདས་ཞེས་སོགས་ཀྱིས་འཕྲིན་ལས་བཅོལ། མཇུག་ཏུ་སེ་གོལ་གདབ་ཅིང་དཀུ་གཡོན་པར་ཕྱག་རྒྱ་དགྲོལ་ལོ། །དེ་ཡང་རྒྱས་བར་ན། ལྷ་རེ་རེ་ལ་འཕྲིན་ལས་རེ་རེ་དང་། བསྡུ་ན་ཆོ་གར་གསལ་བ་བཞིན་སྡེ་ཚན་དུ་བྱའོ། །དམིགས་པ་ནི། །དེའི་ཚེ་ལྷ་རང་རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རང་རང་གི་ས་བོན་གྱིས་མཚན་པ་ལས་འོད་འཕྲོས་པ་དང་། སྤྲུལ་པ་དཔག་ཏུ་མེད་པར་སྤྲུལ་ནས་སོང་སྟེ། སེམས་ཅན་གྱི་དོན་སྤྱི་དང་བྱེ་བྲག་མཛད་ནས། རང་ལ་བསྡུའོ། །གཉིས་པ་མཆོད་བསྟོད་ལ་གཉིས། མཆོད་པ་དང་བསྟོད་པའོ། །དང་པོ་ལ་གཉིས། བྱིན་གྱིས་བརླབས་པ་དང་། མཆོད་པའོ། །དང་པོ་ལ་མཆོད་པ་ཇི་ལྟར་བཤམས་པ་ནི། རྒྱས་པར་ན་རྩ་བའི་ལྷ་གྲངས་སོགས་དང་། ཤིན་ཏུ་བསྡུ་ན། མཆོད་པ་ཚར་གཅིག་བྱེད་དུ་རུང་ལ། དེ་ནི་ཤིན་ཏུ་གཙང་བ་གལ་ཆེ་བ་དང་། མཆོད་ཡོན་སོགས་ལ་འདེབས་རྒྱུའི་རྫས་ནི། ཏིལ་དང་། ནས་དང་འབྲས་ཡོས་དང་། མེ་ཏོག་གི་དྲི་བཟང་བོ་དང་། དྲི་བཟང་གིས་སྦགས་པའི་ཆུའམ་དྲི་བཟང་འགའ་ཞིག་འདེབས་པར་གསུངས་པ་ལྟར་བྱས་ན་ཕུན་སུམ་ཚོགས་པ་དང་། མེད་ནའང་སྤོས་བཟང་བོ་སོགས་ཀྱིས་དྲི་བཟང་ཕྱེ་མར་བྱས་པའམ། དེེས་བསྒོས་པའི་ཆུ་མཆོད་ཡོན་སོགས་ལ་འདེབས་པར་བྱས་ན་ལེགས་སོ། །རང་ཅག་ནི། ལྷ་ལ་མི་གཅོང་བའི་ཆུ་སོགས་གང་བྱུང་གིས་ཆོག་ལ། རང་ལ་ཟས་རོ་བརྒྱ་བ་སོགས་འདོད་པས་སྒྲུབ་པ་ནི། དངོས་གྲུབ་འབྱུང་བའི་རེ་བ་མེད་པ་འདྲའོ། །མཆོད་པ་ཇི་ལྟར་བཤམས་ཡང་། རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས། མཆོད་རྫས་ལ་གནས་པའི་བགེགས་ཐམས་ཅད་བསང་། རྡོ་རྗེའི་མེའི་སྔགས་དང་ཕྱག་རྒྱས། མི་གཙང་བའི་ཉེས་སྐྱོན་ཐམས་ཅད་སྦྱངས། སྭ་བྷ་ཝས་ཐ་སྙད་ཙམ་མ་གཏོགས་དོན་དམ་པར་མ་གྲུབ་པར་བསམ་སྟེ། ཐ་མལ་གྱི་སྣང་ཞེན་དག་པར་བྱས། མཆོད་རྫས་རྣམས་དོན་དམ་པར་མ་གྱུར་ཀྱང་། ཀུན་རྫོབ་པའི་ངོ་བོ་སྣང་བས། སྟོང་བའི་ངང་ལས་མཆོད་རྫས་རྣམས་ཀྱི་གོ་སར་ཡི་གེ་ༀ་རེ་རེ་བསམ། དེ་ཡོངས་སུ་གྱུར་བ་ལས་སྣོད་བཟང་བོ་ཡངས་ཤིང་རྒྱ་ཆེ་བ་དང་། ཡང་དེའི་ནང་དུ་ༀ་རེ་རེ་བྱུང་བ་འོད་དུ་མེར་གྱིས་ཞུ་བས། དེ་ཐམས་ཅད་དྭངས་ཤིང་དོགས་པ་མེད་པ་ཟག་མེད་ཀྱི་ཡེ་ཤེས་གྱི་བདག་ཉིད་དུ་མོས་པས་བསྐྱེད་དེ། རང་རང་གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་བརྟན་པར་བྱའོ། །གཉིས་པ་འབུལ་བ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། ཞེས་སོགས་ཀྱིས་ཚིགས་བཅད་སྔགས་དང་ཕྱག་རྒྱས་འབུལ་ཞིང་། མཆོད་པ་རེ་རེ་ལ་ལྔ་ལྔ་ཚང་སྟེ། ཕྱིའི་མེ་ཏོག་སོགས་ནི་ཕྱི་ཡོ་བྱད་ཀྱི་མཆོད་པ། སྔགས་བརྗོད་བསྔགས་ཀྱི་མཆོད་པ། ཕྱག་རྒྱ་བཅིང་བ་ཕྱག་རྒྱའི་མཆོད་པ། ལྷ་སྒོམ་པ་རྣལ་འབྱོར་གྱི་མཆོད་པ། དེས་རང་གཞན་གྱི་དོན་སྒྲུབ་པ་བསྒྲུབ་པའི་མཆོད་པ་དང་ལྔ་ཡོད་པར་གསུངས་ལ། རབ་འབྱམས་རྒྱ་མཚོ་ནི། གླིང་བཞི་རི་རབ་དང་བཅས་པ་གཅིག་ནས་འགྲང་བའི་སྟོང་ལོང་བ་ལ་སྟོང་དང་པོ། དེ་འདྲ་བ་སྟོང་ལ་སྟོང་གཉིས་པ། དེ་འདྲ་བ་སྟོང་ལ་སྟོང་གསུམ་གྱི་འཇིག་རྟེན་དང་། ཡང་དེ་འདྲ་བ་སྟོང་ལོང་བ་ལ་རབ་འབྱམས་མཚམས་སྦྱོར། དེ་འདྲ་བ་སྟོང་ལ་རབ་འབྱམས་རྒྱུད་དང་པོ། །དེ་འདྲ་བ་སྟོང་ལ་རབ་འབྱམས་རྒྱུད་བར་མ། དེ་འདྲ་བསྟོད་ལ་རབ་འབྱམས་རྒྱ་མཚོ་ཡིན་ཏེ། དེ་ལྟར་མདོ་ཕལ་ཆེན་སོགས་ནས་འབྱུང་བ་ལྟར་ཊཱིཀ་ཆེན་དུ འང་བཤད་པའི་ཕྱིར། དེ་འདྲ་བའི་རབ་འབྱམས་རྒྱ་མཚོའི་ཞིང་དེ། རྣམ་སྣང་གངས་ཅན་མཚོའི་ཕྱག་མཐིལ་གྱི་རྡུལ་ཕྲ་རབ་གཅིག་ལའང་གནས་པ་ཕལ་པོ་ཆེ་ལས་བཤད་དོ། །དེའི་ཚེ་དམིགས་པ་ནི་རང་གི་སྙིང་ཀར་སྣ་ཚོགས་རྡོ་རྗེ་བསམ། དེ་ལ་ས་བོན་བཀོད་ནས་གར་གྱི་ཁྱམས་བྱས་ཏེ། མཆོད་པའི་ལྷ་མོ་སྤྲོས་པས་དངོས་སུ་བཤམས་པ་དང་ཡི ད་ཀྱིས་སྤྲུལ་པའི་མཆོད་པ་རྣམས་དང་། འཇིག་རྟེན་གྱི་ཁམས་ན་ཡོད་པའི་མཆོད་པ་རྣམས་བླངས་ནས་ལྷར་མཆོད་ཅིང་བསྡུའོ། །དེ་ནི་དམིགས་པ་བསྡུས་པ་ཡིན་ལ། ཅུང་ཟད་རྒྱས་པར་ནི་གཞན་ནས་ཤེས་པར་བྱའོ། །དེ་ཡང་ༀ་ཞེས་སོགས་ཀྱིས་སྔགས་བརྗོད་དེ། ལྷ་མོ་སྤྲོ་བའི་ཚེས་གོལ་པར་བསྟན་པ་དང་། མཆོད་ནས་རང་ལ་བསྡུ་བའི་ཚེ། བདག་བསྐྱེད་ལ་ཆུར་བསྟན་པ་དང་། མདུན་བསྐྱེད་ལ་ཕར་བསྟན་པ་དང་། ཁ་ཅིག་བསྡུ་བའི་ཚེ་ཡིན་ཕྱིན་ཚུར་བསྟན་པའང་ཡོད་ལ། ཀོ་ས་ལའི་རྒྱན་ལས་སྔ་མ་ལྟར་གསུངས་སོ། །སྔགས་དོན་དང་ཕྱག་རྒྱ་སོགས་ནི་གོ་སླ་བ་དང་གཞན་དུ་བཤད་པ་དང་འདྲའོ། །དེ་ནས་སྒེག་སོགས་བརྒྱད་ཀྱི་མཆོད་པ་ནི། སྙིང་ཀར་སྣ་ཚོགས་རྡོ་རྗེ་བསམ་པ་དེ་ལ་རིགས་ལྔའི་ས་བོན་བཀོད་དེ། ལྷ་མོ་རང་རང་གི་ང་རྒྱལ་གྱིས་དེའི་ཕྱག་རྒྱ་བྱ་ཞིང་ས་བོན་ལས་རང་འདྲའི་མཆོད་པའི་ལྷ་མོ་སྤྲོས་ཏེ་མཆོད་ནས་རང་ལ་བསྡུ་བར་བྱ་ཞིང་། དེ་ལ་ཡང་ཚིགས་བཅད་དང་སྔགས་སྤེལ་མ་སྤེལ་སོགས་ཀྱི་དམིགས་པ་སོ་སོར་འགྱུར་རོ། །བསྡུ་ན། སྔ་ཕྱིའི་མཆོད་པ་རྣམས་སྔགས་རྐྱང་བས་མཆོད་པར་བྱར་རུང་ལ་མཆོད་པ་དངོས་སུ་བཤམས་པ་དང་ཡི ད་ཀྱིས་མོས་པ་གང་ཡིན་ཀྱང་། དམིགས་པ་གཙོ་ཆེར་རྗེ་བླ་མ་ཡབ་སྲས་ཀྱིས་བཤད་དོ། །གཉིས་པ་བསྟོད་པ་ནི། མཉམ་མེད་སོགས་གསུང་ལ། དེ་ནི་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ་བཀོད་ཅིང་། རྒྱས་པར་བྱེད་ན་མདུན་བསྐྱེད་ཀྱི་བསྟོད་པ་བཞིན་བྱ་བར་ཊཱིཀ་ཆེན་ལས་བཤད་དོ། །དེ་ཡང་ཚིགས་བཅད་དང་པོ་འདིས་རྣམ་སྣང་གི་སྐུའི་དཀྱིལ་འཁོར་དང་། ཡོན་ཏན་ཤིན་ཏུ་ཕྲ་བའི་སོགས་གཉིས་པས་མི་བསྐྱོད་པའི་རིགས་དང་། རྟག་ཏུ་དྲི་མ་མེད་པས་སོགས་གསུམ་པས་རིན་འབྱུང་གི་རིགས་དང་། ཚད་མེད་ཚད་དང་ཞེས་སོགས་བཞི་བས་འོད་དཔག་མེད་ཀྱི་རིགས་དང་། ཨེ་མའོ་ཞེས་སོགས་ལྔ་བས་དོན་གྲུབ་ཀྱི་རིགས་ལ་བསྟོད་དོ། །དེ་ལྟར་ན། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ངོ་བོ་དེ་བཞིན་གཤེགས་པ་རིགས་ལྔ་ལ་བསྟོད་པས་ལྷ་ཐམས་ཅད་ལ་བསྟོད་པར་འགྱུར་རོ། །དེ་ཡང་རྣམ་སྣང་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་སྐུའི་ངོ་བོ། །མི་བསྐྱོད་པ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་གསུང་གི་ངོ་བོ། རིན་འབྱུང་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ཐུགས་ཀྱི་ངོ་བོ། འོད་དཔག་མེད་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་བདག་ཉིད་གསུང་གི་ངོ་བོ། །དོན་གྲུབ་བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་འཕྲིན་ལས་ཀྱི་ངོ་བོའམ་དཀྱིལ་འཁོར་རོ། །དེ་ལྟར་བསྟོད་པའི་ཕན་ཡོན་ནི། འདི་དེ་སངས་རྒྱས་ཐམས་ཅད་ཀྱི་ཞེས་སོགས་ཀྱི་རྐང་བོ་བཞིའོ། །སྐབས་འདིར་སྒོམ་པ་གཙོ་བོར་བྱེད་ན། རྟེན་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་སྟེ་དྲན་ཤེས་ཀྱི་ཡུལ་དུ་བྱས་ནས་སྤྱི་དང་བྱེ་བྲག་གང་གསལ་བ་དེ་ལ་སེམས་བཟུང་ངོ་། །ལས་དང་པོ་པ་ལ་དང་པོ་ནས་ཤིན་ཏུ་གསལ་བ་མི་འབྱུང་ཡང་དོན་སྤྱི་རགས་པ་ཙམ་ཞིག་མོས་པས་སྣང་ཡུལ་དུ་བྱས་ནའང་ཕན་ཡོན་ཆེ་བར་གསུངས་བས། ཐོག་མ་ནས་གསལ་བོ་མི་འབྱུང་བར་གཞིར་བཅས་ཏེ་སེམས་ལ་དྲན་པའི་འདུན་པ་ཙམ་ཡང་མི་བྱེད་པ་ནི་སྐྱོན་ཆེན་པོའོ། །དྲན་པས་བཟུང་ནས་ལྷ་དེ་དང་དེ་དའོ་སྙམ་དུ་ང་རྒྱལ་བརྟན་པོ་བྱེད་དགོས་ཤིང་། དེ་ནི་ལྷའི་རྣམ་པ་གསལ་མི་གསལ་གང་ཡིན་ཀྱང་ལྷའི་ང་རྒྱལ་གཙོ་ཆེ་བར་རྗེ་བླ་མས་གསལ་བར་བཤད་དོ། །དེའི་ཚེ་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ལ་གནས་དགོས་ཏེ། ཟབ་བ་བདག་མེད་སྒོམ་པ་དང་། རྒྱ་ཆེ་བ་ལྷའི་རྣལ་འབྱོར་གཉིས་ཀ་ཚང་བར་སྒོམ་དགོས་པའི་ཕྱིར། གསུམ་པ་བཟླས་པ་ནི། ལྷ་རང་རང་གི་སྔགས་དང་རྩ་སྔགས་རྣམས་ཡིན་ལ། བསྐལ་བཟང་གི་སེམས་དཔའ་ལ་སརྦ་སཾ་སྐ་རི་སོགས་ཡིན་ནོ། །འོན་ཀྱང་ཆོ་ག་དང་ཊཱིཀ་ཆེན་ཏུ། མགྲོན་ཐབས་ཀྱི་ལྷ་ལ་སྔགས་བཟླ་དགོས་མི་དགོས་གསལ་བར་མ་བཤད་ཀྱང་། རྩ་རིག་བཟླ་བ་ནི་ཐུན་མོང་དུ་ཡིན་ལ། བསྐལ་བཟང་གི་སེམས་དཔའ་སོགས་ལ་རང་རང་གི་སྔགས་ཐུན་མོང་མིན་པ་གཞན་སྐབས་འདིར་བཟླ་བ་མ་ཡིན་ཡང་། ཐུན་མོང་དུ་སཾ་སྐཱ་རི་དང་། གཞན་ཉན་ཐོས་རང་རྒྱལ་ཁྲོ་བོ་རྣམས་ལ་རྩ་རིག་གང་འོས་རེ་བཟླ་དགོས་པར་མངོན་ནོ། །དེ་ཡང་ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་ས་བོན་ལ་བཟླས་བའི་སྔགས་ཀྱིས་བསྐོར་བའི་དམིགས་པ་བྱ་སྟེ། གཙོ་བོ་ལྟ་བུ་ལ། ཐུགས་ཀར་ཟླ་བའི་གདན་གྱི་སྟེང་དུ་ༀ་ཡིག་གི་མཐར་ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་ཞེས་སོགས་ཀྱི་སྔགས་དང་། སྦྱོང་རྒྱལ་ལ། ཧཱུཾ་ཡིག་གི་མཐར་ༀ་སརྦ་བིད་ཧཱུཾ་ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་ཏེ་སེམས་ཅན་གྱི་དོན་བྱེད་པའི་དམིགས་པ་དང་། གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་སྔགས་འདོན་པར་བསམ་མོ། །བསྙེན་ཚད་ལ་གྲངས་ཀྱི་བསྙེན་པ། མཚན་མའི་བསྙེན་པ་གཉིས་ལས་དང་པོ་ནི། གྲངས་ངེས་ཅན་མེད་ཀྱང་ལྷ་འགྲུབ་པའི་རྟགས་བྱུང་གི་བར་དུ་བཟླ་བ་དང་། རྟགས་ལ་ཡང་མཆོག་དང་འབྲིང་དང་ཐ་མ་གསུམ་ཡོད། གྲངས་བསྙེན་ལའང་། ལས་ཚོགས་མང་བོ་སྒྲུབ་ནུས་མི་ནུས་ཀྱི་དབང་དུ་བྱས་ནས། བསྙེན་གྲངས་མི་འདྲ་བ་ཡོད་ཀྱང་། དབང་བསྐུར་རབ་གནས་སོགས་ལ་དབང་བའི་གྲངས་བསྙེན་ནི། འདུལ་འཛིན་པ་རང་ཉིད་ཀྱི་ཊཱིཀ་ཆེན་དང་། ཡོན་ཏན་བཤེས་གཉེན་གྱི་ཊིཀ་ཆུང་གཉིས་ཀར་ཡང་། གཙོ་བོའི་སྔགས་འབུམ་མམ་རྩ་རིག་འབུམ་མམ་དབང་གི་དུས་སུ་གང་ལ་མེ་ཏོག་ཕོག་པའི་ལྷ་དེའི་སྔགས་གང་རུང་འབུམ་ཕྲག་རེ། གཞན་རྣམས་ལ་ཁྲི་ཁྲག་རེ་བཤད་ལ། དེ་ལ་ཡེ་ཤེས་འབེབས་སྔགས་འབུམ་དང་ཁ་སྐོང་སྦྱིན་སྲེག་བྱ་དགོས་པར་གསུང་། དེ་ཡང་ཆོ་ག་དང་ཊཱིཀ་ཆེན་གཉིས་ལས། འཁོར་གྱི་ལྷ་གཞན་ལ་ཁྲི་ཕྲག་བཟླ་བར་བཤད་ཀྱང་། དེ་རྩ་བའི་འཁོར་རྐྱང་བའི་དབང་དུ་བྱས་པ་དང་མགྲིན་ཐབས་ཀྱི་ལྷ་དང་གཉིས་ཀའི་དབང་དུ་བྱས་པ་གང་ཡིན་མི་གསལ་ཡང་། ཊཱིཀ་ཆུང་ལྟར་ན། དེ་ཀུན་རིག་རྩ་བའི་འཁོར་གྱི་ལྷ་རྣམས་ཀྱི་དབང་དུ་བྱས་པར་གསལ་ཞིང་། བུམ་བསྐྱེད་ཀྱི་བཟླས་པ་ལྟ ར་ན་ཡང་དེ་ལྟར་ཡིན་པར་སྣང་ངོ་། །འོན་ཀྱང་སྔར་བཤད་པ་ལྟར་ཐུན་མོང་གི་བཟླས་པ་དེ་དག་གང་འོས་ཤིག་བྱས་ན་ཡང་ལེགས་པར་སེམས་ཏེ། ངེས་བཟུང་དུ་མི་དགོས་པར་མངོན་ནོ། །སྔགས་རིམ་ཆེན་མོ་ལས། རྣལ་འབྱོར་རྒྱུད་ཀྱི་སྒོ་ནས་དབང་བསྐུར་རབ་གནས་སོགས་བྱེད་པ་ལ། རྩ་བའི་ལྷ་གང་ཡང་རུང་བ་ཞིག་གི་བསྙེན་པ་འབུམ་བྱས་པས་ཀྱང་རུང་བའི་སྐབས་ཡོད་པར་སངས་རྒྱས་གསང་བའི་བཞེད་པར་འཆད་ཅིང་། མ་ཐ་ཡང་དེ་ལྟར་བྱེད་དགོས་པར་གསུངས་ལ། འོན་ཀྱང་འདིར་ཕུན་སུམ་ཚོགས་པ་ནི་སྔ་མ་ལྟར་རོ། །དེ་ལྟར་འང་དེང་སང་དབང་མ་ཐོབ་ཅིང་། བསྙེན་པ་ཡང་མ་སོང་བ་དང་། ཆོ་ག་དང་། སྔགས་ཀྱང་ངག་འཆལ་དང་བསྲེ་སྟེ་གང་བྱུང་ཕྱེད་པ་བདག་དང་བདག་འདྲ་བའང་མང་དུ་སྣང་བ་རྣམས་ཀྱང་། ད་དུང་ཐོག་མར་རང་ཉིད་ངན་སོང་ལས་ཐར་བའི་ཐབས་བྱས་ནས་དེ་རྗེས་གཞན་གྱི་དོན་བྱས་ན་ལེགས་པར་སེམས་ཏེ། ལུང་མང་དུ་དོགས་ནས་མ་དྲངས་ལ་དེ་ཡང་དུས་ཀྱི་སྟོབས་ཡིན་པར་སྣང་ངོ་། །དཀྱིལ་འཁོར་གྱི་ལྷ་འདི་རྣམས་སངས་རྒྱས་ཤ་སྟག་ཡིན་ཞིང་། འཕྲིན་ལས་ཀྱང་སེམས་ཅན་རྣམས་ཀྱི་ངན་སོང་སྦྱོང་བ་ལ་བརྩོན་པ་ཡིན་པའི་ཕྱིར། འདི་རྣམས་ཀྱི་མཚན་ནམ་ཐོས་ཤིང་དྲན་པས་ཀྱང་ངན་སོང་ལས་གྲོལ་ནུས་ན་ཆོ་ག་ཚད་ལྡན་དང་རྗེས་མཐུན་གང་བྱས་ཀྱང་ལྟ་ཅི་སྨོས། དེའི་ཕྱིར་རང་དང་གཞན་གྱི་དོན་དུ་དམིགས་ཏེ་སེམས་བཟང་བོས་ཆོ་ག་རྣམ་པར་དག་པའི་ཚིག་ཅེས་ལེགས་པར་བསྒྲགས་ནའང་ཕན་ཡོན་ཆེ་བར་བཤད་པས་དེ་ལྟར་མཛད་དུ་གསོལ་ཞེས་ཞུའོ། །ཐུན་མཚམས་སུ་བྱ་བར་འདོད་ན། ཆུ་གཉིས་གཉེར་སྤྱོད་རོལ་མོ་དང་བཅས་པ་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་ལ། བསྟོད་པ་རྒྱས་བསྡུས་གང་རུང་བྱ་བ་དང་། ཡིག་བརྒྱ་འདོན་པར་ཆོ་གར་བཤད་ལ། ཕྱག་ལེན་དུ་ཡིག་བརྒྱ་མཆོད་པའི་གོང་དུ་བྱ་བར་དར་ཤིང་བཟླས་པའི་ཚེ་འཕྲེང་བའི་རྒྱུ་ཇི་ལྟར་བྱ་བ་སོགས་ནི་ཊཱིཀ་ཀར་ཤེས་པར་བྱའོ། །གསུམ་པ་ཐུན་མཚམས་སུ་བྱ་བའི་རིམ་པ་ནི། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱེ་ནས་ༀ་སརྦ་བིད་ༀ་ཞེས་སོགས་ཀྱིས་གནས་གསུམ་བྱིན་གྱིས་བརླབས་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །རྒྱུད་གཞན་ན། ཐུན་གཉིས་པ་སོགས་ལ་བབས་པའི་ཚེ་སླར་མངོན་རྟོགས་འགོ་ནས་བཟུང་རྒྱས་བསྡུས་ག ང་རུང་བྱས་ཏེ་བསྙེན་པ་ལ་འཇུག་པར་བཤད་ཀྱང་། འདིར་ཐུན་གཉིས་པ་སོགས་ལ་བབས་པ་ན། ཁྲུས་དང་ཉེ་རེག་བྱས་ཏེ་ནང་དུ་ཞུགས་ལ། གཙོ་བོའི་དམ་རྒྱ་བཅིངས་ནས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་། རང་གཙོ་བོ་དང་གཉིས་སུ་མེད་པར་བསམ། མཆོད་བསྟོད་རྒྱས་བསྡུས་གང་རུང་བྱས་ནས་སྒོམ་བཟླས་སྔར་བཞིན་བྱས་པའི་མཐར་ཡིག་བརྒྱས་པ་རྟན་པར་བྱ་སྟེ། དེ་ནི་ཐུན་གསུམ་པ་དང་བཞི་བ་ལའང་འདྲའོ། །ཐུན་དང་པོ་ལ་གཤེགས་པའམ་མ་གཤེགས་ན་ཐུན་བཞིར་བྱེད་པའི་ཚེ་བཞི་བའི་མཐར་གཤེགས་དགོས་པས། མཆོད་བསྟོད་ཀྱི་རྗེས་སུ་ཡིག་བརྒྱ་བརྗོད། བདག་གི་དགེ་བའི་ཞེས་སོགས་ཚིགས་བཅད་ཀྱིས་དགེ་བ་བསྔོ་བ་དང་། དེ་ནས་མཆོད་ཡོན་ཕུལ། ༀ་ཁྱེད་ཀྱིས་སེམས་ཅན་སོགས་གཅིག་གིས་བསྐུལ་ནས། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོ་ནས་གྱེན་ཏུ་དཀྲོལ་ནས། ༀ་བཛྲ་ས་ཏྭ་མུཿཞེས་པས་བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ནས་བཛྲ་ས་མཱ་ཛཿ དམ་ཚིག་པའི་རྟེན་བརྟེན་པའི་དཀྱིལ་འཁོར་རང་ཉིད་ལ་ཐིམ་པར་བསམ་ལ། ལྷའི་ང་རྒྱལ་གྱིས་གླེགས་བམ་སྒྲོགས་པ་སོགས་སམ། ཡང་ན་བུམ་པ་སྒྲུབ་པ་ལ་འཇུག་གོ །འདིར་རྡུལ་ཚོན་གྱི་སྐབས་སུ་གཤེགས་གསོལ་བྱེད་པའི་ཚེ་ལྟར་ལྷ་རེ་རེ་ནས་དམ་རྒྱ་བཀྲོལ་སྟེ་གཤེགས་པར་བྱས་མཆོག་མོད། འོན་ཀྱང་རྡོ་རྗེ་འབྱུང་བ་ལྟར་ཆོ་གའི་གཞུང་དང་། ཊཱིཀ་ཆེན། པཎ་ཆེན་ཐམས་ཅད་མཁྱེན་པའི་ཀུན་རིག་ཆོ་ག །ཊཱིཀ་ཆུང་རྣམས་སུ་སྔ་མ་ལྟར་གསུངས་པས། བདག་བསྐྱེད་གཤེགས་གསོལ་དེ་ལྟར་བྱ་ཞིང་། མདུན་བསྐྱེད་ལ་རྡུལ་ཚོན་བསྡུས་ནས་གཤེགས་པའི་ཚེ། ལྷ་རེ་རེ་ནས་དམ་རྒྱ་དཀྲོལ་ཏེ་གཤེགས་པར་གསུངས་པ་ལྟར་རོ། ཁ་ཅིག་བདག་བསྐྱེད་ཀྱི་མཐར་གཤེགས་གསོལ་རྒྱས་པ་དེ་ཁོ་ན་བཞིན་བྱེད་དགོས་སོ། །སྙམ་པ་ནི་མཐོང་རྒྱ་ཆུང་བར་གསལ་ལོ། །རགས་པའི་རྣལ་འབྱོར་ལ་བརྟན་པ་རྙེད་ན། དེ་ནས་སྟེང་གི་ཕྱག་མཚན་ཕྲ་མོ་བསྒོམས་པའི་ཕྲ་མོའི་རྣལ་འབྱོར་བྱའོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། དེ་ལྟར་ལྷའི་རྣལ་འབྱོར་བསྒོམ་པ་ལ་བརྟེན་ནས་ཞི་གནས་ཁྱད་པར་ཅན་རྙེད་པ་ན། དེའི་སྟེང་དུ་སྟོང་ཉིད་ཀྱི་དོན་ལ་ཡང་ཡང་དཔྱད་པས་སྟོང་ཉིད་རྟོགས་པའི་ལྷག་མཐོང་འགྲུབ་པའི་ཚེ་མཚན་མེད་ཀྱི་རྣལ་འབྱོར་ཁྱད་པར་ཅན་འགྲུབ་པ་ཡིན་ནོ། །གཉིས་པ་བསྙེན་པ་ལས་སུ་རུང་ནས་དངོས་གྲུབ་སྒྲུབ་པ་ནི། དེ་ལྟར་བསྙེན་སྒྲུབ་སྔོན་དུ་སོང་ནས། མཉམ་གཞག་ཏུ་ཟབ་གསལ་གཉིས་མེད་དང་། རྗེས་ཐོབ་ཏུ་ལས་ཚོགས་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །གཉིས་པ་དཀྱིལ་འཁོར་གྱི་ཆོ་ག་ལ་བཞི། སའི་ཆོ་ག སྟ་གོན་གྱི་ཆོ་ག དངོས་གཞིའི་ཆོ་ག །མཇུག་གི་ཆོ་གའོ། །དང་པོ་ལ། ས་བརྟགས་པ། ས་བླང་བ། ས་སྤྱད་པ། ས་བཟུང་བ། སྤུར་ཞིང་བྱིན་གྱིས་བརླབ་པ་དང་ལྔའོ། །དང་པོ་ནི། སྔར་དཀྱིལ་འཁོར་འཁོར་བཞེངས་ནས་བྱིན་གྱིས་བརླབས་པའི་གནས་མ་གཏོགས། གསར་དུ་བཞེངས་པའི་ཚེ། ས་ཕྱོགས་དེར་དཀྱིལ་འཁོར་བྲི་བར་རུང་མི་རུང་དང་། ལྟོ་འཕྱེ་བརྟགས་པ་རྣམས་བྱའོ། །གཉིས་པ་ནི། ས་དེ་ཡི་བདག་པོ་རྒྱལ་བོ་སོགས་ལས་སློང་བ་དང་། གཞི་བདག་ལ་གཏོར་མ་བྱིན་ནས་སློང་བའོ། །གསུམ་པ་ནི། རྫས་སྔགས་ཏིང་ངེ་འཛིན་གསུམ་གྱིས་སྦྱང་བར་བྱའོ། །བཞི་བ་ནི། ཡིག་བརྒྱ་བཟླས་ཤིང་འདིར་དཀྱིལ་འཁོར་བྲི་བར་བྱའོ་སྙམ་དུ་བློས་བཟུང་ངོ་། །ལྔ་བ་ནི། ཆས་འཇུག་བྱ་བའམ་མ་བྱས་ཀྱང་རུང་སྟེ། གང་དུ་བྲི་བའི་གནས་དེར་སློབ་དཔོན་འཁོར་བཅས་འདུག་ནས་དམ་ཚིག་བཟུང་བ་དང་། བདག་བསྐྱེད་རྒྱས་པ་བསྒོམས་ནས་བཟླས་པ་ཡན་ཆད་བྱས། དེང་དུས་བདག་ཚེ་ཞེས་སོགས་ཀྱིས་སྤྲོ་བ་བསྐྱེད། མ་ལུས་ཕྱོགས་ན་ཞེས་སོགས་ཀྱིས་སྙན་མནན་པ་བྱ། སྒོ་བཞིའི་སློབ་དཔོན་གྱིས་མཆོད་བསྟོད་མཎྜལ་སྔོན་དུ་བཏང་ནས། མགོན་པོ་ཁྱོད་ལ་ཞེས་སོགས་ཀྱིས་གསོལ་གདབ་བྱས་པའི་རྗེས་སུ། སློབ་དཔོན་གྱིས་སྔར་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་བཏེག །ལངས་ནས་ཕྱག་བྱ། རང་གཙོ་བོ་ལས་བྱེ་སྟེ་འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་དེ་བགེགས་བསྐྲད་དོ། །བ དག་ནི་རང་ཉིད་རྡོ་རྗེ་ཅན། ཞེས་སོགས་ཀྱིས་རིགས་དྲུག་གི་ང་རྒྱལ་བཟུང་། དེ་ནས་རྡོ་རྗེའི་འགྲོས་ཀྱིས་དབང་ལྡན་དུ་སོང་སྟེ། བགེགས་ལ་བཀའ་བསྒོ་བསྣུན་སྲེག་བཅིང་གསུམ་ནས་ཁུ་ཚུར་གྱི་བར་སྲུང་འཁོར་བསྒོམས་ཏེ་ཕུར་གདབ་བྱ། འདིར་བསང་གཏོར་གྱི་ཆེད་དུ་ལས་བུམ་ཀྱང་བསྐལ་བར་བྱའོ། །གཉིས་པ་སྟ་གོན་ལ་གསུམ། ལྷ་ལྟ་གོན། བུམ་པ་དང་། སློབ་མ་སྟ་གོན་ནོ། །དང་པོ་ནི། ལས་ཐམས་ཅད་པ་བཟླས་པའི་དྲི་ཆུས་ས་གཞི་བསང་། ཐིག་སྐུད་ཚད་ལྡན་ཕྱིའི་བདུད་རྩི་ལྔ་དང་བ་བྱུང་ལྔས་བྱུགས་པ་སྣོད་དུ་བཞག །རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་པ་སོགས་ཀྱིས་ལྷ་གནས་བྱས་ནས། ༀ་སརྦ་སཾ་ཤོ་དྷ་ནི་ཞེས་སོགས་ཀྱིས་ནམ་མཁར་གདབ་པ་མ་གཏོགས་ཡེ་ཐིག་བཞིན་དུ་བྱས་ལ། ཐིག་འདེབས་ཚུལ་ཡང་ཊཱི ཀ་ཆེན་ལས་གསལ་བ་ལྟར་བྱས་ལ། འདིར་མང་བར་དོགས་ནས་མ་བྲིས་སོ། །ལྷ་བསྐྱེད་ཚུལ་ནི། སྔར་ནམ་མཁར་གནས་པའི་རྟེན་གྱི་གཞལ་ཡས་ཁང་དེ། ཐིག་བཏབ་པའི་གཞི་དེར་ཕབ་ནས། ལྷ་རང་རང་གི་སྔགས་སམ་སྙིང་བོ་བརྗོད། དེ་རྣམས་སུ་དྲིའི་ཐིག་ལེ་རེ་བྱས་ལ། རང་གི་མདུན་དུ་ནམ་མཁའ་རྟེན་གྱི་གཞལ་ཡས་ཁང་གནས་པར་གྱུར་པ་ནི། ཞེས་སོགས་ཀྱིས་གཞལ་ཡས་ཁང་དང་། དབུས་ཀྱི་ཟླ་བའི་སྟེང་དུ་ༀ་ལས་ཞེས་སོགས་ས་བོན་ནམ། སྙིང་བོའམ། སྔགས་སམ། ཆོ་ག་གསུམ་བསྐྱེད་གང་ཡང་རུང་བས་འཁོར་ཡུག་གི་བར་བསྐྱེད་པ་དང་། འཁོར་ཡུག་པ་སྐད་ཅིག་གིས་བསྐྱེད་པ་ཡང་རུང་ངོ་། །སྒོ་གསུམ་བྱིན་གྱིས་བརླབས། ས་བོན་གྱི་འོད་ཟེར་གྱིས་ནམ་མཁར་བཏེགས་པའི་བརྟེན་པའི་ལྷ་བཞག་པ་རྣམས་སྤྱན་དྲངས། དགུག་གཞུག་གནས་གསུམ་བྱིན་གྱིས་བརླབས། རིགས་ལྔས་དབང་བསྐུར་མཆོད་བསྟོད་རྒྱས་བསྡུས་གང་རུང་བྱའོ། །གཉིས་པ་བུམ་པ་སྟ་གོན་ལ། བུམ་པ་རྒྱས་པར་ནི། ལྷ་གྲངས་དང་། འབྲིང་བཅུ་དྲུག་གམ། བརྒྱད། བསྡུས་པ་ལྔ་འམ། གསུམ་མམ། གཉིས་ཡིན་ལ། ཤིན་ཏུ་བསྡུ་ན་གཅིག་གོ །རྣམ་རྒྱལ་བུམ་པའི་ཚད་ནི། ལྟོ་བའི་ཐད་ཀར་སོར་ཉི་ཤུ། མཐའ་སྐོར་དུ་མཐོ་ལྔ། མགྲིན་པའི་དཔངས་སོར་བརྒྱད། མཆུ་འཕྱང་བ་ལ་སོར་གཉིས་སོགས་ཚད་ལྡན་དགོས་པར་ཊི ཀ་ཆེན་ནས་བཤད་ལ། བུམ་རྫས་ནི། བྱི་རུ་སོགས་རིན་པོ་ཆེ་ལྔ། སྟག་ཚེར་སོགས་སྨན་ལྔ། འབྲས་སོགས་འབྲུ་ལྔ། ག་བུར་སོགས་དྲི་ལྔ། ལན་ཚྭ་སོགས་སྙིང་བོ་ལྔ་སྟེ། རྣལ་འབྱོར་རྒྱུད་ཀྱིས་བུམ་རྫས་དེ་ཉེར་ལྔར་ཊཱིཀྐར་གསུངས་པས། དབང་གཞུང་ནས་བཤད་པ་ལྟར་བསྐུར་བའི་ཚེ་ངེས་པར་འཇོམས་པར་བྱས་ན་ལེགས་སོ། །གཞན་དུ་བུམ་རྫས་གང་ཡང་རུང་བར་མང་བར་གང་བྱུང་གིས་དབང་གི་གཟུགས་བརྙན་སྒྲུབ་པར་འགྱུར་རོ། །བུམ་པའི་ཁ་རྒྱན་དུ་འབྲས་བུ་ཅན་གྱི་ཤིང་དང་། ཀུ་ཤ་ནི། དེའི་གདན་དང་བསང་ཆུ་འཐོར་བྱེད་དུ་བྱའོ། །གཞུང་བཞིན་བསྒྲུབས་ཏེ་ཡེ་ཤེས་པ་དགུག་གཞུག་སོགས་དང་ཕྱག་རྒྱ་བཞིའི་རྒྱས་འདེབས་བཟླས་པ་ཡན་ཆོ་གའི་གཞུང་ལྟར་ཡིན་ལ། མཐར་བུམ་ལྷ་གཤེགས་པ་དང་བཞུགས་པ་གང་བྱེད་གཞུང་དུ་མི་གསལ་ཡང་། ཡོན་ཏན་བཤེས་གཉེན་གྱི་ཊཱིཀྐ་ལྟར་ན། དམ་རྒྱ་དཀྲོལ་ཏེ་གཤེགས་དགོས་ལ། དེ་ཡང་འགའ་ཞིག་ནི་སྐབས་དེ་ཉིད་དུ་གཤེགས་པ་དང་། ཁ་ཅིག་ཆོ་ག་རྫོགས་པའི་མཇུག་ཏུ་བྱེད་ཀྱང་སྐབས་དང་བསྟུན་ནོ། །དབང་བསྐུར་གྱི་ཚེ་བུམ་པར་ལྷ་བསྐྱེད་ནས་ངེས་པར་བསྒྲུབ་དགོས་ཀྱང་། ཁྲུས་སོགས་འགའ་ཞིག་གི་ཚེ་མ་ངེས་སོ། །གལ་ཏེ་ལྷོ་སྒོའི་ཆོ་ག་བྱེད་པའི་ཚེ་བུམ་པ་འདི་ལྟར་སྒྲུབ་པར་མ་བྱུང་ཀྱང་། བུམ་པ་བསང་སྦྱངས་བསྐྱེད་པའམ་མ་བསྐྱེད་ཀྱང་དབུས་སུ་ཟླ་བའི་གདན་ལ་ཧཱུྃ་ཡིག་གི་མཐར་ཀུན་རིག་ལ་རྩ་རིག་དང་། གཞན་ལ་ཡིག་བརྒྱས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་བཅས་ཏེ་རྩ་རིག་དང་ཡིག་བརྒྱ་སོགས་བཟླས་ལ་བུམ་ཆུ་བསྒྲུབ་པར་བྱའོ། །གསུམ་པ་སློབ་མ་སྟ་གོན་ལ། མཚན་ཉིད་དང་ལྡན་པའི་སློབ་མས་ཁྲུས་བྱས། ཡོན་དབུལ་ཞིང་གསོལ་གདབ་པ། ཀུན་སློང་འཆོས་ཤིང་སྔགས་ལ་མོས་པ་བརྟན་པོ་འཛིན་དུ་བཅུག་ནས་སྡོམ་པ་བཟུང་། བྱིན་གྱིས་བརླབས་ནས་སོ་ཤིང་དོར་ཞིང་འཁྱོར་ཆུ་སྲུང་སྐུད་ཀུ་ཤ་བྱིན། ཆོས་བཤད་དེ་སྤྲོ་བ་བསྐྱེད་པ་རྣམས་བྱ་དགོས་སོ། །དེ་ནས་སླར་མཆོད་དེ་སྤོས་བཟུང་ནས་རང་གི་ལྕེ་ཧཱུཾ་ལས་རྡོ་རྗེ་གྱུར་པར་བསམས་ལ། རྣམ་པར་སྣང་མཛད་བཅོམ་ལྡན་འདས། ཞེས་སོགས་བརྗོད་ལ་ནང་པར་སྤྱན་དྲང་བའི་སྙན་མནན། མཆོད་ནས་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་ནམ་མཁར་བཏེག་གོ །རས་བྲིས་ལ་ཇི་ལྟར་བྱ་བ་ནི། སྔགས་རིམ་ལས། ས་ལྷ་དང་ལྷ་སྟ་གོན་མི་བྱེད་པ་ལྟ་བུར་བཤད་ཀྱང་དབང་དོན་རབ་གསལ་ལྟར་ན་ཐིག་གདབ་པ་མི་དགོས་ཡང་ལྷག་མ་རྣམས་བྱ་བར་གསུང་། བསྡུ་ན། བྲིས་པ་དང་མཐུན་པའི་བདག་བསྐྱེད་བསྒོམ་པ་ནི་ནམ་མཁར་བཏེགས། བུམ་པ་དང་སློབ་མ་སྟ་གོན་བྱས་ནས། རྣམ་པར་སྣང་མཛད་བཅོམ་ལྡན་འདས། ཞེས་སོགས་ཀྱིས་གསོལ་བ་བཏབ་པས་ཀྱང་ཆོག་པར་ཊཱིཀ་ཆུང་དུ་བཤད་དོ། །ད་ལྟ་རས་བྲིས་གང་བྱུང་དུ་བྲིས་པ་ཞིག་བཀྲམ་སྟེ། དེ་ལ་བརྟེན་ནས་སྟ་གོན་གང་ཡང་མེད་པའི་དབང་བསྐུར་བ་ནི། དབང་བསྐུར་བ་དང་། ཐོབ་པའི་གོ་ཇི་ལྟར་ཆོད་བསམ་དགོས་སོ། །གསུམ་པ་དངོས་གཞིའི་ཆོ་ག་ལ་བཞི། ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ། བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ། བསྒྲུབས་ཅིང་མཆོད་ནས་དབང་བསྐུར་བ། མཇུག་ཆོག་གོ །དང་པོ་ནི། སྔར་བཏབ་པའི་ལས་ཐིག་བྱིན་གྱིས་བརླབས་པའི་ཆེད་དུ་ཡེ་ཐིག་གཞུང་བཞིན་གདབ། རྡུལ་ཚོན་བྱིན་གྱིས་བརླབས་ནས་རིམ་བཞིན་དགྱེའོ། །དེ་ལ་སྐུ་ལུགས་མའམ་བརྐོས་མ་དང་བྲིས་པ་སོགས་རང་རང་གི་གནས་སུ་བཞག་པ་ནི་སྐུ་དགོད་པ་དང་། ཡང་ན་ཕྱག་མཚན་དང་། ས་བོན་ནམ། ཡང་ན་མིང་གི་ཐོག་མ་ཐིག་ལེས་བརྒྱན་པ་དང་། དེ་རྣམས་ཀྱང་མི་ནུས་ན། ལྷའི་ཁ་དོག་དང་མཐུན་པའི་ཐིག་ལེ་དགོད་པར་ཊིཀ་ཆེན་དུ་བཤད་དོ། །སྐུ་རྫོགས་པ་བཀོད་ན་ལེགས་མོད། དཀྱིལ་འཁོར་ནང་མ་ཤིན་ཏུ་དོགས་པ་ལ་སྐུ་ཚད་ལྡན་འབྲི་མི་དུས་པས། ཕྱག་མཚན་བྲིས་ན་ལེགས་པར་སྤྱི་རྒྱུད་ལས་གསལ་བར་གསུངས་པ་ལྟར་ཊཱིཀྐར་ཡང་བཤད་དོ། ཁ་ཅིག་ཞལ་དང་སྤྱན་སོགས་འདྲེས་པའི་སྐྱོན་ཅན་དུ་བྲིས་པ་ལ་ནི། དངོས་གྲུབ་མི་འབྱུང་བར་མ་ཟད་ཉེས་པ་ཡོད་པར་བཤད་པས་དཀྱིལ་འཁོར་ཐིག་ཚད་དང་མི་ལྡན་ཞིང་སྤྱན་སོགས་མེད་པའི་དཀྱིལ་འཁོར་དང་ལྷ་བྲིས་ན་འབྲི་བ་པོ་དང་བརྟན་པ་པོ་གཉིས་ཀ་ལ་ཅུང་མི་ལེགས་སོ། །དེས་ན་ཐིག་ཚད་དང་ལྡན་པས་གཡས་ཀྱི་ཕྱག་མཚན་རྡོ་རྗེ་སོགས་བྲི་བར་བྱའོ། །གཉིས་པ་བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ་ནི། སྔར་སྟ་གོན་བྱས་པའི་བུམ་པ་རྣམས་དཀྱིལ་འཁོར་གྱི་མཐར་དགོད། བླ་རེ་རྒྱལ་མཚན་སོགས་ཀྱིས་དཀྱིལ་འཁོར་བརྒྱན་པར་བྱའོ། །གསུམ་པ་ལ་བཞི། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། རང་ཉིད་དབང་ལེན་པ། སློབ་མ་འཇུག་པའི་གསོལ་བ་བཏབ་ནས་དབང་བསྐུར་བ། གཤིན་པོ་རྗེས་སུ་བཟུང་བའི་ཆོ་ག་བྱ་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་སྒྲུབ་པ་དང་། མཆོད་པའོ། །དང་པོ་ནི། དཀྱིལ་འཁོར་ཀྱི་ཤར་སྒོའི་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། བདག་བསྐྱེད་པ་རྒྱས་པའམ། ཡང་ན་གཙོ་རྐྱང་བསྐྱེད། ཡེ་ཤེས་པ་གཞུག །གནས་གསུམ་བྱིན་གྱིས་བརློབ། ཕྱག་རྒྱ་བཞིས་རྒྱས་གདབ། འཕྲིན་ལས་བཅོལ། དབང་བསྐུར་མཆོད་བསྟོད་བཟླས་པའི་བར་བྱས། བྲིས་པའི་དཀྱིལ་འཁོར་བསང་བ་ནས་འཕྲིན་ལས་བཅོལ་བའི་བར་གཞུང་ལྟར་བྱའོ། །གཙོ་རྐྱང་ལ་གཞལ་ཡས་ཁང་དགོས་མི་དགོས་གོང་དུ་བཤད་ཟིན་ཅིང་། སྐུ་ཡོངས་རྫོགས་བཀོད་པ་ཡིན་ན། ལྷ་བསྐྱེད་མི་དགོས་པར་དེ་ཉིད་ལ་ཡེ་ཤེས་ཕབ་ཆོག་པར་ཊིཀ་ཆེན་དུ་བཤད་ལ། ཀ་མ་དྷེ་ནུས་སྐུ་བཀོད་ཀྱང་ལྷ་བསྐྱེད་དགོས་པར་བཤད་དེ་ལེགས་སོ། །དེ་ཡང་ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས་སུ་རྡོ་རྗེ་འཛིན་མའི་ཕྱག་རྒྱས་དཀྱིལ་འཁོར་གྱི་ནང་དུ་ཞུགས། སྒོ་དབྱེ་སོགས་བྱས་ཏེ། རང་ལྷའི་རྣལ་འབྱོར་དང་ལྡན་པས་སྒོ་བ་བཞིའི་སྔགས་དང་ཕྱག་རྒྱས་སྟ་གོན་གྱི་དཀྱིལ་འཁོར་སྒྲུབ་པའི་དཀྱིལ་འཁོར་ལ་བསྟེམ་པར་བྱ་ཞིང་། དེ་ནི་སྤྱན་དྲངས་པ་ཟིན་པའི་མཇུག་དེར་བྱ་བར་ཆོ་གའི་གཞུང་དུ་བཤད་དོ། །འདི་ལ་ཊིཀ་ཆུང་དུ་རྟེན་གྱི་དཀྱིལ་འཁོར་བཞི་བསྲེས་དང་བརྟེན་པའི་དཀྱིལ་འཁོར་ལྔ་བསྲེས་སུ་བཤད་པས་བསྲེ་ཚུལ་གོང་དུ་བསམ་པར་བྱའོ། །དེ་དག་ནི་གཞུང་གི་དོན་ཡིན་ལ། ད་ལྟ་གཤིན་པོ་སོགས་ཀྱིས་དོན་དུ་གློ་བུར་གྱི་ཆོ་ག་ལ་རས་བྲིས་ཀྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དར་ཞིང་། འདི་ལྟར་བྱེད་ན་སྔར་བཤད་པ་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་རྒྱས་བསྡུས་ཅི་རིགས་པ་སྔོན་དུ་བཏང་ནས་བུམ་པ་ཚད་ལྡན་དང་གྲངས་མང་བོ་མི་རྙེད་འདུག་པས། བུམ་པ་གཉིས་སམ། མ་ཐ་བུམ་པ་ཅུང་ཆེ་ཞིང་ལེགས་པ་ཞིག་ལ་མགུལ་འཆིང་དཀར་བོ་དང་། བུམ་རྫས་ཉེར་ལྔ་མ་ཚང་ནའང་ནང་དུ་དྲི་བཟང་གིས་བསྒོས་པའི་ཆུ་འོ་མ་དང་བཅས་པ་བླུག་སྟེ་རང་གི་མདུན་དུ་སྟེགས་ཀྱི་ཁར་བཞག་ལ་མཐའ་མཆོད་པ་གཙང་མ་ཅི་འབྱོར་བས་བསྐོར། དེ་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་བསང་སྦྱང་བསྐྱེད་པ་སོགས་ཆོ་ག་ལྟར་བྱས་ཟིན་པའི་རྗེས་སུ། དཀྱིལ་འཁོར་སྒྲུབ་པ་ནི། དཀྱིལ་འཁོར་ཐིག་ཚད་དང་ལྡན་པ་ཞིག་བཀྲམ་ནས་བསྒྲུབ་པོ། །དེ་ཡང་དེང་སང་ནམ་མཁར་འདོགས་པ་དང་། ཁ་ཅིག་ལམ་འགག་སོགས་གང་བྱུང་དུ་འཇོག་པ་ནི་མཁས་པའི་གཞུང་དང་བསྟུན་ན་ཤིན་ཏུ་མི་རུང་སྟེ། ནམ་མཁར་འདོགས་པ་ནི་གཞུང་དང་མི་མཐུན་ཀྱང་། ངན་སོང་གི་སྒོ་འབྱེད་མ་ཡིན་སྙམ་ལ། ལྷ་དང་མཆོད་པ་སོགས་རྐང་རྡུལ་གྱིས་མནོན་ཅིང་། ཕྱོགས་གང་ན་ཡོད་བསམ་པ་ཙམ་ཡང་མེད་པར་དཀྱིལ་འཁོར་སྒྲུབ་པའི་བྱ་བ་ནི། དུཿཁའི་རྒྱུར་བཤད་དོ། །གཉིས་པ་མཆོད་པ་ནི། མཆོད་པ་བྱིན་གྱིས་བརླབས་ནས་སྔར་བཞིན་ཆུ་གཉིས་ཉེར་སྤྱོད་རོལ་མོ་སྒེགས་སོགས་བརྒྱད་ཀྱིས་མཆོད་པ་དང་། རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་མཆོད་པ་ཉི་ཤུ་བོ་ཁ་བཀང་ནས་ཉེར་ལྔར་མཛད་པ་ལྟར། རྒྱན་གྱི་ཁྱད་པར་བརྒྱད། ཡོ་བྱད་ཀྱི་ཁྱད་པར་དྲུག །གནས་ཀྱི་ཁྱད་པར་དྲུག །མཆོད་པ་རྣམ་ལྔ་སྟེ་ཉེར་ལྔས་མཆོད། དེ་ནས་ནམ་མཁའ་འཛོད་ཀྱི་ཕྱག་རྒྱས་རིན་ཆེན་སྣ་བདུན་དཔག་བསམ་གྱི་ཤིང་སོགས་ཡིད་ཀྱིས་སྤྲུལ་ནས་འབུལ་བའི་སྔགས་ནི་ༀ་སརྦ་བིད་པཱུ་ར་ཞེས་སོགས་བརྗོད་བསྡུ་ན་འདིས་ཆོག་པར་ཆོ་ག་དང་ཊཱི ཀ་ཆེན་གཉིས་ཀར་བཤད་ལ། རྒྱས་པ་ལ་སྤྲོ་ན། བདེ་བར་གཤེགས་པ་ཐམས་ཅད་ལ་ཞེས་སོགས་ཀྱི་ཚིགས་བཅད་སྔགས་ཀྱིས་འབུལ་ལོ། །ཁ་དོག་དབྱིབས་ལེགས་སོགས་ཀྱིས་འདོད་ཡོན་ལྔ་འབུལ་ཞིང་། དེ་དག་ཐམས་ཅད་ནི། ཚིགས་བཅད་སྔགས་སྦྲགས་དང་འབུལ་བ་དང་། སྔགས་ཙམ་གྱིས་འབུལ་བ་དང་། པཎ་ཆེན་ཐམས་ཅད་མཁྱེན་པའི་ཆོ་ག་ལྟར། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །རྒྱན་གྱི་ཁྱད་པར་བརྒྱད་དང་ཡོ་བྱད་དྲུག གནས་ཀྱི་ཁྱད་པར་དྲུག་དང་མཆོད་པ་ལྔ། རྒྱལ་སྲིད་རིན་ཆེན་བདུན་དང་འདོད་ཡོན་ལྔ། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཞེས་པའི་མཇུག་ཏུ་ༀ་སརྦ་ཏ་ཐཱ་ག་ཏཱ་སཱུ་ཛ་མེ་གྷ་སྥ་ར་ཎ་ཁཾ། ༀ་སརྦ་བིད་སཱུ་ར་སོགས་བརྗོད་དེ་འབུལ་བ་གསུམ་ལས་གང་བྱས་ཀྱང་རུང་ངོ་། །ཆོས་དབྱིངས་ཡེ་ཤེས་ཞེས་སོགས་ཀྱིས་བསྟོད། དེ་ནས་བདག་བསྐྱེད་ལྟར་བསྙེན་པ་ཅི་འགྲུབ་བྱས་ནས་ཡིག་བརྒྱ་བརྗོད་དེ། གསོལ་གདབ་བྱ། སྒྲུབ་གྲོགས་ལ་དཀྱིལ་འཁོར་སྲུང་དུ་བཅུག །རང་ཉིད་ཧཱུྃ་མཛད་ཀྱི་ང་རྒྱལ་ལ་གནས་ཏེ་ཁང་བའི་ཕྱི་རོལ་དུ་སོང་ནས་གཏོར་མ་བྱིན་པར་བྱ་སྟེ། དེ་ཡང་ཡེ་ཤེས་པ་སྤྱན་དྲངས་པའི་རྗེས་སུ་འབྲང་བའི་ཕྱོགས་སྐྱོང་སོགས་ལ་ཡིན་གྱི། འཁོར་ཡུག་གི་འཇིག་རྟེན་པ་རྣམས་ལ་ནི་མ་ཡིན་པར་ཊཱིཀ་ཀར་བཤད་དོ། །གཏོར་མ་ལ་བཞི་སྟེ། ཕྱོགས་སྐྱོང་སྡེ་བརྒྱད། བགེགས། གཞི་བདག་གམ་ཡི་དྭགས་ཀྱི་གཏོར་མ་དང་བཞིའོ། །གཏོར་མའི་རྒྱུ་ནི། འབྲས་ཡོས། འབྲས་ཆན། ཏིལ། མེ་ཏོག ཆུ། དཀར་གསུམ། མངར་གསུམ་སོགས་དང་། ཁྱད་པར་བགེགས་གཏོར་ལ་ཤ་ཆང་ལ་ཕུག་དང་བཅས་པའོ། །དབྱིབས་ནི། བཞི་ཀ་ཟླུམ་པོ་པད་འདབ་ཅན་ནས་དེ་མ་བྱས་ཀྱང་ཟླུམ་པོར་མཚུངས་པར་བྱར་རུང་ངོ་། ཁ་ཅིག་གཏོར་མ་དང་པོ་གསུམ་སྐེད་དཀྲིས་ཅན་དང་ཕྱི་མ་སྐེ་བཀྲིས་མེད་པ་ཁོ་ནའོ་སྙམ་པ་ནི་དོན་མིན་ལ། ཆབ་བྲན་བན་བསྐུལ་མི་ཉན་པར་འདོད་པ་ཡང་མི་འཐད་དེ། གཏོར་མ་ཕལ་ཆེར་ལག་པར་བླང་སྟེ་སྦྱིན་བར་གསུངས་པ་དང་། དེ་ལྟ་མ་ཡིན་ན། མཆོན་པ་གཞན་རྣམས་ལའང་རེག་མི་རུང་བར་འགྱུར་བས། རྡོར་དྲིལ་དུང་རོལ་མོ་སོགས་ལ་མ་ངེས་ཤིང་། འོན་ཀྱང་རེག་མི་རུང་བའི་གཏོར་མ་འགའ་ཞིག་ནི་ཡོད་དོ། །གཏོར་མ་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཏེ་འབུལ་ཚུལ་ཆོ་གའི་གཞུང་ལྟར་བྱས་རྗེས། མི་གཙང་བ་དག་པར་བྱེད་པའི་ཕྱིར་ཉེ་རེག་བྱ། སྒྲུབ་ཁང་དུ་ཞུགས། ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་རྩིག་པའི་འོག་ནས་ཐོག་པ་མེད་པར་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ་བསྐོར་བ་བྱ། དེ་ལྟར་ཞུགས་པ་ནི། རྡོ་རྗེ་ཤུགས་ཀྱིས་འཇུག་པའི་དོན་ཡིན་གྱི། ཁ་ཅིག་རྡོ་རྗེའི་ཤུགས་ཀྱི་ང་རྒྱལ་བྱས། དཀྱིལ་འཁོར་དུ་ཞུགས་ཞེས་གསུང་བ་ནི་མི་འཐད་པར་མངོན་ནོ། །ལྷ་ལ་མེ་ཏོག་ཕུལ་བ་མགོ་ལ་བཅིངས། བཛྲ་ཨུད་གྷ་ཊ་ཞེས་སོགས་གྱིས་ཡིད་ཀྱིས་སྒོ་བ་བཞི་ལ་བཀའ་བསྒོ་བའི་ཚུལ་གྱིས་སྒོ་དབྱེ་བར་བྱའོ། །གཉིས་པ་རང་ཉིད་དབང་ལེན་པ་ལ། ཀོ་ས་ལའི་རྒྱན་ལས་བཤད་པ་ལྟར། སློབ་མ་ལ་དབང་བསྐུར་བའི་སྔོན་དུ་སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་ཞུགས་ནས་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་དགོས་ཤིང་། དེ་ཡང་ཐོག་མར་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱབ་བདག་ཞེས་སོགས་ཀྱི་གསོལ་བ་སོགས་ནས་དབང་བསྐུར་བ་དང་། ཨཱཏྤ་ཀོའ་ཧཾ་ཞེས་ང་རྒྱལ་བསྐྱེད་ལ་སློབ་མ་གཞུག་པར་བྱ་སྟེ། དམིགས་བསལ་འགའ་ཞིག་མ་གཏོགས་སློབ་དཔོན་ལྟར་བྱའོ། །གསུམ་པ་ལ་གསུམ། སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དུ་གསོལ་བ་གདབ་པ། དཀྱིལ་ཁོར་དུ་འཇུག་པ། ཞུགས་ནས་དབང་བསྐུར་བའོ། །དང་པོ་ནི། བདག་མིང་འདི་ཞེས་བྱ་བ་ཡིས་ཞེས་སོགས་ལ ན་གསུམ་གྱིས་གསོལ་བ་གདབ་པོ། །གཉིས་པ་ལ་གཉིས། གདོང་གཡོགས་དང་བཅས་ཏེ་འཇུག་པ་དང་། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་འཇུག་པའོ། །དང་པོ་ལ་གཉིས། ཡོལ་བའི་ཕྱི་དང་ནང་ངོ་། །དང་པོ་ནི། ཡོན་ཕུལ་ནས། དགའ་ཆེན་ཁྱབ་བདག་སོགས་གསོལ་བ་གདབ། དེ་ནས་གདོང་གཡོགས་པ་དང་། མེ་ཏོག་གི་ཕྲེང་གཏད་པ་གཉིས་རིལ་བཞིན་བྱ། དབང་མེད་བདག་གིས་ཞེས་སོགས་ཀྱིས་སྡིག་བཤགས་སོགས་སྔོན་དུ་འགྲོ་བ འི་སྒོ་ནས་བྱང་སེམས་ཀྱི་སྡོམ་པ་བྱིན། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་སོགས་ཀྱིས་རིགས་ལྔའི་སྡོམ་བཟུང་བྱེད་དུ་བཅུག །ༀ་སརྦ་ཡོ་ག་ཞེས་སོགས་ཀྱིས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་དང་། དེའི་དམིགས་རྣམ་བརྡ་སྤྲད་དེ་བརྟན་པར་བྱའོ། །གཉིས་པ་ནང་དུ་འཇུག་པ་ལ་བཞི། ནང་བཅུག་ནས་ལྷ་དང་སྐལ་མཉམ་དུ་བྱ་བ། དམ་བཞག །ཡེ་ཤེས་དབབ་ལ། །མེ་ཏོག་ཕྲེང་བའི་དབང་བསྐུར་བའོ། །དང་པོ་ནི། ༀ་བཛྲ་སདྷི་ཏིཥྛ་ཧཱུཾ་ཞེས་བརྗོད་ཅིང་སློབ་མར་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་འཆིང་དུ་གཞུག ༀ་བཛྲ་ས་མ་ཡ་ཧཱུཾ་ཞེས་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས། ཨ་ས་མེ་ཞེས་སོགས་ཀྱིས་ལྷ་རྣམས་དང་སྐལ་བ་མཉམ་པར་བསམ། གཉིས་པ་དམ་བཞག་ནི། དེང་ཁྱོད་ཅེས་སོགས་ཀྱིས་ཕན་ཡོན་དང་། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་སོགས་ཀྱིས་ཉེས་དམིགས་དང་། གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། ༀ་བཛྲ་ཨུད་ད་ཀ་ཋ་ཞེས་པས་རྡོ་རྗེའི་མནའ་ཆུ་བླུད་དེ་དམ་བཞག་བྱས་ལ། བླ་མའི་བཀའ་ཉན་པའི་དམ་བཞག་ནི། དེང་ནས་བརྩམས་ཏེ་ཞེས་སོགས་ཀྱིས་བྱའོ། །གསུམ་པ་ལ་གཉིས། ཡེ་ཤེས་དབབ་པ་དང་། དེ་བརྟན་པར་བྱ་བའོ། །དང་པོ་ནི། སྒོ་དབྱེ་བའི་ཕྱག་རྒྱ་དང་སྔགས་ཀྱིས། རང་དང་སློབ་མའི་སྙིང་ཁ་རིམ་བཞིན་ཕྱེ་ནས། རང་གི་སྙིང་གར་གནས་པའི་རྡོ་རྗེ་ལས་ཨཱ་བྱུང་སྟེ་སློབ་མའི་སྙིང་ཁའི་རྡོ་རྗེའི་དབུས་སུ་བཅུག་ལ། དེ་བཞིན་གཤེགས་པ་སོགས་ཀྱིས་གསོལ་འདེབས་ལན་གསུམ་བྱ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། འདི་ནི་ཞེས་སོགས་དང་། ༀ་བཛྲ་ཕྲ་པེ་ཤ་སོགས་ཀྱི་སྔགས་དེ་བརྗོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་རང་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཡི་གེ་ཧཱུཾ་ལ་སོགས་པའི་རྣམ་པ་ཅན་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་སྙིང་ཁ་ལ་སོགས་པ་ལུས་ཀྱི་གནས་རྣམས་སུ་སིབ་སིབ་ཐིམ་པར་བསམས་ལ། ༀ་བཛྲ་ས་མ་ཡ་ཧཱུྃ་ཕཊ་ཀྱིས་དམ་ཚིག་སྦྱིན་ནོ། །གཉིས་པ་ནི། ༀ་བཛྲ་ས་མ་ཡ་ཧྲི་ད་སོགས་ཀྱིས་ཡེ་ཤེས་ཕབ་པ་བརྟན་པར་བྱའོ། །བཞི་བ་ནི། སངས་རྒྱས་དངོས་གྲུབ་སོགས་ཀྱིས་མེ་ཏོག་ལྷ་ལ་འདོང་དུ་བཅུག་སྟེ། གང་ལ་མེ་ཏོག་ཕོག་པའི་ལྷ་དེ་ལ་སེམས་དཔའ་སྟོབས་པོ་ཆེ་ཞེས་སོགས་བརྗོད་དེ་ཞུ་བ་དགོས་སོ། །གཉིས་པ་མཐོང་བའི་བདག་ཉིད་ཅན་དུ་འཇུག་པ་ནི། རྡོ་རྗེ་སེམས་དཔའ་སོགས་དང་། ༀ་བཛྲ་ཧ་སྱ་ཨུད་གྷ་ཊའི་སྔགས་ཀྱིས་གདོང་གཡོགས་བཀྲོལ་བའི་ཚེ་ཤེས་བྱ་ཐམས་ཅད་མཐོང་བའི་ཡེ་ཤེས་ཀྱི་མིག་ཕྱེ་བར་བསམས་ཏེ་སྔགས་བརྗོད་ལ། རྡོ་རྗེ་འབྱུང་བ་ནས་གསུངས་བ་ལྟར། རྡོ་རྗེ་ལྕགས་ཀྱུ་ནས་གཙོ་བོའི་བར་དུ་རིམ་པ་བཞིན་བསྟན་པའམ། ཊིཀ་ཆེན་ནས་འབྱུང་བ་ལྟར་རྡོར་ར་མེ་རི་ནས་མགྲོན་ཐབས་དང་། རྡོ་རྗེ་ལྕགས་ཀྱུ་ནས་གཙོ་བོ་ལ་ཐུག་གི་བར་དུ་མས་རིམ་གྱིས་དཀྱིལ་འཁོར་ཞལ་བསྟན་ནས་དངོས་སུ་མཐོང་བའི་མོས་བ་བྱེད་དུ་གཞུག རྩ་བའི་ལྷ་རྣམས་ནི། རྒྱལ་བོ་འཁོར་བཅས་དང་ཆོས་མཚུངས་ཏེ། གཙོ་བོ་རྣམ་སྣང་ནི། འཁོར་ལོས་བསྒྱུར་རྒྱལ་ལྟ་བུ། དེ་བཞིན་གཤེགས་པ་བཞིན་ཕྱོགས་བཞིའི་རྒྱལ་ཕྲན་ལྟ་བུ། ཡུམ་བཞི་ནི་བཙུན་མོ་ལྟ་བུ། སེམས་དཔའ་བཅུ་དྲུག་ནི་རྒྱལ་སྲས་ལྟ་བུ། མཆོད་པའི་ལྷ་མོ་བརྒྱད་ནི་གཡོག་མོ་ལྟ་བུ། སྒོ་བ་བཞི་ནི་གཡོག་པོ་ལྟ་བུ་དང་ཆོས་མཚུངས་སོ། །དེ་ཡང་མཱ་མ་ཀི་ནི་སྦྱོང་རྒྱལ་དང་། རྒྱལ་མཆོག་གཉིས་ཀྱི་ཡུམ་དུ་བྱེད་པ་དང་ཡང་ན་སྤྱན་མ་ནི་གཙོ་བོ་དང་སྦྱོང་རྒྱལ་གཉིས་ཀའི་ཡུམ་དུ་བྱའོ། །དེ་ནས་རྣམ་རྒྱལ་བུམ་ཆུ་དུང་ཆོས་སུ་བླུག་ནས་སློབ་མར་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་སོགས་ཀྱིས་དམ་ཚིག་བསྒྲགས་པར་བྱ་སྟེ། དེ་ཡང་སྐབས་འདིར་དམ་ཚིག་ཤིན་ཏུ་གལ་ཆེ་བའི་དོན་དུ་སྣང་ངོ་། །ཁ་ཅིག་དམ་ཚིག་འདི་ལྟར་གསུང་དགོས་པ་དངོས་སུ་ཐོས་བཞིན་དུ། དབང་ལུང་མན་ངག་ཞུས་པའི་བླ་མ་སོགས་ལ་ལྐོག་ཏུ་སྨོད་པ་དང་། རྡོར་དྲིལ་སོགས་ལ་འགོང་བ་དང་། ཟས་གོས་ཀྱི་ཕྱིར་སྲོག་གཅོད་པའམ་གཅོད་དུ་འཇུག་པ་སོགས་ལ་མི་འཛེམ་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་ཞེས་པ་དེ་རང་ལ་བསྒྱུར་དགོས་པར་སྣང་ངོ་། །གསུམ་པ་དབང་བསྐུར་བ་ནི། ཡེ་ཤེས་ཐིག་ལེ་ལས་གསུངས་པ་ལྟར་བྱ་རྒྱུད་ལ་ཆུ་ཅོད་པན་གཉིས། སྤྱོད་རྒྱུད་ལ་དེའི་སྟེང་དུ་རྡོར་དྲིལ་མིང་དབང་གསུམ། རྣལ་འབྱོར་རྒྱུད་ལ་ཡང་དེའི་སྟེང་དུ་སློབ་དཔོན་གྱི་དབང་དགོས་ལ། བླ་མེད་ལ་ནི་དབང་བཞི་རྫོགས་པར་དགོས་སོ། །དེས་ན་འདིར་ཡང་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་མཐའ་བརྟན་བཅས་བྱེད་པ་སྐབས་སུ་བབ་ལ། སློབ་དཔོན་གྱི་དབང་ཡང་རིགས་ལྔའི་སྡོམ་བཟུང་སྔོན་དུ་སོང་བའི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་གྱི། སློབ་དཔོན་གྱི་དབང་ཙམ་ཞིག་ནི། བྱ་སྤྱོད་གཉིས་ལའང་ཡོད་པར་ཊཱིཀ་ཆེན་དུ་བཤད་དོ། །སྦྱོད་རྒྱུད་ལས། བུམ་པ་ལ་སོགས་ཇི་སྙེད་མིང་ཐོགས་ནས། །བཅུ་བོ་རྣམས་ཀྱི་དབང་ནི་ཅི་དགར་བསྐུར། །ཞེས་པའི་བཅུ་བོ་རྣམས་ཞེས་པའི་དབང་བཅུ་ནི། ཊིཀ་ཆེན་ལས། ཆུ། ཅོད་པན། འཕྲེང་བ། དར་དབྱངས། རིགས་ལྔའི་ཕྱག་མཚན། ཡུམ་ལྔའི་ཕྱག་མཚན། མིང་དབང་། འཕྲིན་ལས། འཁོར་ལོ་བསྐོར་བ་ཡན་ལག་བཅས། བདག་པོའི་དབང་། གསང་དབང་དང་བཤད་ཀྱང་། རིན་ཆེན་འཕྲེང་བ་དང་དར་དབྱངས་གཉིས་དབུ་རྒྱན་གྱི་འཁོར་ཡིན་པས། དེ་གཉིས་གྲངས་གཅིག་ཏུ་བྱས་ན་བཅུར་གསུངས་ལ། གཞན་དུ་བཅུ་གཅིག་ཏུ་ཡོད་དོ། །དེས་ན་དབང་ལ་གསུམ། སློབ་མའི་དབང་། སློབ་དཔོན་གྱི་དབང་། དེ་དག་གི་མཐའ་བརྟེན་ནོ། །དང་པོ་ནི། དཀྱིལ་འཁོར་ཀྱི་ཤར་སྒོའི་མདུན་དུ་འདུག་སྟེ། དབང་སྟེགས་པདྨ་དག་ཟླ་བའི་གདན་ལ་སློབ་མ་རྡོར་སེམས་སོགས་མེ་ཏོག་ཕོག་པའི་ལྷ་གང་ཡིན་པ་དེར་བསྐྱེད་ལ། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་སོགས་ཀྱིས་མཆོད་ནས། ཕུན་སུམ་ཚོགས་པ་སོགས་ཀྱི་ཤིས་བརྗོད་བྱའོ། །ལས་བུམ་མ་གཏོགས་བུམ་ཅུ་རྣམས་ཕྱོགས་གཅིག་ཏུ་བསྡུའོ། །དེ་ལྟར་མེད་ཀྱང་རྣམ་རྒྱལ་བུམ་པ་སློབ་མའི་སྤྱི་བོར་བཟུང་ལ། རྡོ་རྗེ་སློབ་དཔོན་ངས་ཁྱོད་ལ་ཞེས་སོགས་དང་ཚིགས་བཅད་སྔགས་དང་བཅས་པའི་རྒྱས་པའམ། རིན་ཆེན་མཛེས་པའི་བཀྲ་ཤིས་སོགས་ཚིགས་བཅད་དང་སྔགས་ཀྱིས་གཞུང་ལྟར་བུམ་དབང་དམ་ཆུ་དབང་རྒྱས་བསྡུས་ཅི་རིགས་བསྐུར། དེ་ནས་དབུ་རྒྱན། དེའི་འཁོར་རིན་ཆེན་འཕྲེང་བ་དང་དར་དཔྱངས། རིགས་ལྔའི་ཕྱག་མཚན། ཡུམ་ལྔའི་ཕྱག་མཚན། མིང་དབང་བཅས་སྔར་ལྟར་རམ། ཤིན་ཏུ་བསྡུ་ན་སྔགས་རྐྱང་བས་བྱའོ། །དེ་ཐམས་ཅད་ལ་ཕྱག་རྒྱ་དང་བཅས་པར་གཟུང་བཞིན་དང་། སློབ་མ་ལྷར་གསལ་གདབ་པ་ལ་སྒེག་སོགས་ཀྱིས་མཆོད། དེ་ལྟར་དབང་བསྐུར་བས་ནུས་པ་གང་འཇོག་པ་ནི། སྔར་གྱི་མེ་ཏོག་འཕྲེང་བའི་དབང་གིས། སློབ་མ་དེ་ལྷ་གང་གི་རིགས་ཡིན་པར་ཤེས་པ་དང་། འདིར་ཆུ་དབང་གིས་སྒྲིབ་པའི་དྲི་མ་སྦྱོང་བའི་ནུས་པ་འཇོག །དེ་བཞིན་དུ། དབུ་རྒྱན་གྱིས་སངས་རྒྱས་པ་ན་དེའི་རིགས་བདག་དང་། གཙུག་ཏོར་འགྲུབ་པ་དང་། རིགས་ལྔའི་ཕྱག་མཚན་གྱི་སངས་རྒྱས་དེའི་ཡེ་ཤེས་ལྔ་འགྲུབ་པ་དང་། ཡུམ་ལྔའི་ཕྱག་མཚན་གྱིས་སངས་རྒྱས་དེའི་གསུང་འགྲུབ་པ་དང་། མིང་དབང་གིས་སངས་རྒྱས་དེའི་མཚན་ངེས་ཅན་དུ་འགྲུབ་པའི་ནུས་པ་འཇོག་གོ །གཉིས་པ་སློབ་དཔོན་གྱི་དབང་ནི། དཀྱིལ་འཁོར་གྱི་ཤར་དུ་ཁྲུས་ཀྱི་དཀྱིལ་འཁོར་ཞེས་སོགས་མཚན་ཉིད་ཚང་བའི་ཁྲུས་དཀྱིལ་གྱི་སྟེང་དུ་སློབ་མ་རྡོར་སེམས་སུ་བསྐྱེད་དེ་ཉེར་སྤྱོད་སོགས་ཀྱིས་མཆོད་ལ་ཤིས་བརྗོད་བྱ། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་གཙོ་བོ་དམ་ཚིག་གསུམ་སྦྱིན་པར་བྱ་སྟེ། ཐོག་ཐ་མེད་པའི་སོགས་ཀྱིས་རྡོ་རྗེ་དང་། འདི་དེ་སངས་རྒྱས་སོགས་ཀྱིས་དྲིལ་བུ་དང་། རྡོ་རྗེ་སེམས་དཔའ་དཀར་བོ་སོགས་ཀྱིས་སློབ་མ་རྡོར་སེམས་སུ་བསྒོམ་དུ་འཇུག་པ་ཕྱག་རྒྱའི་དམ་ཚིག་དང་གསུམ་སྦྱིན་ནོ། །དེ་ལྟ་ན། སྐུ་ཕྱག་རྒྱའི་དམ་ཚིག ། གསུང་འབྲས་བུའི་དམ་ཚིག །ཐུགས་རྡོ་རྗེའི་དམ་ཚིག་དང་གསུམ་མོ། །འཕྲིན་ལས་བཞིའི་དབང་ནི། རྡོ་རྗེ་རྒྱ་གྲམ་སོགས་དང་འཕྲིན་ལས་ཀྱི་གཙོ་བོ་ནི་ཆོས་ཀྱི་འཁོར་ལོ་ཡིན་པས། ཐོག་མར་འཁོར་ལོ། དུང་། པོ་ཏི། དྲིལ་བུར་བཅས་རྒྱས་བསྡུས་ཅི་རིགས་པར་བྱའོ། །ཆོས་བཤད་པ་སོ་སོའི་རྗེས་གནང་བདག་པོའི་དབང་ནི། རིགས་ལྔའི་བདག་པོ་སོགས་དང་། གསང་དབང་ནི། རིགས་ལྔའི་ཕྱག་རྒྱ་སོགས་ཀྱིས་བསྐུར་རོ། །གོ་རིམ་དེ་ལྟར་བྱས་པ་ནི་ཤིན་ཏུ་འབྲེལ་ཆགས་མོད། དེར་མ་ངེས་ཏེ་བཅུ་བོ་རྣམས་ཀྱི་དབང་ནི་ཅི་དགར་བསྐུར་ཞེས་གསུངས་པས་གོ་རིམ་ཅི་རིགས་པར་བྱེད་རུང་བའི་ཕྱིར། དམ་ཚིག་གསུམ་སྦྱིན་པ་སློབ་དཔོན་གྱི་དབང་གི་གཙོ་བོ་ཡིན་ཀྱང་། བཅུ་བ་ཞེས་པའི་དབང་བཅུའི་གྲངས་ལ་མི་ཐེ་སྟེ། དེ་ལས་ལོགས་སུ་དེ་ནས་ལག་ཏུ་རྡོ་རྗེ་དྲིལ་བུ་སྦྱིན་ཞེས་བཀར་བའི་ཕྱིར་རོ། །དེ་ནས་དག་པ་དྲན་པ་ནི། དཀྱིལ་འཁོར་གྱི་དེ་ཉིད་ནི་ཞེས་སོགས་ཀྱིས་དཀྱིལ་འཁོར་གྱི་དག་པ་དང་། ལྷའི་དེ་ཉིད་ནི་ཞེས་སོགས་ཀྱིས་དག་པ་དྲན་ཚུལ་བསྟན་ལ། དྲན་ཚུལ་ནི། དཀྱིལ་འཁོར་གྲུ་བཞི་འབྱུང་བ་ནི། ལྷའི་ཐུགས་སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་ཅིང་གནོད་སེམས་སོགས་ཉེ་རིང་མཐོ་དམན་དུ་གྱུར་པའི་མི་མཉམ་པ་མེད་པའི་དོན་མཚོན། དེ་བཞིན་གཞན་ལའང་ཆོ་གའི་དོན་ལྟར་ཤེས་པར་བྱའོ། །མདོར་ན། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དེ་དང་དེ་རྟེན་དང་བརྟེན་པ་དེ་དང་དེར་ཤར་བ་ཡིན་གྱི། ཐ་མལ་གྱི་སྣོད་བཅུད་ལྟར་དོན་གཞན་མིན་སྙམ་པའི་ངེས་པ་ཤུགས་ཅན་བྱའོ། །གསུམ་པ་དེ་དག་གི་མཐའ་བརྟེན་ལ་གསུམ། རིན་ཆེན་བདུན། དམ་ཚིག་དང་། བཀའི་འཕྲིན་ལས་ཀྱི་དབང་ངོ་། །དང་པོ་ནི། འཁོར་ལོ་ལ་སོགས་པའི་ཕྱག་རྒྱའམ། དེ་དག་གི་གཟུགས་ཐོགས་ཏེ། ༀ་ཙ ཀྲ་རཏྣ་ཞེས་སོགས་ཀྱི་སྔགས་རྐྱང་བའམ། རྒྱས་པར་ན། གཞུང་ལྟར་ལྷ་རྫས་ལས་བྱས་སོགས་ཀྱི་ཚིགས་བཅད་སྔགས་དང་བཅས་པར་རྒྱས་བསྡུས་གང་རིགས་བྱ་བར་ཊིཀ་ཆེན་དུ་བཤད་དོ། །གཉིས་པ་དམ་ཚིག་དང་བཀའི་དབང་ནི། །དཀོན་མཆོག་གསུམ་དང་ཞེས་པ་ནས། སྙིང་རྗེ་ལྡན་པས་སྨོས་ཅི་དགོས་ཞེས་པའི་བར་གྱིས་དམ་ཚིག་དང་། ༀ་སརྦ་སོགས་ཀྱིས་བཀའི་དབང་བསྐུར་རོ། །གསུམ་པ་འཕྲིན་ལས་ཀྱི་དབང་ནི། ༀ་སརྦ་ཀརྨཱཿསོགས་ཀྱིས་བྱེད་པར་ཊཱི ཀ་ཆུང་དུ་བཤད་ཀྱང་ཆོ་གར་མི་གསལ་ལོ། །དེ་ནས་བླ་མ་ལ་ཡོན་ཕུལ་ཏེ། བླ་མས་ཀྱང་ཚེ་འདིའི་བདེ་བ་ཞེས་སོགས་ཀྱིས་གཟེངས་བསྟོད་ནས་དམ་བཞག་བྱའོ། །བཞི་བ་གཤིན་པོ་རྗེས་སུ་བཟུང་བའི་ཆོ་ག་ཇི་ལྟར་བྱ་བ་ནི། སྤྱིར་མང་དུ་ཡོད་ཀྱང་སྐབས་འདིར་བསྡུ་ན་གསུམ། སྔོན་འགྲོ་ལྷོ་སྒོའི་ཆོ་ག །དངོས་གཞི་དཀྱིལ་འཁོར་དུ་དབང་བསྐུར་བ། རྗེས་སུ་ལམ་བསྟན་སྦྱང་སོགས་བྱ་བའོ། །དང་པོ་ལ་གསུམ། རྣམ་ཤེས་བཀུག་ནས་དགུག་དྲལ་བྱས་ཏེ་བྱིན་བརླབ་བྱ་བ། བགེགས་དང་དྲི་མ་སྦྱོང་བ། སྐྱབས་འགྲོ་བསྟན་པའོ། །དང་པོ་ནི་བཛྲ་དྷ་ར་སོགས་ཀྱིས་ང་རྒྱལ་བཟུང་ནས། བདག་མིང་འདི་ཞེས་བགྱི་བ་ཡིས། །ཞེས་སོགས་ཀྱིས་གསོལ་བ་གདབ་པ་ཊིཀ་ཆེན་ནས་བཤད་ཀྱང་། འདི་ནི་དབང་བསྐུར་བའི་ཚེ་མ་གཏོགས་མི་དགོས་པ་འདྲའོ། །ལྷོ་སྒོ་ནི་གསོན་པོ་ལའང་རུང་མོད། འདིར་གཤིན་པོའི་དབང་དུ་བྱས་ན། ལྷོ་སྒོ་ཞེས་པ་ལན་དོན་མི་འདྲ་བ་མང་དུ་འདུག་ཀྱང་། དཀྱིལ་འཁོར་གྱི་ལྷོ་སྒོའི་ཕྱོགས་སུ་སྟེགས་བུ་གྲུ་བཞི་བ་བྱས་ཏེ། བ་བྱུང་ལྔ་དང་། ཙན་དན་སོགས་ཀྱིས་བྱུགས། དེའི་སྟེང་དུ་པདྨ་དཀར་བོ་འདབ་མ་བརྒྱད་པའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ་བྲིས་པའི་སྟེང་དུ། སྔར་ཁྲུས་བྱས་ཤིང་གནས་རྣམས་སུ་གཞུང་འགའ་ཞིག་ནས་འབྱུང་བ་ལྟར་ཡི་གེ་ལེགས་པར་བཏགས་པའི་ངོའམ། ཡང་ན་དེའི་གོས་སམ། མིང་ཡིག་ཐིག་ལེས་བརྒྱན་པ་གང་རུང་བཞག་སྟེ་སྦྱོང་བར་ཊཱིཀ་ཆེན་དང་ཆོ་གར་གསུང་ལ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཀུན་རིག་ཆོ་གའི་ཟུར་འདེབས་ལས། མིང་བྱང་ལ་སོགས་པ་མདུན་དུ་བཞག་ལ་ཞེས་གསུངས་པས། བྱུང་ན་སྔ་མ་ལྟར་ཡིན་ཀྱང་། དེང་སང་ཕྱག་ལེན་ནི་ཕྱི་མ་དང་མཐུན་ནོ། །གང་ལྟར་ཡང་རྟེན་དེ། ལས་བུམ་མམ། བསང་ཆུ་བསྒྲུབ་པ་སོགས་གང་རུང་གིས་བསང་སྦྱང་བསྐྱེད་པ་གཞུང་ལྟར་དང་། འདིར་ཊཱིཀ་ཆེན་དུ་རྣམ་ཤེས་དགུག་གཞུག་གི་རྗེས་སུ་དབང་ཐོབ་ན་ལྷར་བསྐྱེད། ཅེས་གསུངས་ཀྱང་། ཕྱག་ལེན་དུ་མ་བྱེད་པར་སྣང་ངོ་། ཁ་ཅིག་བུམ་པ་མ་བསྒྲུབ་པར་ལྷོ་སྒོ་བྱེད་པའི་ལུགས་སྣང་ཡང་། མ་ཐའང་མགུལ་འཆིང་སྔོན་པོས་བཀྲིས་པའི་བུམ་པའི་ནང་དུ་པད་ཟླའི་གདན་ལ་ཧཱུཾ་ཡིག་གི་མཐར་རྩ་རིག་གམ། ཡིག་བརྒྱ་སོགས་ཀྱིས་བསྐོར་བ་ལ་དམིགས་ཏེ། གཟུངས་སྔགས་དེ་རྣམས་བཟླས་ནས་ཁྲུས་བུམ་བསྒྲུབས་ཏེ། ལྷོ་སྒོ་བྱེད་རུང་བ་ཙམ་ཡིན་ཀྱང་། དབང་ལ་ནི། དེ་ལྟར་མི་རུང་ཞིང་། ཁྲུས་གསོལ་ཙམ་བྱས་པའི་ཆུ་དེ་ཡང་ནུས་ཅན་དུ་ཁས་ལེན་རུང་མོད། སྔ་མ་བྱས་པ་དང་མི་འདྲའོ། ཁ་ཅིག་དགུག་སྔགས་ༀ་བཛྲ་སཏྭ་ཧཱུཾ་ཛཿཞེས་པའི་དོད་ལ། གསང་འདུས་ལྟ་བུར་ༀ་བཛྲ་དྷྲྀཀ་ཞེས་བསྒྱུར་བ་ནི་དོན་མིན་ཏེ། སྔགས་དེའི་དོན་རྡོ་རྗེའི་སེམས་ཁུག་ཅིག་ཅེས་རྣམས་ཤེས་འགུག་སྔགས་སུ་སྤྱིར་གསུངས་པས་ཐམས་ཅད་ལ་སྦྱར་རུང་བར་ཊིཀ་ཆེན་དུ་བཤད་པའི་ཕྱིར། ཁ་ཅིག་རྣམ་ཤེས་འགུག་མི་ནུས། ཁུག་ན་གསོན་པར་འགྱུར་པས་འགུག་མི་དགོས་སོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟ་ན་ལྷ་བསྒོམ་པས་ཀྱང་ལྷར་དངོས་སུ་མི་འགྱུར་བས་དོན་མེད་དུ་ཐལ་བ་དང་། ལིང་ཀ་ལྟ་བུ་ལ་དགུག་གཞུག་ཚད་ལྡན་བྱས་པ་ཙམ་གྱིས་དེ་གསོན་པོར་འགྱུར་རོ། ཁོ་ན་རེ། ལྷར་དངོས་སུ་མི་འགྱུར་ཡང་དེ་ལྟར་མོས་པའི་རྟེན་འབྲེལ་གྱི་ཕན་ཡོན་ཡོད་དོ་ཞེ་ན། ཅིག་ཤོས་ལ་ཡང་མཚུངས་ཏེ། དངོས་སུ་ཁུགས་རུང་མ་ཁུགས་གང་ཡིན་ཀྱང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རྟེན་འབྲེལ་གྱི་ཕན་ཡོན་ཡོད་ལ། འོན་ཀྱང་ཁུགས་མ་ཁུགས་མི་འདྲ་བ་ནི། ནུས་པ་ཆེ་ཆུང་གིས་ཕན་ཡོན་ཀྱང་ཆེ་ཆུང་དུ་འགྱུར་བར་སེམས་སོ། །དགུག་པའི་ཡུལ་གྱི་མིང་མི་ཤེས་ཤིང་གོས་སོགས་རྟེན་གཞན་མེད་ན། ཎི་བྲིས་པའི་བྱང་བུ་འཇོག་པར་ཁ་ཅིག་བཞེད་ལ། ཁ་ཅིག་གསོན་པོ་ལ་ཡང་རྣམ་ཤེས་དགུག་གཞུག་མཛད་དེ་བརྟག་པའི་གནས་སོ། །གནས་ཉེར་གཉིས་བྱིན་གྱིས་བརླབ་པ་ཡན་ཆད་བྱས་རྗེས་སུ། །གཤིན་པོར་ཆོས་བཤད་བྱ་བར་ཊཱིཀ་ཆུང་སོགས་འགའ་ཞིག་ནས་བཤད་པས། སྤྲོས་པ་ལ་དགའ་ན་བྱའི་གཞན་དུ་མ་བྱས་ཀྱང་རུང་ངོ་། །གཉིས་པ་སྦྱང་བ་ལ་གསུམ། བགེགས་སྦྱང་བ། སྡིག་པ་སྦྱང་བ། མི་ཤིས་པ་སྦྱང་པའོ། །དང་པོ་ནི། འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་དེ་ཁྲོ་བོ་སྤྱན་དྲངས། ཁྲོ་བོ་རྣམས་དང་ལྷན་ཅིག་བགེགས་ལ་བཀའ་བསྒོས་ནས། ཞི་བ་དང་། ཞི་དྲག་ཕྱེད་མ་དང་། དྲག་པོས་སྦྱོང་བ་རྣམས་བྱ་སྟེ། དེ་ཡང་གཏོར་མ་གསུམ་བསྔོ་བ་ནི་ཞི་བ་དང་། ཏིང་ལོ་ཕྱིར་བསྐོར་བ་ནི་ཞི་དྲག་ཕྱེད་མ་དང་། ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་བདེན་སྟོབས་དང་སུམ་བྷ་ནི་བརྗོད་དེ་ཉུངས་ཀར་གྱིས་བྲབ་པ་ནི་དྲག་པོས་སྦྱང་བའོ། །དང་པོ་ནི། རྫས་སྔགས་ཏིང་འཛིན་གསུམ་ཞི་བ། གཉིས་པ་རྫས་ཞི་བ་སྔགས་དྲག་པོ་ཏིང་འཛིན་ཞི་དྲག་ཕྱེད་མ། གསུམ་པ་ནི་གསུམ་ཀའང་དྲུག་པོའོ། །བགེགས་གང་སྦྱོང་ན། ཚེ་འདས་མཐོ་རིས་དང་ཐར་བར་བགྲོད་པའི་བགེགས་ཐམས་ཅད་དང་། ཁྱད་པར་ཚེ་འདས་ཀྱི་ཚེ་སྔོན་མ་དང་འདྲ་བའི་ཆ་བྱད་བཟུང་ནས་དེའི་ཉེ་འབྲེལ་སོགས་ཀྱི་རྨི་ལམ་དང་དེ་དག་གི་མཐོང་སྣང་དུ་བྱུང་ནས་གནོད་པར་བྱེད་པའི་འབྱུང་པོ་མང་དུ་ཡོད་པ་དེ་དག་སྦྱོང་ངོ་། །དེང་སང་འཇིག་རྟེན་པ་མང་བོས། རང་གི་རྨི་ལམ་དང་། མཐོང་སྣང་དང་། ཐོས་པའི་རྐྱེན་འགའ་ཞིག་ལ་བརྟེན་ནས། ཚེ་འདས་གྲིར་ཤི་བ་ལྟ་བུ་ལོ་མང་དུ་སོང་ཡང་སྐྱེ་བ་མ་བླངས་པར་བགེགས་སོགས་ཀྱིས་བཟུངས་ནས་ཡོད་པ་དང་། ཚེ་སྔ་མའི་དབྱིབས་དང་གོས་གྱོན་པ་རྣམས་དངོས་ཡིན་པར་འཛིན་པ་ནི་བླུན་པའི་རྟགས་ཡིན་ཏེ། དེ་ལྟར་རྨི་ལམ་དུ་བྱུང་བ་ནི་འཁྲུལ་པའི་བག་ཆགས་དང་མཐོང་སྣང་འབྱུང་ཡང་། ཚེ་འདས་མིན་ཞིང་བགེགས་སོགས་ཀྱི་ཆོ་འཕྲུལ་ཡིན་པར་སྟོན་པ་རང་ཉིད་ཀྱིས་མདོ་སོགས་ལས་གསུངས་ཤིང་། ཊཱིཀ་ཆེན་དུའང་མཐུན་པར་བཤད་པ་དང་། གལ་ཏེ་ཚེ་འདས་ཡིན་ན་དེའི་ཕུང་བོ་དང་གོས་སོགས་ཐམས་ཅད་མེས་བསྲེག་པ་དང་མེད་པར་བྱས་ཟིན་ནས་སླར་ཇི་ལྟར་འབྱུང་བར་འགྱུར་བསམ་དགོས་སོ། །གཉིས་པ་སྡིག་པ་སྦྱང་བ་ལ་གསུམ། སྦྱིན་སྲེག་དང་བྲབ་སྔགས་ལ། ཁྲུས་ཀྱི་སྦྱང་བའོ། །དང་པོ་ནི། ཕྱག་ལེན་དུ་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བ་བསྐྱེད་པའི་དབུས་སུ་རྡོ་རྗེ་མཁའ་འགྲོ་སྐད་ཅིག་གིས་བསྐྱེད་ནས་གནས་གསུམ་དུ་ཡི་གེ་བཀོད་དེ་ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་དབང་བསྐུར་རྒྱས་གདབ་མཆོད་བསྟོད་བྱེད་ཀྱང་ཆོ་གར་སྐད་ཅིག་གིས་བསྐྱེད་ནས་གཞན་མི་བྱ་བར་ཚེ་འདས་ཀྱི་རྐང་མཐིལ་སོགས་སུ་རླུང་དཀྱིལ་སོགས་བསྐྱེད། དེ་བཞིན་དུ་པཎ་ཆེན་ཐམས་ཅད་མཁྱེན་པའི་ཟུར་འདེབས་སོགས་གཞན་མང་བོ་ལས་ཀྱང་གསུང་། ཊཱིཀ་ཆེན་ལྟར་ན། ཛྭ་ལ་རཾ་ཞེས་བརྗོད་དེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ་ལས་རྡོ་རྗེ་མཁའ་འགྲོ་བསྐྱེད་པའི་ཆོ་ག་གསུམ་བསྐྱེད་བྱས་ནས་གནས་གསུམ་བྱིན་རླབས་ཡེ་ཤེས་པ་སྦྱན་དྲངས་པ་སོགས་བྱ་དགོས་སོ། །ཚེ་འདས་ཀྱིས་སྙིང་ཁར་ཡི་གེ་བཾ་ནག་པོ་བསམ་ལ་སྡིག་སྒྲིབ་ཐམས་ཅད་འདུས་པར་དམིགས་ཏེ། རྐང་མཐིལ་གྱི་རླུང་གཡོས་ལྟེ་བའི་མེ་འབར་བའི་འོད་ཀྱིས། སྙིང་ཁའི་བཾ་དེ་ཉིད་ཡར་དེད་ནས་སྟེང་གི་སྣ་སྒོ་ནས་འཐོན། སྡིག་པ་རྭ་ཅན་གྱི་གཟུགས་ཀྱི་རྣམ་པ་ཅན་དུ་གྱུར་ནས་རང་གི་ལག་པར་བཟུང་བའི་ཏིལ་སོགས་ལ་ཐིམ་པར་བསམ། ཏིལ་ནི་སྡིག་པ་འདགས་བྱེད་ཀྱི་རྫས་ཁྱད་པར་ཅན་ཡིན་པས་དེ་དགོས་ཀྱང་མེད་ན་གཞན་གྱིས་དོད་བྱ་ལ། ཁ་ཅིག་སྔར་གཟུངས་སྔགས་སོགས་བཏབ་པའི་ཡུངས་ཀར་སོགས་དེའི་ཚབ་ཏུ་བྱེད་པ་ནི། དེའི་ཚེ་སྡིག་པ་དང་ཏིལ་ངོ་བོ་དབྱེར་མེད་དུ་བྱས་ནས། རྡོ་རྗེ་མཁའ་འགྲོའི་ཞལ་དུ་བཏབ་པས་ཞེས་པ་ན་སྡིག་པ་ཟད་པར་མོས་དགོས་པར་གསུངས་པས། སྔགས་བཏབ་པའི་ཡུངས་ཀར་སོགས་སྡིག་པ་སྦྱོང་བྱེད་ཁོ་ན་ཡིན་པས། སྡིག་པར་མོས་པ་ནི་ཅུང་ཟད་མི་འཚམ་མོ། །བཛྲ་ཌ་ཀི་སོགས་ཀྱིས་སྦྱིན་སྲེག་བརྒྱ་སྟོང་སོགས་བྱས་ནས་གཤེགས། གཉིས་པ་བྲབ་སྔགས་ཀྱིས་སྦྱང་བ་ནི། སའམ། ཐལ་བ་ཡུངས་ཀར་ཕྱེ་མ་སོགས་དང་ཊིཀ་ཆེན་ལྟར་ན་ཆུ་ཡང་རུང་ལ། ལྷའི་སྔགས་རྣམས་དང་། གཙུག་ཏོར་རྣམ་རྒྱལ། དྲི་མེད། ཨུ ཥྞཱི་ཥ། ཀཾ་ཀ་ནི་སོགས། བཟླས་ནས་རྟེན་ལ་བྲབ་པར་བྱའོ། །རྩ་རིག་དང་ལྷ་རྣམས་ཀྱི་སྔགས་ཀྱིས་མཇུག་ཏུ་སྤེལ་ཚིག་བྱེད་པར་ཡང་གསུང་ལ། བྲབ་སྔགས་ནི། ༀ་སརྦ་པཱ་པཾ་ཞེས་སོགས་གཞུང་ལྟར་ལྷ། དེ་ནི་ཕྱིར་ཟློག་གི་སྤྱོོད་ཚུལ་གཙོ་བོ་ཡིན་ནོ། །གསུམ་པ་ཁྲུས་ཀྱི ས་སྦྱང་བ་ནི། ཁྲུས་བུམ་ལོགས་སུ་ཡོད་དམ་མེད་ཀྱང་རྣམ་རྒྱལ་བུམ་པས་དཀྱིལ་འཁོར་ལ་ཁྲུས་བྱས་རྗེས། རོའམ། མིང་བྱང་སོགས་བཀྲུ་བར་བྱ་སྟེ། དེ་ཡང་འདི་ནི་སྦྱིན་པའི་རང་བཞིན་ཆུ་ཞེས་སོགས་ཕྱིན་དྲུག་སོ་སོ་ལ་སྦྱར་ནས་རྩ་རིག་སྤེལ་ཚིག་དང་བཅས་པས་ཁྲུས་བྱའོ། །དེ་བཞིན་དུ་ཆུ་བོ་དྲུག་ཞེས་སོགས་དང་། འདོད་ཆགས་ཞེ་སྡང་སོགས་དང་། ས་ནི་དུག་གི་སོགས་གཞུང་ནས་འབྱུང་བ་ལྟར་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་དོ། །གསུམ་པ་ནི། གང་ལ་སེར་སྣ་སོགས་ཡངས་པའི་གྲོང་ཁྱེར་དུ་འཇུག་པ་ནས་འབྱུང་བའི་བཀྲ་ཤིས་བརྗོད་དེ་སྦྱོང་། གཙུག་དགུ་དང་། ཊཱིཀ་ཆེན་ལྟར་ན་བཀྲ་ཤིས་བརྗོད་པའི་ཚེ་ཁྲུས་བྱས་ཀྱང་རུང་། གསུམ་པ་སྐྱབས་འགྲོ་བསྟན་པ་ནི། བླ་དང་སངས་རྒྱས་ལྷའི་དཀྱིལ་འཁོར་སོགས་ཕྱག་འཚལ་ཅི་རིགས་པར་བྱས་པའི་མཇུག་ཏུ་ཁྱད་པར་ཉེ་བའི་སྲས་ཆེན་བརྒྱད་ལ་སྐྱབས་སུ་འགྲོ་ཞིང་ཕྱག་ནི། སྤྱོད་འཇུག་གི་གཙོ་བོ་རྒྱལ་བ་སོགས་ཀྱིས་བྱེད་དོ། །དེ་ལྟར་ལྷོ་སྒོའི་ཆོ་ག་ནི། གསོན་དབང་གི་སྐབས་སུ་སློབ་མ་སྟ་གོན་བྱེད་པའི་དོད་དུ་གསུངས་པས་དབང་བསྐུར་བ་ལ་སོགས་ལ་ཚད་ལྡན་བྱུང་ན་གཤིན་པོ་ལ་དབང་བསྐུར་བར་བྱས་ན་ཤིན་ཏུ་ཕན་ཡོན་ཆེ་བར་སྤྱོད་རྒྱུད་སོགས་ལས་གསུངས་ཀྱང་། གང་བྱུང་གི་དབང་བྱེད་པ་ལས་ནི། སྤྱོད་པ་ཙམ་བྱས་པ་ལེགས་སོ། །གཉིས་པ་ནི། གལ་ཏེ་དབང་བསྐུར་བའི་བརྟན་པ་ཐོབ་པ་དང་། དབང་མེད་ཀྱིས་དབང་བསྐུར་བྱེད་ན། ཚེ་འདས་དཀྱིལ་འཁོར་གྱི་ཤར་སྒོའི་མདུན་དུ་འདུག་པར་མོས་ནས། དམིགས་བསལ་འགའ་ཞིག་མ་གཏོགས་སློབ་མ་དབང་བསྐུར་བའི་སྐབས་ཇི་ལྟ་བ་བཞིན་བྱའོ། །དེའི་ཚེ་དབང་དོན་བརྡ་འཕྲོད་པ་གལ་ཆེ་ཞིང་། ལུང་སོགས་ཀྱིས་སྤྲོས་པ་མ་བྱས་ཀྱང་རུང་བར་གསུང་། མཐར་ཚེ་འདས་ཆོ་ག་གསུམ་བསྐྱེད་ཀྱི་རྡོར་སེམས་སུ་བསྐྱེད་པའམ། ཡང་ན་ཕོ་ཡིན་ན་རྣམ་སྣང་། མོ་ཡིན་སྤྱན་མར་བསྐྱེད་དེ། ཡེ་ཤེས་པ་གཞུག་ཀྱང་རུང་ལ། ཡང་ན་ཡེ་ཤེས་པ་གདོད་ནས་གྲུབ་པར་བསམས་ཏེ། ཆུ་གཉིས་ཉེར་སྤྱོོད་རོལ་མ་དང་བཅས་མཆོད་ནས་བསྟོད། ཊཱིཀ་ཆེན་སོགས་ནས་ཟས་གཏད་བྱེད་མི་དགོས་པར་གསུངས། གལ་ཏེ་བྱེད་ན་གཞུང་ལྟར་བྱའོ། །དེ་མི་དགོས་པའི་རྒྱུ་མཚན་ཡར་སྔར་བཤད་པ་ལྟར་ཚེ་འདས་སླར་མ་ཤི་བའི་སྐབས་བཞིན་དུ་སྣང་བ་ཡོད་པ་ནི། འབྱུང་བོ་ཝ་ར་ཧིན་ཏ་སོགས་ཀྱི་སྤྲུལ་བས་བསླུ་བར་སྟོན་པ་ཡིན་ལ། ཚེ་འདས་དངོས་མིན་པས་ཚེ་འདས་དེ་ལ་ཟས་མེར་སྲེག་པ་ཙམ་མི་ཕན་ཡང་། ཟས་ནོར་གྱིས་གཞན་ལ་མཆོད་པ་དང་བཏང་བའི་དགེ་བ་ཕན་པར་གསུང་ངོ་། །འོན་ཀྱང་བར་དོའི་སེམས་ཅན་ལ་དྲི་བསུར་སོགས་སྦྱིན་པར་བཤད་པའི་གཞུང་ཡང་སྣང་བས་ཟད་གཏད་བྱས་ཀྱང་ཉེས་པར་མི་འགྱུར་བ་འདྲའོ། ཁ་ཅིག་ཕུང་བའི་མདུན་དུ་ཟས་སྣ་མང་བོ་དང་མཆོད་པའི་རྣམ་གྲངས་བྱེད་པ་ནི། གང་ཟག་དེ་ཁྱད་པར་ཅན་ཡིན་ན་མ་གཏོགས། མུ་སྟེགས་སོགས་འགའ་ཞིག་གི་ལུགས་དང་མཚུངས་སོ། །དེ་ཡང་བར་དོའི་སེམས་ཅན་གྱི་ཚེ་ཚད་ནི་ཞག་བདུན་ཡིན་པས། དེ་ནས་ཤི་སྟེ་སྐྱེ་བ་ལེན་དགོས་ལ། གལ་ཏེ་སྐྱེ་བ་ལེན་པའི་ཚེ། འགྲོ་བ་གཞན་དུ་མི་སྐྱེ་བར་སླར་ཡང་བར་དོར་སྐྱེས་ཀྱང་། བདུན་ཕྲག་བདུན་ཚུན་ཆད་དུ་བར་དོར་སྐྱེ་བ་མོད་ལ། དེ་ཕན་ཆད་དུ་བར་དོར་སྐྱེ་བ་དོར་ནས་ངེས་པར་འགྲོ་བ་གཞན་དུ་སྐྱེ་བའི་ཉིད་མཚམས་སྦྱར་བ་མཁས་གྲུབ་ཚད་ལྡན་གྱི་གཞུང་མང་བོ་ལས་འབྱུང་བ། ཁ་ཅིག་བར་དོ་བ་འགའ་ཞིག་ལོར་སོང་ཡང་ཡོད་དེ་མཐོང་སྣང་དུ་བྱུང་ཟེར་བ་དང་། སྔོ་གྱི་གནས་དེར་གང་འདོད་དུ་འོངས་ནས་ཟས་སོགས་ལ་ལོངས་སྤྱོད་པ་ཡོད་དེ། རྨི་ལམ་དུ་བྱུང་ཟེར་བ་ནི་སྔར་བགག་ཟིན་ཅིང་མཁས་པའི་བཞེད་པ་ཡང་མིན་ལ། འོན་ཀྱང་ཆོ་ག་ནི། སྐྱེ་བ་གཞན་དུ་བླངས་ཟིན་པའི་རྗེས་སུ་བྱས་ཀྱང་ཕན་ཡོན་ཡོད་པར་གསུང་ངོ་། །གསུམ་པ་ལམ་བསྟན་སོགས་ནི། དཀོན་མཆོག་རིན་ཆེན་སོགས་ཀྱིས་ལམ་བསྟན། པད་མ་འདམ་གྱིས་ཞེས་སོགས་ཀྱིས་ལམ་སྦྱངས། སངས་རྒྱས་འདྲ་བའི་ཞེས་སོགས་ཀྱིས་ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་དེས་ཆོ་ག་བྱས་པའི་མཐུ་ཡིན་པར་ཤེས་ནས་ཆེད་བརྗོད་དང་། ཨེ་མའོ་ཤཱཀྱ་ཞེས་སོགས་ཀྱིས་ཆོ་ག་བྱེད་པའི་དྲུང་དུ་འོངས་ནས་ཆེད་བརྗོད་བྱས་ན། སརྦ་བུདྡྷ་ཀྵེ་ཊ་ཞེས་སོགས་ཀྱིས་སླར་ཡང་བདེ་བ་ཅན་དུ་སོང་བར་བསམ། མཐར་ཕུང་བོ་དང་བྱང་བུ་གསོན་དགོངས་མ་བརྗོད་དེ་བསྲེག་གོ ཁོ་ན་རེ། སེམས་ཅན་དེའི་རྣམ་ཤེས་བདེ་བ་ཅན་སོགས་ལ་སོང་ཟིན་ནས། ཕུང་པོ་བྱང་བུ་ལ་ཡིད་དང་རྣ་བའི་རྣམ་ཤེས་མེད་པས། གསོན་ཅིག་དགོངས་ཤིག་ཅེས་བརྗོད་མི་རིགས་སོ་ཟེར་ན། སྐྱོན་མེད་དེ། སྔགས་ཀྱི་སྐབས་སུ་དངོས་པོའི་གནས་ཚོད་དང་བློའི་མོས་པ་གཉིས་འདྲ་མི་དགོས་པའི་ཕྱིར་རོ། །དཔེར་ན། རང་ཉིད་ལྷ་མིན་ཀྱང་ལྷར་བསྒོམ་དུ་རུང་བ་བཞིན་ནོ། །དེ་ཡང་ལོག་པར་མི་འགྱུར་ཏེ། དེ་ནི་མི་ཤེས་པའི་འཁྲུལ་བ་གཞན་དང་མི་འདྲ་བར་མོས་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། ཏིང་ངེ་འཛིན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་དྲན་པའི་རྟེན་འབྲེལ་བསྒོམ་པ་ཡིན་པའི་ཕྱིར་རོ། །བཞི་བ་མཇུག་གི་རིམ་པ་ནི། བཏང་རག་གི་མཆོད་བསྟོད་བསྔོ་སྨོན། ཡིག་བརྒྱས་ལྷག་ཆད་བསྐང་། བཟོད་གསོལ་བྱས་ནས། རྡུལ་ཚོན་ཡིན་ན། ལྷ་རང་རང་གི་དམ་རྒྱ་བཅིངས་ལ་སརྦ་བིད་སོགས་རང་རང་གི་སྙིང་བོ་ལན་གསུམ་གསུམ་བརྗོད་དེ་དམ་རྒྱ་བཀྲོ ལ་ནས་གཤེགས། རས་བྲིས་ཡིན་ན་བརྟན་བཞུགས་བྱའོ། །རིགས་གསུམ་སྤྱིའི་ཕྱག་རྒྱས་བྱིན་གྱིས་བརླབས། བྱང་གི་སེམས་དཔའ་བཞི་དང་། སེམས་དཔའ་གཙུག་ཏོར་གྱི་ཕྱག་རྒྱས་སྲུང་། བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་ཆར་བབ་པར་བྱའོ། །སྔགས་ཀྱི་དོན་དང་ཕྱག་རྒྱ་ལོགས་སུ་འགོད་འདོད་པས་འདིར་མ་བྲིས་སོ། །སྨྲས་པ། རྒྱལ་བ་ཀུན་གྱི་བསྟན་པའི་སྙིང་བོ་མཆོག །རྒྱུ་དང་འབྲས་བུའི་ཐེག་པ་རྣམ་གཉིས་ལས། །ཆེས་ཟབ་གསང་སྔགས་འབྲས་བུའི་ཐེག་པ་སྟེ། བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་བཞི། །འདིར་ནི་དཔལ་ལྡན་རྣལ་འབྱོར་རྒྱུད་ཀུན་གྱི། །གཙོ་བོར་གྱུར་པ་ངན་སོང་སྤྱོང་བའི་རྒྱུད། །དེ་ཡི་དགོངས་འགྲེལ་དཀྱིལ་འཁོར་ཆོ་གའི་གཙོ། །རྒྱུད་དོན་གསལ་བ་རང་འགྲེལ་བཅས་པ་ཡིན། །གང་འདིའི་ཚིག་དོན་མཛེས་བྱང་ལྷན་ཐབས་ཀྱི། སྙིང་བོ་དོན་ལྡན་ཆུ་སྐྱེས་གཞོན་ནུ་འདི། །རྣམ་དཔྱོད་སོར་མོའི་སྐྱེད་ཚུལ་ལས་བསྐྲུན་ཏེ། གཟུར་གནས་བློ་ལྡན་འགའ་ཡི་རྒྱན་དུ་བྱས། ཁོ་བོ་སྦྱངས་བ་ཆུང་ཞིང་བརྩོན་པ་ལྷོད། དྲི་མེད་རིགས་པའི་མིག་དང་མི་ལྡན་ཡང་། །རབ་དཀར་ལྷག་བསམ་དག་པའི་སྟོབས་ཤུགས་ཀྱིས། །འདི་ལྟར་བགྱིས་ལ་ཉེས་པར་མི་འགྱུར་སྙམ། དེང་དུས་རྒྱལ་བའི་དབང་བོ་དངོས་བྱོན་ཡང་། །ཕན་པར་མི་ནུས་གནས་སྐབས་འདིར་གྱུར་ཚེ། །ཤིན་ཏུ་ཉམ་ཆུང་བྱིས་པ་བདག་ལྟ་བུས། འཆད་རྩོད་རྩོམ་པས་སུ་ཞིག་མགུ་བར་ནུས། དེ་ཕྱིར་བློ་གྲོས་ལང་ཚོ་རབ་རྒྱས་ཤིང་། །ལེགས་བཤད་དོན་གཉེར་ཕྱོགས་ལྷུང་བྲལ་བ་འགའ། མ་གཏོགས་ཕྲག་དོག་ཚེར་མས་ཡིད་ཀྱི་ཁམས། དཀྲུགས་པའི་མཁས་རློམ་གཞན་ལ་ཕན་པར་དཀའ། །འགྲོ་བ་ཀུན་གྱི་མིག་གཅིག་པདྨོའི་གཉེན། །མངོན་དང་ལྐོག་ཏུ་གྱུར་བའི་ཁྱད་པར་གྱིས། །རང་གི་འདོད་པ་ཇི་བཞིན་མ་གྱུར་ཚེ། །སྨོད་ན་གཞན་ལ་ལྟ་ཡང་ཅི་ཞིག་སྨོོས། །གཞུང་དོན་མཁས་པའི་ལེགས་བཤད་དང་མཐུན་ཞིང་། རང་བཟོར་ཞུགས་པའི་ཉེས་པས་མ་གོས་ཀྱང་། མ་རྟོགས་ལོག་རྟོག་ནོར་བའི་ཆ་སྲིད་ན། །ཚད་ལྡན་མཁས་པ་དབང་དུ་བྱས་ཏེ་བཤགས། །དགེ་ལེགས་ཆ་ཤས་རྒྱས་པའི་འོད་དཀར་ཅན། །རྨོངས་པའི་མུན་སྟུགས་དགྲ་ལས་རྣམ་རྒྱལ་ནས། བློ་གསལ་ཀུནྡ་བཞད་དང་ལྷན་ཅིག་ཏུ། །ཐུབ་བསྟན་ནམ་མཁའི་རྒྱན་དུ་འགྱུར་ཕྱིར་བསྔོ། །ཅེས་བློ་བཟང་རྒྱལ་བའི་ཐུགས་སྲས་འདུལ་འཛིན་པའི་རྒྱུད་དོན་གསལ་བ་འགྲེལ་བ་དང་བཅས་པའི་ཚིགས་དོན་གྱི་ལྷན་ཐབ་མདོར་བསྡུས་ཡང་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི། ཁྱབ་བདག་རྡོ་རྗེ་འཆང་བློ་བཟང་སྦྱིན་པ་དང་སློབ་དཔོན་བློ་གྲོས་རྒྱ་མཚོ་ཞལ་སྔ་ནས་རྣམ་པ་གཉིས་ཀྱིས་ཞབས་རྡུལ་ལ་རེག་པ་གཞུང་ལུགས་རབ་འབྱམས་སྨྲ་བར་བཏགས་པ་བཤད་སྒྲུབ་ཅེས་བྱ་བས་ཙེ་ནེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཚན་ཉིད་གསང་འཛུགས་ཀྱི་བླ་མའི་གོ་སར་གནས་པ་དེའི་ཚེ། སྔར་ཡང་ལམ་འདི་ལ་རིང་དུ་འདྲིས་བར་བྱས་པ་དང་། ཁྱད་པར་རྒྱུན་དོན་གསལ་བ། དེའི་ཊཱིཀྐཱ་འདུལ་འཛིན་པ་རང་ཉིད་ཀྱིས་མཛད་པ་དང་། སློབ་དཔོན་ཡོན་ཏན་བཤེས་གཉེན་གྱིས་མཛད་པའི་ཊཱིཀ་ཆུང་དུ་གྲགས་པའི་ཚིག་དོན་རབ་གསལ་དང་། པཎ་ཆེན་ཐམས་ཅད་མཁྱེན་པའི་ཀུན་རིག་གི་ཆོ་ག་སོགས་ཀྱི་སྐོར་དང་། རྗེ་བླ་མའི་སྔགས་རིམ་སོགས་ལའང་ཅུང་ཟད་འདྲིས་པར་བྱས་ནས་གཞན་ལ་ཕན་སྲིད་སྙམ་པ་དང་ལམ་འདི་དར་ཆེ་བའི་རྐྱེན་དང་བསམ་པ་བཟང་བོས་བསྐུལ་ཏེ། ཤིང་མོ་ལུག་ལོའི་ཆུ་སྟོད་ཀྱི་ཟླ་བར་སྦྱར་བ་སྟེ། ཕྱིས་སུ་གནས་བརྟེན་དགེ་སློང་བློ་བཟང་ཕུན་ཚོགས་ཞེས་བགྱི་བས་རྒྱུད་གྲྭར་སྔགས་རམ་པའི་མཚན་གསོལ་བའི་ཚེ་གཞན་ལ། ཕན་འདོད་ཀྱི་བསམ་པས་བར་དུ་བསྒྲུབ་པའོ།། །།བཀྲ་ཤིས་སོ།། །།


previousཀུན་རིག་ཆོ་ག་རྒྱུད་དོན་གསལ་བ་རང་འགྲེལ་དང་བཅས་པའི་ཚིག་དང་དོན་གྱི་ལྷན་ཐབས་མདོར་བསྡུས་ཡང་གསལ་སྒྲོན་མེ།next