Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་བ་དང་བཅས་པ་ནས་འབྱུང་བའི་ཕྱག་རྒྱའི་རྣམ་པར་བཞག་པའི་ཟུར་བཀོལ།
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་བ་དང་བཅས་པ་ནས་འབྱུང་བའི་ཕྱག་རྒྱའི་རྣམ་པར་བཞག་པའི་ཟུར་བཀོལ།next

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་བ་དང་བཅས་པ་ནས་འབྱུང་བའི་ཕྱག་རྒྱའི་རྣམ་པར་བཞག་པའི་ཟུར་བཀོལ།

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་བ་དང་བཅས་པ་ནས་འབྱུང་བའི་ཕྱག་རྒྱའི་རྣམ་པར་བཞག་པའི་ཟུར་བཀོལ་བཞུགས།

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །འདིར་ཀུན་རིག་གི་ཆོ་ག་དང་ཊིཀྐ་གཉིས་ནས་འབྱུང་བའི་ཕྱག་རྒྱའི་རྣམ་གཞག་རྣམས་ཕྱོགས་གཅིག་ཏུ་དགོད་པ་ལས། དེ་ཡང་འགྲེལ་བ་ཉིད་ནས་འགའ་ཞིག་མ་གཏོགས་མི་འབྱུང་བས་གཙོ་བོར་ཆོ་ག་ལྟར་བཤད་པར་བྱ་སྟེ། ཐོག་མར་རྡོ་རྗེ་སེམས་དཔར་བསྐྱེད་ནས་གཡས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་བུ་དཀུ་གཡོན་དུ་བསྟེན་ལ། ཊཀྐི་ཧཱུཾ་ཛ་ཞེས་སོགས་བརྗོད་དེ། རྡོ་རྗེ་དེ་སྙིང་གར་གྱེན་དུ་སྟོད་པའི་ཚུལ་གྱིས་འཛིན་ཅིང་། དྲིལ་བུ་ལག་པ་གཡོན་པའི་མཐིལ་དུ་བཞག་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག་ཞེས་སོགས་བརྗོད་དེ་དྲིལ་བུ་དཀྲོལ། དྷརྨཱཿཨ་ཞེས་བརྗོད་དེ་ཕྱག་ཆེན་བཅིངས་ལ་སྲིད་པའི་བདེ་བ་ནས། མཆོད་པར་བྱ་ཞེས་པའི་བར་བརྗོད། དྲིལ་བུའི་ཞལ་གྱི་ཐད་དུ་རྡོ་རྗེ་འཕྲེང་ལ་བཟུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་སོགས་དང་། ཡང་རྡོར་སེམས་ཀྱི་ཕྱག་ཆེན་བྱས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་སོགས་ཀྱི་སྐབས་སུ་དྲིལ་བུ་གསིལ་ཞིང་། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་ཞེས་པ་ནས། བརྟན་ཕྱིར་རོ། །ཞེས་པའི་བར་བརྗོད་དོ། །སྔོན་འགྲོའི་གཏོར་མ་བྱིན་རླབས་ལ། བཛྲ་ཡཀྵ་ཞེས་བརྗོད་པའི་ཚེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ཅུང་ཟད་བརྐྱང་བའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་ཁ་སྟེང་དུ་བསྟན་ཏེ་སོར་མོ་རྣམས་འབར་བ་ལྟ་བུར་བྱས་པའི་མཐེ་བོང་གཉིས་རྩེ་སྦྱར་བ་སྲིན་ལག་དང་གུང་མོའི་བར་དུ་འཛིན་པ་རྡོ་རྗེ་མོའི་ཕྱག་རྒྱ་བྱས་ལ། ༀ་བཛྲ་ཨ་ན་ལའི་སྔགས་བརྗོད། སྔོན་འགྲོའི་མཆོད་པ་བྱིིན་རླབས་འདིར་མི་གསལ་ཡང་། འོག་ནས་གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཀར་བཞག །གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨ་ཀཱ་རོས་བྱིན་རླབས་བྱ་བར་བཤད་ལ། འདི་ལ་སེ་གོལ་གདབ་པར་མ་བཤད་ཀྱང་འགའ་ཞིག་གིས་བྱེད་དེ་མི་འགལ་ལོ། །གཏོར་འབུལ་གྱི་ཚེ་ཕྱག་རྒྱ་གང་བྱ་བར་སྐབས་འདིར་མ་གསུངས་ཀྱང་འོག་ནས་འཆད་པ་ལྟར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱའམ། སྐབས་གཞན་དུ་སྦྱང་རྒྱུད་ལས་ཐལ་མོ་ཁ་ཕྱེད་ནས་འབུལ་བར་བཤད་པ་ལྟར་རོ། །ཤར་ཕྱོགས་རྡོ་རྗེ་ཞེས་སོགས་ཀྱི་སྐབས་སུ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བའམ། གསོལ་འདེབས་དང་འཕྲིན་ལས་བཅོལ་བའི་སྐབས་ཡིན་པས། གཡས་ཀྱིས་ཐལ་མོའི་རྣམ་པ་བྱས་ན་ལེགས་སྙམ་མོ། །མཇུག་ཏུ་རྡོ་རྗེ་གནོད་སྦྱིན་གྱིས་ཕྱག་རྒྱ་བྱས་ནས་གསང་ཆུ་བསྒྲུབ། མཆོད་པ་བྱིན་རླབས་ཀྱི་ཕྱག་རྒྱ་འོག་ཏུ་ཚོགས་ཞིང་ལ་འབུལ་བའི་སྐབས་སུ་བཤད་པར་བྱའོ། །དེ་ནས་ཧཱུཾ་ལས་རང་ཉིད་ཕྱག་ན་རྡོ་རྗེ་སོགས་ཀྱི་སྐབས་སུ་ཕྱག་ཆེན་བཅིང་བར་མ་བཤད་ཀྱང། རྡོ་རྗེ་སེམས་དཔའི་ཕྱག་ཆེན་བྱས་ཀྱང་རུང་ལ། ལག་མཐིལ་གཉིས་སུ་སོགས་ཀྱི་སྐབས་སུ་ལག་མཐིལ་གྱེན་དུ་བསྟན་པར་མི་གསལ་ཡང་དོན་གྱིས་འཐོབ། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ཞེས་པའི་ཧཱུཾ་ལ་ཕྱག་རྒྱ་མི་དགོས་ལ། དེ་ནས་འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་པའི་ཚེ། དེའི་ཕྱག་རྒྱ་བྱ་དགོས་པར་ཆོ་ག་དང་ཊཱིཀྐར་མི་འབྱུང་ཞིང་། བྱེད་ན་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་མཐེའུ་ཆུང་གཉིས་སྦྲེལ་ལ། མཛུབ་མོ་སྡིགས་མཛུབ་བྱས་པ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱའོ། །དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ལ་ཕྱག་རྒྱ་མི་དགོས་ཀྱང་སརྦ་བིད་ༀ་སོགས་ལ་ཐལ་མོ་དཔྲལ་བར་སྦྱར་བ་དང་། སྙིམ་པའི་ཕྱག་རྒྱ་མགྲིན་པར་བཞག་པ་དང་། རྡོ་རྗེ་ཐལ་མོ་སྦྱར་ནས་བརྐྱངས་གུང་མོ་གཉིས་དང་ཐ་མ་བཞི་སྦྱར་ནས་སྙིང་དཀར་བཞག་སྟེ། རིགས་གསུམ་གྱི་སྔགས་རིམ་པར་བརྗོད་པ་སྤྱོད་རྒྱུད་ལས་གསུངས་པ་ལྟར་ཊཱིཀྐར་བཤད་ཀྱང་ཁ་ཅིག་ཐ་མ་འདི་ལ། རྡོ་རྗེ་བསྡམས་པ་བྱས་པའི་གུང་མོ་རྩེ་སྤྲོད་པར་བྱེད་དོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་སོ་སོར་བརྐྱངས་ཏེ། འཛུབ་མོ་དང་སྲིན་ཐག་པདྨ་འདྲ་བར་བཀུག་ནས་སྦྱི་བོར་བཞག་པ་དང་། དེ་ཉིད་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་མཉམ་ལ་མཐེ་བོང་དང་མཐེའུ་ཆུང་བརྐྱང་བ་དཔྲལ་བར་བཞག་པ་དང་། དེ་ཉིད་ལས་འཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་ཏེ་རྣ་ལྟག་གཡས་སུ་བཞག་པ་དང་། མཐེའུ་ཆུང་དང་མཐེ་བོང་སོ་སོར་བསྙམས་ལ་ལྷག་མ་རྣམས་བརྐྱངས་ཏེ་པདྨ་འདྲ་བར་བྱས་ནས་ལྟག་པར་བཞག་པ་དང་། ལག་པ་གཡོན་པ་ཡང་དེ་བཞིན་དུ་བསྒྱུར་ཞིང་བྱ་བ་རྣ་ལྟག་གཡོན་པར་བཞག་པ་རྣམས་རིམ་བཞིན་བྱ་སྟེ། ༀ་བུདྡྷ་ཨ་བྷི་ནས། ཀ རྨཱ་ཨ་བྷིའི་བར་བརྗོད། །ༀ་ཊྲུཾ་ཞེས་ལན་རེ་བརྗོད་པ་དང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པ་བཅིང་བའི་ཚུལ་གྱིས། སྙིང་ཁ་མགྲིན་པ་ལྟག་པ་ཡང་སྙིང་ཁ་ནུབ་མའི་བར་ཡང་སྙིིང་ཁ་གྲིན་པ་རྒྱབ་དཔྲལ་བ་སྟེ་གནས་དགུར་མདུད་པའི་ཚུལ་གྱིས་གོ་བཀོན་ནས་གཡས་པའི་མཐེའུ་ཆུང་དང་། གཡོན་པའི་མཛུབ་མོ་ནས་རིམ་གྱིས་དཀྲོལ་ཏེ་མཉམ་པའི་ཐལ་མོ་བརྡབ་ལ་སྔགས་བརྗོད། དེ་ཡང་གོ་གྱོན་པའི་ཚེ་ཡིད་ཀྱིས་དར་དཀར་བོ་ཞེང་དུ་ཁྲུ་གང་བ་རིང་ཚད་ཁྲུ་ཉི་ཤུ་ལོང་བ་ཞིག་གནས་དགུར་མདུད་པ་བཅིང་བའི་ཚུལ་བྱ་བར་བཤད་དོ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཁྲོ་བོ་སྤྱན་འདྲེན་པར་བཤད་ཀྱང་འདིར་མི་འབྱུང་ཞིང་འོག་ཏུ་རྡོ་རྗེ་ཁུ་ཚུར་གཉིས་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ལ་ལག་པར་གཉིས་བསྣོལ་ཏེ་གུང་མོ་དང་མཐེ་བོང་གཉིས་སེ་གོལ་བརྡབ་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱར་བཤད་དོ། །འོག་ཏུ་འཆད་པ་ལྟར་མཆོད་པའི་ཕྱག་རྒྱ་བྱས་ཏེ་མཆོད་པ་རྣམས་འབུལ་ལོ། །བསྟོད་པའི་སྐབས་སུ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བའི་ཚུལ་གཞན་དུ་བཤད་པ་ཡོད་ཀྱང་། འདིར་རྡོ་རྗེ་ཇི་ལྟར་གསོར་བའི་ཚུལ་བཤད་པ་མི་སྣང་ཡང་། ཕྱག་ལེན་དུ་ཚིག་རྐང་དང་པོ་ལ་རྡོ་རྗེ་གསོར། གཉིས་པ་ལ་དྲིལ་བུ་གསིལ། གསུམ་པ་ལ་རྡོ་རྗེ་གདེང་བ་ལྟ་བུ་དང་བསྒྱུར་བའི་ཕྱག་རྒྱ་གཉིས་བྱེད་ལ། བཞི་བ་ལ་དྲིལ་བུ་དཀྲོལ་ཞིང་ཕྱག་འཚལ་བར་མཛད་དོ། །དེ་ལྟར་བྱས་པ་མི་འགལ་མོད། འོན་ཀྱང་དང་པོ་དང་གཉིས་པ་ལ་སྔར་བཞིན་དང་། གསུམ་པ་ལ་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་ནམ་མཁར་གདེང་བ་ལས་བསྐོར་བ་མ་བྱས་ཀྱང་རུང་བར་སེམས་ལ། དེ་ཡང་ཁྲོ་བོའི་ཕྱག་མཚན་འཛིན་ཚུལ་ལྟ་བུའི་རྣམ་པ་དང་མཐུན་པར་བྱས་པ་ལས་གཞན་དུ་རྒྱུ་མཚན་བཤད་དཀའ་ཞིང་བཤད་པ་ཡང་མ་མཐོང་ངོ་། ཁ་ཅིག་འདིར་འབྱུང་བོ་འུར་འདེད་ཀྱི་ཕྱག་རྒྱ་བྱེད་ཅེས་པ་རང་བཟོའོ། །ཧཱུཾ་དཀྱིལ་འཁོར་ཆེན་པོ་ཞེས་སོགས་ནི་བཀའ་བསྒོ་བའི་སྐབས་ཡིན་པས་རྡོ་རྗེ་དྲག་པོར་གསོར་བར་བྱའོ། །གནས་སྲུང་བའི་ཚེ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག །གཡས་རྡོ་རྗེ་གསོར་ཞིང་ༀ་བཛྲ་ཛྲཱ་ལའི་སྔགས་བརྗོད་ཅིང་བགེགས་ལ་བསྣུན། དེ་ཡང་གསོར་བའི་ཚེ་གྱེན་དུ་ཕང་སྟོང་དེ་གསོར་དགོས་པར་གཞན་ནས་བཤད་ལ། བགེགས་ལ་བསྣུན་པའི་ཚེ་ཐུར་བསྟན་བྱེད་དགོས་པ་འདྲའོ། ཁ་ཅིག་འདིར་ཨ་ན་ལཱརྐ་དང་ཨ་ན་ལ་ཧ་ན་དང་ནཻ་ཏྲི་བནྡྷ་སོགས་སྔགས་གསུམ་གྱི་མཇུག་ཏུ་བགེགས་ལ་བསྣུན་པ་དང་བསྲེག་པ་དང་བསྲེགས་ཀྱང་མི་ཤི་བའི་བགེགས་རྣམས་བཅིངས་པར་གྱུར་ཅེས་འདོན་པ་མཐོང་སྟེ་འདོན་དགོས་པའི་དོན་དུ་མི་སྣང་ཡང་ཏོན་ཀྱང་མི་འགལ་བར་སེམས་སོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་ཁ་སྟེང་དུ་བསྟན་ཏེ་སོར་མོ་རྣམས་འབར་བ་ལྟ་བུར་བྱས་པའི་མཐེ་བོང་རྩེ་སྦྱར་ཏེ་སྲིན་ལག་དང་གུང་མོའི་བར་བཟུང་བ་རྡོ་རྗེ་མེའི་ཕྱག་རྒྱ་བྱས་ཏེ། ༀ་བཛྲ་ཨ་ན་ལ་ཧ་ན་སོགས་བརྗོད། རྡོ་རྗེ་བསྡམས་པའི་སྟེང་ནས་མཐེ་བོང་གཉིས་བརྐྱངས་ནས་བསྙམས་ཏེ་བཞག་པ་རྡོ་རྗེ་སྦྱན་གྱི་ཕྱག་རྒྱ་བྱས་ཏེ། བཛྲ་ནཻ་ཏྲིའི་སྔགས་བརྗོད། རྡོ་རྗེ་བསྡམས་པ་བརྐྱངས་ཏེ་ཁ་སྦུབ་པས་ས་ལ་བཞག་ནས། བཛྲ་ཌི་ཌྷོ་དང་རྡོ་རྗེ་ཁུ་ཚུར་གཉིས་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཞག་པ་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་བྱས་ལ་ཧུ་ལུ་ཧུ་ལུ། རྡོ་རྗེ་ཐལ་མོའི་མཐེ་བོང་གཉིས་བརྐྱང་ལ་འཛུབ་མོ་མཆེ་བ་ལྟར་བྱས་པ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བྱས་ལ་ཡཀྵ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྤྲེལ་འཛུབ་མོ་གཉིས་རྩེ་སྤྲད་ནས་བཟློག་སྟེ་སྤྱི་བོར་བཞག་པ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་བྱས་ལ་དྲུཾ་བནྡ། འདིར་གྱེན་དུ་བཟློག་པ་ལ་གོ་བ་མི་འདྲ་བ་གཉིས་བྱེེད་པ་མཐོང་ངོ་། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མ་མདུད་ནས་ཞག་མིག་ལྟར་བྱ་བ་རྡོ་རྗེ་ཞག་པའི་ཕྱག་རྒྱ་བྱས་ལ། པཱ་ཤ །རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་སེམས་དཔའ་སྐྱིལ་ཀྲུང་བྱས་ཏེ་འཛུབ་མོ་གཉིས་མཉམ་པོར་བཤིབས་ནས་ཕྱེ་ལ་མཐེ་ཆུང་གཉིས་བ་དན་སླར་བྱས་བ་རྡོ་རྗེ་བ་དན་ཀྱི་ཕྱག་རྒྱ་དང་བ་ཏཱ་ཀེ །སྔར་གྱི་རྡོ་རྗེ་གནོད་སྦྱིིན་གྱི་ཕྱག་རྒྱ་དེ་ཉིད་ཁའི་དྲུང་དུ་བཞག་པ་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་བྱས་ཏེ། ཧྲཱིཿབཛྲ་ཀཱ་ལི་རྡོ་རྗེ་ཁུར་ཚུར་གཉིས་ཁ་གྱེན་དུ་བསྟན་ནས་རི་བོ་འདེགས་པའི་ཚུལ་དུ་བྱས་པ་རྡོ་རྗེ་རྩེ་མོའི་ཕྱག་རྒྱ་དང་ཤི་ཁར། རྡོ་རྗེ་ཧཱུཾ་མཛད་ཀྱིི་ཕྱག་རྒྱ། ལས་འཛུབ་མོ་དང་གུང་མོ་གཉིས་རྡོ་རྗེ་ལྟར་བྱས་པ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དང་ཧཱུཾ་བཛྲ་ཀརྨཱཿརྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་སྟེ་མཐེའུ་ཆུང་གཉིས་སྤྲེལ་མཛུབ་མོ་སྡིགས་མཛུབ་བྱས་པ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྟེ་ཁ་ཅིག་ཧཱུཾ་ལན་བརྒྱད་བརྗོད་པར་བཞེད་ཀྱང་། གཞུང་དུ་ལན་གཉིས་ལས་མ་བཤད་དོ། །རྡོ་རྗེ་བསྡམས་པ་བྱས་ལ་བནྡ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་མདུད་པ་བཀན་ནས་སྙིང་ཁར་བཞག་པ་གཡས་སྐོར་དུ་བསྐོར་བ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བྱས་ལ། སརྦ་བིད་མཎྜ་ལ་དང་། ཡང་དེ་ཉིད་ཁར་བཞག་ལ་སྔགས་དེ་ཉིད་བཟླའོ། །འདི་དག་གིས་སྐབས་སུ་མི་ཤེས་བཞིན་དུ་རང་དགར་བྱེད་པ་གཞན་ལ་ངེས་པ་མེད་ཀྱང་། ཤེས་པ་རྣམས་ལ་གོ་བ་ལེན་ལུགས་དང་ལག་པའི་རྣམ་འགྱུར་མཛེས་མི་མཛེས་ཀྱང་ཡོད་ལ། ཞགས་པའི་ཕྱག་རྒྱ་ལྟ་བུ་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མ་མདུད་ནས་ཞགས་མིག་ལྟར་བྱེད་པ་ལས་མཛུབ་མོ་དང་མཐེའུ་བསྒྲེང་བར་གཞུང་གཉིས་སུ་མི་སྣང་ཡང་། ཕྱག་ལེན་དུ་དེ་ལྟར་བྱེད་དོ། །ཐལ་མོ་བརྐྱང་བ་ལས་གུང་མོ་གཉིས་ནང་དུ་བཀུག་པའི་ཕྱག་རྒྱ་བྱས་ལ། ཨརྒྷཾ་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་མཐེ་བོང་དང་མཛུབ་མོ་སྐམ་པས་སོར་མོ་རྣམས་བསྐོར་ཞིང་གཡོན་པའི་མཛུབ་མོ་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་། པཱདྱཱཾ། འདིར་ཞབས་བསིལ་གྱི་སྣོད་ནས་མེ་ཏོག་བླངས་ཏེ་འདོར་བ་དང་། མཐེའུ་ཆུང་གཉིས་དགྲོལ་བའི་ཕྱག་རྒྱ་བྱ་བའི་ལུགས་ཡོད་ཀྱང་། ཕྱི་མ་ནི་འདིར་གཞུང་དུ་མི་གསལ་ལོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མེ་ཏོག་འབུལ་བའི་ཚུལ་གྱིས་གྱེན་དུ་འཐོར་བའི་ཕྱག་རྒྱ་དང་པུཥྤེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདུག་པ་འབུལ་བའི་ཚུལ་དུ་ཐུར་དུ་ལྡུགས་པའི་ཕྱག་རྒྱ་དང་དྷུ་པེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་བཤིབས་ཏེ་བསྒྲེང་བའི་ཕྱག་རྒྱ་དང་ཨཱ་ལོ་ཀེ །རྡོ་རྗེ་ཁུ་ཚུར་གཉིས་བརྐྱངས་ནས་རང་གི་སྙིང་ཀ་ནས། དྲི་བྱུགས་པའི་ཚུལ་དུ་བྱེད་པའི་ཕྱག་རྒྱ་དང་གནྡེ། རྡོ་རྗེ་བསྡམས་པ་རལ་གྲི་འདེབས་པའི་ཚུལ་དུ་བྱས་པའི་ཕྱག་རྒྱ་དང་ནཻ་ཝེ་ཏྱེ། རྡོ་རྗེ་ཁུ་ཚུར་གྱི་རོལ་མོ་བཀྲོལ་བའི་ཚུལ་གྱི་ཕྱག་རྒྱ་དང་ཤཔྟའི་སྔགས་བརྗོད་ཅིང་མཆོད། འདིར་མཆོད་ཡོན་ལ་གུང་མོ་ནང་དུ་བཀུག་པའི་ཐལ་མོའི་ཕྱག་རྒྱ་བྱ་བར་བཤད་པ་ལྟར་སྦྱོང་རྒྱུད་ལས་གསུངས་ལ་དཔལ་མཆོད་དང་རྡོ་རྗེ་འབྱུང་བ་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་ལས་གུང་མོ་གཉིས་ནང་འགུགས་པར་མ་བཤད་པས་གང་བྱས་ཀྱང་འདྲ་བར་མངོན་ནོ། །ཞལ་ཟས་ལ་སྔར་བཤད་པ་ལྟར་བྱེད་པ་རྣམས་ཀྱང་སྒྱུ་དྲའི་འགྲེལ་བ་དང་། རྡོ་རྗེ་འབྱུང་བ་ནས་བཤད་པ་བཞིན་ཆོ་ག་དང་འགྲེལ་བ་གཉིས་ཀ་ནས་འབྱུང་ལ། འོན་ཀྱང་རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས་བྱེད་པ་ཕྱག་ལེན་དུ་སྣང་བ་ལྟར་ཡང་རུང་བར་སེམས་ཏེ། སྦྱོང་རྒྱུད་ལས། རབ་ཏུ་བརྐྱངས་ཏེ་འཛིན་པ་ནི་གཏོར་མའོ། །ཞེས་གཏོར་མ་ལ་དེ་ལྟར་བྱེད་པར་གསུངས་པས་སོ། །སྤྱིིར་རྒྱུད་སྡེ་རང་གི་སྐབས་སུ་ཕྱག་རྒྱའི་ཁྱད་པར་མི་འདྲ་བ་ཡོད་ལ། ཁྱད་པར་སྐབས་ཐོབ་ཀྱིས་མི་འདྲ་བའང་ཡོད་དོ། །ཚོགས་ཞིང་མི་དམིགས་པར་བྱས་པའི་མཐར་སེར་གོལ་བརྡབ་པར་མཛད་ཀྱང་གཞུང་རྣམས་སུ་མི་གསལ་ལ། དེ་ནི་གཤེགས་པ་ཡིན་ན། སེ་གོལ་བརྡབ་པ་འགའ་ཞིག་ཏུ་གསུངས་ཀྱང་། འདིར་དེ་ཉིད་མི་དམིགས་པར་བསམ་པ་ལ། དེ་བྱེད་དམ་མ་བྱས་ཀྱང་ཆོག་པ་འདྲའོ། །དེ་ནས་ལག་པ་གཉིས་བཀན་ལ་སོར་མོ་རྣམས་ཕན་ཚུན་རྩེ་སྤྲད་དེ་མདུན་དུ་བཞག་ལ། ལག་མཐིལ་གཉིས་སུ་སོགས་བརྗོད་ཅིང་བསམ། ཐལ་མོ་གཉིས་ཕན་ཚུན་མ་རེག་ཙམ་བྱས་ལ་ༀ་ཨཱཿནྱོ་ནྱ་སོགས་དང་། རྡོ་རྗེ་ཐལ་མོ་བྱས་ལ་བ་ར་སྥར་སོགས་དང་། རྡོ་རྗེ་བསྡམས་པ་བཅིངས་ལ། ཨ་ཏྱནྟ་སོགས་དང་། བཛྲ་བྷནྡྷ་ཏྲཊ་ཅེས་བརྗོད་དེ། སྙིང་ཀར་རྡོ་རྗེ་བསྡམས་པ་སྒ་དང་བཅས་པ་ལན་གསུམ་དྲལ། ཁ་ཅིག་རྡོ་རྗེ་ཐལ་མོ་བརྡབ་པར་མཛད་ཀྱང་དོན་མ་ཡིན་ནོ། །རྡོ་རྗེ་འབེབས་པའི་དམ་རྒྱ་འོག་ནས་འཆད་པ་ལྟར་བཅིངས་ལ་དེར་བསྒོམ་ཞིང་ཨ་བེ་ཤ་བརྗོད། རྡོ་རྗེ་ཁུ་ཚུར་གྱིས་དམ་རྒྱ་བྱས་ཏེ་བཛྲ་མུ ཥྚི་བཾ་གྱིས་ཕྱག་རྒྱ་དེ་ཉིད་དགྲོལ་བར་བྱའོ། །འདིར་སེ་གོལ་བརྡབ་པར་མི་གསལ་ཡང་། བྱས་ཀྱང་མི་འགལ་བར་སེམས་སོ། །ལྷ་བསྐྱེད་པའི་ཚེ་གཙོ་བོ་ལྟ་བུ་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས། དཔག་ཏུ་མེད་པའི་འོད་ཟེར་འཕྲོས་ཞེས་པའི་སྐབས་སུ་པད་སྐོར་ལྟ་བུའི་གར་གྱི་ཁྱམས་བྱས་ཏེ། གཙོ་བོའི་ཕྱག་རྒྱ་བྱེད་ཅིང་། དེ་ཡང་ཕྱག་ཆེན་མཛད་པ་ཕྱག་ལེན་དུ་དར་ཡང་། དེ་ལྟར་བྱེད་པ་ནི་ཆོ་ག་འགྲེལ་བ་སོགས་ཀྱི་གཞུང་གང་ནས་ཀྱང་མི་གསལ་ལ། བྱེད་པ་ལ་མང་བོ་མཐུན་འདུག་པས་རྒྱུད་པའི་མན་ངག་ལས་འོངས་པའི་རྒྱུ་མཚན་ཁྱད་པར་ཞིག་ནི་ཡོད་ཤས་ཆེ་སྟེ་མ་མཐོང་ཡང་ད་ལྟ་ནི་འདི་གལ་ཆེན་དུ་མཛད་དོ། །འོན་ཀྱང་དེའི་ཚེ་ལྷ་གང་ཡིན་དེའི་སྐུ་དང་ཕྱག་ཆེན་ཡིད་ཀྱིས་དྲན་དགོས་སོ། །འཁོར་རྣམས་རང་གནས་སུ་འགོད་པ་དང་། ཕྱག་ཆེན་མི་འདྲ་བ་མ་གཏོགས་པད་སྐོོར་ལྟ་བུའི་གར་བྱེད་ན་འདྲའོ། །སྤྱན་འདྲེན་གྱི་ཚེ་སྔར་བཤད་པའི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ཏེ། བཛྲ་ས་མཱ་ཛཿབརྗོད། ཉེར་སྤྱོད་ཀྱི་མཆོད་ནས། སྒོ་བ་བཞིའི་དམ་རྒྱ་འོག་ནས་འབྱུང་བ་ལྟར་བྱས་ལ། སྔགས་བརྗོད་རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱ་དང་། སྲུང་བའི་ལས་རྒྱ་བྱས་ལ། སྔགས་གཉིས་རིམ་པ་བཞིན་བརྗོད་དེ་བགེགས་བསྐྲད་པ་དང་ལྷ་ཐམས་ཅད་སྲུང་བར་བྱའོ། །འདི་གཉིས་ལ་ཊཱི ཀར་དམ་རྒྱ་དང་ལས་རྒྱ་གང་རིགས་བྱ་བར་གསུང་། མཆོད་ཡོན་ཕུལ་ནས། སྔར་བཞིན་རྒྱ་བྱས་ལ། ༀ་སརྦ་བིད་ༀ་སོགས་བརྗོད་དོ། །སྤྱིིར་སྐབས་འདིར་ཕྱག་རྒྱ་གལ་ཆེ་བར་གསུངས་ཤིང་། ཁྱད་པར་དུ་ཕྱག་རྒྱ་བཞིའི་རྒྱས་འདེབས་ནི་སྐབས་སུ་ཕྱག་རྒྱ་བྱེད་པ་ལྷག་པར་གནད་ཆེ་བས་བྱེད་དགོས་པས་ཅུང་ཟད་ཕྱེ་ན། དེ་ལ་དང་པོ་དམ་རྒྱ་ནི། ས་མ་ཡ་སྟྭཾ་ཞེས་བརྗོད་པའི་ཚེ་རྡོ་རྗེ་བསྡམས་པ་བཅིངས་ཏེ་ལག་པ་བྱིན་གྱིས་བརླབས། དེ་ཡང་ས་མ་ཡ་སྟྭཾ་བརྗོད་པ་དང་རྡོ་རྗེ་བསྡམས་པ་བཅིང་བ་གཉིས་ཀ་ཕྱག་རྒྱ་གང་བཅིང་བ་འགྲུབ་པའི་ཐབས་ཡིན་པར་ཆོ་ག་དང་འགྲེལ་བ་གཉིས་ཀའི་དགོངས་པ་ཡིན་ནོ། །བཛྲ་ཌིཥྚི་མ་ཊ་བརྗོད་དེ་མིག་གཉིས་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་ཐལ་མོ་གན་རྐྱལ་དུ་བྱས་ལ་དེའི་སྟེང་དུ་གཡས་པ་ཡང་དེ་བཞིན་དུ་བཞག་སྟེ། མཐེ་བོང་གཉིས་ལྟོ་སྤྲད་པའི་མཉམ་གཞག་གི་ཕྱག་རྒྱ་ནི། རྣམ་སྣང་གི་དམ་རྒྱ་སྟེ། དེ་བཅིངས་ནས་དེ་ལྟ་བུའི་རྣམ་སྣང་དུ་བསམ་ལ་སརྦ་བིད་ཏྲི་ཤྱེ་བརྗོད་དེ། རང་ཉིད་ལྷར་གསལ་བའི་ཡེ་ཤེས་པ་ལ་ཡིད་ཀྱིས་བལྟའོ། །འདིར་ཡེ་ཤེས་པ་ལ་བལྟ་བའི་དོན་དུ་གསུངས་ཀྱང་རང་ཉིད་ཡེ་ཤེས་པ་དང་གོ་ས འམ་ངོ་བོ་དབྱེར་མེད་དུ་མོས་དགོས་པས་རང་ཉིད་ལྷར་གསལ་བར་བལྟའོ། །ཛཿ ཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་དབང་དུ་བྱ་སྟེ། དེ་ཡང་སྔར་སྒོ་བ་བཞིའི་སྐབས་སུ་དེ་ལྟར་བྱས་ཟིན་ཀྱང་། འདིར་བྱང་ཆུབ་ཀྱི་ངོ་བོར་དགུག་སྦྱིན་པའི་ངོ་བོར་གཞུག །ཤེས་རབ་ཀྱི་ངོ་བོར་བཅིང་། བརྩོན་འགྲུས་ཀྱི་ངོ་བོ་དབང་དུ་བྱ་བར་བཤད་དོ། །ཡང་ས་མ་ཡ་སྟྭཾ་གྱི་རྒྱབ་དུ་ཉི་མའི་རྒྱག་ཡོལ་བསྐྱེད། དེ་ཡང་དེ་བཞིན་གཤེགས་པ་ལྔ་ལ་ཉི་མ་དང་། གཞན་རྣམས་ལ་ཟླ་བའི་རྒྱབ་ཡོལ་བྱའོ། །ཡང་ས་མ་ཡ་སྟྭཾ་གྱིས་རང་ལྷར་གསལ་བའི་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་གོ་ས་ཡང་ཐ་མི་དད་ལ་རྣམ་པ་ཡང་ཐ་དད་མེད་པར་བསམ་ནས། ཨ་ཧཾ་ཞེས་བརྗོད་དེ་ང་རྒྱལ་འཛིན་པར་བྱེད་དོ། །དམ་རྒྱ་བཅིང་བའི་ངང་དེ་ཉིད་ནས་སྙིང་བོ་དང་སྔགས་གཉིས་ལན་གསུམ་གསུམ་བརྗོད་ནས་བརྟན་པར་བྱས་བར་བསམ། དེ་ལ་སྔོན་གྱི་མཁས་པ་འགའ་ཞིག་སྔར་གྱི་སྒོ་བ་བཞིའི་དགུག་གཞུག་གི་ཚེ་གོ་ས་ཐ་མི་དད་ལ་རྣམ་པ་ཐ་དད། འདིའི་ཛ་ཧཱུཾ་སོགས་ཀྱི་སྐབས་སུ་གཉིས་ཀ་ཐ་མི་དད་པར་བཞེད་དེ། ཊཱིཀ་ཆེན་ལྟར་ན། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་པའི་སྐབས་དེར་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་རྣམ་པ་ཡང་ཐ་མི་དད་དུ་བསམ་དགོས་པར་སྣང་ལ་གོ་ས་ཐ་མི་དད་སྔར་བྱས་ཟིན་པར་འདྲའོ། །དེ་དག་གོ་བདེ་བར་བརྗོད་ན། གཙོ་བོ་ལྟ་བུ་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་དང་། རྡོ་རྗེ་བསྡམས་པ་བྱས་ནས་མིག་བྱིན་གྱིས་བརླབས་ཏེ། གཙོ་བོ་འདམ་རྒྱ་བཅིངས་ནས། སརྦ་བིད་ཏྲི་ཤྱེ་སོགས་བརྗོད་དེ། གཞན་ལ་ཡང་འདྲ་ཞིང་སྤྱན་སོགས་ལ་ཐོག་མའི་ས་མ་ཡ་སྟྭཾ་ལ། སུ་རི་ཏེ་སྟྭཾ་བརྗོད་པ་ཁྱད་པར་རོ། །དམ་རྒྱའི་གོ་རིམ་ཏེ་ལྟར་བྱེད་པ་ཆོ་ག་རང་འགྲེལ་སོགས་གཞུང་མང་པོ་ལས་གསུངས་ཀྱིས། དེ་ལྟར་མིན་པར་གང་བྱུང་དུ་བྱེད་པ་ནི་མཁས་པའི་གཞུང་ནས་མི་འབྱུང་ངོ་། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་ནས་གཉིས་བརྐྱང་འཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བཀུག་པ་སྤྱོད་རྒྱལ་དང་། བསྡམས་པ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་རྒྱལ་མཆོག་དང་། མཐེའུ་ཆུང་དང་མཐེ་བོང་གཉིས་སོ་སོར་བསྙམས་ལ་ལྷག་མ་རྣམས་བརྐྱང་བ་ཤཱཀྱ་རིགས་དབང་དང་། གཡོན་པས་དེ་བཞིན་དུ་བྱས་ཏེ་བསྒྱུར་བ་ནི་མེ་ཏོག་ཆེར་རྒྱས་ཏེ་རིགས་ལྔ་དང་། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་གདུ་བུར་བྱས་ཏེ་མཐེ་བོང་གི་རྩེ་མོར་མིག་གི་ཚུལ་བྱ་བ་སྤྱན་མིག་དམ་རྒྱ་དང་། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་བའི་ཚིག་གསུམ་པར་བཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བཟུང་པ་ནི། མཱ་མ་ཀཱིའི་དང་། ཐལ་མོ་གཉིས་ཁུང་སྟོང་དུ་བྱས་ཏེ་པདྨ་ཁ་བྱེ་བའི་ཚུལ་དུ་སྦྱར་པ་ནི་གོས་དཀར་མོའི་དང་། ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་འཛུབ་མོ་གཉིས་བཀུབ་བས་གུང་མོའི་སེན་མོ་མནན་ཏེ་མཐེ་བོང་གཉིས་དབུས་སུ་བཞག་ནས་ཅུང་ཟད་བཀུག་པ་ནི་སྒྲོལ་མའིའོ། །རྡོ་རྗེ་བསྡམས་པ་ལས་འཛུབ་མོ་གཉིས་བརྐྱང་སྟེ་ཏེ་རྡོ་རྗེ་འདྲ་བར་བྱས་པ་རྡོར་སེམས་ཀྱི་དང་། བསྡམས་པ་དེ་ཉིད་ལས་འཛུབ་མོ་གཡས་པ་བཀུག་པ་རྒྱལ་བོའི་དང་། དེ་ཉིད་ལས་མེ་ཏོག་འདྲ་བར་བྱས་པ་ཆགས་པའི་དང་། དེ་ཉིད་ལས་སླར་བཀུག་སྟེ་མཐེ་བོང་ལ་མཛུབ་མོ་གཉིས་ཀྱི་རྩེ་སྤྲད་པ་ལེགས་པའི་དང་། དེ་ཉིད་ལས་ཚིག་བར་མ་བཅག་པ་རིན་ཆེན་གྱི་དང་། དེ་ཉིད་ལས་སོར་མོ་རྣམས་འོད་ཟེར་དྲ་བ་འགྱེད་པ་གཟི་བརྗིད་དང་། དེ་ཉིད་སྤྱི་བོར་བཞག་པ་རྒྱལ་མཚན་གྱི་དང་། དེ་ཉིད་ཁའི་མདུན་དུ་བཞག་པ་བཞད་པའི་དང་། དེ་ཉིད་ལས་པདྨ་འདྲ་བར་བྱས་པ་ཆོས་ཀྱི་དང་། དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀུག་པོ་རྣོན་པོའི་དང་། དེ་ཉིད་ལས་གདུ་བུ་འདྲ་བར་བྱས་པ་རྒྱུའི་དང་། དེ་ཉིད་ལས་པདྨའི་འདབ་མ་འདྲ་བར་བྱས་པ་སྨྲ་བའི་དང་། དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀྱེད་པ་ལས་ཀྱི་དང་། དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་སྲུང་བའི་དང་། དེ་ཉིད་ལས་རྩེ་མོ་སླར་བཀུག་པ་གནོད་སྦྱིན་གྱི་དང་། དེ་ཉིད་ལས་དམ་དུ་བཀུག་པ་ཁུ་ཚུར་གྱི་དང་། སྙིང་ཀར་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བསྙམས་ཏེ་བཤིབས་ནས་བཞག་པ་སྒེག་མོའི་དང་། རྡོ་རྗེ་བསྡམས་པ་རབ་ཏུ་བརྐྱང་ལ་ཕྲེང་བ་འཆིང་བའི་ཚུལ་དུ་བྱས་པ་ནི་ཕྲེང་བ་མའི་དང་། རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་ཐལ་མོས་ཚིག་འབྱིན་པའི་ཚུལ་དུ་ཁ་ནས་གྱེེན་དུ་འབྱུང་བ་ལྟར་བྱེད་པ་གླུ་མའི་དང་། རྡོ་རྗེ་བསྡམས་པ་ལས་བྱུང་བའི་གར་བྱས་ལ་ཐལ་མོ་སྤྱི་བོར་བཞག་པ་གར་མའི་དང་། བསྡམས་པ་ཉིད་ཐུར་དུ་ལྡུགས་པའི་ཚུལ་གྱིས་མདུན་དུ་བཞག་པ་བདུག་པ་མའི་དང་། དེ་ཉིད་གྱེན་དུ་བཀྱེན་པ་མེ་ཏོག་མའི་དང་། མདུན་དུ་མཐེ་བོང་གཉིས་བསྙམས་ཏེ་བསྐོར་བ་མར་མེ་མའི་དང་། དེ་ཉིད་ལས་དྲི་བྱུག་པ་ལྟར་བྱས་པ་དྲི་ཆབ་མའི་དང་། དེ་ཉིད་ལས་མཛུབ་མོ་གཉིས་བཀུག་པ་ལྕགས་ཀྱུའི་དང་། དེ་ཉིད་ལས་རྩེ་མོ་གཉིས་སྤྲད་པ་ཞགས་པའི་དང་། དེ་ཉིད་ལས་གཅིག་ལས་གཅིག་མདུད་པ་ལྕགས་སྒྲོག་གི་དང་། དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་བཀུག་སྟེ་སྤྱོད་པ་འབེབས་པའི་དང་། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ་གཡས་པའི་མཐེབ་མཛུབ་གཉིས་ཀྱིས་ཐེའུ་ཆུང་ནས་བརྩམས་ཏེ་ཕྱེ་ལ་ཐལ་མོ་ཁོང་སྟོང་དུ་བྱས་པ་ནི་བསྐལ་བཟང་རྣམས་ཀྱི་དང་། ལག་པ་གཉིས་ཐལ་མོ་སྦྱར་བའི་སོར་མོ་ཀུན་གྱིས་གང་བའི་མཛད་ལྟར་གནས་པ་ལས་ཕྱིར་བཀྱེད་ནས་མཐེ་བོང་དང་མཐེའུ་ཆུང་རྩེ་སྤྲད་དེ་སོར་མོ་གཞན་གསུམ་བརྐྱང་བ་ཉན་ཐོས་ཀྱི་དང་། ལག་པ་གཉིས་ཐལ་མོ་སྦྱར་ནས་སོར་མོའི་རྩེ་མོ་རིམ་བཞིན་བསྡུས་ནས་ཁ་སྦྱོར་དུ་བྱས་ཏེ་མཐེ་བོང་གཉིས་བསྒྲེངས་ནས་བཀུམ་པ་རང་རྒྱལ་གྱི་དང་། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ཏེ་གུང་མོ་གཉིས་རྩེ་སྤྲད་ལ་བརྐྱང་ཐ་མ་བཞི་སོ་སོར་བསྒྲེང་བ་ཁྲོ་བོའི་དམ་རྒྱའོ། །འཇིག་རྟེན་པ་སྤྱི་ལ་ཐལ་མོ་བརྐྱང་བའམ་ཐལ་མོ་པདྨ་ལྟར་བྱ་བ་འདམ་ཁ་ཅན་དུ་བཤད་དོ། །དམ་རྒྱ་འདི་དག་ནི་གཙོ་བོར་སྦྱོང་རྒྱུད་དུ་གསལ་བར་ལྟར་ཡིན་ལ། དེ་ཉིད་སྣང་བ་སོགས་ལས་ཅུང་ཟད་མི་འདྲ་བར་གསུངས་བའང་ཡོད་དོ། །འགའ་ཞིག་དམ་རྒྱ་དང་། ཕྱག་ཆེན་དང་། ལས་རྒྱ་གསུམ་གྱི་དབྱེ་བ་མེད་པར་གང་བྱུང་བྱེད་པ་དང་། ལ་ལ་ནི་གོ་ལུགས་མི་འདྲ་བའི་ཁྱད་པར་ཡང་འབྱུང་སྟེ། དཔེར་ན། རྡོ་རྗེ་སྨྲ་བའི་སྐབས་སུ་དེ་ཉིད་ལས་པདྨ་འདྲ་བར་བྱས་པ་སྨྲ་བའི་དང་ཞེས་གསུངས་པའི་དོན། ཁ་ཅིག་ལག་པ་ཐལ་མོ་ཁ་ཕྱེ་བའི་པདྨ་དང་། ལ་ལ་འཛུབ་མོ་གཉིས་པདྨ་འདྲ་བའི་ཚུལ་དུ་བྱེད་པ་གཉིས་སུ་སྣང་བ་བཞིན་ནོ། །འོན་ཀྱང་དགོངས་པ་ནི་ཕྱི་མ་ཡིན་པ་འདྲ་སྟེ་བརྟག་པར་བྱའོ། །ཕྱག་ཆེན་ནི་ཆོ་ག་འགྲེལ་བ་དང་བཅས་པ་ནས་འབྱུང་བ་ལྟར། ལྷ་སོ་སོའི་ཕྱག་ཆེན་མངོན་རྟོགས་ཀྱི་སྐབས་བཞིན་བསམས་ཏེ་བྱའོ། །ལས་རྒྱ་ནི། དེ་ཉིད་བསྡུས་པ་ནས་འབྱུང་བའི་གར་དང་གླུ་དང་སོགས་ཀྱི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་གར་བྱས་ལ། ཀུན་སྙིང་གི་ལུགས་ལྟར། གཡོན་པ་ལྟེ་བར་ཏིང་ངེ་འཛིན་ཀྱི་ཕྱག་རྒྱ་དང་། གཡས་སྙིང་གར་རྡོ་རྗེ་འཛིན་པའི་ཚུལ་བྱེད་པ་ནི་རྣམ་སྣང་གི་ལས་རྒྱ་དང་། དེ་བཞིན་དུ་གཡས་ས་གནོན། མཆོག་སྦྱིན། ཏིང་ངེ་འཛིན། མི་འཇིགས་པའི་ཕྱག་རྒྱ་བཞི་རིམ་པར་བྱས་ནས་གཡོན་རྡོ་རྗེ་ཁུ་ཚུར་གྱིས་ཆོས་གོས་ཀྱི་གྲྭ་འཛིན་པའི་ཚུལ་དུ་སྙིང་ཁར་བཞག་པ་ནི། སྦྱོང་རྒྱལ་སོགས་དེ་བཞིན་གཤེགས་པ་བཞིའི་ལས་རྒྱ་དང་། ཡུམ་བཞིའི་ཕྱག་གཡོན་རྣམས་གདན་ལ་བརྟེན་པ་དང་གཡས་པ་རིམ་བཞིན། ཐུགས་ཁར་མཐེ་མཛུབ་གཉིས་རྩེ་སྤྲད་པའི་སྤྱན་གྱི་ཚུལ་དང་། རྡོ་རྗེ་འཛིན་པའི་ཚུལ་དང་། པདྨ་འཛིན་པའི་ཚུལ་དང་། ཨུདྤ་ལ་འཛིན་པའི་ཚུལ་བྱེད་པ་ཕྱག་ལེན་དུ་དར་ཞིང་། ཆོ་ག་དང་འགྲེལ་བ་སོགས་ནས་ལས་རྒྱའི་སྐབས་སུ་ཡུམ་བཞི་ནི་ཕྱག་མཚན་མེད་པའི་ཕྱག་ཆེན་ལྟར་འཆིང་བར་གསུངས་པས་གཡས་ཕྱག་མཚན་བཟུང་བའི་རྣམ་པར་མི་བྱེད་པ་ལྟ་བུར་སྣང་ཡང་བཟུང་བ་ལྟར་བྱེད་མི་བྱེད་གང་ཡིན་ཀྱང་ཡིད་ཀྱིས་ཕྱག་མཚན་མེད་པའི་རྣམ་པར་བསམ་དགོས་སམ་སྙམ་མོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བལྟས་ལ་བཀུག་པར་བཞག །གཡས་པའི་ཁུ་ཚུར་བཀན་ཏེ་སྙིང་གར་སྟོང་བའི་ཚུལ་གྱིས་བཞག་པ་ནི་རྡོར་སེམས་ཀྱི་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་སྙིང་གའི་མདུན་དུ་བཞག །ཡང་དེའི་མདུན་དུ་གཡོན་པའི་ཁུ་ཚུར་བཞག་ནས་ལྕགས་ཀྱུ་འཛིན་པ་ལྟར་བྱེད་པ་རྒྱལ་བོའི་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཀན་ཏེ་བཞག་པའི་སྟེང་དུ་གཡས་པའི་རྡོ་རྗེ་ཁུ་ཚུར་ཁ་སྦུབ་ཏུ་བཞག་སྟེ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མདའ་འདྲེན་པའི་ཚུལ་གྱིས་རྣ་བ་ལ་ཐུགས་ཀྱི་བར་དུ་གཞུ་འགེངས་པ་ལྟར་བྱས་ནས་མངའ་འཕེན་པའི་ཚུལ་དུ་བྱེད་པ་ནི་ཆགས་པའི་དང་། རྡོ་རྗེ་ཁུ་ཚུར་གཉིས་གཅིག་ཏུ་བྱས་ནས་སྙིང་ཁར་བཞག་སྟེ་མཐེ་མཛུབ་ཀྱིས་སེ་གོལ་གདབ་བས་ལེགས་སོ་སྦྱིན་པའི་ཚུལ་ནི་ལེགས་པའི་དང་། རྡོ་རྗེ་ཁུ་ཚུར་གཉིས་དབང་བསྐུར་བའི་གནས་མཛོད་སྤུར་བཞག་པ་ནི་རིན་ཆེན་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་སྙིང་ཁར་ཟླུམ་པོར་གཡས་སུ་བསྐོར་གཟི་བརྗིད་ཀྱི་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གྲུ་མོ་བཙུགས་པ་ནི་རྒྱལ་མཚན་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་སྒེག་པ་དང་བཅས་པས་ཡོངས་སུ་བསྐོར་ནས་ཁའི་གྲྭ་གཉིས་སུ་བཞག་པ་ནི་བཞད་མའི་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་པདྨར་བསམས་ཏེ་སྙིང་ཁར་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚར་གྱིས་པདྨོ་ཁ་འབྱེད་པ་ལྟར་མཐེའུ་ཆུང་ནས་རིམ་བཞིན་འབྱེད་པ་ནི་ཆོས་ཀྱི་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཀར་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་འདེབས་པའི་ཚུལ་བྱེད་པ་ནི་རྣོན་པོའི་དང་། རྡོ་རྗེ་ཁུ་ཚུར་གཉིས་འགལ་མེའི་འཁོར་ལོ་ལྟར་གཡས་ཕྱོགས་ནས་ལུས་ཀྱི་ཕྱི་རོལ་དུ་བསྐོར་བ་ནི་རྒྱུའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་ཚིག་དབྱུང་བའི་ཚུལ་གྱིས་གྱེན་དུ་བཏེག་པ་ནི་སྨྲ་བའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སོར་མོ་རྣམས་རིམ་གྱིས་དགྲོལ་བ་ལས་བྱུང་བའི་ཐལ་མོ་སྦྱར་བ་འགྲམ་པ་གཉིས་དང་སྤྱི་བོར་བཞག་པ་ནི་ལས་ཀྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྔར་བཤད་པ་ལྟར་གོ་བགོ་བ་བཤད་པ་ལྟར་བྱས་ནས་མཐར་གོ་བཀོན་པའི་ཚུལ་དུ་བྱས་པ་ནི་སྲུང་བའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་བརྐྱངས་ནས་བཀུགས་པ་མཆེ་བའི་རྩེ་མོ་ལྟར་བྱས་ཏེ། ཁའི་གྲྭ་གཉིས་སུ་བཞག་པ་ནི་གནོད་སྦྱིན་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་གཅིག་ལ་གཅིག་བརྩིར་བ་ནི་ཁུ་ཚུར་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཉིས་སུ་བཞག་ལ་བསམ་པ་གཡོས་པས་མགོ་བོ་གཡོན་དུ་འདུད་པ་ནི་སྒེག་མོའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཕྲེང་བ་འཆིང་བའི་ཚུལ་བྱེད་པ་ནི་ཕྲེང་བ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཁ་ནས་ཚིག་འབྱུང་བའི་ཚུལ་དུ་གྱེན་དུ་འདྲེན་པ་ནི་གླུ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བསྐོར་བ་ནི་གར་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདུག་པ་འབུལ་བའི་ཚུལ་གྱིས་ཐུར་དུ་ལྡུགས་པ་ནི་བདུག་པ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འབུལ་བའི་ཚུལ་གྱིས་གྱེན་དུ་འཐོར་བ་ནི་མེ་ཏོག་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེ་བོང་གཉིས་བཤིབས་ཏེ་བསྒྲེང་བ་ནི་མར་མེ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་རབ་ཏུ་བརྐྱངས་ནས་རང་གི་སྙིང་གར་དྲིའི་བྱུགས་པ་བྱེད་པའི་ཚུལ་ནི་དྲི་ཆབ་མའི་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་ལྕགས་ཀྱུ་ལྟར་བྱས་པ་ལ་བཅིངས་བ་ནི་ལྕགས་ཀྱུའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཁྲིག་མའི་རྒྱབ་སྦྱར་བ་ཞགས་པའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་ལྕགས་ཀྱུ་འདྲ་བར་བྱས་ནས་ཁ་ནང་དུ་ཐད་ཀར་བཞག་ནས་ཕན་ཚུན་མདུད་ཅིང་མཐེའུ་ཆུང་གཉིས་སྤྲེལ་བ་ནི་ལྕགས་སྒྲོག་གི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྒྱབ་སྦྱར་ཏེ་བཙིར་བ་ནི་འབེབས་པའི་དང་། བསྐལ་བཟང་མན་མགྲོན་ཐབས་ཀྱི་ལྷ་རྣམས་ཀྱི་ལས་རྒྱ་ནི། གར་ལས་བྱུང་བའི་ཕྱག་མཚན་མེད་པའི་ཕྱག་ཆེན་བྱེད་པར་ཆོ་ག་དང་ཊཱིཀྐ་གཉིས་ལས་ཀྱང་གསུངས་ཤིང་། གཙུག་དགུ་ལས། དེ་ལས་ཕྱག་མཚན་མེད་གྱུར་པ། ལས་ཀྱི་ཕྱག་རྒྱ་ཡིན་པར་བཤད། ཅེས་གསུངས་པ་ལྟར་རོ། །འདིར་ཁ་ཅིག་ཀརྨའི་སྐབས་སུ་ཐལ་མོ་བརྡབ་པ་ནི་ཆོ་ག་དང་འགྲེལ་སོགས་དང་འགལ་བར་མ་ཟད། རྒྱུ་མཚན་མེད་དོ། །གལ་ཏེ་སོར་མོ་རྣམས་རིམ་གྱིས་བཀྲོལ་འབྱུང་བས་ཐལ་མོ་བརྡབ་པའོ་སྙམ་ན། དེ་ནི་མ་ཡིན་ཏེ། དེའི་བཀྲོལ་ཞེས་པ་ནི་སོར་མོ་རིམ་གྱིས་བཀྲོལ་ནས་འབྱེད་པའི་དོན་ཡིན་གྱི། བརྡབ་པའི་དོན་མིན་པའི་ཕྱིར། འོན་ཀྱང་ཡིག་ནོར་ཅུང་སྣང་། རིགས་ལྔ་ལ་རང་གི་ཕྱག་ཆེན་བཞིན་བྱེད་པ་ནི། སྔོན་གྱི་མཁས་པ་འགའ་ཞིག་གི་ལུགས་སུ་ཡང་སྣང་ཞིང་འདིར་མགྲོན་ཐབས་ཀྱི་ཉན་རང་ཁྲོ་བོ་ལ་དམ་རྒྱ་བྱེད་པ་ནི་གཞུང་མ་མཐོང་བར་གསལ་ལོ། །ཕྱག་ཆེན་ནི་ཕྱག་མཚན་མེད་པ་མ་གཏོགས་སྔར་ལྷ་རྣམས་བསྐྱེད་པའི་སྐབས་ཀྱི་ཕྱག་ཆེན་ལྟར་བྱེད་པའོ། །འོན་ཀྱང་འདི་ལ་ཕྱག་མཚན་མེད་པར་མོས་པ་ཙམ་མ་གཏོགས་ལག་པས་ཕྱག་མཚན་འཛིན་ཚུལ་ལྟར་གྱི་སོར་མོ་རྐྱོང་དགོས་པ་ལ་མ་བརྐྱངས་ན་མི་བདེ་བས་ཚུལ་དེ་ཤེས་དགོས་སོ། །དེ་ལ་ཡང་ཅུང་ཟད་མི་འདྲ་བ་ནི། ངན་སོང་སྦྱོང་རྒྱལ་ལ་གཡས་ས་གནོན་བྱེད་མཁན་མང་ཡང་ཆོ་གའི་གཞུང་དུ་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་རྡོ་རྗེ་འཛིན་པར་གསུངས་པ་ལྟར་བྱ་བ་རིགས་ལ། སྤྱིར་ས་གནོན་བྱེད་པའི་སྐབས་འགའ་ཞིག་ཡོད་དེ། བདུད་འདུལ་ཆེན་པོའི་ཕྱག་རྒྱ་མཛད་ཅེས་མི་བསྐྱོད་པ་ལ་ས་གནོན་གྱི་ཕྱག་རྒྱ་བཤད་ཅིང་། འདིར་སྤྱོད་རྒྱལ་མི་བསྐྱོད་པའི་རིགས་ཡིན་པས་སོ། །རྡོ་རྗེ་རྒྱལ་མཚན་གྱི་སྐབས་སུ་ལག་པ་གཡས་ཕྲག་པ་གཡོན་པའི་ཕྱོགས་སུ་བསྒྲེང་བའི་ཚུལ་བྱེད་ལ། གཞུང་དུ་གཡས་གཡོན་གང་ཡིན་མི་གསལ་ཞིང་། གཞུང་ཁ་ཅིག་ཏུ་གཡོན་པའི་ཕྲག་གང་ཡིན་པར་གསུངས་ཀྱང་། འདིར་གཡས་པར་རུང་ཞིང་བདེ་བར་མངོན་ལ་ལས་རྒྱའི་སྐབས་གཡོན་པའི་ཁུ་ཚུར་ལ་གཡས་པའི་གྲུ་མོ་འཛུགས་པར་བཤད་པས་ཀྱང་འགྲུབ་སྙམ་མོ། །རྡོ་རྗེ་རྣོན་པོ་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་འདེབས་པའི་ཚུལ་གུང་མཛུབ་བསྒྲེང་བར་མ་བཤད་ལ་ཕྱག་ལེན་དུ་མཛད་པས་བྱས་ཀྱང་རུང་བར་མངོན་ཏེ། གཞན་དུ་ན་རྣམ་འབྱེད་མི་འོང་། ཕྱག་ཆེན་གྱི་གོ་ཆའི་སྐབས་སུ་འགའ་ཞིག་ཐལ་མོ་རྡེབ་ཀྱང་དེ་ནི་མིན་ཏེ། རྡོ་རྗེ་གོ་ཆ འམ་སྲུང་བའི་ལས་ཀྱི་ཕྱག་རྒྱ་ལ་གོ་བཀོན་པའི་མཐར་ཐལ་མོ་བརྡབ་པར་རུང་ཙམ་སྣང་ཡང་དེ་ལྟར་མ་གསུངས་ཤིང་མི་ཐོབ་པས་མི་བྱའོ། །གཞན་རྣམས་ཆོ་གའི་གཞུང་དུ་གོ་སླ་ཞིང་སྒོ་བ་བཞིའི་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་གསུམ་ཅུང་ཟད་མི་གསལ་བས་ཁ་ཅིག་ལས་རྒྱ་ལྟར་བྱེད་པ་དང་། གཞན་དག་ངེས་མེད་དུ་བྱེད་ཀྱང་། རྡོ་རྗེ་ཁུ་ཚར་གཉིས་ཀྱིས་འཛུབ་མོ་ལྕགས་ཀྱུ་ལྟར་དང་། ཕན་ཚུན་བརྐྱངས་ཏེ་ཞགས་པ་འཛིན་པའི་ཚུལ་དང་། རྡོ་རྗེ་ཁུ་ཚུར་གྱི་འཛུབ་མོ་དང་མཐེའུ་ཆུང་གཉིས་འཆིང་བའི་ཚུལ་བྱས་ན་མི་འགལ་ལོ། །དེ་དག་གི་སྐབས་སུ་དེ་བཞིན་གཤེགས་པ་ཞེས་འབྱུང་བ་རྣམས་བསྒོམ་པའི་ལྷ་ལ་ཕྱེད་དགོས་ཤིང་། འདུས་པའི་རྩ་རྒྱུད་ཀྱི་འགྲེལ་བར་དེ་བཞིན་གཤེགས་པ་ཞེས་པ་འགའ་ཞིག་ནི་ལྷ་དང་སྒྲུབ་པ་པོའི་ཕུང་བོ་སོགས་ཅི་རིགས་ལ་བཤད་པའང་ཡོད་པས་སྐབས་ཐོབ་ལ་བསམ་དགོས་སོ། ཁ་ཅིག་ཉན་ཐོས་ལ་གཡས་ཀྱི་འཁར་བསིལ་དང་གཡོན་པོ་ཏི་འཛིན་པ་དང་། རང་རྒྱལ་ལ་དེ་ལས་བཟློག་པ་ནི་དོན་མིན་ཏེ། གཉིས་ཀ་ལའང་གཡས་འཁར་གསིལ་དང་གཡོན་པོ་ཏིར་མཆུངས་སོ། ཁྲོ་བོ་བཅུ་དྲུག་གི་ཕྱག་ཆེན་ལ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱེད་པར་མི་གསལ་ཡང་། རེ་རེ་ནས་བྱེད་པ་མི་བདེ་ཞིང་ཐུན་མོང་དུ་གཞན་བྱེད་པ་ཡང་མ་གསུངས་པས་དེ་ལྟར་བྱེད་རུང་ཙམ་འདྲའོ། །གཞན་ཡང་མདུན་བསྐྱེེད་ཀྱི་སྐབས་སུ་ཆོ་ག་ལས། དེ་ཡང་འཇིག་རྟེན་པ་སྤྱིའི་དམ་རྒྱ་ནི་ཐལ་མོ་བརྐྱངས་བ འམ་ཡང་ན་ཐལ་མོ་པདྨ་ལྟར་བྱའོ། །ཆོས་རྒྱ་ནི་རྩ་རིག་གོ །ལས་རྒྱ་ནི་ཕྱག་མཚན་མེད་པའི་ཕྱག་ཆེན་ལྟར་རོ། །ཕྱག་ཆེན་ནི་བྲིས་པ་ཇི་ལྟ་བའོ། །ཞེས་གསུངས་པས། མདུན་བསྐྱེད་དང་བུམ་བསྐྱེད་ལ་ཡང་རང་རང་གི་ཕྱག་རྒྱ་བཞིའི་རྒྱས་འདེབས་དགོས་ལ། ཕྱག་ཆེན་ནི་བྲིས་པ་ཇི་ལྟ་བར་གསུངས་པ་ལྟར་ན་མགྲོན་ཐབས་ཀྱི་ལྷ་རྣམས་ལ་རྒྱས་པར་བྱེད་པའི་ཚེ་རང་རང་གི་ཕྱག་ཆེན་བཅིང་པར་བསྟན་འཁོར་ཡུག་གི་ཕྱག་ཆེན་གྱི་ཚེ་ཁ་ཅིག་ནི་པདྨའི་ཕྱག་རྒྱར་བཞེད་དོ་ཞེས་གསུངས་ནས་ཁ་ཚོན་མ་བཅད་དོ། །དབང་བསྐུར་བའི་ཚེ་རིགས་ལྔའི་ཕྱག་རྒྱ་སྔར་འཇིག་རྟེན་གསུམ་རྒྱལ་གྱི་སྐབས་སུ་བཤད་ཟིན་པ་ལྟར་ཡིན་ནོ། །འཕྲིན་ལས་ལ་རྩ་རིག་བརྗོད་པའི་ཚེ་སློབ་དཔོན་ཀུན་དགའ་སྙིང་བོའི་ལུགས་ལ་ཕྱག་ཆེན་བྱེད་ཀྱང་། ཆོ་གར་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་ལུགས་ལྟར་ལས་རྒྱ་བྱ་བར་བཤད་པས་གང་བྱས་ཀྱང་ཆོ་ག་ལ། ལས་རྒྱ་བྱེད་པའི་ཚེ་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་གར་སྔོན་དུ་འགྲོ་བས་རྣམ་སྣང་གི་ལས་རྒྱ་བཅིངས་ནས། མཇུག་ཏུ་སྔགས་བརྗོད་དེ་འཕྲིན་ལས་རྒྱས་བསྡུས་གང་རིགས་བཅོལ་ཏེ་སེ་གོལ་བརྡབ་ཅིང་དཀུ་གཡོན་པར་ཕྱག་རྒྱ་དགྲོལ་བར་བྱའོ། །འོན་ཀྱང་ད་ལྟ་ནི་ཕལ་ཆེར་དཀུ་གཡོན་པར་དགྲོལ་བར་མི་མཛད་དོ། །འདིར་ལས་རྒྱ་དང་ཕྱག་ཆེན་གང་བྱེད་ཀྱང་ལྷ་དེ་དང་དེ་དྲན་པར་བྱས་ནས་འདོད་དོན་གང་ཡིན་ཀྱང་དེ་སྒྲུབ་པའི་འཕྲིན་ལས་མཛད་པར་མོས་དགོས་སོ། །འཕྲིན་ལས་འདི་བུམ་བསྐྱེད་ལའང་རུང་མོད། བསྡུ་ན་མ་བྱས་ཀྱང་ཆོག་པས་ད་ལྟ་ཕྱ ག་ལེན་དུ་མི་བྱེད་དོ། །མཆོད་པའི་ཕྱག་རྒྱ་ནི་སྔར་ཚོགས་ཞིང་གི་སྐབས་སུ་བཤད་པ་བཞིན་དང་། སྒེག་སོགས་བརྒྱད་ལ་ལུས་ཀྱི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་གར་སྔོན་དུ་འགྲོ་བས་ལྷ་མོ་རང་རང་གི་ལས་རྒྱ་རིམ་པ་ལྟར་བཅིངས་ལ། ༀ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། ཞེ་སོགས་བརྗོད། འདི་ལ་ལྷ་མོ་རང་རང་གི་ལས་རྒྱ་བྱེད་པ་ཆོ་ག་དང་ཊཱིཀྐར་བཤད་ཅིང་། ཕྱོགས་ཀྱི་སེམས་དཔའ་དང་པོ་བཞིའི་ཕྱག་ཆེན་བྱེད་པར་མ་གསུངས་ཀྱང་འགའ་ཞིག་ནི་དེ་བྱེད་དོ། །དེ་ནས་རྡོ་རྗེ་ཐལ་མོ་སྦྱར་བའམ། ཡང་ན་དྲིལ་སྟབས་དང་བཅས་པས་མཉམ་མེད་མི་གཡོ་སོགས་ཀྱིས་སྟོད་པར་ཆོ་གར་བཤད་ལ། རྡོ་རྗེ་གསོར་ཚུལ་ལ་མི་འདྲ་བའི་ཁྱད་པར་ཡོད་པ་ཆོ་ག་རང་འགྲེལ་དང་བཅས་པ་ལས་མ་གསུངས་སོ། །བསྙེན་པའི་མཐར་བདག་བསྐྱེད་གཤེགས་གསོལ་བྱེད་ན་གསོལ་གདབ་ཀྱི་རྗེས་སུ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་པ་བ སྙམས་ཏེ་བཤད་ལ་བསྒྲེང་བ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོ་ནས་གྱེན་དུ་བཀྲོལ་ཏེ། ༀ་བཛྲ་སཏྭ་མུཿཞེས་པས་ཡེ་ཤེས་པ་གཤེགས། བཛྲ་ས་མ་ཛཿདམ་ཚིག་པ་རང་ལ་བསྡུ་བ་མ་གཏོགས་ལྷ་སོ་སོའི་དམ་རྒྱ་བྱེད་པར་མ་གསུངས་སོ། །དེ་ནས་བུམ་བསྐྱེད་དང་མདུན་བསྐྱེད་ལ་ཕྱག་རྒྱ་྄གང་ཐོབ་པ་ཕལ་ཆེར་སྔར་བཤད་པ་དེས་ཤེས་པར་བྱ་ཞིང་། ལས་བུམ་གྱི་རྡོ་རྗེ་གནོད་སྦྱིན་གྱི་དམ་རྒྱ་ལ། སྔར་བཤད་པའི་རྡོ་རྗེ་གནོད་སྤྱིན་གྱི་དམ་རྒྱ་དེ་ཉིད་བྱའོ། ཁ་ཅིག་རྡོ་རྗེ་གནོད་སྦྱིན་གྱི་དམ་རྒྱ་ལའང་ཕྱག་ཆེན་བྱེད་པ་ནི་ནོར་བའོ། །བདག་བསྐྱེད་ཀྱི་ལྷ་བསྐྱེད་པའི་ཚེ་ཕྱག་ཆེན་བྱེད་པ་མི་གསལ་ཡང་བྱེད་པ་ལྟན་ན། བུམ་པ་དང་མདུན་བསྐྱེད་ཀྱི་ལྷ་བསྐྱེད་པའི་ཚེའང་ཕྱག་ཆེན་བྱེད་པ་ཐོབ་པོ། །མཆོད་པ་གཞན་གྱི་ཕྱག་རྒྱ་སྔར་ལྟར་ལ། མཆོད་པ་ཉེར་ལྔ་བ་ནི། དཔག་མེད་བསོད་ནམས་ཞེས་སོགས་ཀྱི་སྐབས་སུ་རྡོ་རྗེ་ཁུ་ཚུར་གཉིས་རང་གི་མགོར་དབང་བསྐུར་བའི་ཚུལ་བྱས་ནས། རཏྣ་མུ་ཀུ་ཊི་བརྗོད་དེ་ཅོད་པཎ་འབུལ་ཞིང་དེ་ཡང་འདིར་སྒོམ་དོན་ལ་མདུན་བསྐྱེད་གྱི་ལྷའི་དབུ་སོགས་ལ་འབུལ་བ་ཡིན་པས་ཁྱད་པར་ཤེས་དགོས་སོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙན་ལ་སྙན་ཆ་འདོགས་པའི་ཚུལ་དང་། རཏྣ་ཀུ ཎྚ་ལམ་བརྗོད་མགུལ་ལ་མགུལ་རྒྱན་འདེགས་ཚུལ་བྱས་ལ་ཧརྒ་དང་། བྲང་ལ་དོ་ཤལ་འབུལ་ཚུལ་གྱིས་ཨ་ཝ་ཧ་ར་དང་། དཔུང་པའི་རྩ་བའི་འོག་ཏུ་དཔུང་རྒྱན་ཏེ། ཀེ་ཡུ་ར་དང་། མཁྲིག་མའི་སྟེང་དུ་གདུ་བུ་སྟེ། པཱ་རི་ཀ་ཊཾ་ཀ་དང་། སོར་མོ་རྣམས་ལ་གདུ་བུ་སྟེ། བ་ཀཾ་ཝ་ལ་དང་། ཞབས་གཉིས་ལ་ཞབས་གདུབ་དང་། སྐེད་པར་སྐེ་རག་འབུལ་ཚུལ་བྱས་ཏེ། པཱ་དེ་བྷར་ནཾ། ཞེས་བརྗོད་དེ་རྒྱན་གྱི་ཁྱད་པར་བརྒྱད་འབུལ་ལོ། །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཐེ་བོང་གི་སྟེང་དུ་གཡས་པ་ཁ་ཐུར་དུ་བསྟན་པ་བརྐྱང་ལ། ཙྪ་ཏྲཾ་ག་ཞེས་བརྗོད་དེ་གདུགས་འབུལ། ལག་པ་གཉིས་བརྐྱངས་ལ་སྲིན་ལག་གི་ཚིག་དབུས་མ་བཀུགས་ནས་བ་དན་གསུམ་པའི་ཚུལ་དུ་བསྒྲེངས་ནས་ལག་པ་གཉིས་བརྐྱངས་ནས་སྟེང་དུ་བཏེག་པ་ལྟར་བཞག་ལ། དྷྭ་ཙྪ་གྲ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནམ་མཁའ་ལ་ཕན་འདོགས་པའི་ཚུལ་དང་། པཱ་ཏཱ་ཀ་བརྗོད་དེ་བ་དན། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག གཡས་པའི་མཛུབ་མོ་དང་གུང་མོ་བརྐྱངས་ཏེ་ནམ་མཁར་ལྡ་ལྡི་འགེལ་བའི་ཚུལ་དང་། པཱ་ཏ་དཱ་མ་ཞེས་ལྡ་ལྡི། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྔ་ཡབ་གཡབ་པའི་ཚུལ་དང་། ཙ་མ་ར་ཞེས་རྔ་ཡབ། གཡོན་པར་བར་མཉམ་གཞག་བྱས་ལ་གཡས་ཁ་ཐུར་དུ་བསྟན་ཏེ་བླ་རེ་བཀྱེད་པའི་བསམ་པས་ནམ་མཁའ་ལ་ཡོངས་སུ་བསྐོར་ལ། བི་ཏཱ་ནཾ་བླ་བྲེ་སྟེ་ཡོ་བྱད་དྲུག་འབུལ་ལོ། །དེ་བཞིན་གཤེགས་པའི་ཁུ་ཚུར་ནི། རྗེའི་སྦྱིན་སྲེག་ཆེན་མོར་ལག་པ་ཁུ་ཚུར་བཅངས་བའི་སྟེང་ནས་མཐེ་བོང་བཀབ་པར་བཤད་ལ། རྡོ་རྗེ་ཁུ་ཚུར་སྐབས་འདིར་དངོས་སུ་འདི་ལྟར་ཡིན་ཞེས་གསལ་བར་བཤད་པ་མ་མཐོང་ཡང་གཞུང་གཞན་དུ་མཐེ་བོང་གཉིས་ཁུ་ཚུར་བཅངས་པའི་ནང་དུ་འཇུག་པར་བཤད་ཅིང་ཁུ་ཚུར་ཡོངས་གྲགས་ལྟར་བཅངས་པ་ལ་བྱེད་པའང་སྣང་ངོ་། །རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ་སེང་གེའི་གདན་འབུལ་བའི་ཚུལ་བྱས་ལ། སིང་ཧ་ཨཱ་སན་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གཟིམས་ཆ་བཀོན་པའི་ཚུལ་དང་ཤ་ས་ཨཱ་ས་ནི། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་ནས་གཡས་པའི་གུང་མཛུབ་ཀྱིས་ཕོ་བྲང་ཟླུམ་པོ་འབུལ་བའི་ཚུལ་དང་པ་རི་མཎྜ་ལེ་དྷྱ་ནྱ་དང་། ཕྱག་རྒྱ་སྔ་མ་དེ་ཉིད་ཀྱིས་གཞལ་མེད་ཁང་གྲུ་བཞི་འབུལ་བའི་ཚུལ་དང་། ཨ་མ་ཡ་ཙ་ཏུར་པྲ། དེ་ཉིད་ཀྱིིས་གྲུ་བཞི་ཉིས་བརྩེགས་འབུལ་བའི་ཚུལ་དང་། དྭཱི་ཀུ་ཊཾ་ཀ་རཾ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཟླ་གདན་འབུལ་བའི་ཚུལ་བྱས་ལ་ཙནྜ་ཨ་ས་ནཾ། བརྗོད་དེ་གནས་ཀྱི་ཁྱད་པར་དྲུག་འབུལ་ལོ། །ཡང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འཐོར་བའི་ཚུལ་དང་པུཥྤེ་བརྗོད། འདིར་མེ་ཏོག་འཐོར་བ་སོགས་ཀྱི་ཚེ་ཁུ་ཚུར་གཏན་མ་བཤེགས་པར་བཟུང་ན་རྣམ་འགྱུར་མི་འོང་བས་ཐོག་མར་རྡོ་རྗེ་ཁུ་ཚུར་ལས་རྗེས་སུ་སོར་མོ་གང་རྐྱོང་དགོས་པ་དེ་བྱས་ན་དགོངས་པ་དང་མི་འགལ་བར་མདོན་ནོ། །པི་ཝང་སྤྲེང་ཞིང་ཏིང་ཤག་བརྡུང་པའི་ཚུལ་དང་ཝི་ནི། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང ཁར་བཞག་ནས་གཡས་པའི་ཁུ་ཚུར་གྱིས་དྲིའི་ཕྱེ་མ་འགྱེད་པའི་ཚུལ་དང་གནྡྷེ། རྡོ་རྗེ་ཁུ་ཚུར་གཉིས་བཤོས་འབུལ་བའི་ཚུལ་དང་ནཻ་ཝི་དྱེ། རྡོ་རྗེ་ཐལ་མོ་གཉིས་བརྐྱངས་ལ་ན་བཟའ་འབུལ་བའི་ཚུལ་བྱས་ལ་ཝ་སྟྲ་ཞེས་བརྗོད་དེ། མཆོད་པའི་ཁྱད་པར་ལྔ་འབུལ་ལོ། །དེ་ནས་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྤྱི་བོར་བཞག་ལ། ༀ་སརྦ་བིད་སོགས་ཀྱི་སྔགས་རྐྱང་བས་རིན་ཆེན་བདུན་སོགས་འབུལ་ཞིང་། རྒྱས་བར་སྦྲོ་ན་བདེ་བར་གཤེགས་པ་སོགས་སྔགས་དང་ཚིགས་བཅད་གཉིས་ཀྱིས་འབུལ་བ་དང་། དེ་ཡང་ལག་པ་གཉིས་མཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་ལ་སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་དེ་མཐེ་བོང་གཉིས་ལག་མཐིལ་དུ་བཀུག་ལ་ཙཀྲ་རཏྣ་དང་། ཁུ་ཚུར་གཉིས་ཀྱིས་མཛུབ་མོ་གཉིས་ཚིགས་བཅད་སྟེ་མཐེ་བོང་གཉིས་རྩེ་སྤྲད་ལ་མ་ཎི་དང་། རྡོ་རྗེ་ཐལ་མོའི་མཐེ་བོང་གཡོན་བས་གཡས་པ་མནན་ལ་མཛུབ་མོ་གཡས་པའི་རྩ་བ་གཡོན་པས་མནན་ཏེ་མཛུབ་མོ་ལྕགས་ཀྱུ་ལྟ་བུར་བྱས་ལ་གུང་མོའི་ཚིགས་བར་མའི་སྟེང་དུ་བཞག་པར་ཊཱིཀ་ཆེན་དུ་བཤད་དེ་སྟྲི་རཏྣ་དང་། རྡོ་རྗེ་བསྡམས་པ་ལས་གུང་མོ་དང་ཐ་མ་བཞི་གཤིབས་ཏེ་བསྒྲེང་ནས་བུ་རུ་ཥ་དང་། ལག་པ་གཡོན་པའི་མཐིལ་དུ་གཡས་པའི་གྲུ་མོ་བཞག་སྟེ་བསྒྲེང་ལ་གཡས་པའི་ཁུར་ཚུར་འོག་ཏུ་གླང་བོའི་རྣམ་པར་བྱས་པའི་གུང་མོ་གླང་བོའི་སྣ་ལྟར་བྱས་ལ་ཧ་སྟི་དང་། ཁུ་ཚུར་གཉིས་བཅེར་བའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱངས་ཏེ་མཐེ་བོང་གཉིས་རྣ་བ་ལྟར་བྱས་ལ་དུ་རཾ་ག་ཨ་ཤྭ་དང་། གཡོན་གོ་ཆ་འཛིན་པ་དང་གཡས་མཆོག་སྦྱིན་བྱས་ལ། ཁཊ་ག་བརྗོད་དེ་དམག་དཔོན་དང་བཅས་རྒྱལ་སྲིད་བདུན་འབུལ་ལོ། །འདིར་ནོར་བུ་ལ་ཕྱག་རྒྱ་མི་འདྲ་བ་གཞན་ཡོད་ཀྱང་སྔར་བཤད་པ་དེ་ཆོ་ག་དང་འགྲེལ་བའི་དགོངས་པ་ཡིན་ལ། དེ་བཞིན་དུ་བཙུན་མོ་ལ་ཡང་འདྲའོ། །བློན་པོ་ལ་ཁ་ཅིག་གུང་མོ་སྲིན་ལག་མཐེའུ་ཆུང་གསུམ་སྦྱར་བར་མཛད་ཀྱང་། དེ་ནི་མིན་ཏེ་རྗེ་བླ་མའི་མན་ངག་གཞན་དང་། ཆོ་གར་ཐ་མ་བཞི་བསྒྲེང་ཞེས་བཤད་པའི་ཐ་མ་བཞི་ནི་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་རིང་བའི་དོན་ཡིན་གྱི། སྲིན་ལག་དང་མཐེའུ་ཆུང་བསྒྲེང་བའི་དོན་མིན་ནོ། །དེ་ལྟར་མིན་ན་ཁྲོ་བོའི་དམ་རྒྱའི་སྐབས་སུ་ཡང་ཐ་མ་བཞི་བསྒྲེང་བར་གསུངས་པས་སྲིན་ལག་དང་མཐེའུ་ཆུང་བསྒྲེང་དགོས་པར་འགྱུར་བས་དེ་མི་བྱེད་པ་དང་། ཆོ་གར་ཡང་གུང་མོ་དང་ཐ་མ་བཞི་ཞེས་གུང་མོ་ལོགས་སུ་བཅད་པ་དང་འགལ་བར་འགྱུར་རོ། །རྟ་མཆོད་ལ་ཁ་ཅིག་རྡོ་རྗེ་བསྡམས་པ་བྱེད་ཀྱང་སྔར་བཤད་པ་ཉིད་དགོངས་པའོ། །དེ་ནས་ཁ་དོག་དབྱིབས་ལེགས་སོགས་དང་། གཡོན་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བསྟན་པའི་སྟེང་དུ་གཡས་པའི་ལག་མཐིལ་ཕྱིར་བསྟན་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང་། རཱུ་པ་ཀ་མ་གུ་ཎ་བརྗོད། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རོལ་མོ་དཀྲོལ་བའི་ཚུལ་དང་ཤཔྟ། རྡོ་རྗེ་ཁུ་ཚུར་བརྐྱངས་པའི་ཐལ་མོས་དྲི་བྱུག་པའི་ཕྱག་རྒྱ་དང་གནྡྷེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་རོའི་ཕྱག་རྒྱ་དང་ར་ས། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོས་འབུལ་བའི་ཕྱག་རྒྱ་དང་། སྤཪྴ་ཀ་མ་གུ་ཎ་བརྗོད་དེ་འདོད་ཡོན་ལྔ་འབུལ་ཞིང་འདི་དག་གཞན་ནས་ཁ་བསྐང་བ་ཡིན་ནོ། །ཆོས་དབྱིངས་ཡེ་ཤེས་སོགས་ཀྱི་བསྟོད་པའི་སྐབས་སུ། རྡོ་རྗེ་གསོར་ཞིང་དྲིལ་བུ་བཀྲལ་བ་དང་ཕྱག་ཆེན་བྱེད་པ་དར་ཡང་། གཞུང་རྣམས་སུ་ཕྱག་ཆེན་བྱེད་དགོས་པར་བཤད་པར་མ་མཐོང་བས། ཕྱག་ཆེན་མ་བྱས་ཀྱང་རུང་བར་སེམས་ལ། ཐམས་ཅད་ཀྱིས་ལྷ་རང་རང་གི་ཕྱག་ཆེན་བྱེད་འདུག་པས་བྱས་ཀྱང་མི་འགལ་བར་མངོན་ནོ། །སྐབས་འདིར་མ་ཟད་བསྟོད་པ་གཞན་གྱི་སྐབས་སུ་ཡང་ཚིག་རྐང་དང་པོ་ལ་རྡོ་རྗེ་གསོར་གཉིས་པ་ལ་དྲིལ་བུ་དཀྲོལ། གསུམ་པ་ལ་ཕྱག་ཆེན། བཞི་པ་ལ་བདུད་པའི་ཚུལ་མཛད་པ་ཡང་མང་ངོ་། །དེ་ནས་ཆ་གསུམ་གྱི་མཆོད་པ་སྔར་ལྟར་བྱིན་གྱིས་བརླབ་བོ། །གཏོར་མ་བྱིན་རླབས་ཀྱི་ཚེ་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་མནན་ལྷག་མ་གསུམ་སོ་སོར་བསྒྲེངས་ལ། ༀ་སྲ་བྷཱ་ཝ་བི་ཤུདྡྷེ་སོགས་ཀྱིས་སྦྱང་། ཐལ་མོ་གཉིས་པ་བཀན་ལ་སྙིམ་པའི་ཚུལ་དུ་བྱས་ནས་དཔྲལ་བར་བཞག་པའི་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ན་མཿསརྦ་ཐཱ་ག་ཏཱ་བྷྱོ་སོགས་ཀྱིས་མང་པོར་སྤེལ། ལག་པའི་སོར་མོ་བསྣོལ་བས་གུང་མོ་གཉིས་རྩེ་སྤྲད་ལ་བཅག་སྟེ་དཔྲལ་བར་བཅིངས་ནས་བཀྲོལ་ལ། ༀ་ཨ་མྲྀ་ཏེ་བརྗོད་དེ་བདུད་རྩིར་བསྒྱུར། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག །གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ༀ་ཨ་ཀཱ་རོ་སོགས་བརྗོད་དེ་འདོད་པ་སྒྲུབ་པར་བསམ། གཡས་ཁུ་ཚུར་བཅིངས་པའི་མཛུབ་མོ་བསྒྲེང་བ་ཁྲོ་བོའི་ཁུ་ཚུར་བྱས་པ་རྫས་ལ་གཏད་དེ་སེ་གོལ་གདབ་ཅིང་བཀྲོལ་ལ། ནམཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ཀོ་ཏེ་སོགས་ཀྱིས་སོ་སོར་ཐོབ་པར་བསམ། གཡས་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། ༀ་རུ་རུ་སྤུ་རུ་སོགས་ཀྱིས་མཉམ་པོར་ཐོབ་པར་བསམ་མོ། སྤྱན་དྲང་བ་ནི་པུས་མོ་གཡས་བཙུགས་གཡོན་གྱེན་དུ་བསླང་། ལག་པ་གཡས་སྤོས་ཐོགས་གཡོན་དྲིལ་བུ་གསིལ་ཞིང་། མགོན་པོ་ཀུན་གཤེགས་སོགས་བརྗོད་པར་ཆོ་གར་བཤད་དོ། །ༀ་ཨེ་ཧྱེ་ཧི་དང་ཤ་སོགས་ཀྱི་མཐར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། ས་མ་ཡེ་སྭཱཧཱ་བརྗོད། མཆོད་པ་སྔར་དང་འདྲའོ། །དྲིལ་སྟབས་དང་བཅས་པས་དབང་བོ་རྡོ་རྗེ་འཆང་བ་སོགས་ཀྱིས་བསྟོད་དོ། །འདིར་གཏོར་མ་འབུལ་བའི་ཚེ་ཕྱག་རྒྱ་ཇི་ལྟར་བྱ་བ་མི་གསལ་ཡང་། སྦྱོང་རྒྱུད་ལས་རབ་ཏུ་བརྐྱངས་ཏེ་འཛིན་པ་ནི་གཏོར་མའོ། །ཞེས་གསུངས་པས་ཐལ་མོ་ཁ་གྱེན་དུ་བསྟན་ནས་འབུལ་དགོས་སོ། །དེ་བཞིན་དུ་གཞན་ལ་ཡང་རིགས་འགྲེལ། མཇུག་ཏུ་གཙོག་ཕུར་འདུག་ཅིང་ངག་བཅད་ལ་ལག་པ་གཉིས་པུས་མོའི་ནང་དུ་འོང་བར་བྱའོ། །གཡས་གན་རྒྱལ་དུ་གནས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་ལ་ཁར་ཕྱོགས་པར་བཟུང་ཟེའུ་འབྲུའི་ཆུས་ཁ་ལ་ལན་མང་དུ་བྱ་བ་ཅིང་ལན་གཉིས་གསུམ་དུ་རྣ་བུག་གཉིས་དང་། མིག་གཉིས་དང་། སྣ་དང་། ཁ་དང་། ལག་པ་དག་དང་། ལྟེ་བ་དག་དང་། མགོ་ལ་རེག་ནས་ཆུ་ཧུབ་གསུམ་འཐུང་ནས་མཆུ་ལ་ལན་གཉིས་ཕྱི་བར་བྱའོ། །འགའ་ཞིག་ཏུ་མིག་གཉིས་ཞེས་པ་དེ་ཆད་པར་སྣང་ངོ་། །དེ་ཧཱུཾ་མཛད་དུ་བསྐྱེད་ལ་དེ་ཉིད་ཀྱི་ཕྱག་རྒྱ་སྔར་ལྷར་བཅིངས་ཏེ། དཀྱིལ་འཁོར་གྱི་ནུབ་ཏུ་གནས་པ་ལམ་གནས་པར་བསམ་ལ། ༀ་བཛྲོད་བྷ་ཊའི་སྔགས་ཀྱིས་ཕྱག་རྒྱ་བཀྲོལ་ལ་སྒོ་ནང་ནས་ཕྱེ་བར་བསམ་སྟེ། དེ་བཞིན་དུ་ཕྱོགས་གཞན་ལ་ཡང་མཚུངས་སོ། །ཡང་ན་རྡོ་རྗེ་ཁུ་ཚུར་གཉིས་བཀན་ལམ་མཛུབ་མོ་གཉིས་བསྒྲེེངས་ཏེ། ཕན་ཚུན་དུ་མཛུབ་མོ་གཉིས་ལོགས་ཀྱི་རྩེ་མོར་སྦྱར་ཏེ་མཛུབ་མོ་གཉིས་ཁྲོས་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་དབྱེ་བའི་ཆོ་གར་བཤད་དོ། །དབང་ཆོག་གི་སྐབས་སུ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞེས་སོགས་ཀྱི་སྐབས་སུ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྙམས་ཏེ་གཤིབས་ལ་བསྒྲེངས་པས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་པའམ། ཡང་རྡོ་རྗེ་མགོར་བཟུང་ཕྱག་རྒྱ་དེ་ཉིད་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ་སྤྱི་བོར་བཞག་སྟེ། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས་ཞེས་བརྗོད། ཕྱག་རྒྱ་དེ་སྙིང་ཁར་བཟུང་ལ། ༀ་དེ་རིང་རྡོ་རྗེ་ཞེས་སོགས་ཀྱིས་དམ་བཞག་བྱའོ། །ཡང་སྒོ་དབྱེ་བའི་ཕྱག་རྒྱ་བྱས་ལ། ༀ་བཛྲོད་གྷ་ཊ་བི་སྔགས་ལན་གཉིས་ཀྱིས་རང་རང་སློབ་མའི་སྙིང་ཁ་ཕྱེ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྙིང་ཁར་བཞག་སྟེ། འདི་ནི་རྡོ་རྗེའི་དམ་ཚིག་སྟེ་ཞེས་སོགས་བརྗོད། །བུམ་པ་དགོས་སམ་བུམ་པའི་ཕྱག་རྒྱ་བྱས་ལ། ༀ་བུདྡྷ་ཀཱ་ལ་ཤ་སོགས་ཀྱིས་སྤྱི་བོར་བཞག་སྟེ་དབང་བསྐུར། སྔར་བཤད་པའི་རིགས་ལྔའི་ཕྱག་རྒྱ་བཅིངས་ལ། ༀ་བཛྲ་ཨ་བྷི་ཥིཉྩ་སོགས་ཀྱིས་སྤྱི་བོར་འཇོག །བུམ་པའི་ཕྱག་རྒྱ་ལ་སྔགས་རིམ་སོགས་ནས་མི་འདྲ་བ་ཞིག་བཤད་ཀྱང་། རྒྱུད་འགའ་ཞིག་ཏུ་ལག་པ་གཉིས་ཀྱི་སོར་མོ་རྣམས་ཅུང་ཟད་བསྐུམས་པའི་ཐལ་མོ་ཁོང་སྟོང་ལྟར་བྱ་བར་ཡང་བཤད་པས་གང་རུང་ངོ་། །རྡོ་རྗེ་རིན་ཆེན་གྱི་དམ་རྒྱ་བྱས་ལ་ཕྲེང་བ་འཆིང་བའི་ཚུལ་དུ་བྱ་ཞིང་། ༀ་རཏྣ་མཱ་ལ་སོགས་ཀྱིས་འཕྲེང་བའི་དབང་བསྐུར། གོ་བགོ་བའི་ཚུལ་དུ་བྱས་ལ། ༀ་ཊྲུཾ་ༀ་བཛྲ་པ་ཊ་སོགས་བརྗོད། རིགས་ལྔའི་ཕྱག་རྒྱ་བཅིངས་ལ། བཛྲ་མ་དྲ་སོགས་བརྗོད་ཅིང་། ཕྱག་རྒྱ་ཙམ་མམ། ཕྱག་རྒྱ་བྲིས་པ་སོགས་ཀྱིས་ཀྱང་རུང་ངོ་། །རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་ལས་གུང་མོ་གཉིས་མཉམ་པོར་བཤིབས་པ་སྤྱི་གཙུག་ཏུ་བཞག་ལ། བཛྲ་དྷ་ར་ཎ་སོགས་བརྗོད། རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་ནི། རྡོ་རྗེ་འབྱུང་བ་ལས་རྡོ་རྗེ་ཐལ་མོ་ལས། མཛུབ་མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། ཞེས་གསུངས་པ་ལྟར་རོ། །དེ་ཡང་ཊཱིཀྐར་བཤད་པ་ལྟར། རྡོ་རྗེ་ཐལ་མོ་ལས་མཐེ་བོང་སྐྱིལ་ཀྲུང་དུ་བསྣོལ་ཏེ་མཐེ་བོང་གཡོན་བས་གཡས་པ་མནན་ནས། མཛུབ་མོ་གཡས་བའི་རྩ་བ་གཡོན་པས་མནན་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་ལྕགས་ཀྱུ་ལྟར་བཀུག་པ་གུང་མོ་གཉིས་བསྙམས་པའི་ཚིགས་པར་མར་སྦྱར་ལ་གུང་མོ་ནི་རལ་གྲི་ལྟ་བུར་ཆིགས་གསུམ་པར་དགུག་པར་བྱས་པ་རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱར་བཤད་ལ་དེ་ཉིད་དཔྲལ་བར་བཞག་སྟེ་བུདྷ་དྷཱ་ར་ཎའི་སྔགས་དང་། འདིར་ཆོ་གར་ཡི་གེ་མ་དག་པར་སྣང་ངོ་། །སྔ་མ་ལས་གུང་མོ་གཉིས་ཀྱི་རྒྱན་དུ་བཀུག་སྟེ་རིན་པོ་ཆེ་འདྲ་བར་བྱས་པ་རྣ་ལྟགས་གཡས་སུ་བཞག་ལ་རཏྣ་དྷ་ར་དང་། སྔ་མ་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་པདྨའི་འདབ་མ་འདྲ་བར་བྱས་ཏེ་ལྟག་པར་བཞག་ལ་པདྨ་དྷཱི་ར་ཎ་དང་། ལག་མཐིལ་ཕན་ཚུན་སྤྲད་ལ་སོར་མོ་ཐམས་ཅད་བསྐྱངས་བ་རྣ་ལྟག་གཡོན་པར་བཞག་ལ། ཀརྨཱ་དྷཱ་རའི་སྔགས་བརྗོད་དེ་ཡུམ་ལྔའི་ཕྱག་མཚན་གྱི་དབང་བསྐུར་རོ། །གཞན་ལ་ཕྱག་རྒྱ་བྱེད་ཚུལ་སྐབས་འདིར་གསལ་བར་མ་བཤད་ཀྱང་། དཀྱུས་ལྟར་བྱེད་རུང་ལ་བཛྲ་ཙཀྲ་ཨི་དྷི་བ་ཏི་སོགས་ལ་ཁ་ཅིག་རིགས་ལྔའི་ཕྱག་རྒྱ་མཛད་ཀྱང་། རིམ་པ་བཞིན་དུ་རྡོ་རྗེ་དང་། འཁོར་ལོ་དང་། རིན་ཆེན་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་ཕྱག་རྒྱ་རྣམས་བྱེད་དགོས་སོ། །འདིར་ཁ་ཅིག་འདུས་པའི་དབང་མཆོག་ལྟར་འཁོར་ལོ་དང་པོར་བྱེད་པ་ནི་རང་བཟོ་ཡིན་གྱི། མཁས་པའི་བཞེད་པ་མིན་ནོ། །སརྦ་ཏ་ཐཱ་ག་ཏ་གུ་ཧྱ་སོགས་ལ་ཁ་ཅིག་རིགས་ལྔའི་ཕྱག་རྒྱ་སྤྱི་བོའི་གནས་རྣམས་སུ་འཆིང་བར་མཛད་ཀྱང་། གནས་ལྔ་ཞེས་གསུངས་པས། རིམ་པ་བཞིན་དུ་སྤྱི་བོ་དང་། སྙི ང་ཁ་དང་། དཔྲལ་བ་དང་། མགྲིན་པ་དང་། ལྟེ་བར་རིགས་ལྔ་སོ་སོའི་ཕྱག་རྒྱ་གཏུགས་པར་བྱའོ། །རིན་ཆེན་སྣ་བདུན་གྱི་ཕྱག་རྒྱ་སྔར་བཤད་པ་དེས་ཤེས་པར་བྱ་དགོས་ལ། དེ་དག་ལ་འཁོར་ལོ་སོགས་དངོས་ཡོད་ན་ཕྱག་རྒྱའི་གོ་ཆོད་དོ། །ལྷོ་སྒོའི་སྐབས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་གཉིས་བཅིངས་བ་ཅུང་ཟད་བཀུག་ནས་ལྕགས་ཀྱུ་ལྟར་བྱས། མཐེའུ་ཆུང་གཉིས་ཁབ་ལྟར་བརྐྱང་བ་དེའི་མགོར་བཞག་པའམ་དེར་མོས་ལ། ༀ་བཛྲ་སཏྭ་ཧཱུཾ་ཛཿསོགས་བརྗོད། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོག་ལྟར་བཅིངས་ཏེ་ལེགས་བར་གྱེན་དུ་འཕང་བ་ལྟུང་བ་སློང་བའི་ཕྱག་རྒྱ་བྱས་ལ། སརྦ་ཨ་པཱ་ཡ་ཨ་ཀཪྵ་ནི་སོགས་དང་། རྡོ་རྗེ་བསྡམས་པ་ལས་གུང་མོ་བསྒྲེངས་ལ་མཐེ་བོང་དང་མཐེའུ་བསྲིང་སྟེ། བཛྲ་པཱ་ཎི་བི་སྥོཊ་ཡ་སོགས་དང་། བཛྲ་བནྡྷ་ཏྲཊ་ཞེས་པའི་སྐབས་སུ་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པ་ལན་གསུམ་དྲལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང་གུང་མོ་དང་མཐེའུ་ཆུང་གྱེན་དུ་བསྒྲེངས་ཏེ་ཁ་སྦྱར་ནས་མཛུབ་མོ་དང་མིང་མེད་སེམས་དཔའི་སྐྱིལ་ཀྲུང་དུ་བྱས་པ་རྡོ་རྗེ་ཕྱག་རྒྱས་སྙིང་ཁ་ལྐོག་མ་ཁ་ཕྱོགས་སུ། དཔྲལ་བ་མཛོད་སྤུ་རྣམ་གཉིས། སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང་། མིག་གཉིས་དང་ནི་གསང་བ་ཡི། །ཞེས་པ་ལྟར་གནས་ཉེར་གཉིས་ལ་གཏུགས་ཏེ། བཛྲ་ཨ་དྷི་ཏིཥྵ་ཛྙཱ་ནའི་སྔགས་བརྗོད། གཏོར་མ་བསྐོར་བའི་ཚེ་རྟེན་གྱི་གཡས་སུ་ལན་གསུམ། ཏིང་ལོ་གཡོན་དུ་ལན་གསུམ་བསྐོར་བའམ་བསྐོར་བའི་ཚུལ་བྱའོ། །གཞན་རྣམས་སྔར་གྱི་རིགས་འགྲེེས་ནས་ཤེས་པར་བྱ་ཞིང་། མཇུག་ཏུ་ༀ་བཛྲ་ས་ཏྭ་ཨུཥྞི་ཥ་ཧཱུཾ་ཕཊ་ཞེས་བའི་སྐབས་སུ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་ནང་དུ་བཅུགས་ནས་མཛུབ་མོའི་རྩེ་མོས་སྟེང་ནས་བཀབ་པ་སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག་པར་བྱའོ། །འདིར་རྡུལ་ཚོན་བསྡུ་བའི་སྐབས་ཡིན་ན་ལྷ་རེ་རེའི་དམ་རྒྱ་བགྲོལ་བར་བཤད་ཀྱང་། རས་བྲིས་ལ་དེ་མི་རུང་ཞིང་མི་དགོས། བདག་བསྐྱེད་དང་བུམ་བསྐྱེད་ལ་གཤེགས་གསོལ་བསྡུས་པ་སྔར་བདག་བསྐྱེད་ཀྱི་སྐབས་སུ་བཤད་པ་བཞིན་ནོ། ། སྨྲས་པ། དཔལ་ལྡན་ངན་སོང་སྦྱོང་བའི་རྒྱུད་རྒྱལ་གྱི། །ཆོ་གར་འབྱུང་བའི་གབ་དོན་ཁྱད་པར་རྣམས། །འཕགས་བོད་མཁས་གྲུབ་རྣམས་ཀྱི་སྤྱོད་ཡུལ་ལས། །ཆེར་བླུན་བདག་ལྟས་འབྱེད་པར་ག་ལ་ནུས། །འོན་ཏེ་མཁའ་དབྱིངས་ཉི་ཟླ་བགྲོད་ཤུལ་དུ། །སེམས་བྲལ་ཤིང་འདབ་འགྲན་བཞིན་འགྲོ་སྲིད་ལྟར། གཞུང་ལུགས་དབྱངས་སུ་སྒྲོགས་པའི་བུང་བ་འགའ། །དམ་པའི་རྗེས་འགྲོ་ཤེས་ལྡན་སུ་ཞིག་ཁྲེལ། །སྐྱེས་ཐོབ་བློ་ཡི་བཞིན་རས་མི་གསལ་ཞིང་། །སྦྱངས་སྟོབས་མཛེས་བྱེད་རྒྱན་གྱི་མ་སྤྲས་པས། །ལེགས་བཤད་ཡིད་དུ་འོང་བ་ཆེས་དཀའ་ཡང་། གཟུར་གནས་འགའ་ཡི་སྙིང་ལ་འབབ་ཀྱང་སྲིད། །མཁས་པའི་གཞུང་གི་འདབ་བརྒྱ་རྒོད་པ་ལས། །དགོངས་དོན་སྙིང་བོ་ཅུང་ཟད་ལེན་འདོད་ཀྱང་། མ་རྟོགས་ཉེས་པའི་རྡུལ་གཞན་བླངས་སྲིད་ན། །དམ་པའི་སྤྱན་སྔར་ངེས་པར་འགྱོད་ཅིང་འཆགས། འདིར་འབད་ལས་བྱུང་དགེ་བ་གང་ཐོབ་དེས། །ཚེ་རབས་ཀུན་ཏུ་མདོ་དང་རྒྱུད་སྡེ་ཡི། །གནད་དོན་རྟོགས་ནས་ཉམས་སུ་ལེན་པ་དང་། །རྒྱལ་བའི་དམ་ཆོས་ཇི་བཞིན་འཛིན་གྱུར་ཅིག །ཅེས་རྒྱུད་དོན་གསལ་བའི་ལྷན་ཐབས་ཀྱི་ཟུར་བཀོལ་རབ་གསལ་མཁས་པ་དགྱེས་པའི་མཆོད་པ་ཞེས་བྱ་བ་འདི་ཉིད་ཀྱང་རབ་འབྱམས་སྨྲ་བར་གྲགས་ཤིང་སྙོམ་ལས་པ་བཤད་སྒྲུབ་མིང་ཅན་གྱིས་གཞན་འགའ་ཞིག་ལ་ཕན་ཆེད་དང་རང་གི་བརྗེད་ཐོར་བསམས་ནས་བྲིས་པའོ།། །།མངྒ་ལཾ།། །།


previousབཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྒྱུད་དོན་གསལ་བ་འགྲེལ་བ་དང་བཅས་པ་ནས་འབྱུང་བའི་ཕྱག་རྒྱའི་རྣམ་པར་བཞག་པའི་ཟུར་བཀོལ།next