Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
ཀུན་རིག་གི་བུམ་བསྐྱེད་བསྡུས་པ།
   
   
   
   
   
   
   
   
   
   
   
   


 
previousཀུན་རིག་གི་བུམ་བསྐྱེད་བསྡུས་པ།next

ཀུན་རིག་གི་བུམ་བསྐྱེད་བསྡུས་པ།

ཀུན་རིག་གི་བུམ་བསྐྱེད་བསྡུས་པ་བཞུགས།

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་བརྗོད་པ་དང་། །གཟུངས་སྔགས་བཟླས་པས་ངན་སོང་ལས། ཐར་མཛད་བཅོམ་ལྡན་ཀུན་རིག་གི །ལྷ་ཚོགས་རྣམས་ལ་གུས་ཕྱག་འཚལ། །ཀུན་རིག་བུམ་བསྐྱེད་རྒྱས་པ་མ་ལྕོགས་པའི་ཚེ། བསྡུས་པ་བྱ་ཚུལ་ཆོ་ག་རྒྱས་པའི་རིགས་འགྲོས་ཀྱིས་ཤེས་པས་ཟུར་དུ་བརྗོད་མི་དགོས་ཀྱང་བློ་གསལ་འགའ་ལ་འཇུག་པ་བདེ་བའི་ཕྱིར་དུ། བསྡུས་པ་བྱེད་ལུགས་པ ཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་འབུམ་དུ་འབྱུང་ཡང་། དེ་ནི་འདི་ཀའི་ཕྱག་ལེན་དང་ཅུང་མི་འདྲ་བར་སྣང་བས། འདིར་འདུལ་འཛིན་པའི་ཆོ་གའི་ཕྱག་ལེན་དང་བསྟུན་ནས་བུམ་བསྐྱེད་བསྡུས་པ་བྱ་ཚུལ་ནི། མདུན་གྱི་བུམ་པ་ལ་དམིགས་ཏེ། བཛྲ་ཡཀྵ་བསངས། སྭ་བྷ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་བཾ་ལས་བྱུང་བའི་བུམ་པ་དཀར་བོ་ཞེས་པ་ནས། ཡོངས་སུ་རྫོགས་པར་གྱུར། ༀ་ཏཱཔྟེ་ནས། མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་པད་ཟླའི་གདན་ལྔ། དབུས་ཀྱི་གདན་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་བོ་ནས་ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ་ཕྱོགས་བཞིར་པད་ཟླའི་གདན་རྣམས་ཀྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཞེས་པ་ནས། ཨཱཿལས་སྣ་ཚོགས་རྡོ་རྗེ་ཨཱཿས་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་བཞིར་གྱུར་པ་ནི། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་བོ་སྐུ་མདོག་དཀར་བོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་བོ་རྩེ་ལྔ་བ་བསྣམས་པ། ཞེས་པ་ནས། བྱང་དུ་མེ་ཏོག་ཆེར་རྒྱས་ལྗང་ཁུ་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་ཤིང་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། དེ་བཞིན་གཤེགས་པ་བཞི་བོ་ཡང་། ཞེས་པ་ནས། ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། གཙོ་བོའི་གཡོན་དུ་པད་ཟླའི་གདན་ལ་ཀྵཾ་ལས་མཆེ་བ་ཀྵཾ་གིས་མཚན་པ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་བསྡིགས་པའི་ཚུལ་དུ་མཛད་ཅིང་། རབ་ཏུ་དགྱེས་པ༼འི༽་སྤྱན་གདངས་པ། སྒེགས་པའི་ཉམས་ཅན་ཞེས་པ་ནས། ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་བོ་ནས། ཧཱུཾ་སྔོན་པོས་མཚན་པར་གྱུར། ལྷ་རང་རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ༀ་ལ་སོགས་པའི་རང་རང་གི་ས་བོན་གྱིས་མཚན་པ་ནས། བཅོམ་ལྡན་འདས་ཀུན་རིག་རིགས་ལྔ་རྡོ་རྗེ་གནོད་སྦྱིན་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿསྤྱན་འདྲེན་རྒྱས་པ་འམ་ཅུང་ཟད་བསྡུ་ན། མ་ལུས་སེམས་ཅན་ཞེས་སོགས་ཚིགས་བཅད་གཅིག་གི་མཇུག་ཏུ། འདི་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་པ་ནས། དེ་སྲིད་བཅོམ་ལྡན་འདས་བཞུགས་སུ་གསོལ། ཞེས་པའི་བར་རམ། ཡང་ན་སྔར་གྱི་ཚིགས་བཅད་དེའི་མཇུག་ཏུ། ཛཿཧཱུཾ་བཾ་ཧོཿམ་ཧཱ་ཀཱ་རུ་ཎི་ཀ་སོགས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས་ཞེས་སོགས་མཐར། ཀ་མ་ལ་ཡ་སྟྭཾ་ༀ་བཛྲ་པུཥྛེ་ཨཱཿཧཱུཾ། ཞེས་པ་ནས། ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། ༀ་བཛྲ་ཨཾ་ཀུ་ཤ་ཛཿནས། བཛྲ་གྷཎྜ་ཧོཿ ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་རཀྵ་ཧཾ། དེ་ནས་མཆོད་ཡོན་ཕུལ་ཏེ་གནས་གསུམ་བྱིན་གྱིས་བརླབས་ནས། ས་མ་ཡ་སྟྭཾ། བཛྲ་ཊིཥྚི་མ་ཊ། སརྦ་བིད་ཏྲི་ཤྱེ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ལན་གསུམ། ཨ་ཧཾ། སརྦ་བིད་ལན་གསུམ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་ཧ་ན་ཧཱུཾ་ཕཊ། ཅེས་ལན་གསུམ་ནས། ༀ་སརྦ་བིད་ཏྲ ཊ། ལན་གསུམ་བརྗོད་པའི་བར་གཞུང་ལྟར་དང་དེ་ནས་ས་མ་ཡ་སྟྭཾ། བཛྲ་ཊིཥྚི་མ་ཊ། བཛྲ་ཡཀྵ་ཏྲི་ཤྱེ། ཞེས་པ་ནས། ༀ་བཛྲ་ཡཀྵ་ཧཱུཾ་ལན་གསུམ་གྱི་བར་བརྗོད། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་ཐོག་མཐའ་མེད་པའི་ཆོས་ཉིད་ཀྱི་ངོ་བོས་མཚན་པར་གྱུར་ནས། རྡོ་རྗེ་དཀར་བོ་རྩེ་ལྔ་བ་མཐུར་ཉལ་བས་མཚན་པར་གྱུར། ༀ་བཛྲ་ཛཱི་ཧོཿ ཨོ་སརྦ་བིད་སར་ཨཱ་ཝ་ར་ཎ་ནས། ཧཱུཾ་ཕཊ། ༀ་སརྦ་བིད་ༀ་ནས། ༀ་སརྦ་བིད་ཏྲཊ། ༀ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེའི་ལྟེ་བ་ལ་ལྷ་རང་རང་གི་སྔགས་ཀྱིས་མཚན་པར་གྱུར། གར་དང་ཀླུ་དང་། ཞེས་སོགས་ཀྱི་མཐར། སརྦ་བིད་ལན་ལྔ་དང་། བཛྲ་ཡཀྵ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་མཚན་པར་གྱུར། སརྦ་བིད་ལན་ལྔ་དང་། བཛྲ་ཡཀྵ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་དང་པོའི་རྡོ་རྗེ་རྩེ་ལྔ་པས་མཚན་པར་གྱུར། ༀ་བུངྔྷ་ཨ་བྷི་ཥིཉྩ་ༀ། ཞེས་སོགས་ཀྱིས་དབང་བསྐུར། མཆོད་པ་བྱིན་གྱིས་བརླབས་ཏེ། ཚིགས་བཅད་སྔགས་དང་བཅས་བསམ། ཡང་ན། ༀ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་ནས། ཤཔྟ་པྲ་ཏྭིཙྪའི་བར་བརྗོད། སྒེག་སོགས་བརྒྱད་ཀྱིས་ཀྱང་མཆོད་ལ། སྣང་སྟོང་མའམ། བསྡུ་ན། ཆོས་སྐུ་ནམ་མཁའ་མས་རིགས་ལྔ་དང་། རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །ཞེས་སོགས་ལས་རྡོ་རྗེ་གནོད་སྦྱིན་ལ་བསྟོད་ནས། ༀ་བཛྲ་ཨུ་ད་ཀ་ཧཱུཾ་ཉེར་གཅིག་སོགས་དང་། ༀ་ཨཱཿཧཱུཾ་ལན་བདུན། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས། ཞེས་སོགས་དང་། བཟླས་བྱའི་སྔགས་ཀྱིས་བསྐོར་བའི། ཞེས་སོགས་མཐར། རིགས་ལྔའི་སྔགས་དང་། རྡོ་རྗེ་གནོད་སྦྱིན་གྱི་སྔགས་བརྒྱ་སོགས་ཅི་རིག་པ་ཐུན་མོང་དུ། རྩ་རིགས་འདུན་ནམ་ཉེར་གཅིག་དང་མཇུག་ཏུ་ཡིག་བརྒྱ་བརྗོད་པ་སོགས་ལྷག་མ་རྣམས་ཤེས་པར་སླའོ། །ཅེས་པ་འདི་ནི། སྦྱོར་བ་བྱེད་པའི་སྐབས་འགའ་ཞིག་ཏུ་ཉེ་བར་མཁོ་བསམ་ནས་བྲིས་པ་ཡིན་ལ། ཀུན་རིག་གི་བུམ་བསྐྱེད་རྒྱས་པ་བྱེད་འདོད་ཀྱང་མ་ལྕོགས་པའི་ཚེ་འདི་ལྟ་བུའི་བསྡུས་པ་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པས་བྱའི་རྒྱས་པ་ལྕོགས་བཞིན་དུ་འདི་མི་བྱ་སྟེ། ལས་དང་པོ་བསྒོམ་རྒྱུ་མེད་པ་རྣམས་ཀྱིས་རྒྱས་པ་བྱེད་པའི་ཕྱག་སྲོལ་ཡོད་པ་མཉམ་པར་བྱས་ན་ལེགས་ཀྱི། སླ་ཆོས་ཀྱིས་བསྡུས་པ་བྱེད་མི་རུང་བའི་ཕྱིར་རོ། །འོན་ཀྱང་ཕྱོགས་འདིར་བུམ་བསྐྱེད་གཏན་མེད་པར་ལྷོ་སྒོ་བྱེད་པའི་ཕྱག་ལེན་སྣང་ཡང་དེ་ནི་ཅུང་ལེགས་པར་མི་སེམས་ཏེ། ཁྲུས་ཙམ་ཡིན་ན། བུམ་པར་ལྷ་བསྐྱེད་པ་དང་། དེ་ལ་དམིགས་ནས་སྔགས་བཟླ་དགོས་པའི་ངེས་པ་མེད་ཀྱང་། ལྷོ་སྒོ་བྱེད་པའི་ཚེ་བསྒྲུབ་བྱའི་ནད་གདོན་ཞི་བ་དང་ལས་ཉོན་གྱི་དྲི་མ་སྦྱོང་བ་སོགས་ཀྱི་དགོས་བ་ཆེ་བས། དེ་ལ་བུམ་པར་ལྷ་བསྐྱེད་པའམ། མ་ཐའང་བུམ་པའི་ཆུ་བྱིན་གྱིས་རླབས་པའི་སྔགས་བཟླ་བ་ཙམ་མ་བྱས་པར་ལྷ་ལ་ཁྲུས་གསོལ་བའི་ཁྲུས་ཆུ་ཙམ་ལ། བྱ་བ་དེ་སྒྲུབས་པའི་ནུས་པ་ཁྱད་པར་ཅན་མེད་པས་སོ། །དེར་མ་ཟད་ལས་བུམ་བསྒྲུབས་པ་ཙམ་གྱིས་ཀྱང་མི་ཆོག་གོ །གལ་ཏེ་ལྷོ་སྒོའི་ཚེ་བུམ་པ་ལྷ་བསྐྱེད་པ་འདི་ལྟར་མ་གྲུབ་ན་ནི། བུམ་ཆུ་ལ་དྲི་བཟང་བཏབ་ནས། བུམ་པའི་ནང་དུ་ཟླ་གདན་ལ་ༀ་དང་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བྱིན་རླབས་རྣམས་འོད་དང་བདུད་རྩིའི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམས་ཏེ། རྩ་རིག་སོགས་དང་། ཀཾ་ཀ་ནི་དང་ཡིག་བརྒྱ་ལྟ་བུ་ཅི་འགྲུབ་བཟླས་པས་རྐྱང་འགྲུབ་པའི་སྐབས་ཡོད་མོད། དབང་གི་ཚེ་བུམ་པར་ལྷ་ངེས་པར་བསྐྱེད་དགོས་པར་ཀུན་རིག་ཊཱིཀ་ཆེན་ལས་བཤད་དོ། །ཅེས་བྱ་བ་འདི་ནི་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་འདོད་ཀྱི་བསམ་པས་བྲིས་པ་སྟེ། དད་ལྡན་རི་ཁྲོད་པ་བློ་བཟང་བཀྲ་ཤིས་ཞེས་བགྱི་བས་གཞན་ལ་ཕན་ཆེད་པར་དུ་བསྒྲུབས་སོ། །མངྒ་ལཾ།། །།


previousཀུན་རིག་གི་བུམ་བསྐྱེད་བསྡུས་པ།next