Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ཀུན་རིག་གི་བསྙེན་པ་བྱ་ཚུལ།
   
   
   
   
   
   
   
   
   
   
   


 
previousཀུན་རིག་གི་བསྙེན་པ་བྱ་ཚུལ།next

ཀུན་རིག་གི་བསྙེན་པ་བྱ་ཚུལ།

ཀུན་རིག་གི་བསྙེན་པ་བྱ་ཚུལ་བཞུགས།

ན་མོ་བཻ་རོ་ཙ་ན་ཡེ། འདིར་ཀུན་རིག་གི་བསྙེན་པ་བྱ་ཚུལ་མདོར་བསྡུས་ཞིག་གཞན་ལ་ཕན་འདོད་ཀྱི་བསམ་པས་བརྗོད་པར་བྱ་སྟེ། འདིའི་བསྙེན་པ་རྒྱས་པ་ནི། རྒྱུད་དོན་གསལ་བ་རྩ་འགྲེལ་སོགས་ལས་བཤད་པ་ལྟར་ཡིན་ལ། དེ་ཡང་རྡོར་དྲིལ་བྱིན་བརླབ་ནས་བསྙེན་པའི་བར་དང་། དེ་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པའི་བར་སྟེ། འདི་ལ་བླ་མེད་ལྟར་ཐུན་བཞི་སོ་སོ་ལ་མངོན་རྟོགས་བསྐྱེད་ཚུལ་རེ་བྱེད་མི་དགོས་ཀྱི། ཐུན་དང་པོ་ལ་བསྐྱེད་ཟིན་པ་དེས་ཆོག་གོ །འོ་ན་ཀྱང་སླར་བསྐྱེད་འདོད་ན་ནི་བྱས་ཆོག་ལ། བཟླས་པའི་གྲངས་ནི། རྩ་རིག་གམ། གཙོ་བོའི་སྔགས་སམ། མེ་ཏོག་ཕོག་པའི་ལྷ་གང་རུང་གི་སྔགས་འབུམ་དང་། འཁོར་རྣམས་ལ་ཁྲི་ཕྲག་རེའོ། །གྲུབ་ན་ཡེ་ཤེས་འབེབས་སྔགས་འབུམ་མམ་ཁྲི་དང་། སྦྱིན་སྲེག་ཀྱང་བྱའོ། །ཐུན་མཚམས་བྱེད་པར་འདོད་ན། ཡིག་བརྒྱའི་མཇུག་ཏུ་མཆོད་བསྟོད་བྱས་རྗེས། རང་ཉིད་གཙོ་བོ་ལས་ལོགས་སུ་བྱེ་སྟེ། ༀ་སརྦ་བིད་ༀ་སོགས་ཀྱིས་གནས་གསུམ་བྱིན་གྱིས་བརླབས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག སླར་ཐུན་གཉིས་པ་སོགས་འཇུག་པ་ན་ཉེ་རེག་བྱས་ཏེ། གཙོ་བོའི་དམ་རྒྱ་བཅིངས་ནས། ཛཿཧཱུཾ་བཾ་ཧོཿགཙོ་བོ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། མཆོད་བསྟོད་མདོར་བསྡུས་རེ་བྱས་ནས་བསྙེན་པ་ལ་འཇུག་ཅིང་ཐུན་ཕྱི་མའི་མཐར་མཆོད་ལ་བསྟོད་དོ། །སླར་ཡང་ཡིག་བརྒྱ་བཟླས་ནས་བཟོད་གསོལ་བསྡུས་བ་བྱས་ཏེ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། ཞེས་པ་ནས། གཟིར་ལས་སྒྲོལ། ཅེས་བརྗོད་ཅིང་། མཆོད་ཡོན་ཕུལ་རྗེས། ༀ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པའི་ཚིགས་བཅད་ཀྱི་མཐར། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས། ༀ་བཛྲ་སཏྭ་བཛྲ་མུཿབདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། བཛྲ་ས་མ་ཛཿདམ་ཚིག་པའི་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་བསྡུས་ཏེ་རང་ཉིད་ལ་ཐིམ་པར་གྱུར་པར་བསམ་ལ། རྡོར་སེམས་སུ་གྱུར་པའི་གནས་གསུམ་བྱིན་གྱིས་བརླབས་པ་སོགས་གཞུང་ལྟར་བྱ་བ་དང་། སྨོན་ལམ་དང་ཤིས་བརྗོད་རྒྱས་བསྡུས་ནི་སྐབས་དང་བསྟུན་ཆོག ཁ་ཅིག་མཆོད་ཡོད་ཕུལ་རྗེས་སརྦ་བིད་ཅེས་གཙོ་བོའི་དམ་རྒྱ་བཀྲོལ་བར་མཛད་ཀྱང་ཆོ་ག་སོགས་ནས་ནི་སྔ་མ་ལྟར་འབྱུང་ངོ་། །སྤྱིར་གཞན་ལ་དབང་བསྐུར་བ་དང་། རབ་གནས་དང་། རང་བདག་འཇུག་སོགས་བྱེད་པ་རྣམས་ལའང་བསྙེན་པ་དེ་ལྟར་དགོས་ཤིང་། བསྙེན་པ་མ་བྱས་པར་དེ་རྣམས་ལ་ཞུགས་ན་ཉེས་པར་འགྱུར་རོ། །དེ་ལྟར་ཡིན་མོད། ད་ལྟ་ནི་ཀུན་རིག་གི་ཕྱག་ལེན་ཕྱོགས་ཀུན་ཏུ་ཁྱབ་ཀྱང་། བསྙེན་ཚད་རྫོགས་པ་ལྟ་ཞོག །དབང་ཞུས་ནས་བསྙེན་པའི་ཕྱོགས་མཐུན་ཙམ་བྱེད་མཁན་ཡང་དཀོན་པར་མཐོང་ངོ་། །དབང་བསྙེན་མེད་པར་གཞན་དོན་དུ་དམིགས་ནས་ལྷ་ཁྱད་པར་ཅན་འདི་རྣམས་ཀྱི་སྒོམ་བཟླས་དང་མཚན་ནས་བརྗོད་པ་དང་མཆོད་བསྟོད་སོགས་བྱས་ན་ནི་གཞན་ལ་ཕན་ཐོགས་ཀྱང་བསྙེན་པའི་ཕྱོགས་ཙམ་ཞིག་མ་བྱས་པར་གཞན་དོན་དུ་ཆོག་ལ་འཇུག་པའི་གཙོ་བོ་བྱེད་ན་ནི། རང་ལ་ཉེས་པ་ཆེ་བས་བསྙེན་པ་དགོས་སོ། །གལ་ཏེ་གོང་ལྟར་མ་གྲུབ་ན། ཅུང་ཟད་བསྡུས་པའམ། ཤིན་ཏུ་བསྡུས་པའི་བསྙེན་པ་ཞིག་ངེས་པར་བྱ་དགོས་ཤིང་དེ་ལ་འབྲིང་དང་བསྡུས་པ་ཙམ་ནི། ཁྲོ་བོ་སྤྱན་འདྲེན་བསྡུས་པའམ་འཇོག་པ་གང་རུང་དང་། རིགས་ལྔའི་སྡོོམ་གཟུང་ཀྱང་བཞག་ཆོག །འཁོར་གྱིི་ལྷ་བསྐྱེད་པའི་ཚུལ་པཎ་ཆེན་རིན་པོ་ཆེའི་ཀུན་རིག་གི་ཆོ་ག་ལྟར་ལྷ་རྣམས་ཀྱི་ས་བོན་ཐམས་ཅད་གསང་འདུས་བཞིན་རིམ་གྱིས་བསྐྱེད་དེ་དེ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་དང་དེ་རྣམས་ཡོངས་སུ་གྱུར་པ་ལྷ་རྣམས་སུ་བསྐྱེད་པ་སྟེ། དེ་ཡང་རྩ་བའི་ལྷ་དང་མགྲོན་ཐབས་ཀྱི་ལྷའི་སྡེ་ཚན་སོ་སོར་བྱ་ཞིང་དེ་མན་ཆད་གཞུང་ལྟར་དང་། སྤྱན་འདྲེན་གྱི་ཚིགས་བཅད་རྒྱས་བསྡུས་གང་རུང་དང་། འཕྲིན་ལས་དང་མཆོད་བསྟོད་ལའང་རྒྱས་བསྡུས་གཉིས་སོ། །དེ་ཡང་མ་གྲུབ་ན། དང་པོ་སྦྱོར་བ་བྱས་ནས་ཕྱག་རྒྱ་བཞིས་རྒྱས་འདེབས་པ་ནས་གཙོ་བོའི་བསྟོད་པ་དང་། དེའི་བསྙེན་པ་འབུམ་བྱས་རྗེས། རང་གཙོ་བོར་གསལ་བའི་མདུན་དུ་སྐད་ཅིག་གིས་དཀྱིལ་འཁོར་བའི་ལྷ་རྣམས་དམིགས་ནས་མཆོད་བསྟོད་ཀྱི་མཐར་རྩ་བའི་ལྷ་རྣམས་ཀྱི་བསྙེན་གྲངས་རྫོགས་པར་བྱར་རུང་བར་སྔགས་རིམ་སོགས་ཀྱི་དགོངས་པར་མངོན་ཏེ། སྔགས་རིམ་དུ་སངས་རྒྱས་གསང་བའི་ལུང་དྲངས་ནས། ཐ་ན་སྙིང་བོའི་དོན་གྱིས་རང་སངས་རྒྱས་ཀྱི་སྐུར་བསྒྱུར་ཏེ། མདུན་དུ་ཡང་སངས་རྒྱས་ཀྱི་སྐུ་ཚིག་ཙམ་གྱིས་བསྒོམ་ཞིང་ཞེས་པ་ནས། དེ་ཙམ་ཡང་ཁྱད་ཆེ་བས་གསོན་པོ་དང་གཤིན་པོ་ལ་དབང་བསྐུར་བ་དང་རབ་གནས་སོགས་རྣལ་འབྱོར་རྒྱུད་ཀྱི་སྒོ་ནས་བྱེད་པ་རྣམས་ཀྱིས་ཐ་ནའང་སྒོམ་པ་དེ་ཙམ་རེ་བྱས་ནས་རང་རང་གི་བཟླས་པ་རྫོགས་པ་རེ་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་གཙོ་བོའམ། མེ་ཏོག་ཕོག་པའི་ལྷ་གང་རུང་ཞིག་གི་བསྙེན་པ་བྱ་བ་སྟེ། འདིར་གཙོ་བོའི་དབང་དུ་བྱས་ན་གཞལ་ཁང་བསྐྱེད་མི་བསྐྱེད་གཉིས་དང་། བསྐྱེད་པ་ལའང་ཕྱི་ནང་གི་གཞལ་ཡས་ཁང་གཉིས་ཀ་བྱེད་མི་བྱེད་པའི་ལུགས་གཉིས་ལས། མི་བྱེད་པ་ནི་དོན་ལ་གནས་སོ། །གཞལ་ཡས་ཁང་མི་བསྐྱེད་ན། ཐོག་མར་རྡོར་དྲིལ་བྱིན་རླབས་སོགས་གྲུབ་ནའང་ལེགས་ཤིང་། གྲུབ་མ་གྲུབ་གང་ལྟར་ཡང་། ཤཱུ་ནྱ་ཏའི་སྔགས་བརྗོད་ནས་སྟོང་བའི་ངང་ལས་ཨཾ་སིཾ་ཨཾ་ལས་སེངྒེའི་ཁྲིའི་སྟེང་དུ་ཧྲཱིཿལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས། ཞེས་པ་ནས། མི་སྣང་བར་གྱུར་ཏོ་ཞེས་པའི་བར་རམ། རྒྱབ་ཡོལ་མངའ་བ་ཞེས་པའི་བར་གང་རུང་། དེ་ནས། རང་གི་སྤྱིི་བོར་ༀ་དཀར་བོ་ནས་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ༀ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ལ་སངས་རྒྱས་དང་བྱང་ཆུང་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿམ་ལུས་སེམས་ཅན་ནས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿམ་ཧཱ་ཀ་རུ་ཎི་སོགས་དང་། བཅོམ་ལྡན་འདིར་ནི་བྱོན་པ་ལགས། ཞེས་པ་ནས། གཙོ་བོའི་དམ་རྒྱ་བཅིངས་ནས་སྙིང་པོ་དང་སྔགས་གསུམ་རེ་བརྗོད་དེ། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་བ་ནས་ངོ་བོས་མཚན་པར་གྱུར། རང་གི་ལྐོག་མར་ཧྲཱིཿནས་ཛཱི་ཧོ། ༀ་སརྦ་བིད་སོགས་གཙོ་བོའི་སྔགས་ཙམ་དང་། རྡོ་རྗེའི་ལྟེ་བ་ལ་རང་གི་སྔགས་ཀྱིིས་མཚན་པར་གྱུར། གར་དང་གླུ་དང་ནས་ལས་ཀྱི་ཕྱག་རྒྱ་དབང་དུ་གྱུར། སརྦ་བིད། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པར་གྱུར། སརྦ་བིད། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་དང་པོའི་རྡོ་རྗེ་རྩེ་ལྔ་བས་མཚན་པར་གྱུར། ༀ་བུད་དྷ་ཨ་བྷི་སོགས་ཀྱིས་དབང་བསྐུར་ནས། གཙོ་བོའི་འཕྲིན་ལས་ཙམ་བཅོལ། མཆོད་པ་བྱིན་གྱིས་བརླབས་ཏེ། རབ་འབྱམས་རྒྱ་མཚོའམ། ༀ་བཻ་རོ་ཙ་ན་ཨརྒྷཾ་སོགས་སམ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཤཔྟའི་བར་དང་སྒེག་སོགས་བརྒྱད་ཀྱིས་ཀྱང་མཆོད་དེ། མཉམ་མེད་མི་གཡོ་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གམ། ཆོས་དབྱིངས་ཡེ་ཤེས་སོགས་ཀྱི་ཚིགས་བཅད་གཅིག་གིས་བསྟོད། འདི་དེ་སངས་རྒྱས་སོགས་བརྗོད་དམ་མིན་ཀྱང་རུང་ལ་རང་གི་ཐུགས་ཀར་བཟླས་པའི་སྔགས་ནས་འོད་ཟེར་ཅན་དང་ཞལ་གྱི་སྔགས་ཀྱི་སྒྲ་བྱུང་བར་གྱུར་ཅེས་བརྗོད། གཙོ་བོའི་བསྙེན་པ་འབུམ་བྱ་ཞིང་རྩ་རིགས་ཀྱང་ཅི་འགྲུབ་བཟླའོ། ། འབུམ་སོང་རྗེས་ཚོགས་ཞིང་ཟུར་དུ་གསལ་བ་ལྟར་བྱས་ལ། ལྷ་གཞན་རྣམས་ཀྱི་སྔགས་ཅི་འགྲུབ་དང་། ཡིག་བརྒྱ་བཟླའོ། །ཐུན་མཚམས་སུ་ལྷ་གསར་དུ་བསྐྱེད་མི་དགོས་པས། སྔར་བསྐྱེད་ཟིན་དྲན་པ་ཙམ་བྱས་ནས་བཟླས་པ་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་བསྙེན་གྲངས་རྫོགས་པ་ནི་ཉིན་ཞག་བཅོ་ལྔའི་སྐོར་ལས་མི་འགོར་ཞིང་། གཙོ་བོའི་བསྙེན་གྲངས་འབུམ་དང་ལྷ་གཞན་རྣམས་དང་རྩ་རིག་ཅི་འགྲུབ་བྱེད་པ་ལ་ནི་བདུན་གཅིག་ལས་ལྷག་མི་དགོས་པར་སྣང་བས་འདི་ཙམ་ལ་ནི་ལེ་ལོ་མི་བྱེད་པར་འབད་པར་མཛོད་ཅིག །འོན་ཀྱང་ཆོ་གར་རྩ་རིག་དང་མེ་ཏོག་ཕོག་པའི་ལྷའི་སྔགས་གང་རུང་འབུམ་བཟླ་བར་བཤད་ནས། གཙོ་བོའི་སྔགས་བཟླ་བ་དངོས་སུ་མི་གསལ་ཡང་དོན་གྱིས་དེ་གསུམ་འདམ་ང་ཅན་དུ་བསྟན་ལ། ཊཱིཀ་ཆེན་ནས་གཙོ་བོའི་སྔགས་དང་མེ་ཏོག་ཕོག་པའི་ལྷའི་སྔགས་གཉིས་འདམ་ང་ཅན་དུ་གསལ་བར་བཤད་ཅིང་། ཡོན་ཏན་བཤེས་གཉེན་གྱི་ཊཱིཀ་ཆུང་དང་། རྗེ་ཡབ་སྲས་ཀྱི་སློབ་མ་གཞན་གྱིས་མཛད་པའི་ལྷན་ཐབས་གཉིས་ཀར་ཡང་རྩ་རིག་དང་གཙོ་བོའི་སྔགས་དང་མེ་ཏོག་ཕོག་པའི་ལྷའི་སྔགས་གསུམ་པོ་གང་རུང་འདམ་ང་ཅན་དུ་བཤད་དོ། རྩ་རིག་རབ་ཡིན་ཀྱང་། གཙོ་བོའི་སྔགས་དང་། མེ་ཏོག་ཕོག་པའི་ལྷའི་སྔགས་གང་རུང་འབུམ་བཟླས་ཀྱང་འགྲུབ་པ་ནི། ཁུངས་དེ་གཉིས་སུ་མ་ཟད་ཆོ་ག་གཞན་གྱི་བསྙེན་པའི་རིགས་འགྲོས་ཀྱིས་ཀྱང་ཤེས་སོ། །བསྙེན་པའི་བདག་བསྐྱེད་ཀྱི་བསྡུ་རིམ་གོང་གི་དེ་ལྟར་ཡིན་པར་གཞུང་དུ་གསལ་ཞིང་། སྤྱིར་བདག་བསྐྱེད་ཀྱི་མཇུག་ཏུ་བསྡུ་རིམ་ཀྱང་དེས་གོ་མོད། འདི་ལྟར་བྱ་བ་ཆོ་གའི་གཞུང་ལས་མི་གསལ་བའི་རྐྱེན་གྱིས། ད་ལྟ་ཕྱག་ལེན་དུ་ཆོ་ག་རྫོགས་པའི་མཇུག་ཏུ་བུམ་ལྷ་དང་ལྷན་ཅིག་དམ་རྒྱ་བཀྲོལ་ནས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ་བའི་ཚུལ་དར་རོ། །འོན་ཀྱང་གསང་བ་དེ་གཉིས་ལ་སོགས་བའི་ཆོ་ག་གཞན་གྱི་རིགས་འགྲོས་སྦྱར་ན་འདིའི་ཆོ་གའི་གཞུང་ལྟར་བདག་བསྐྱེད་ཟིན་པའི་མཇུག་དེ་མ་ཐག་ཏུ་དམ་རྒྱ་བཀྲོལ་ཚུལ་བསྡུས་པ་དེའི་སྒོ་ནས་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུས་ནས་རྡོར་སེམས་ཀྱི་ང་རྒྱལ་གྱིས་བུམ་བསྐྱེད་དང་བསྒྲུབས་ན་བདེ་ཞིང་འཐད་པར་མཐོང་སྟེ། ད་ལྟའི་ཕྱག་ལེན་ལྟར་བུམ་བསྐྱེད་ལ་འགལ་བ་མི་འདུག་ཀྱང་བདག་བསྐྱེད་མ་བསྡུས་པར་མཇུག་གི་བར་དུ་རང་དགར་བཞག་པ་འདི་ཅུང་མི་བདེ་བར་སེམས་སོ། །དེ་བཞིན་དུ་བུམ་བསྐྱེད་ཀྱི་མཇུག་དེ་མ་ཐག་བུམ་ལྷའི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་འོད་ཞུ་བྱས་ན་ལེགས་པར་འདིར་གཞུང་ཁ་ཅིག་ཏུ་བཤད་འདུག་པ་ལྟར་འཐད་པར་གོ་ནས། དེའི་རྒྱུ་མཚན་ལོགས་སུ་བྲིས་ཡོད་པས་འདོད་ན་བལྟའོ། །དེ་ལྟར་བརྗོད་པ་འདི་དག་ཁ་ཅིག་གི་ཡིད་དུ་མི་འབབ་ཀྱང་རང་གི་བསམ་ཚོད་ཙམ་སྨྲས་པ་ཡིན་པས་བཟོད་པར་གསོལ་ལོ། །ཞེས་པ་འདི་ནི་ཡང་ཤཱཀྱའི་དགེ་སློབ་གཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ་གནས་བརྟན་སྦྱིན་པ་བློ་བཟང་གིས་པར་དུ་བསྒྲུབས་པའི་ཚེ་ཡི་གེ་བ་ནི་སྐྱིད་ཕུག་སྒང་བའོ། །དགེའོ།། །།


previousཀུན་རིག་གི་བསྙེན་པ་བྱ་ཚུལ།next