Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
རབ་གནས་བཀྲ་ཤིས་སྙེ་མའི་དགོངས་རྒྱན་དོན་གསལ།
   
   
   
   
   
   
   
   
   
   


 
previousརབ་གནས་བཀྲ་ཤིས་སྙེ་མའི་དགོངས་རྒྱན་དོན་གསལ།next

རབ་གནས་བཀྲ་ཤིས་སྙེ་མའི་དགོངས་རྒྱན་དོན་གསལ།

རབ་གནས་བཀྲ་ཤིས་སྙེ་མའི་དགོངས་རྒྱན་དོན་གསལ་ཞེས་བྱ་བ་བཞུགས།

བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་རབ་གནས་བཀྲ་ཤིས་སྙེ་མའི་དགོངས་པ་བཞིན་ལག་ལེན་ཁྱེར་བདེར་བརྗོད་པར་བྱ་བ་ལ། ཐོག་མར། གསང་བདེ་འཇིགས་གསུམ། གང་ལ་བརྟེན་པ་དེའི་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། ཞེས་སོགས་གསུངས་པ་ལྟར་ཡིན་ཡང་། འདིར་གཙོ་བོར་འཇིགས་བྱེད་ཀྱི་དབང་དུ་བྱས་ན། འདི་ལ་གསུམ། སྔོན་འགྲོའི་རིམ་པ། དངོས་གཞིའི་རིམ་པ། མཇུག་མངའ་དབུལ་སོགས་ཀྱི་རིམ་པའོ། །དང་པོ་ལ་གསུམ། ཐོག་མར་བྱ་བའི་རིམ་པ། སྦྱང་བའི་རིམ་པ་ཁྲུས་ཀྱི་རིམ་པའོ། །དང་པོ་ལ་སྡོམ་པ་ནི། བདག་བསྐྱེད་བུམ་པ་ལྷག་གནས་བྱ། །ཁྲུས་སྟེགས་རྒྱན་བྲི་མངའ་དབུལ་བྲི། །གསོལ་གདབ་སེམས་བསྐྱེད་རྟེན་བསྐྱེད་དེ། །གདན་ལ་རྟེན་བཞག་ཆུ་བཞི་དབུལ། །ཞེས་གསུངས་པ་ལྟར། ཐོག་མར་འཇིགས་བྱེད་ཀྱིས་བདག་བསྐྱེད་དང་བུམ་པ་ལྷ་གནས་ཀྱང་བྱས་ལ། ཁྲུས་སྟེགས་སྒོ་ནུབ་ཏུ་བསྟན་པའི་རེ་ཁ་གྲུ་པའི་དབུས་སུ། པདྨ་འདབ་བརྒྱད་ཚོན་གྱིས་བྲིས་པའམ། མངའ་དབུལ་ཆང་བར་ཡོད་ན་དེས་ཀྱང་ཆོག །མེད་ན་གསར་དུ་བྲི་ཞིང་ཁྲུས་སྟེགས་ཀྱི་མཐར་རྒྱན་གྱིས་མཛེས་པར་བྱའོ། །ཡེ་དྷརྨཱའི་སྒོ་ནས་མེ་ཏོག་སྒྲུབ་ཚུལ་འོག་ཏུ་འབྱུང་ཡང་། བུམ་ཆུ་འདིས་གསོལ་གདབ་ཀྱི་སྐབས་ཀྱི་མེ་ཏོག་ལའང་བྲན་དགོས་པས་ལག་ལེན་གྱི་ཚེ་བུམ་པ་ལྷག་གནས་ཀྱི་རྗེས་སུ་བྱེད་དོ་ཞེས་གསུངས་པས། དེའི་རིམ་པ་ནི། མེ་ལོང་ལ་ཙནྡ་དཀར་བོ་དང་གུར་གུམ་གྷི་ཧང་སོགས་སྦྱར་བའི་མཚལ་ལམ་སྣག་ཚས་ཡེ་དྷ་རྨཱ་ངག་ཏུ་བརྗོད་བཞིན་པར་དབུས་སུ་ༀ་མ་མ་ཧཱུཾ་དང་། མཐར་ཡེ་དྷརྨཱའི་ཡེ་གེ་རྣམས་མགོ་ཕྱིར་བསྟན་ཏེ་བྲིས་པ་མེ་ཏོག་གི་སྟེང་དུ་བཞག་ལ། ཡེ་དྷརྨཱའི་སྔགས་ཕྲེང་གྱེན་དུ་འགྲེང་ཞིང་འོད་ཟེར་དང་བཅས་པར་གྱུར་བའི་འོད་ཟེར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་དང་། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་སྔགས་ཕྲེང་མེ་ཏོག་དང་བཅས་པ་ལ་ཐིམ་པར་གྱུར་བར་བསམས་ལ། ཡེ་དྷརྨཱ་བརྒྱ་རྩ་སོགས་ཅི་འགྲུབ་བཟླས་ལ་མེ་ཏོག་བསྒྲུབས། དེ་ནས་ཡེ་དྷ་རྨཱ་བྲིས་པ་དབུས་ཆུས་བཀྲུས་ནས་མེ་ཏོག་ལ་བྲན་ཅིང་བུམ་ཆུས་ཀྱང་བཀྲུ། འདིར་རྫས་རྣམས་སྣོད་སོ་སོར་བཤམས་ཚུལ་འོག་ནས་འབྱུང་བ་ལྟར་བྱ་ཞིང་། ཁྲུས་བུམ་རྒྱས་པ་འདོད་ན་གཞན་ནས་འབྱུང་བ་ལྟར་དང་མཆོད་པ་བྱིན་རླབས་ཀྱང་བྱའོ། །དེ་ནས་སྐབས་འདིར་ཆས་འཇུག་བྱེད་བའམ་མ་བྱས་ཀྱང་མི་འགལ་ལ། གསོལ་བ་གདབ་ཅིང་སེམས་བསྐྱེད་པ་ནི་ལག་ཏུ་མེ་ཏོག་ཐོགས་ཏེ། སྟོད་པ་སངས་རྒྱས་ཀྱི་ཡོན་ཏན་དྲན་བའི་སྒོ་ནས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོངས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་དག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདིར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲ ན་པ་ཉེ་བར་གཞག་པ་གསུམ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ། དེའི་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིིམས་ལ་སོགས་པའི་ཕུང་བོ་ལྔ་དང་ཡང་དག་པར་ལྡན་པ། ཆོ་འཕྲུལ་གསུམ་དང་། ཏིང་ངེ་འཛིན་གསུམ་དང་། བསླབ་པ་གསུམ་དང་། ཚངས་པའི་གནས་པ་བཞི་དང་། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པ། དེའི་ཡང་དག་པ་ཕྱིན་ཅི་མ་ལོགས་པའི་ཡེ་ཤེས་དང་། ཤེས་བྱའི་ཡུལ་ཐམས་ཅད་བརྙེས་པས་ཉོན་མོངས་པ་ལ་སོགས་པ་རྣམས་མ་ལུས་པར་སྤངས་པ་དང་། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོ གས་ཡང་དག་པར་བསགས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང་། དཔེ་བྱད་བཟང་པོ་བརྒྱད་བཅུས་རྣམ་པར་མཛེས་པ་དང་། སྐྱེས་བུ་ཆེན་པོའི་སྐུ་ལྟ་བས་ཆོག་མི་ཤེས་པ་དང་། མཐོང་ན་མི་འཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་བ་མཐར་ཐུག་པ། འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང་། མཐར་རབ་ཏུ་གནས་བྱའི་རྟེན་ལ། མེ་ཏོག་འཐོར། སྤོས་གྱིས་བདུག །རོལ་མོ་དབུལ་ཞིང་། ༀ་ན་མོ་བྷ་ག་ཝ་ཏེ། ཤཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏ་ཡ་ཨར་ཧ་ཏེ། སཾ་མྱ་ག་སཾ་བུད་དྷཱ་ཡ། ཏ་དྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ་དང་། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ་སོགས་རབ་ཏུ་གནས་བྱའི་ལྷ་གང་ཡིན་གྱི་སྙིང་བོ་ཉེ་སྙིང་སོགས་ཀྱི་སྔགས་དང་། ༀ་བཛྲ་སཏྭ་ཧཱུཾ་དང་ༀ་ཨཱཿཧཱུྃ་ཞེས་བརྗོད་དོ། །ཅུང་ཟད་སྦྲོ་ན་རབ་ཏུ་གནས་པར་བགྱིའོ་ཞེས་པའི་ཚིག་མཚམས་རྣམས་སུ་སྔགས་བརྗོད་ཅིང་མེ་ཏོག་འདོར་ཞིང་། ལན་གསུམ་མམ་གཅིག་གིས་ཀྱང་ཆོག དེ་ནས་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། འདི་སྐད་ཅེས། །ངོ་མཚར་ཆེན་པོ་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་བས། དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་འཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་སྐྱེ་བའི་ལྗོན་ཤིང་རྩ ད་ནས་བཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་། ཕྱི་རོལ་བ་དག་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་བསྐམ་པར་བགྱིའོ། །ཆོས་ཀྱི་སྒྲོོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་དེས་ས་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་ཆེར་བསྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིག་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩོལ་ཞིང་གནང་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་མེ་ཏོག་གཏོར་རོ། །དེ་ནས་རྟེན་བསྐྱེད་པ་ནི། ༀ་ཁཌྒ་དྷྲིཀ་ཧཱུཾ་ཕཊ། ཞེས་བརྗོད་ཅིང་ལས་བུམ་གྱི་ཆུ་རྟེན་ལ་གཏོར་ཏེ་བསངས་ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་བའི་ངང་ལས་སྐུ་གཟུགས་རྣམས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཧཱུཾ་ལས་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞེས་པ་ནས་ཀློང་དཀྱིལ་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་ནས་ཡབ་ལ་འཁྱུད་པ། གསང་འདུས་ཀྱི་སྒོ་ནས་ཡིན་ན་ཞེ་སྡང་རྡོ་རྗེ་འམ་རྡོ་རྗེ་འཆང་ཡུམ་བཅས་སུ་བསྐྱེད་ཀྱང་རུང་། གསུང་རབ་ཀྱི་པོ་ཏི་དང་གཟུངས་རྣམས་པད་ཉིའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལ ས་འོད་དཔག་མེད་དམར་བོ་པདྨ་དང་དྲིལ་བུ་འཛིན་པ་རང་འདྲའི་ཡུམ་གོས་དཀར་མོས་འཁྱུད་པ། ཡང་ན་འདོད་ཆགས་གཤིན་རྗེ་གཤེད་དུ་བསྐྱེད། མཆོད་རྟེན་དང་གཙུག་ལག་ཁང་སོགས་པད་ཟླའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་བོ་འཁོར་ལོ་དང་དྲིལ་བུ་འཛིན་པ་རང་འདྲའི་ཡུམ་སྤྱན་མ་ལ་འཁྱུད་པ། ཡང་ན་གཏི་མུག་གཤིན་རྗེ་གཤེད་དུ་བསྐྱེད། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་དེ་དག་གཟུགས་བརྙན་དུ་ཤར་བའི་གསུང་རབ་ཀྱི་ཡིག་འབྲུ་དང་། མཆོད་རྟེན་དང་གཙུག་ལག་ཁང་དང་ཁང་བཟང་དང་སྐུ་གཟུགས་སོ་སོར་གྱུར། པའམ་གང་རུང་ཡིན་པ་དེ་བརྗོད། ལང་ན་ཐུན་མོང་དུ། རྟེན་རྣམས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཞེས་པ་ནས། ཡབ་ལ་འཁྱུད་པའི་བར་དང་། དེ་རྣམས་ཡོངས་སུ་གྱུར་པ་ལས་ཞེས་པ་མན་གཞུང་དུ་ཡོད་པས་བརྗོད་ན་ལེགས་ཤིང་། གཟུགས་བསྒྱུར་དུ་དོགས་ན་བཞག་ཆོག །རྟེན་ན་བཟའ་སེར་པོས་གཡོག་ཅིང་མེ་ཏོག་དང་ལྡན་པར་བྱའོ། །ༀ་ཏིཥྛ་བཛྲེ་ཧོཿༀ་སྥ་ར་ཎ་བཛྲ་ཧོཿཞེས་བརྗོད། གདན་ལ་རྟེན་བཞག་ཆུ་བཞི་དབུལ་པ་ནི། རྟེན་རྣམས་ཁྲུས་དཀྱིལ་གྱི་སྟེང་དུ་དངོས་སུ་བཞག་པའམ། བཞུགས་པར་མོས་ལ། རབ་ཏུ་གནས་བྱའི་རྟེན་རྣམས་ཁྲུས་དཀྱིལ་གྱི་སྟེང་དུ་འཁོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛེ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ཨརྒྷཾ་གྱི་གནས་སུ་པཱ་དྱཾ། ཨཉྩ་མ་ཎཾ། པྲོཀྵ་ཎཾ་སྦྱར་ཏེ་ཆུ་བཞི་དབུལ། དེ་ནས་སྦྱང་བའི་རིམ་པ་ནི། སྡོམ་ནི། གཏོར་མ་ཡུངས་ཆུ་ཁམས་པོར་ལྕི། །ཟན་ཆངས་རས་ཀྱིས་བྱ་བས་ནས་ནི། །ཉེ་རེག་མཆོད་བདུག་སྦྱང་བའོ། །ཞེས་པ་ལྟར་ལས། ཐོག་མར་ཁྲོ་བོ་སྤྱན་དྲང་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཧཱུཾ་ཡེ་ཤེས་བསྐལ་བའི་མེ་ལྟར་འབར་བའི་འོད། །ཞེས་པ་ནས། འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། ཁྲོ་བོའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་པར་གྱུར། ༀ་བཛྲེ་མཧཱ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་བཞིན་དུ་སྦྱར་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་ཀྱང་འབུལ། ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་དང་ཉིད་ལས། ཞེས་པ་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །གཏོར་མ་རྣམས་ༀ་ཁཌྒ་དྷྲིཀ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་སོགས་གཞན་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། །རབ་ཏུ་གནས་པ་ལ་བར་དུ་གཙོའི་བགེགས་རྣམས་བཀུག་པར་གྱུར། ༀ་སརྦ་བི གྷྣན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྣ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཡས་སུ་བསྐོར་ཞིང་བསྔོས་ལ་ཞི་བས་སྦྱང་། ཏིང་ལོ་ཆང་བུ་མཐེའ་ཀྱུ་དང་བཅས་པ་ཕྱིར་བསྐོར་ཞིང་། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྣ་གྲྀཧྣ་ཧཱུཾ། གྲྀཧྣཱ་པ་ཡ་གྲྀཧྣཱ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་ཝན་བིདྷཱ་རཱ་ཛ་ཧཱུཾ་ཕཊ། ཞེས་ལན་གསུམ་སྟེ་ཞི་དྲག་ཕྱེད་མས་སྦྱང་། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། ཞེས་པ་ནས། བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་དགེ་འདུན་གྱི་བདེན་པ་དང་། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། སྙིང་བོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ཀྱིས་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། བདེན་པའི་བྱིན་གྱིས་བརླབས་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་ཞི་བའི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་རྣམ་པ་བརྒྱར་འགས་པར་འགྱུར་རོ། །ཧྲཱིཿཥྚཱི་དང་། སུམྦྷ་ནི་དྲག་ཏུ་བརྗོད་དེ་གཏོར་མ་རྣམས་རྟེན་ལ་ཕྱིར་བསྐོར་ནས་ཕྱི་རོལ་དུ འདོག །གུ་གུལ་གྱི་བདུགས། ཡུངས་ཀར་གྱིས་བྲབ། རོལ་མོའི་ཚམ་རྔམ་སོགས་ཀྱིས་སྦྱང་བ་ནི་དྲག་པོའི་སྦྱང་བའོ། །དེ་ནས་ཡུངས་ཀར་དང་ཆུ་དང་། ཁམ་ལོར་དཀར་པོ་དང་། དུར་བའི་མྱུ་གུ་དང་བཅས་པའི་བ་གཅིའི་ཆང་བུ་དང་། ཟན་ཆང་དང་། སེང་རས་རྣམས་ལ་ཧཱུཾ་ལན་བདུན་བཟླས་ལ། ཐོག་མར་ཡུངས་ཀར་ལག་པ་གཡས་གཡོན་གྱི་ཁུ་ཚུར་ཀྱིས་བཟུང་ནས་ལན་གཉིས་གཡོན་དུ་བསྐོར་ཅིང་། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ནང་དང་། དེ་བཞིན་དུ་གཡས་སུ་སྐོར་ནས་ཀྱང་དོར་རོ། དེ་བཞིན་དུ་ཆུ་ནས་སེང་རས་ཀྱི་བར་རྣམས་གཡོན་དང་གཡས་སུ་སྐོར་ནས་བྱ་བས་ཏེ་དོར་རོ། །འོན་ཀྱང་ཁམ་ཕོར་མན་ཆད་མེར་མི་དོར་ཞིང་ཁམ་ཕོར་ནས་སེང་རས་ཀྱི་བར་དྲུག་པོ་རྣམས་རེ་རེ་ཡང་བཞི་བཞི་ཚང་བར་བྱའོ། །དེ་ནས་ལག་པ་གཡོན་པར་ཆུ་གཙང་བཟུང་། གཡས་པའི་གུང་མོ་དང་སྲིན་ལག་གི་ཆུ་བླངས་ཏེ་རྟེན་དངོས་སམ་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཁ་རྣ་བ་མིག་སྣ་ཁ་ལག་ལྟེ་བ་མགོ་རྣམས་སུ་ཉེ་རེག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོའི་སྔགས་བརྗོད་ཅིང་ཞེས་གསུང་ལ་ཏེ། དེ་ཡང་། ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། རྟེན་རྣམས་ཀྱི་ཐུགས་ཀར་དྲི། དེ་བཞིན་དུ་རེ་རེ་ལ་སྦྱར་ཏེ་དབུ་ལ་མེ་ཏོག །མདུན་དུ་མཆོད་ཡོན། མར་མེ་སྐོར་བཞིན་པ་དང་། ༀ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞེས་པ་དང་། ཧཱུཾ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ། །དེ་རྣམས་ནི་སྦྱང་བའི་རིམ་པའོ། །གསུམ་པ་ཁྲུས་ཀྱི་རིམ་པ་ལ་སྡོམ་ནི། སྙན་གསན་བདུད་༡ རྩི་བ་བྱུང་༢ ཆུ༣། །ཤིང་ཤུན་༤ འབྲུ་མར་༥ཀྱུ་རུ་ར༦། །ཡུང་༧བ་དྲི་ལྔའི་ཕྱེ་མེ་རྣམས། །དུར་སྔོན་པིར་གྱིས་བྱུགས་ནས་སུ། །ལྷ་རྣམས་སྦྱན་དྲངས་བཀྲ་ཤིས་གླུ། །སྔོན་བྱས་ལྷ་ཡི་བུམ་པའི་ཆུས། །བཀྲུ་དབྱི་དྲི་དང་གོས་རྒྱན་ཁྲུས། །ཞེས་པ་ལྟར་ལས། ཐོག་མར་སྙན་གསན་ནི། ཁྲུས་བུམ་ལག་ཏུ་ཐོགས། ཐམས་ཅད་འགྲེང་སྟེ་བྱ་བའམ་འདུག་ཀྱང་རུང་སྟེ་མགྲིན་གཅིག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་༴ །ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་ཅན་གྱི། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས༴ །བསྐལ་བའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མི་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་པ། །བདག་གིས༴ །མཆོག་ཏུ་ཚིམ་ཞིང་སྐལ་བ་བཟང་། །དམ་པའི་འདུད་རྩིས་མཛེས་ཆ་བྱེད་། །དཔལ་ལྡན་བླ་མའི་སྐུ་འདི་ལ། །བདག་གིས༴ །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ཞི། །སྙིང་རྗེ་ཡིས་ནི་དེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པའི། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས༴ །སངས་རྒྱས་གཟུགས་བརྙན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཞེས་དབྱངས་དང་བཅས་པས་ཅི་ལྟར་རིགས་པར་བརྗོད། དེ་ན་ཞ་ོའོ་མ་མར་སྦྲང་རྩི་ཀ་ར་ཏེ་བདུད་རྩི་ལྔ། བ་སེར་མོའི་འོ་མ་ཞོ་མར་དག་གཅི་བ་ཆུ་སྟེ་བ་བྱུང་ལྔ། དྲི་བཟང་བོའི་ཆུ། །ནྱ་གྲོཎྟ་ཨུ་དུ མ་ཝ་ར་ལ་ཤི་བི་པ་ལ་གྷ་ན་དྷ་མུ་དྲ་སྟེ་འོ་མ་ཅན་གྱིས་ཤིང་ལྔ་ཞེས་བཤད་ཀྱང་མ་རྙེད་ན་འོམ་བུ་སོགས་འོ་མ་ཅན་ཤིང་ཇི་ལྟར་རིགས་པའི་ཕྱེ་མ་དང་། དྲི་ཞིམ་པོའི་འབྲུ་མར་དང་། སྐྱུ་རུ་རའི་ཕྱེ་མ་དང་། ཡུང་བའི་ཕྱེ་མ་དང་། ཙནྡ་དཀར་དམར་གུར་གུ མ་ཨ་ཀ་རུ་སྲན་ཐིག་སྟེ་ལྔའམ། གུར་གུམ་ཨ་ཀ་རུ་གླ་རྩི་ག་བུར་ཙནྡན་སྟེ་ལྔའི་ཕྱེ་མ་རྣམས་འཁར་བའི་སྣོད་དུ་སྦྱར་བ་ལ། ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་དང་། ཧཱུཾ་ལན་བདུན་བཟླས་ལ། དུད་པའི་ཆུན་པོའི་པིར་གྱིས་བླངས་ཏེ། ཐོག་མར་བདུད་རྩི་དང་བ་བྱུང་གཉིས་ལ། ཚིགས་བཅད་མི་འདྲ་བ་ཡོད་ཀྱང་འདོན་བདེ་ཆེད། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང་། །སྨེ་བའི་རྟོག་པ་མི་མངའ་ཡང་། །སྲིད་ཞུའི་ཚུལ་ཀྱིས་དག་བྱེད་འདིས། །བདེ་གཤེགས་རྣམས་ལ་བྱུག་པར་བགྱི། །ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་སྐུ་གཟུགས་དངོས་སམ། མེ་ལོང་དུ་གཟུགས་བརྙན་ཤར་པ་ལ་རེ་རེ་འམ་གསུམ་གསུམ་བྱུག་ཅིང་བསྡུ་ན་ཀུན་ལ་ཚིགས་བཅད་འདི་ཙ མ་བྱ། དྲི་བཟང་གི་ཆུ་ལ། རྒྱལ་བ་རྣམས་ནི་ནས། ཚུལ་གྱིས་དྲི་ཆབ་འདིས། །བདེ་གཤེགས་རྣམས་ལ་ཁྲུས་བགྱིའོ། །ༀ་ཧཱུཾ་སོགས་དང་། རྫས་གཞན་ལ། རྒྱལ་བ་རྣམས་ནི་ནས། ཚུལ་གྱིས་ཕྱེ་མ་འདིས། བདེ་གཤེགས་སྐུ་ནི་དྲིལ་ཞིང་དབྱི། །ༀ་ཧཱུཾ་སོགས་སྔར་ལྟར་བྱའོ། །འོན་ཀྱང་འབྲུ་མར་ལ་སྒོས་སུ་བྱེད་ན། རྒྱལ་བ་རྣམས་ནི་ནས། ཚུལ་དུ་འབྲུ་མར་འདིས། །བདེ་གཤེགས་བྱུག་པའི་རིམ་གྲོ་བགྱི། །ༀ་ཧཱུཾ་སོགས་ཏེ། འདི་མཇུག་ཏུ་བྱས་ན་ལེགས་སོ། །དེ་ནས་ལྷ་རྣམས་སྤྱན་དྲང་པ་ནི། རང གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ་ཁྲོ་བོ་དག་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་དཀར་བོས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་འཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། །བཀྲ་ཤིས་ཀྱི་གླུ་ནི། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་བསྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བྱེད་ཅིང་། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡིས་ནི། །བཀྲ་ཤིས་དེས༴ །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང་། །རྨོངས་པས་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྤྱོད་མཛད་པ། །བཀྲ་ཤིས༴ །བཀྲ་ཤིས་གང་ཞིག་མ་ལུས་རི་ནི་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་ཡོངས་སུ་གྲོལ་བར་རབ་བརྩོན་ཞིང་། །ཁེངས་པས་ཟིལ་གནོན་འགྲོ་བ་ཡོངས་སུ་སྤྱོད་མཛད་པ། །བཀྲ་ཤིས༴ །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམས་པ་བོ། །ཆགས་པས་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས༴ །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང་། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་སྔོན་དུ་བཏང་། དེ་ནས་དབུས་སུ་ༀ་དང་ཕྱོགས་བཞིར་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿབཞི་བཀོད་པའི་ཁྲུས་རས་དང་བཅས་ཏེ་ཁྲུས་བྱ་བ་ནི། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ༀ་ཨཱཿབཛྲ་སཏྭ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་། མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ། སྔགས་གཉིས་འོག་མ་རྣམས་ལའང་འགྲེའོ། །རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། ཞེས་སོགས་ཚིགས་བཅད་ཅི་རིགས་དང་། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །ཞེས་སོགས་ཀྱིས་ཁྲུས་གསོལ་ཞིང་རོལ་མོའི་སྒྲ་ཡང་བྱའོ། །དེ་ནས་ཁྱོད་ནི་སྦྱིན་པའི་རང་བཞིན་ཆུས། །སེར་སྣའི་དྲི་མ་སྤྱོད་མཛད་ཅིང་། གཏོང་བ་དྲི་ཡིས་ལེགས་བགོས་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་བདུད། ཁྱོད་ཚུལ་ཁྲིམས༴ ཁྲིམས་འཆལ་དྲི་མ༴ །ཚུལ་ཁྲིམས་དྲི་ཡིས༴ ཁྲུས༴ ཁྱོད་ནི་བཟོད་པའི༴ །ཞེས་སྡང་དྲི་མ༴ །བྱམས་པ་དྲི༴ ཁྲུས༴ ཁྱོད་ནི་བརྩོན་འགྲུས༴ །ལེ་ལོའི་དྲི༴ །བརྩོན་འགྲུས་དྲི༴ ཁྲུས༴ ཁྱོད་ནི་བསམ་གཏན༴ །རྣམ་གཡེང་༴ །ཏིང་འཛིན་དྲི༴ ཁྲུས༴ ཁྱོད་ནི་ཤེས་རབ༴ །ཤེས་འཆལ༴ །ཡེ་ཤེས༴ ཁྲུས༴ །ཆུ་བོ་དྲུག་གིས་ཁྲུས་བྱས་ཤིང་། །དྲི་མ་རྣམ་དྲུག་སྤྱོད་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །གང་ལ་ཉེས་པ་མི་མངའ་ཞིང་། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་དེ་ལ་ཐར་དོན་དུ། །དད་པས་བདག་གིས་ཁྲུས་གསོལ་ལོ། །ཞེས་ཁྲུས་བྱ། དེ་ནས་སྐུ་མཆོག་རྣམ་དག་བལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲིད་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བའི། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག ། ཞེས་བརྗོད། སྐུ་དབྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་དབྱིའོ། །ༀ་ཧཱུཾ་ཏྲཾ་ཧྲཱིཿༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོདྷ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། ཁྲུས་རས་ཀྱིས་དབྱིའོ། །བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲིད་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ཅེས་བྱའོ། །དེ་ནས་སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་བར་བགྱི། །ༀ་བཛྲ་གྷནྡྷེ་སྭཱ་ཧཱ། ཞེས་བརྗོད་ཅིང་། དྲི་བཟང་བོས་བྱུག་གོ །དེ་ནས་ན་བཟའ་དང་རྒྱན་འབུལ་བ་ནི། །སྣ་ཚོགས་དབང་བོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱི ས་བརྒྱན་པར་ཤོག །ༀ་བཛྲ་ཝ་སྟྲ་ཡེ་ཨཱཿཧཱུཾ་སྭཱཧཱ། ཞེས་ན་བཟའ་དང་། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཞིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེ་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། བླ་མེད་ཐེག་པ་མཆོག་ལ་སྤྱོད་པར་ཤོག །ༀ་བཛྲ་ཨ་ལངྐ་ར་ཝ་པུཥ་ཎེ་སྭཱ་ཧཱ། ཞེས་རྒྱན་དབུལ་ལོ། །གཉིས་པ་དངོས་གཞི་ལ་སྡོམ་ནི། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་གདབ་དམ་ཚིག་པ་ལ་གཞུག །དབང་ལྷ་སྤྱན་དྲངས་མཆོད་ནས་ནི། །དབང་བསྐུར་རིགས་བདག་གིས་རྒྱས་བདབ། །མཆོད་བསྟོད་གོས་རྒྱན་མེ་ལོང་བསྟན། །སྦྱིན་སྲེག་དབུལ་ཞིང་སྤྱན་དབྱེ་སོགས། །ཞབས་བསིལ་མཆོད་ཡོན་སོ་རྩི་དབུལ། །དམ་བསྒྲགས་ནས་ནི་གཟུགས་བསྒྱུར་བྱ། །ཞེས་པ་ལྟར་ལས། དང་བོ་མིག་དང་སྐུ་སོགས་བྱིན་གྱིས་བརླབ་པ་ནི། ལྷ་རྣམས་ཀྱི་སྤྱི་བོར་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་བོ། །མགྲིན་པར་ཨཱཿལས་བྱུང་བའི་པདྨ་དམར་བོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿདམར་བོ། ཐུགས་ཀར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་བའི་ལྟེ་བར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཅེས་ཙམ་འམ། རྒྱས་པར་བྱེད་ན། དཀྱིལ་འཁོར་གང་གི་དབང་དུ་བྱས་པའི་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྒྲུབ་ཐབས་སོ་སོའི་གཞུང་ལྟར་བྱའོ། །སྔར་རྟེན་རྙིང་བ་ལ་ཨར་ཆོག་བྱས་པ་ཡིན་ན། སྐབས་འདིར་དར་བསལ་ནས་ཆུ་གཉིས་ཉེར་སྤྱོད་ལྔས་མཆོད་དེ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྟེན་རྙིང་བའི་དམ་ཚིག་པ་དང་ཡེ་ཤེས་པ་རྣམས་རྟེན་གསར་བའི་དམ་ཚིག་པ་སོ་སོའི་སྟེང་དུ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿརྟེན་སོ་སོ་དང་གཉིས་སུ་མེད་པར་གྱུར་ཅེས་བརྗོད་དོ། །དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །ཞེས་པ་ནས་ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་པའི་བར་དང་དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རབ་ཏུ་གནས་བྱའི་རྟེན་རྣམས་ཀྱི་ཡེ་ཤེས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། །བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་བཞིན་གནང་བར་མཛོད། །ༀ་བཛྲ་ག་ག་ན་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཇི་ལྟར་བལྟམས་པ་ཞེས་སོགས་ཚིགས་བཅད་གཅིག་སྔགས་དང་བཅས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཙནྡྲ་ཨཱ་ས་ནི་ཏིཥྛནྟུ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེད་ནས་ནི། །བདག་ཀྱང་བློ་དང་ལྡན་པར་མཛོད། ཅེས་གསོལ་ནས། མཆོད་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་མཆོད་ཡོན་དང་། དེ་བཞིན་དུ་ཞབ་བསིལ་ནས་རོལ་མོའི་བར་གྱིས་མཆོད། གསོལ་བ་གདབ་པ་ནི། རང་གི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར། རྡོ་རྗེ་སྤོས་དང་བཅས་པ་འཛིན་ཅིང་དྲིལ་བུ་དཀྲོལ་ཞིང་། ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང་། ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །ད་ལྟར་རབ་གནས་བགྱིད་པར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །བདག་ནི་མི་བསྐྱོད་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱིས། །ད་ལྟ་ཡང་དག་བགྱིད་པར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱིས་རབ་གནས་ལ། །བྱིན་གྱིས་རློབ་པར་མཛད་པར་འོས། ཞེས་ལན་གསུམ་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་སྦྱིན་པར་གྱུར། ཕྱག་རྒྱ་དང་བཅས་ཏེ། ཛཿཧཱུཾ་བཾ་ཧོཿཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། །དེ་ནས་དབང་བསྐུར་རྒྱས་གདབ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཞེས་པ་ནས་ཤཔྟ་པཱུ་ཛ་མ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤཱི་ཨཱཿཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་སྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པ་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་ཕྱོགས་སུ་འཛིན་གླུ་གར་མཛད་ཅིང་རོལ་མོ་བརྡུང་། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་བོ་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱི་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་འཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། །ཇི་ལྟར་བལྟམས་བ་ཙམ་གྱིས་ནི། །ཞེས་སོགས་སྡེགས་དང་བཅས་པ་བརྗོད་ལ། ཞེས་གསུང་ཞིང་དབང་བསྐུར་བ་ལ། ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག ། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས་མི་བསྐྱོད་པ་ལ་སོགས་པ་རིགས་བདག་སོ་སོས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ནི་ཆུ་བཞི་དང་བཅས་པའི་མཆོད་པ་བྱིན་གྱིས་བརླབ་པ་ལ། རྒྱལ་བ་རྣམས་ཀྱིས་སམ། དག་ཅིང་དྲི་མེད་ཞེས་སོགས་ཀྱིས་ཆུ་བཞི་དང་། རྒྱལ་བ་རྣམས་ནི་ཡོན་ཏན་མཆོད་གི་ཞེས་སོགས་སམ། ལྷ་ཡི་མེ་ཏོག་ཞེས་སོགས་ཉེར་སྐྱོད་ལྔ་རོལ་མོ་དང་བཅས་པ་སོ་སོའི་སྔགས་ཕྱག་རྒྱ་དང་བཅས་པས་དབུལ། །དེ་ནས་བསྟོད་པ་ནི་རྟེན་གཙོ་བོ་གཅིག་པུ་ཡིན་ན། འཇམ་དཔལ་གསེར་མདོག་མའམ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། ཞེས་སོགས་ཤོ་ལོ་ཀ་གཉིས་ཙམ་གྱིས་བསྟོད་ཅིང་། འདོད་ཆགས་གཤིན་རྗེ་གཤེད་དང་གཏི་མུག་གཤིན་རྗེ་གཤེད་དུ་བསྐྱེད་ན་དེ་གཉིས་ཀྱིས་བསྟོད་པ་ཡང་བྱ། ཡང་ན་ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། ཅེས་པའི་བར་ཡང་རུང་། གསང་འདུས་ལས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཚིགས་བཅད་གཅིག་གམ་ལྔས་བསྟོད། དེ་ནས་གོས་ཟུང་འཕྱར་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །ཞེས་པ་ནས། ༀ་བཛྲ་ཝ་སྟ་ཡེ་ཨཱཿཧཱུཾ་སྭཱཧཱ། ཞེས་ན་བཟའ་དང་། དེ་ནས་རྒྱན་ཡོད་ན་བཏེགས་ཏེ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཞིང་། རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་རྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ༀ་བཛྲ་ཨ་ལངྐ་ར་ཝ་བུ་ཥ་ནི་ཨཱཿཧཱུཾ་སྭཱཧཱ། མེ་ལོང་བསྟན་པ་ནི། མེ་ལོང་རྟེན་ངོས་སུ་འཕྱར་ཏེ། ཨ་ལས་སྐྱེས་པའི་མེ་ལོང་། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལ ས་ལས་ཡང་དག་འབྱུང་། །ༀ་བཛྲ་སཏྭ་ཨཿཞེས་བསྟན། དེ་ནས་གྲུབ་རྒྱས་པའི་སྦྱིན་སྲེག་ཆོགས་རབ་ཏུ་གནས་བྱའི་ལྷ་རྣམས་ཐབ་ཏུ་སྦྱན་དྲངས་པ་ལ་བསྲེག་བླུག་བརྒྱ་རྩ་སོགས་དབུལ། །སྤྱན་དབྱེ་བ་ནི། དངུལ་གྱི་གོང་བུར་བཞག་པའི་མར་དང་སྦྲར་རྩི་སོགས་མིག་སྨན་གསེར་གྱི་ཐུར་མས་བླངས་ཏེ་རྟེན་གྱི་སྦྱན་ལ་བྱུག་པའི་ཚུལ་བྱས་ནས། ཇི་ལྟར་མིག་མཁན་རྒྱལ་བོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཞི་བ་ལ་སོགས་པའི་ལས་རྣམས་སྒྲུབ་པའི་དོན་དུ་སྦྱིན་བདག་ལ་སོགས་པ་ལ་ཡེ་ཤེས་ཀྱི་གཟིགས་པ་ལྷུར་མཛད་པར་གྱུར། དེ་ནས་བསྒྲུབས་པའི་འོ་ཐུགས་སྣོད་བཟང་བོར་ལྷ་བཤོས་ཆེན་པོ་ཟས་སྣ་ཚོགས་དང་རྒྱན་གྱིས་བརྒྱན་པར་བཤམས་ལ། ནང་མཆོད་ལྟར་བསང་སྦྱང་བྱིན་གྱིས་བརླབས་ཏེ། བཏེག་ནས། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་བའི་ཟས་མཆོག་འདི། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བ དེ་བར་ནི་བཞེས་སུ་གསོལ། །ༀ་དི་བྱ་ཨ་ཀ་ནི་ས་མ་དྷིདྷྱ་ནི་པྲ་ཎ་ཡེ་སྭཱ་ཧཱ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་སྦྲེབས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོལ་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨོ་ལས་སྐྱེས་ཏེ། །ཏིང་འཛིན་ཟས་དང་ཆོས་ལ་སྤྱོད་པར་ཤོག །དེ་ནས་ཞལ་བསིལ་དང་མཆོད་ཡོན་སྔར་གྱི་སྔགས་ཀྱིས་དབུལ་ཞིང་། སོ་རྩི་ཡང་བཏེག་པ། ༀ་བཛྲ་ཏཾ་པུ་ལ་ཡེ་སྭཱ་ཧཱ། ཞེས་པས་དབུལ། དེ་ནས་གཟུགས་བསྒྱུར་ནི། ༀ་ཧཱུཾ་ཧྲཱཾཿཨཱཿཞེས་བརྗོད་ལ་དམ་ཚིག་བསྒྲགས་ལ། དེ་ནས་རྟེན་གང་དུ་བསྐྱེད་པའི་ལྷ་དེའི་སྔགས། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ལྟ་བུ་དང་། ༀ་ཨཱཿཧཱུཾ། ལན་གསུམ་རེ་བརྗོད་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་པའམ་རེག་པར་མོས་ཏེ། རྡོ་རྗེ་འཇིག་བྱེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་བྲིས་འབུར་གྱི་སྐུ་གཟུགས་སོ་སོ་དང་། རྣམ་སྣང་ངམ་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་གཙུག་ལག་ཁང་དང་མཆོད་རྟེན་སོགས་དང་། འོད་དཔག་མེད་དམ་འདོད་ཆགས་གཤིན་རྗེ་གཤེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་གསུང་རབ་དང་ཡིག་འབྲུ་སོ་སོའི་རྣམ་པར་གྱུར། ཐམས་ཅད་འཇིགས་བྱེད་དུ་བསྐྱེད་པ་ཡིན་ན། རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ཞུ་བ་ལས་རྟེན་སོ་སོའི་རྣམ་པར་གྱུར། ཅེས་བྱའོ། །གསུམ་པ་འཇུག་མངའ་དབུལ་སོགས་བྱ་བའི་ཚུལ་ལ་གསུམ། མཁར་དབུལ་ཇི་ལྟར་བྱ་བའི་ཚུལ། རབ་ཏུ་གནས་པའི་གཅོ་བོ་ཤིས་པ་བརྗོད་ཅིང་བརྟན་བཞུགས་བྱ་བའི་ཚུལ། ཡོན་བདག་དང་ཆོས་སྐྱོང་བསྒོ་བའི་ཚུལ་སོགས་སོ། །དང་པོ་ལ་སྤྱི་དང་བྱེ་བྲག་གི་མངའ་དབུལ་གཉིས་ལས། སྡོམ་ནི། ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་བདུན་དང་བཅུད། །གདུགས་སོགས་འབྲུ་དང་རིན་ཆེན་སྣ། །སྨན་དང་བཀྲ་ཤིས་སྤྱི་ཡིའོ། །ཞེས་པའི་རིམ་པ་ལྟར་ལས། མཆོད་བསྟོད་ནི། མཆོད་པ་བྱིན་གྱིས་བརླབ་ལ། རྒྱལ་བ་རྒྱ་མཚོ་སོགས་སམ་རབ་འབྱམས་རྒྱ་མཚོ་ལམ། རྒྱལ་བ་རྣམས་ནི་གཙང་ཞེས་སོགས་ཀྱི་ཚིགས་བཅད་དང་། ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་འམ། ༀ་སརྦ་ཏ་ཐཱ་ག་ཏ་གུ་རུ་བུངྔྷ་བེ་ངྷི་སཏྭ་ས་པཱ་རི་ཝ་ར་ཨརྒྷཾ་ཞེས་པ་ནས་ཤཔྟའི་བར་དང་། རིན་ཆེན་དབང་གི་རྒྱལ་བོ་ཞེས་སོགས་སྔགས་དང་བཅས་པས་འདོད་ཡོན་སྣ་ལྔ་འབུལ། ༀ་སརྦ་ཞེས་པ་ནས། ས་པཱ་རི་ཝ་ར་ༀ་ཨཱཿཧཱུཾ་གིས་ནང་མཆོད་ཀྱང་ཕུལ། འཇམ་དཔལ་གསེར་མདོག་མའམ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཞེས་སོགས་དང་། གཞན་བླ་མ་སངས་རྒྱས་བྱང་སེམས་སོགས་རང་རང་གི་བསྟོད་པ་ཅི་རིགས་ཀྱིས་བསྟོད། གསང་འདུས་ལ། མི་བསྐྱོད་རྡོ་རྗེའམ། གང་ཞིག་གཟུགས་དང་ངམ། རྒྱལ་བའི་ལྷན་སྐྱེས་སོགས་ཀྱིས་བསྟོད། དེ་ནས་དཀྱིལ་འཁོར་ནི། གླིང་བཞི་རི་རབ་སོགས་ལ་མངའ་དབུལ་བྲིས་པའམ། མཎྜལ་ལ་ཚོམ་བུ་བགོད་པ་ལ་དམིགས་ཏེ། མཎྜལ་རྒྱས་པའམ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །ཞེས་སོགས་ཀྱིས་དབུལ། བཀྲ་ཤིས་རྟགས་བརྒྱད་དབུལ་བ་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །དཔལ་གྱི་བེའུ་གཡུ་དྲུང་འཁྱིལ། །དགེ་བའི་དོན་དུ་མངའ་བ་ལྟར། །བདག་གིས་དཔལ་བེའུ་དབུལ་བར་བགྱི། །ཇི་ལྟར༴ །གསེར་གྱི་འཁོར་ལོ་མུ་ཁྱུད་ཅན། །ཚངས་པ་ཆེན་པོའི་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱིས། །ཇི་ལྟར༴ །འདམ་གྱི་སྐྱོན་གྱིས་མ་གོས་པའི། །པདྨ་དཀར་བོ་ཕུལ་བ་ལྟར། །དེ་བཞིན་བདག་གིས༴ །ཇི་ལྟར༴ །ཉོན་མོངས་བདུད་ལས་རྒྱལ་བ་ཡི། །ཆོས་ཀྱི་རྒྱལ་མཚན་ཕུལ་བ་ལྟར། །དེ་བཞིན༴ །ཇི་ལྟར༴ །གདུགས་དཀར་གསེར་གྱི་ཡུ་བ་ཅན། །ཕུལ་བ་དེ་བཞིན་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར༴ །རེ་བ་ཐམས་ཅད་རྫོགས་མཛད་པའི། །བུམ་པ་བཟང་བོ་ཕུལ་བ་ལྟར། །དེ་བཞིན༴ །ཇི་ལྟར༴ །སྙན་པ་ཕྱོགས་བཅུར་སྒྲོག་པ་ཡི། །འབུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན༴ །ཇི་ལྟར༴ །ན་བཟའ་གསེར་གྱི་ཉ་རིས་ཅན། །ཕུལ་བ་དེ་བཞིན་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །ཞེས་སོགས་སྔགས་དང་བཅས་པས་ཁྲུས་གསོལ། གོས་རྒྱན་ནི། སྲབ་འཇམ་ཡང་བ་ལྷ་ཡི་གོས། །ཞེས་སོགས་དང་། རབ་བྱུང་གི་ཆ་བྱད་ཅན་ལ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨིག་རྒྱལ་མཚན་ཕུལ་བ་ཡི། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་བརྟུལ་ཤུགས་མཆོག་ལ་སྤྱོད་པར་ཤོག །ༀ་བཛྲ་ཝ་སྟ་ཡེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ན་བཟའ་དང་། རྒྱལ་བ་མཚན་དཔེའི་རང་བཞིན་ཞེས་སོགས་སྔགས་དང་བཅས་པས་རྒྱན་དབུལ། རྒྱལ་བ་ཟག་མེད་འབྱོར་ལ་མངའ་སྒྱུར་ཡང་། །འགྲོ་བའི་དོན་དུ་འདོད་ཡོན་སྣ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ༀ་བཛྲ་ས་མནྟ་བྷ་ཏྲ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་འདོད་ཡོན་སྣ་ལྔ་དང་། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་པ། །བཤམས་ཤིང་ཡིད་ཀྱི་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ༀ་མ་ཧཱ་སབྷ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། རྒྱས་པར་ན། འཛམ་བུ་ཆུ་བོའི་ཞེས་སོགས་སྔགས་དང་བཅས་པས་འབུལ། རྒྱལ་བ་མགོན་པོ་དཔལ་གྱི་ལྷ་མ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་མངའ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་བོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་བོ་མཆོག་ཐོབ་ཤོག །ༀ་པཉྩ་པཉྩ་ཐིམ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུཾ། ཞེས་བཅུད་ཉེར་ལྔ་འབུལ། གདུགས་སོགས་འབུལ་བ་ནི། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང་། །ཏིང་ངེ་འཛིན་བླ་རེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ༀ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། ཞེས་གདུགས་སོགས་དང་། བདེ་གཤེགས་རྣམས་ལ་འབྲུ་ཕུལ་བས། །བདག་དང་འགྲོ་བ་ཐམས་ཅད་ཀྱི། །ཟས་ཀྱི་འབྱོར་བ་ལྡན་པ་དང་། །བདེ་བའི་ལོ་ཐོག་རྒྱས་གྱུར་ཅིག །ཞེས་འབྲུ་སྣ་ཚོགས་དང་། རིན་ཆེན་སྣ་བདུན་ཕུལ་བ་ཡིས། །བདག་དང་འགྲོ་བ་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བ་དང་། །ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཅིག །ཞེས་རིན་ཆེན་སྣ་བདུན་དང་། བདེ་གཤེགས་རྣམས་ལ་སྨན་ཕུལ་བས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །ནད་ཀྱི་སྡུག་བསྔལ་བྱང་གྱུར་ནས། །ཐུགས་རྗེའི་སྨན་གྱིས་འདུལ་གྱུར་ཅིག །ཞེས་སྨན་སྣ་ཚོགས་འབུལ་ལོ། །དེ་ནས་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་སོགས་ཤོ་ལོ་ཀ་གཅིག་གི་བཀྲ་ཤིས་ཀྱི་མངའ་དབུལ་བྱའོ། །སྤྱིའི་མངའ་དབུལ་ནི་དེ་ཙམ་གྱིས་ཀྱང་རུང་ལ། བྱེ་བྲག་གི་མངའ་དབུལ་བྱེད་ན། སྤུ་གྲི་འདྲེག་སྤྱད་སོ་མང་དང་། །ཤངས་དབྱེ་ཚེམས་ཤིང་སྙན་ཤལ་དབྱེ། །ཞེས་པ་ལྟར་གསུམ་ལས་དང་པོ་སྐུ་གཟུགས་ལ། ཇི་ལྟར་རབ་བྱུང་མཆོད་རྟེན་དུ། །རྒྱལ་བས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བྱ། །རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་སྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འདྲེག་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ༀ་བཛྲ་ཀ་ཙ་མུ་ལ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་དབུ་སྐྲ་དང་ཞལ་སྤུ་འབྲེག་བའི་ཚུལ་བྱ། དེ་བཞིན་གཤེགས་པའི་དཔེ་བྱད་ལ། །སྐྱོན་གྱིས་དྲི་མས་མ་གོས་ཀྱང་། འཇིག་རྟེན་བསམ་པའི་རྗེས་འཇུག་ཕྱིར། །བདག་གིས་འདྲེག་སྤྱད་དབུལ་བར་བྱ། །ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དང་བས་ཕྱག་དང་ཞབས་རྣམས་ཀྱི། །སེན་མོའི་འདྲེག་སྤྱད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་བོ་ཐོབ་པར་ཤོག །ༀ་བཛྲ་ན་ག་ཚེ་ད་ཛ་ན་ཨཱཿཧཱུཾ་སྭཱཧཱ། །ཞེས་སེན་མོ་འཕྲེང་བའི་ཚུལ་བྱ། །ལོངས་སྐུའི་ཆ་བྱད་ཅན་ལ། རྒྱལ་བའི་དབུ་སྐྲ་ལྕང་ལོ་ལ། །དུག་གསུམ་དྲི་མས་མ་གོས་ཏེ། །བཀུར་སྟི་དུང་གི་སོ་མངས་ཀྱིས། །རྒྱལ་བའི་དབུ་སྐྲ་བཤད་པར་བྱ། །དབུ་སྐྲ་རིན་ཆེན་ལྕང་ལོ་མ་འཁྲུགས་ཤིང་། །མཛེས་ཤིང་ལྟ་བས་མི་ངོམས་སྐྱོན་བྲལ་ཡང་། །བདག་བློ་སྦྱང་ཕྱིར་རྐྱེན་དང་འཚམ་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ༀ་བཛྲ་པཱ་ཡ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་དབུ་སྐྲ་བཤད་པའི་ཚུལ་བྱ། ཟག་བཅས་ཕུང་བོའི་དྲི་སྤངས་པ། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྣམ་པར་དག་པའི་དྲི་སྐྱེད་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། །དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང་། །མོས་པས་འཛིན་སྤྱད་དམ་པ་ཕུལ་བ་ལས། །འགྲོ་བས་ཡེ་ཤེས་བླ་མེད་ཐོབ་པར་ཤོག །ༀ་བཛྲ་རོ་མ་དྷ་ར་ཨཱཿཧཱུཾ་སྭཱཧཱ། ཞེས་ཤངས་དབྱེ་བའི་ཚུལ་དང་། རྒྱལ་བའི་ཚེམས་དཀར་བཞི་བཅུ་ལ། །མི་གཙང་རྡུལ་གྱིས་མ་གོ ས་ཏེ། །བཀུར་སྟི་རིན་ཆེན་ལྗོན་ཤིང་གིས། །རྒྱལ་བའི་ཚེམས་ནི་དབྱི་བར་བྱ། །དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་སྒྱུར་ཡང་། །བདག་ཅག་དད་པས་ཚེམས་ཤིང་དབུལ་བར་བགྱི། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་པར་ཤོག །ༀ་བཛྲ་ད་ན་ཧ་ཤོདྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ཆེམས་དབྱི་པའི་ཚུལ་བྱ། འགྲོ་བ་ཆོས་ཀྱི་ཕོངས་པ་ལ། །རྒྱལ་བས་ཆོས་ཀྱི་དུང་བུས་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བྱ། །སྙན་སྲིང་མི་མངའ་ཀུན་དུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོས་དག་ན་ཡང་། །དག་བྱེད་འདི་ནི་བདག་གིས་འབུལ་ལགས་ཀྱི། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོབ་པ་ཤོག །ༀ་བཛྲ་ཀརྞ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱཧཱ། ཞེས་སྙན་དབྱེ་བའི་ཚུལ་བྱ། ཆོས་ཀྱི་རོ་ཡི་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་པ། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས། །དབུལ་ཕྱིར་རྒྱལ་བའི་ཞལ་དབྱེའོ། །འོད་སྟོང་ཟེར་གྱིས་ཕྱེ་བའི་པདྨ་དང་། །བིམ་པ་ལྟར་དམར་ཡིད་འོང་ཞལ་གྱི་སྒྲོས། །ལེགས་པར་ཕྱེ་བས་མཁའ་མཉམ་སེམས་ཅན་གྱིས། །ཐར་བའི་གྲོང་ཁྱེར་སྒོ་མཆོག་ཕྱེད་པར་ཤོག །ༀ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་ཞལ་དབྱེ་བའི་ཚུལ་བྱ། གཉིས་པ་གསུང་རབ་ཀྱི་མངའ་དབུལ་ལ། །ཁྲི་གོས་གླེགས་ཤིང་གླེགས་ཐག་གོ །ཞེས་པ་ལྟར། རིན་ཆེན་དུ་མས་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀང་བ་འདི། །རིན་ཆེན་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེ་གདན་ལ་འདུག་གྱུར་ཅིག །ༀ་བཛྲ་ཨ་ས་ན་ཨཱཿཧཱུཾ་སྭཱཧཱ། ཞེས་ཁྲི་དང་། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །ཞེས་སོགས་ཀྱིས་ན་བཟའ་དང་། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུར་རྟེན་འབྲེལ་བགབ་བྱ་བ། ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ༀ་བཛྲ་པྲ ཛྙཱ་ཨུ་པ་ཡ་ཨ་དྷྭ་ཡ་ཨཱཿཧཱུཾ་སྭཱཧཱ། ཞེས་གླེགས་ཤིང་དང་། སྤྲོས་པ་དུ་མར་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ༀ་བཛྲ་པུ་སྟ་ཀ་བྷནྡྷ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་གླེགས་བཾ་རྣམས་འབུལ་ལོ། །གསུམ་པ་མཆོད་རྟེན་གྱི་མངའ་དབུལ་ནི། །སྲོག་ཅིག་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་པ་གདན། ཞེས་པ་ལྟར། སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །སེམས་ཅན་ལྷག་བསམ་དག་པ་ཡིས། །ཀུན་བཟང་སྨོན་ལམ་འཇུག་པར་ཤོག །ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་སྲོག་ཤིང་དང་། ཁམས་གསུམ་སེམས་ཅན་མ་ལུས་པ། །སྟོབས་དང་མ་འདྲེས་ཆོས་དང་ནི། །དྲན་པ་ཉེར་བཞག་རྣམ་ཐར་བརྒྱད། །ཡེ་ཤེས་ལྔ་སོགས་ལྡན་པར་ཤོག །ༀ་པྲ་མརྡ་ན་ཡ་སྭཱ་ཧཱ། ཞེས་འཁོར་ལོ་དང་། སེམས་ཅན་རྣམས་ནི་མ་ལུས་པ། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །དར་གྱི་ལྷབ་ལྷུབ་ལ་སོགས་པས། །བྱང་ཆུབ་བར་དུ་མཆོད་པར་ཤོག །ༀ་པ་ཊཾ་ཀ་ལཾ་བ་ཡ་སྭཱཧཱ། ཅོད་པན་དང་། སེམས་ཅན་རྣམས་ནི་མ་ལུས་པ། །ཕྱོགས་བཅུར་སྙན་པའི་བ་དན་གྱིས། །འཚེ་བ་མེད་ཅིང་ཆོས་ལྡན་པའི། །གྲགས་པས་རྒྱས་པར་འགྲེངས་པར་ཤོག །ༀ་པ་ཏཾ་ཀེ་སྭཱ་ཧཱ། འཕན་དང་། འཁོར་བ་མ་སྟོང་བར་དུ་ནི། །བདུད་བཞི་དག་ལས་རབ་རྒྱལ་ནས། །སྟོན་པའི་བསྟན་པ་ཟབ་མོ་དག །མི་ནུབ་རྒྱལ་མཚན་འཇིག་པར་ཤོག །ༀ་ཀུམྦྷི་ར་དྷྭ་ཙྪ་ཡ་སྭཱ་ཧཱ། རྒྱལ་མཚན་དང་། ཁམས་གསུམ་སེམས་ཅན་མ་ལུས་པ། ཉོན་མོངས་ཚད་པས་གདུངས་པ་ལ། །ཐུགས་རྗེའི་བྱང་ཆུབ་སེམས་ཀྱི་གདུགས། །ཕུལ་བས་བདེ་བས་ཚིམ་པར་ཞོག །ༀ་པྲ་ཧྨ་ཎ་ཡི་སྭཱ་ཧཱ། གཏུགས་དང་། འཁོར་བའི་སེམས་ཅན་མ་ལུས་ཀུན། །མཚན་དང་དཔེ་བྱད་རྫོགས་ཐོབ་ནས། །ལྟ་བས་མི་ངོམས་གཟུགས་ཀྱིས་ནི། །སེམས་ཅན་དོན་རྣམས་རྫོགས་བྱེད་ཤོག །ༀ་རཏྣ་མ་ལེ་ཏྲཾ་སྭཱ་ཧཱ། མེ་ཏོག་གི་ཕྲེང་བ་དང་། སེམས་ཅན་མ་ལུས་སངས་རྒྱས་ཏེ། །སྟོབས་བཅུ་ལྡན་པ་གླང་བོའི་གདན། །མི་འཇིགས་སེང་གེའི་གདན་དང་ལྡན། །རྫུ་འཕྲུལ་རྐང་བ་རྟ་ཡི་གདན། །དབང་བཅུ་ཐོབ་པ་རྨ་བྱའི་གདན། །ཐོགས་མེད་ཤུགས་ལྡན་མཁའ་ལྡིང་གདན། །འདོད་དགུ་འབྱུང་བ་རིན་ཆེན་གདན། །སྐྱོན་གྱིས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླའི་གདན། །གདན་རྣམས་མྱུར་དུ་ཐོབ་པར་ཤོག །ༀ་བུ་ཎྱ་དྷ་རི་ཛ་ཡ་སྭཱ་ཧཱ། ཞེས་གདན་དབུལ་དེ་དག་ནི་མངའ་དབུལ་ཏེ། རྟེན་ཇི་ལྟར་ཡིན་པ་སྐབས་དང་སྦྱོར། གཉིས་པ་མཇུག་ཏུ་ཤིས་པ་བརྗོད་ཅིང་བརྟན་བཞུགས་བྱ་བ་སོགས་ལ། ཤིས་བརྗོད་བསྟན་བཞུགས་བསྟོད་དང་སྦྱར། བཟོད་གསོལ་ཆོས་སྐྱོངས་ཡོན་བདག་བསྒོ། །ཡོན་དབུལ་ཞེས་པ་ལྟར། ཤིས་བརྗོད་ནི། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་ལག་ཏུ་ཐོགས་ནས་རོལ་མོའི་སྒྲ་དང་བཅས་པས། འཆི་མེད་ལམ་ཀུན་མ་འམ། ཆེ་བའི་ཆེས་མཆོག་སོགས་སམ། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་འདྲ། ཞེས་སོགས་ཀྱི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ནས་བརྟན་བཞུགས་ནི། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་མེ་ཏོག་གཏོར། དེ་ནས་ཐལ་མོ་སྦྱར་ལ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གི་འབྱོར་བ་ཉིད་ཀྱི་ནི། །ཅི་འབྱོར་བ་ཡི་མཆོད་པ་དང་། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བར་ཉེར་དགོངས་ནས། །ཀུན་གྱི་འདི་ལ་བྱིན་རློབ་ཅིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གིི་བར་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །བྱེ་བྲག་ཏུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། །ལན་གསུམ། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་གྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་གྲོ་བྱིན་ཆེ་ནས། །བསྐལ་བའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་བ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཅེས་ལན་གསུམ། དེ་ནས་ཡིག་བརྒྱ་ལན་བདུན། མགོན་པོ་བསྐལ་བ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །དེས་ནི་འགྲོ་བའི་དོན་ཀུན་མཛོད། །ཅེས་གསོལ་བ་གདབ། དེ་ནས། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཞེས་སོགས་ཅི་རིགས་ཀྱིས་བསྟོད། དེ་ནས་ཡིག་བརྒྱ་བརྗོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་དང་། མ་རྙེད་ཡོངས་སུ་ཞེས་སོགས་ཀྱི་བཟོད་པ་གསོལ། །དེ་ནས་ཆོས་སྐྱོང་བསྒོ་བ་ནི་བསྐངས་གསོ་བྱ་བ་ཡིན་ན་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ་ལ། དེ་མིན་ལོགས་སུ་སྤྱན་དྲངས་ཏེ་གཏོར་འབུལ་བྱས་ནས་འཕྲིན་ལས་བཅོལ་བར་བྱའོ། །དེ་ནས་ཡོན་བདག་བསྒོ་བ་ནི། །དེའི་མདུན་མཆོད་པ་ཚར་གཅིག་བཤམས་ལ། ཁྱེད་ཀྱི་ངེད་ལ་གང་གསོལ་བའི། །གཟུགས་སྐུ་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་རབ་གནས་པ། །དེ་དག་དོན་ནི་ངས་བྱས་པས། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེ་བར་ནི་མཆོད་པར་བྱོས། ཁྱོད་ཀྱིས་གསོལ་བ་བཏབ་པ་བཞིན། །རབ་ཏུ་གནས་པ་བྱས་ཟིན་གྱིས། །མཆོད་པ་རྒྱུན་མི་འཆད་པ་དང་། །ཞག་བདུན་བར་དུ་མཆོད་པར་བྱོས། །ཅེས་བརྗོད་ལ་དོན་བཤད། དེ་ནས་མཆོད་པ་དེ་ཉིད་བྱིན་གྱིས་བརླབས་ཏེ་རྒྱས་བསྡུས་གང་རུང་གིས་འབུལ་དུ་གཞུག །དེ་ནས་བཀྲ་ཤིས་ཀྱི་རྫས་རྣམས་བསངས་སྦྱངས་ཏེ། རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་སུ་གྱུར། །སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་ཏེ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་དུ་དེང་འདིར་ཡང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་མེ་ལོང་གི་རྫས་ལ་བསྟན་ནས་བཀྲ་ཤིས་པར་གྱུར་ཅིག མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ་སྦྱར་ནས། གླང་བོ་ཆ་ནོར་སྐྱོང་གིས་གྷི་ཧང་ཕྱག་ཏུ་ཕུལ་ཏེ། གྷི་ཧང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །ཞིང་བའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་ཏེ། ཞོ་ནི་ཀུན་གྱི་སྙིང་བོར་གྱུར་པ་སྟེ། །སྙིང་བོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩ་དུར་བ་ཕྱག་ཏུ་ཕུལ་ཏེ། དུང་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་སྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །ལྷ་ཚངས་པས་ཤིང་ཏོག་བིལ་བ་ཕྱག་ཏུ་ཕུལ་ཏེ། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་བོ་མཆོག་ཏུ་དག་གྱུར་པའི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་པར་ཤོག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་ཏེ། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །བྲམ་ཟེ་དཀར་རྒྱལ་གྱིས་ལི་ཁྲི་ཕྱག་ཕུལ་ཏེ། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རྟག་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །གསང་སྔགས་དང་རིགས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་ཀར་ཕྱག་ཏུ་ཕུལ་ཏེ། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ཅེས་བརྗོད་ཅིང་། བཀྲ་ཤིས་ཀྱི་རྫས་རྣམས་རབ་གནས་བྱས་པའི་རྟེན་རྣམས་ལ་འབུལ་བའི་ཚུལ་བྱ་ཞིང་། དེར་ཡོན་བདག་གྲལ་ན་གནས་པ་རྣམས་ཀྱིས་ཀྱང་། དེ་དག་ལ་རེག་པས་བཀྲ་ཤིས་ཀྱི་རྫས་དེ་དག་གིས་ཤིན་ཏུ་བཀྲ་ཤིས་པར་འགྱུར་རོ།། །།ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རེ་གཉིས་ལ་ཕན་ཆེད། རྗེ་དགེ་འདུན་རྒྱ་མཚོའི་རབ་གནས་བཀྲ་ཤིས་སྙེ་མའི་དཔེ་གཞིར་བཞག་ནས། རང་དགོན་གྱི་འདོན་ཆ་དང་མཐུན་པར་འཇུག་པ་བདེ་ཆེད་དུ་འཁྲུགས་བསྡེབས་ཕྲན་བུ་དང་། ཁ་སྐོང་ཡང་ཅུང་ཟད་རེ་བྱས་ནས་བྲིས་པའོ། །དགེ་ལེགས་འཕེལ། བཀྲ་ཤིས། །ༀ་ཡེ་དྷ་རྨཱ་ཧེ་ཏུ་པྲབྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཧ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ སརྦ་མངྒ་ལཾ།། །།


previousརབ་གནས་བཀྲ་ཤིས་སྙེ་མའི་དགོངས་རྒྱན་དོན་གསལ།next