Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ནོར་ལྷའི་སྐྱེད་ཆོག་གཡང་འབོད་བྱེད་ཚུལ།
   
   
   
   
   
   
   
   
   


 
previousནོར་ལྷའི་སྐྱེད་ཆོག་གཡང་འབོད་བྱེད་ཚུལ།next

ནོར་ལྷའི་སྐྱེད་ཆོག་གཡང་འབོད་བྱེད་ཚུལ།

ནོར་ལྷའི་སྐྱེད་ཆོག་གཡང་འབོད་བྱེད་ཚུལ་བཅས་བཞུགས།

ན་མོ་བཛྲ་པཱ་ཎི་ཡེ། འདིར་ནོར་ལྷ་འཁོར་བཅས་བསྐྱེད་དེ་སྤྱན་དྲངས་ནས་མཆོད་ཅིང་བསྟོད་པ་དང་། གཡང་འབོད་བྱེད་ཚུལ་གཉིས་ལས། དང་པོ་ནི། གནས་ཡིད་དང་མཐུན་པར་ནོར་ལྷ་འཁོར་བཅས་ཀྱི་སྐུ་ཡོད་ན་བཀྲམ། མེད་ན། མདུན་དུ་སྟེགས་ཀྱི་ཁར་དར་རས་སམ་ཤོག་གུའི་ངོས་ལ་གྲུ་བཞི་སྒོ་བཞི་དང་ལྡན་པའི་དབུས་སུ་པདྨ་འདབ་བརྒྱད་དང་། མཐར་བཀྲ་ཤིས་རྟགས་བརྒྱད་སོགས་བྲིས་པ་བཞག་སྟེ། སྟེང་དུ་འབྲས་སམ། །གྲོ་ནས་སོགས་ཀྱིས་ཚོམ་བུ་བརྒྱད་དམ་བཅུ་དྲུག་བྱས་ལ། མཐར་མཆོད་པ་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་སོགས་གང་འབྱོར་དང་། མངར་གསུམ་དང་མར་ཁུས་བསྒོས་པའི་ཟླུམ་གཏོར་དགུའམ་གཅིག་བཤམས་འབྱོར་ན་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་དུ་རིན་བོ་ཆེའི་རིགས་དང་། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱང་བྱའོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་སྤྱི་ལྟར་བྱས་ནས། །རང་ཉིད་སྐད་ཅིག་གིས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་བོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱི་བཞུགས་པར་གྱུར། །མཆོད་པ་རྣམས། ༀ་བཛྲ་ཨ་མྲྀ་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས་སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལ་སོགས་པའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས་དེ་བཞིན་དུ་སྦྱར་ཏེ། ཤཔྟ་ཨཱཿཧཱུཾ་དང་། རཱུ་བ་ཨཱཿཧཱུཾ་ནས། སྤརཤ་ཨཱཿཧཱུཾ། ཐལ་མོ་བཀན་ཏེ་སྙིམ་པའི་ཚུལ་དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏངྑ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས། རྒྱས་པར་བྱེད་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབས་བྱའོ། །དེ་ནས་ལྷ་བསྐྱེད་པའི་ཚུལ་ནི། སྤྱིིར་རྣམ་སྲས་གཙོ་བོར་བྱས་པའི་ལྷ་དགུ་དང་། ཛམྦྷ་ལ་དང་ནོར་རྒྱུན་མ་རེ་རེ་ནས་གཙོ་བོར་བྱས་པའི་ལྷ་དགུ་མ་གཉིས་དང་། ཡང་ལྷ་ཡབ་ཡུམ་སོ་སོར་ཕྱེ་བའི་ལྷ་བཅོ་བརྒྱད་མ་དང་། དེ་ལའང་ཡབ་རྣམས་རྟ་ལ་ཆིབས་པ་དང་། དེ་མེད་པའི་ལུགས་གཉིས་དང་། ཡབ་ཡུམ་རྣམས་ཕྱག་མཚན་འདྲ་བ་དང་། མི་འདྲ་བའི་ཚུལ་མང་དུ་སྣང་བ་ལས་འདིར་ལུགས་གཅིག་གི་དབང་དུ་བྱའོ། །དེ་ཡང་། །ཨ་མྲྀ་ཏས་བསངས་སྭབྷཱ་ཝས་སྦྱངས་སྟོང་བའི་ངང་ལས་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བ། ཕ་གུ་དང་དྲ་བ་དྲ་ཕྱེད་མདའ་ཡབ་སོགས་དང་བཅས་པའི་ཐོག་གི་རྩེ་མོར་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པ། ནང་གི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟླ་གདན་དང་བཅས་པ་དེའི་མཐའ་སྐོར་དུ་གཏེར་བུམ་བརྒྱད་དང་དཔག་བསམ་གྱི་ཤིང་བརྒྱད་ལ་སོགས་པས་བསྐོར་བ། དབུས་ཀྱི་པད་ཟླའི་གདན་ལ་ཛམ་སེར་བོ་དེ་ཡོངས་སུ་གྱུར་པ་ལ་ཛམྦྷ་ལ་སེར་བོ་གཡས་ས་བོན་གྱི་གྲོང་ཁྱེར་དང་། གཡོན་ནེའུ་ལེ་རིན་པོ་ཆེ་སྐྱུགས་པ་འཛིན་ཅིང་། སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་འོག་ན་དུང་དང་པདྨའི་གཏེར་བསྣམ་པ། ཤར་དུ་ནོར་བུ་བཟང་བོ། ལྷོར་གང་བ་བཟང་བོ། ནུབ་ཏུ་ནོར་སྦྱིན། བྱང་དུ་རྣམ་ཐོས་སྲས། ཤར་ལྷོར་རོལ་བའི་འཕྲེང་བ། ལྷོ་ནུབ་ཏུ་པི་ཙི་ཀུནྚ་ལི། ནུབ་བྱང་དུ་གདོང་གི་དབང་བོ། བྱང་ཤར་དུ་སྤྱོད་པའི་དབང་བོ་སྟེ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་གཡས་བཛྲ་པཱུ་ར་ཀ་དང་། གཡོན་ནེའུ་ལེ་འཛིན་པ། ཨུཏྤ་ལའི་འཕྲེང་བ་དང་རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་སྣ་ཚོགས་པས་སྤྲས་ཤིང་། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པའོ། །གཙོ་བོ་ལ་སོགས་པའི་དཀུ་གཡོན་ཕྱོགས་སུ་རིམ་པ་བཞིན་དུ་ལྷ་མོ་ནོར་རྒྱུན་མ་དང་། ཆུ་ཤེལ་མ་དང་། སོ་མ་དང་། སོ་ལེགས་མ་དང་། འཕགས་མ་དང་། ཤིན་ཏུ་བཟང་མོ་དང་། སྦས་མ་དང་། རབ་སྦས་མ་དང་། དབྱངས་ཅན་མ་སྟེ། ཐམས་ཅད་ཀྱང་གཡས་མཆོག་སྦྱིན་དང་། གཡོན་འབྲས་ཀྱི་སྙེ་མ་འཛིན་པས་ཡབ་ལ་འཁྱུད་བའི་ཚུལ་མཛད་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། བུད་མེད་སྒྱུ་མའི་རྣམ་འགྱུར་ཅན་ནོ། །དེ་རྣམས་ཀྱི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་དབུས་སུ་སངས་རྒྱས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་བོ། །གཡས་མཆོག་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱས་རིན་པོ་ཆེ་བསྣམས་པ། མདུན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད། །གཡས་སུ་ནམ་མཁའི་སྙིང་བོ། །རྒྱབ་ཏུ་སྤོས་ཀྱི་གླང་བོ་ཆེ། །གཡོན་དུ་ཕྱག་ན་རྡོ་རྗེ་སྟེ་སེམས་དཔའ་ཐམས་ཅད་ཀྱང་སྐུ་མདོག་སེར་བོ་གཡས་རིན་པོ་ཆེ་འཛིན་ཅིང་། གཡོན་དཀུར་བསྟེན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་སྐྱིལ་དཀྲུང་གིས་བཞུགས་པའོ། །དེ་རྣམས་ཀྱི་མཐར་ཚོགས་ཀྱི་བདག་པོ་ལ་སོགས་ལྷའི་ནོར་ལྷ་རྣམས་དང་ནོར་རྒྱས་ལ་སོགས་པའི་ཀླུའི་ནོར་ལྷ་འཁོར་དང་བཅས་པས་བསྐོར་བ། །དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཁར་ཧཱུཾ་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་ལྕང་ལོ་ཅན་ལ་སོགས་པའི་རང་བཞིན་གྱི་གནས་ནས་ཛམྦྷ་ལ་ལ་སོགས་པའི་ནོར་ལྷའི་ཚོགས་དང་། རིན་འབྱུང་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས། གང་སྔོན་བསོད་ནམས་རྒྱ་མཚོའི་དགེ་བསགས་པས། །ཕུན་ཚོགས་འདོད་རྒུའི་དཔལ་ལ་དབང་བསྒྱུར་ཞིང་། །འགྲོ་བའི་ཕོངས་པ་ཀུན་སེལ་དངོས་གྲུབ་མཆོག །སྟེར་མཛད་ནོར་ལྷ་འཁོར་བཅས་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བཛྲ་ས་མ་ཛཿཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་བཛྲ་ཨབྷི་ཥི ཉྩ་མཾ་ཞེས་གསུངས་ཤིང་། རིན་པོ་ཆེའི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་ནོར་ལྷ་ཐམས་ཅད་ལ་རིན་འབྱུང་གིས་དབུ་བརྒྱན་པར་གྱུར་བར་བསམས་ལ། ལྷ་མིའི་མཆོད་ཡོན་རྒྱ་མཚོ་དང་། །བདག་གིས་བཤམས་པའི་མཆོད་ཡོན་འདི། །རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ནོར་ལྷའི་ཚོགས་རྣམས་ཀུན་ལ་འབུལ། །བཞེས་ནས་མཆོག་དང་ཐུན་མོང་གི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ཪྱ་ཛམྦྷ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། མཆོད་ཡོན་གྱི་གནས་སུ་ཞབས་བསིལ་མེ་ཏོག་སོགས་བཅུ་གནས་ཤཔྟའི་བར་དང་། སྤཪྴའི་བར་མཆོད་ཅིང་། གཟུགས་མཆོག་དང་། སྒྲ་སྙན། དྲི་མཆོག་སོགས་སྦྱོར་ཚུལ་ཤེས་པར་བྱའོ། །རིན་ཆེན་བདུན་འབུལ་ན། ལྷ་མིའི་འཁོར་ལོ་རིན་ཆེན་དང་། ཞེས་སོགས་སྦྱར་ནས་འབུལ་ལོ། །བསྟོད་པ་ནི། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །ནོར་ལྷ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་མུན་པའི་ཚོགས། །ཐུགས་རྗེ་ཉི་མའི་འོད་ཀྱིས་སེལ་མཛད་པ། །ནོར་ལྷ་ཆེན་པོ་ཡབ་ཡུམ་འཁོར་བཅས་ལ། །གུས་པས་བསྟོད་གསོལ་མཆོག་ཐུན་དངོས་གྲུབ་བསྩོལ། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །བདེ་གཤེགས་རིན་འབྱུང་རྒྱལ་བའི་སྲས་བཞི་དང་། ལྷ་ཀླུ་གནོད་སྦྱིན་ནོར་ལྷའི་ཚོགས་བཅས་པ། །མཆོད་བསྟོད་གསོལ་འདེབས་འདོད་རྒུའི་མཆོག་སྦྱིན་མཛོད། །དེ་ནས། ནོར་ལྷ་ཐམས་ཅད་ཀྱི་ཐུགས་ཁར་རང་རང་གི་ས་བོན་གྱི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སྲིད་ཞིའི་དཔལ་འབྱོར་ཐམས་ཅད་བསྡུས་ནས་རང་གཞན་ཐམས་ཅད་ལ་ཐིམ་པར་གྱུར། པར་བསམས་ལ། ༀ་ཛམྦྷ་ལ་ཛ་ལེནྟྲ་ཡ་སྭཱ་ཧཱ། ༀ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ༀ་པཱུ་རཱ་བྷ་དྲ་ཡ་སྭཱ་ཧཱ། ༀ་དྷ་ན་དཱ་ཡ་སྭཱ་ཧཱ། ༀ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ༀ་ཀི་ལི་མི་ལི་ནེ་སྭཱ་ཧཱ། ༀ་པི་ཙི་ཀུཎྚ་ལི་ནི་སྭཱ་ཧཱ། ༀ་མུ་ཁེནྡྲ་ཡ་སྭཱ་ཧཱ། ༀ་ཙ་རེནྡྲ་ཡ་སྭཱ་ཧཱ། ཞེས་པ་ཡབ་རྣམས་ཀྱི་སྙིང་བོ་དང་། ༀ་བ་སུ་དྷ་རི་ནི་སྭཱ་ཧཱ། ༀ་ཙནྟྲ་ཀཱནྟྱེ་སྭཱ་ཧཱ། ༀ་དནྟཱ་ཡེ་སྭཱ་ཧཱ། ༀ་སུ་དནྟཱ་ཡེ་སྭཱ་ཧཱ། ༀ་ཨཱཪྱ་ཡེ་སྭཱ་ཧཱ། ༀ་སུ་བྷ་དྲ་ཡེ་སྭཱ་ཧཱ། ༀ་གུ པྟ་ཡེ་སྭཱ་ཧཱ། ༀ་དེ་བྱཻ་ཡེ་སྭཱ་ཧཱ། ༀ་སྭ་ར་སྭ་ཏྱཻ་སྭཱ་ཧཱ། ཞེས་ཡུམ་རྣམས་ཀྱི་སྙིང་བོ་ཅི་འགྲུབ་དང་། ༀ་ཨཱཪྱ་ཛམྦྷ་ལ་ཛ་ལེནྡ་ཡ་རཏྣ་སིངྔྷི་ཛ་ཧཱུཾ་ཧྲཱིཿཐཱ། ཞེས་དང་། ན་མོ་དེ་བ་ཛམྦྷ་ལ་ཡ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། ན་མོ་ན་ག་ཛ མྦྷ༴ ན་མོ་ཡཀྵ༴ ན་མོ་རཀྵ༴ ན་མོ་སུ་ཪྱ༴ ན་མོ་ཙནྡྲ༴ མ་མ་བ་སུ་དེ་ཧི་དེ་ཧི་པུཥྚིཾ་ཀུ་རུ་ༀ། ཞེས་དང་། ན་མོ་ཛཾབྷ་ལ་ཛ་ལེནྡྲ་ཡ། ཏདྱ་ཐཱ། ༀ་སམ་སམ། སི་མི་སི་མི། སུ་མུ་སུ་མུ། ཙནྡྷ་ཙནྡྷ། ས་ར་ས་ར། ཙ་ར་ཙ་ར། ཀ་ར་ཀ་ར། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ས་ཏྲ་ཡ་ནི། ཨཏྨ་ཡ་ནི་དྷ་ར་ཏུ་སྭཱ་ཧཱ། ཨཱཪྱ་ཛམྦྷ་ལ་དྷ་ན་ད་ལ་སྭཱ་ཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླས་ནས། མཐར་ཡིག་བརྒྱ་བརྗོད། ༀ་ཨཱཪྱ་ཛམྦྷ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཤཔྟའི་པར་གྱིས་མཆོད་དེ། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་གྱི་བདག །ཡོ་བྱད་ནམ་མཁའ་མཛོད་ལ་དབང་བསྒྱུར་ཞིང་། །སྒྲུབ་པ་པོ་ལ་འདོད་རྒུའི་མཆོག་སྩོལ་བ། །ནོར་ལྷ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། གཏོར་མ་འབུལ་ན། གཏོར་མ་བསངས་སྦྱངས། སྟོང་བའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཨཱཪྱ་ཛམྦྷ་ལ་ས་པཱ་རི་ཝ་ར་ཨི་མཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་ཕུལ་ཏེ། སྔར་གྱི་བསྟོད་པ་དེ་རྣམས་གང་རུང་གིས་བསྟོད་ནས། ནོར་ལྷའི་རྒྱལ་བོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་དང་སྦྱིན་པའི་བདག་པོ་འཁོར་བཅས་ལ་འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་འདོད་དོན་ཞུའོ། །དེ་ནས་གཡང་འབོད་མི་བྱེད་ན། སྐབས་འདིར་ཡིག་བརྒྱ་བརྗོད། རྟེན་ཡོད་ན། མ་རྙེད་ཡོངས་སུ་ཞེས་སོགས་ཀྱིས་བཟོད་གསོལ་བྱས་ཏེ། བདག་གཞན་འགྲོ་ལ་ཐུགས་བརྩེའི་ཕྱིར། །འདིར་ནི་རྟེན་དང་ལྷན་ཅིག་ཏུ། །དགྱེས་བཞིན་དབྱེར་མེད་བཞུགས་ནས་ནི། །དགོས་འདོད་ཐམས་ཅད་སྩོལ་བར་མཛོད། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། བཀྲ་ཤིས་བྱ་ལ་རྟེན་མེད་ན། ༀ་བཛྲ་མུཿ མགྲོན་ཐམས་ཅད་རང་གནས་སུ་གཤེགས་པར་གྱུར། ཞེས་བྱའོ། །ཚུལ་དེ་ལྟར་བསྒྲུབ་ཅིང་མཆོད་བསྟོད་བཟླས་པ་བྱས་ནས་བསོད་ནམས་ལོངས་སྤྱོད་ཐམས་ཅད་འཕེལ་ཞིང་། བཀྲ་ཤིས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་གསུངས་སོ། །འོག་ནས་འབྱུང་བའི་གཡང་འབོད་ནོར་ལྷའི་སྒྲུབ་ཐབས་དང་སྤྲེལ་ན་ལེགས་མོད། སྒེར་དུ་བྱས་ཀྱང་ཆོག་ཙམ་ཡིན་པས་གང་བདེ་བྱའོ། །གོང་གི་ནོར་ལྷའི་ཡབ་བརྒྱད་པོ་དེ་རྣམས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྟ་བདག་བརྒྱད་དང་ངོ་བོ་གཅིག་ཡིན་ཡང་། སྐུའི་རྣམ་པ་མི་འདྲ་བ་ཙམ་སྟེ། རྒྱུད་རྒྱ་གཞུང་སོགས་ནས་བཤད་པས་རང་བཟོ་མིན་ཞིང་། ཡིད་ཆེས་པའི་གནས་སོ། །གྲུབ་ན་ཞག་བདུན་ནམ་གསུམ་མམ་ཞག་གཅིག་ཏུ་བསྒྲུབ་པར་བྱའོ། །དེ་ནས་གཉིས་པ་གཡང་འ བོད་བྱེད་པར་འདོད་ན་རྟེན་སྣོད་བཟང་བོ་ཞིག་གི་ནང་དུ་རིན་པོ་ཆེའི་རིགས་དང་འབྲུ་དྲི་སྨན་གོས་དར་ཀྱི་རིགས་དང་། ཕྱུག་པོའི་ལག་ནས་འོངས་པའི་ནོར་རྫས་སོགས་དང་། ནོར་ལྷའི་སྙིང་བོ་རྣམས་བྲིས་པ་བཅུག་སྟེ། མདུན་དུ་སྟེགས་ཀྱི་ཁར་འཇོག་ཅིང་། མཆོད་པ་རྣམས་སྔར་ལྟར་བཤམ། །གྲུབ་ན་གཡང་རྟེན་གྱི་ནང་དུ་ནོར་བུ་གཡུང་དྲུང་སོགས་བྲིས་བའི་བྱང་བུ་ཡང་འཇུག་ཅིང་། མདའ་དར་སོགས་ཀྱང་སྟ་གོན་བྱ། དཀར་གསུམ་མངའ་གསུམ་གྱིས་བསྒོ་བའི་ཞལ་ཟས་ཀྱི་མཐར་ཡོད་ན་མར་ཞོ་འོ་མ་ཐུད་ཤིང་ཏོག་སོགས་འཇོག །ཐོག་མར་བགེགས་བསྐྲད་བྱས་ན་ལེགས་པས་བགེགས་གཏོར་གསུམ་མམ་གཅིག་ཏིང་ལོ་དང་བཅས་པ་བྱས་ལ་བསྔོ་ཚུལ་རྒྱས་བསྡུས་གཉིས་ལས་བསྡུས་པ་ཞིག་བརྗོད་ན། རང་ཉིད་ཕྱག་རྡོར་རམ། རྟ་མགྲིན་ནམ། ཧཱུཾ་མཛད་ལྟ་བུ་ཁྲོ་བོ་གང་ཡང་རུང་བ་ཞིག་ཏུ་བསྐྱེད་དེ། བསངས་སྦྱངས། །སྟོང་བའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་རླབས་ལ། ༀ་ཨཱ་ཀཱ་རོ་མུ་ཁཾ་ཞེས་སོགས་ཀྱི་ལན་གསུམ་བསྔོ། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཞེས་སོགས་བརྗོད་པའི་མཐར། བདག་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ལོངས་སྤྱོད་སྤྱི་དང་གཡང་འདུ་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཀྱི་རིགས་ཐམས་ཅད། རྒྱང་རིང་དུ་སོང་ཞིག །གལ་ཏེ་མི་འགྲོ་ན། ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེར་རབ་ཏུ་འབར་བས་བསྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟའོ། །ༀ་བཛྲ་ཨ་མྲི་ཏའི་མཇུག་ཏུ། ༀ་སུམྦྷ་ནི་སོགས་ལན་གསུམ་བརྗོད་ཅིང་། ཡུངས་ཀར་དང་བྱེ་མ་སོགས་ཀྱིས་བྲབ་པར་བྱའོ། །རྒྱས་པར་ན་ཁྲོ་བོ་སྤྱན་དྲངས་ནས་བསྟོད་པ་སོགས་བྱས་ཀྱང་ཆོག་གོ །མཆོད་པ་གཞན་སྔར་ལྟར་ལ། གཡང་རྟེན་གྱི་རྫས་བྱིན་གྱིས་བརླབ་པ་ནི། རྫ་བུམ་སོགས་ཀྱི་ནང་དུ་གཡང་རྟེན་གྱི་རྫས་བཞག་པ་དེ་ལ་དམིགས་ནས། ཨ་མྲི་ཏས་བསངས་སྭ་བྷཱ་ཝས་སྦྱངས། སྟོང་བའི་དང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་རྫས་རྣམས་འདོད་རྒུའི་མི་ཟད་འབྱུང་བའི་གཏེར་ཆེན་པོའི་རང་བཞིན་ཅན་དུ་གྱུར། །ༀ་པཉྩ་རཏྣ་བེ་ག་ཨ་མྲི་ཏ་ཨཱཿཧཱུཾ། ལན་གསུམ་མམ་བདུན་ནམ། ༀ་ཨཱཿཧཱུཾ། གསུམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔར་བཞིན་བྱས་ཧེ། ན་མཿསརྦ་ཏ་ཐཱ་ག་ཏ་ནས་ཁཾ་སྭཱཧཱའི་བར་སྔར་ལྟར་ལན་གསུམ། རྒྱས་པར་ན་སྔགས་དྲུག་གིས་བྱིན་གྱིས་བརླབ་པ་ལ། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་ཀྱིས་བདེན་པའི་བྱིན་བརླབ་བྱའོ། །དེ་ནས་གཡང་འབོད་ཀྱི་སྐྱབས་ཡུལ་ནོར་ལྷ་གོང་དུ་བསྐྱེད་པ་དེ་རྣམས་ཀྱིས་ཆོག་མོད། འོན་ཀྱང་སྒེར་དུ་སྤྱན་འདྲེན་བྱེད་པའི་ལུགས་སྣང་བ་བཞིན་བྱས་ནའང་ལེགས་ཅིང་། དེ་ཡང་གསེར་འོད་གཡང་སྐྱོབ། པདྨ་གཡང་འབུམ་སོགས་ནས་འབྱུང་བ་ནི་རྙིང་མའི་ལུགས་གཙོ་བོར་བྱས་པར་སྣང་ཞིང་། ཚིག་སྦྱོར་སྤྲོ་ཟློས་ཅུང་ཆེ་བར་སྣང་བས་འཇུག་པ་མི་བདེའི། །འདིར་འཇུག་པ་བདེ་ཁུལ་དུ་བྱ་ནས། སྤོས་བཟང་བོ་སྦར་ནས། །ཛཿརྩ་བརྒྱུད་བླ་མ་ཐུབ་དབང་རྡོ་རྗེ་འཆང་། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་ཞི་ཁྲོའི་ཚོགས། །སེམས་དཔའ་བརྒྱད་སོགས་རྒྱལ་བ་སྲས་བཅས་རྣམས། །འདིར་གཤེགས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། །ཛམ་ལ་རྣམ་སྲས་ནོར་ལྷའི་ཚོགས་རྣམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །ལྷ་ཀླུ་གཞི་བདག་མཐུ་ཆེན་ཐམས་ཅད་ཀྱང་། །སྤྱན་འདྲེན་འདིར་གཤེགས་དགོངས་ཤིང་བཞུགས་སུ་གསོལ། །སྐྱབས་ཡུལ་དམ་པ་འཁོར་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ་བ་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །འདོད་ཡོན་ལྔ་དང་རིན་ཆེན་སྣང་བདུན་དང་། །བཀྲ་ཤིས་རྫས་བརྒྱད་རིན་ཆེན་འབྲུ་སྨན་དྲི། །གོས་དར་མར་ཐུད་འོ་ཞོ་ཤིང་ཏོག་དང་། །ཁྱད་པར་དཀར་གསུམ་མངར་གསུམ་འབྲུ་བཅུད་ལས། །ལེགས་པར་བགྱིས་པའི་གཏོར་མའི་རྒྱ་མཚོ་འབུལ། །ༀ་ཨ་ཀཱ་རོ་ལན་གསུམ་བརྗོད་དེ་བསྔོ། །ཡང་ན། གོང་ལྟར་རྒྱས་པར་འབུལ། དེ་ནས་མདའ་དར་རམ། དར་དཀར་སོགས་གཡོབ་ཅིང་གཡང་འབོད་པ་ནི། །ཧྲུཾ་བླ་མ་སངས་རྒྱས་ཐམས་ཅད་དང་། །རིན་ཆེན་རིགས་རྣམས་ཀུན་གྱི་གཙོ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང་། །རྒྱལ་སྲས་ནམ་མཁའ་མཛོད་ལ་སོགས། །སངས་རྒྱས་བྱང་སེམས་འཕགས་ཚོགས་དང་། །ཡི་དམ་བསྟན་སྲུང་ཐམས་ཅད་ཀྱང་། །དར་དཀར་གཡོབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །མྱུར་བྱོན་བདག་དང་ཡོན་བདག་ལ། །ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །རྟ་ཕྱུགས་དངོས་གྲུབ༴ རིན་ཆེན་དངོས་གྲུབ༴ །འབྲུ་ཡི༴ །གོས་དར༴ །ཟས་སྐོམ༴ །དབང་ཐང་༴ །དཔལ་འབྱོར༴ ། ལོངས་སྤྱོད༴ །སྙན་གྲགས་དངོས་གྲུབ༴ །འཁོར་གཡོག༴ །མཐུ་དཔལ༴ །བསོད་ནམས༴ །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཀྱཻ་ཛམྦྷ་ལ་དང་ནོར་བུ་བཟང་། །གང་བ་བཟང་བོ་ནོར་སྦྱིན་ཆེ། །རྣམ་མང་ཐོས་སྲས་རོལ་པའི་འཕྲེང་། །ལྔ་རྩེ ན་གདོང་གི་དབང་བོ་དང་། །སྤྱོད་པའི་དབང་བོར་བཅས་རྣམས་ཀྱང་། །དར་དཀར་གཡོ་བ༴ །བཀྲ་ཤིས་སྐྱིད་པའི་གནས༴ །མྱུར་བྱོན༴ །ཚེ་ཡི༴ །རྟ་ཕྱུགས༴ །རིན་ཆེན༴ །འབྲུ་ཡི༴ །གོས་དར༴ །ཟས་སྐོམ༴ །དབང་ཐང་༴ །དཔལ་འབྱོར༴ །ལོངས་སྤྱོད༴ །སྙན་གྲགས༴ །འཁོར་གཡོག༴ །མཐུ་དཔལ༴ །བསོད་ནམས༴ དངོས་གྲུབ་ཐམས་ཅད༴ །ནོར་རྒྱུན་མ་དང་ཆུ་ཤེལ་མ། །སོ་མ་སོ་ལེགས་འཕགས་མ་དང་། །ཤིན་ཏུ་བཟང་མོ་སྦས་མ་དང་། །རབ་ཏུ་སྦས་མ་དབྱངས་ཅན་མ། །དར་དཀར༴ །བཀྲ་ཤིས༴ །མྱུར་བྱོན༴ །ཚེ་ཡི་དངོས༴ །རྟ་ཕྱུགས༴ །རིན་ཆེན༴ །འབྲུ་ཡི༴ །གོས་དར༴ །ཟས་སྐོམ༴ །དབང་ཐང༴ །དཔལ་འབྱོར༴ །ལོངས་སྤྱོད༴ །སྙན་གྲགས༴ །འཁོར༴ །མཐུ་དཔལ ༴ །བསོད་ནམས༴ །དངོས་གྲུབ༴ །གཞན་ཡང་ཚོགས་ཀྱི་བདག་པོ་དང་། །ཀླུ་རྒྱལ་ནོར་རྒྱས་ལ་སོགས་པ། །ལྷ་ཡི་ནོར་ལྷ་ཐམས་ཅད་དང་། །ཀླུ་ཡི་ནོར་ལྷ༴ །གནོད་སྦྱིན་ནོར༴ །སྲིན་པོའི་ནོར་ལྷ༴ མཁའ་འགྲོའི་ནོར་ལྷ༴ །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ནོར་ལྷའི་རིགས་རྣམས་ཐམས་ཅད་ཀྱང་། །དར་དཀར༴ །བཀྲ་ཤིས༴ །མྱུར་བྱོན༴ །ཚེ་ཡི༴ །རྟ་ཕྱུགས༴ །རིན་ཆེན༴ །འབྲུ་ཡི༴ །གོས་དང་༴ །ཟས་སྐོམ༴ །དབང་ཐང་༴ །དཔལ་འབྱོར༴ །ལོངས༴ །སྙན་གྲགས༴ །འཁོར༴ །མཐུ༴ །བསོད་ནམས༴ །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཀྱཻ་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང་། །ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཐམས་ཅད་དང་། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི། །བྱིན་རླབས་ནུས་མཐུ་གཟི་བརྗིད་གཡང་། །དར་དཀར་གཡོབ་ཅིང་སྤྱན་འདྲེན་ནོ། །ཛམ་ལ་ཚོགས་ཀྱི་བདག་པོ་སོགས། །ནོར་ལྷ་འཁོར་དང་བཅས་རྣམས་ཀྱི། །བསོད་ནམས་དཔལ་འབྱོར་ལོངས་སྤྱོད་གཡང་། །དར་དཀར་གཡོབ་ཅིང་སྤྱན་འདྲེན་ནོ། །ཚངས་པ་བརྒྱ་སྦྱིིན་ལ་སོགས་པ། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ཀྱི། །བསོད་ནམས་དཔའ་འབྱོར༴ །དར་དཀར༴ །ནོར་རྒྱས་དགའ་བོ་འཇོག་པོ་སོགས། །ཀླུ་ཆེན་བརྒྱད༴ །བསོད་ནམས༴ །དར་དཀར༴ །ཉི་མ་ཟླ་བ་ལ་སོགས་པ། །གཟའ་ཆེན་བརྒྱད༴ །བསོད་ནམས༴ །དར་དཀར༴ །སྨིན་དྲུག་སྣར་མ་ལ་སོགས་པ། །རྒྱུ་སྐར་ཉེར་བརྒྱད་འཁོར་བཅས་ཀྱི། །བསོད་ནམས༴ །དར་དཀར༴ །ལྷ་ཀླུ་སྡེ་བརྒྱད་ཐམས་ཅད་དང་། །གཙང་རིགས་དཔལ་མགོན་ཐམས་ཅད་ཀྱིས། །བསོད་ནམས༴ །དར་དཀར་གཡོབ་ཅིང་སྤྱན་འདྲེན་ནོ། །ཀྱཻ་ཕྱོགས་རྣམས་ཀུན་དུ་ཡོངས་ཁྱབ་པའི། །དགུང་སྔོན་ནམ་མཁའ་ཡངས་པའི་གཡང་། །དར་དཀར་གཡོབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་འབྱུང་གནས་འདིར་འདུས་ཤིག །རིན་ཆེན་བཞི་ལས་གྲུབ་པ་ཡི། །རི་རབ་ལྷུན་པོ་མཐོ་བའི་གཡང་། །དར་དཀར༴ །བཀྲ་ཤིས་འབྱུང་གནས༴ །འཇིག་རྟེན་ཁམས་ཀུན་གསལ་བྱེད་པའི། །ཉི་མ་ཟླ་བ་གསལ་བའི་གཡང་། །དར་དཀར༴ །བཀྲ་ཤིས༴ །སྲ་ཞིང་འཐས་པའི་རང་བཞིན་ཅན། །འབྱུང་བ་ས་ཡི་ཁམས་ཀྱི་གཡང་། །དར་དཀར༴ བཀྲ་ཤིས༴ །རླན་ཞིང་གཤེར་བའི་རང་བཞིན་ཅན། །འབྱུང་བ་ཆུའི་ཁམས༴ །དར་དཀར༴ །བཀྲ་ཤིས༴ །ཚ་ཞིང་བསྲེག་པའི་རང་བཞིན་ཅན། །འབྱུང་བ་མེ་ཡི་ཁམས་ཀྱི་གཡང་། །དར་དཀར༴ །བཀྲ་ཤིས༴ །ཡང་ཤིང་གཡོ་བའི་རང བཞིན་ཅན། །འབྱུང་བ་རླུང་གི༴ །དར་དཀར༴ །བཀྲ་ཤིས༴ །འཁོར་ལོ་ཡིད་བཞིན་ནོར་བུ་སོགས། །རྒྱལ་སྲིད་རིན་ཆེན་བདུན་གྱི་གཡང་། །དར་དཀར༴ །བཀྲ་ཤིས༴ །གདུགས་དང་རྒྱལ་མཚན་གསེར་ཉ་སོགས། །བཀྲ་ཤིས་རྟགས་བརྒྱད་དག་གི་གཡང་། །དར་དཀར༴ །བཀྲ་ཤིས༴ །དཔག་བསམ་ཤིང་ཆེན་རྒྱས་པ་དང་། །འདོད་པ་ཀུན་འཇོ་བ་ཡི་གཡང་། །དར་དཀར༴ །བཀྲ་ཤིས༴ །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །གཡང་གི་རིགས་རྣམས་ཐམས་ཅད་ཀྱང་། །དར་དཀར༴ །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཐམས་ཅད་གནས་འདིར་འདུས་ནས་ནི། །བདག་དང་ཡོན་གྱི་བདག་པོ་ཡི། །གཡང་རྟེན་རྫས་ལ་ཐིམ་གྱུར་ཅིག །རི་བོ་བཞིན་དུ་བརྟན་པར་ཤོག །རྒྱ་མཚོ་བཞིན་དུ་འཁྱིལ་བར་ཤོག །སྟོན་སྤྲིན་བཞིན་དུ་ཕྱུགས་པར་ཤོག །ལྗོན་ཤིང་བཞིན་དུ་རྒྱས་པར་ཤོག །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །དེ་ནས། ཀྱཻ་སྐྱབས་ཡུལ་དམ་པ་ཁྱེད་རྣམས་ཀྱིས། །བདག་དང་ཡོན་བདག་འཁོར་བཅས་ལ། །གནོད་པའི་འགལ་རྐྱེན་ཐམས་ཅད་དང་། །མི་མཐུན་ཕྱོགས་རྣམས་ཕྱིར་ཟློག་ཅིག །ལུས་ལ་བར་དུ་གཅོད་པ་ཟློག །ཚེ་ལ་བར་དུ་གཅོད་པ་ཟློག །སྲོག་ལ་བར་དུ་གཅོད་པ་བཟློག །རྒྱུད་ལ་བར་དུ་གཅོད་པ་ཟློག །འབྱུང་བ་འཁྲུགས་པའི་གནོད་པ་ཟློག །གདོན་གྱིས་བསྐྱེད་པའི་གནོད་པ་ཟློག །གོས་ཁ་ངན་པའི་གནོད་པ་ཟློག །མི་ཁ་ངན་པའི་གནོད་པ་བཟློག ། འཐབ་རྩོད་འཁྲུགས་པའི༴ །རྨི་ལྟས་མཚན་མ་ངན་པ་ཟློག །ཆགས་ཆེན་ཉམ་ང་ཐམས་ཅད་ཟློག །མདོར་ན་མི་འདོད་རྒུད་པའི་ཚོགས། ཐམས་ཅད་གཏན་དུ་ཕྱིར་ཟློག་ཅིག །ཀྱཻ་འཇིག་རྟེན་འཇིག་རྟེན་ལས་འདས་པའི། །སྐྱབས་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕུན་ཚོགས་དཔལ་ཀུན་འབྱུང་བ་ཡི། །བཀྲ་ཤིས་ཐམས་ཅད་སྩལ་དུ་གསོལ། །ཚེ་སྲོག་བརྟན་པའི་བཀྲ་ཤིས་ཤོག །ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་ཤོག །བསོད་ནམས་རྒྱས་པའི་བཀྲ་ཤིས་ཤོག །སྙན་གྲགས་རྒྱས་པའི་བཀྲ་ཤིས་ཤོག །བསམ་དོན་འགྲུབ་པའི་བཀྲ༴ །དཀོན་མཆོག་གསུམ་གྱིས་བཀྲ༴ །ལྷ་ཡི་བཀྲ་ཤིས་ཀུན་ཐོབ་ཤོག །ཀླུ་ཡི་བཀྲ་ཤིས་ཀུན་ཐོབ་ཤོག །གནོད་སྦྱིན་བཀྲ༴ །མི་ཡི་བཀྲ་ཤིས༴ །མི་མིན་བཀྲ༴ །བཀྲ་ཤིས་ཐམས་ཅད་ཐོབ་གྱུར་ནས། །རྟག་ཏུ་བདེ་སྐྱིད་ལྡན་པ་ཤོག །དེ་ནས་གཡང་རྟེན་སྦྱིན་བདག་ལྟ་བུ་ལ་སྟེར་བར་འདོད་ན།། །།ཀྱཻ་དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་བརླབས་གཡང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །ཛམ་བྷ་ལ་སོགས་ནོར་ལྷ་ཀུན་གྱི་གཡང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ༴ །དེ་རིང་ཉི་མ་གཟའ༴ །ལྷ་ཡི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་གཡང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །ཀླུ་ཡི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་གཡང་། །ཡོན་བདག་བསོད་ནམས་པ་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །གནོད་སྦྱིན་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་གཡང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །ལྷ་མིན་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་གཡང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །མི་ཡི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་གཡང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོར་ལྟར་འཕེལ་ཤོག །དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །སྲིད་པའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་གཡང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག ། དེ་རིང་ཉི་མ་གཟའ་སྐར་བཟང་བོ་ལ། །ཕུན་སུམ་ཚོགས་པའི་གཡང་རྣམས་ཐམས་ཅད་ཀྱང་། །ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་སྟེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །ཅེས་བརྗོད་ལ་སྦྱིན་ནོ། །གཡང་རྟེན་གྱི་རྫས་གཙང་སར་བཞག་ནས་ཕྱིའི་གཞན་ལ་མི་སྟེར། དེ་ནས་སྔར་ནོར་ལྷའི་བསྐྱེད་ཆོག་བྱས་པ་ཡིན་ན་དེ་བསྟུན། ཐམས་ཅད་རྟེན་ཡོད་མེད་ཀྱིས་རྟེན་བཞུགས་དང་གཤེགས་གསོལ་གང་རུང་བྱའོ། །ཅེས་པ་འདི་ཡང་བན་བོན་དད་ལྡན་འགའ་རེས་འདི་ལྟ་བུ་ཞིག་ཐུབ་ན་གྱིས་ཞེས་བསྐུལ་བ་ལྟར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ།། །།དགེའོ།། །།


previousནོར་ལྷའི་སྐྱེད་ཆོག་གཡང་འབོད་བྱེད་ཚུལ།next